Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནས་ལུགས་ཀྱི་གྲུ་གསུམ་དང་ཆོས་འབྱུང་ལ་སོགས་པ་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནས་ལུགས་ཀྱི་གྲུ་གསུམ་དང་ཆོས་འབྱུང་ལ་སོགས་པ་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ། next

གནས་ལུགས་ཀྱི་གྲུ་གསུམ་དང་ཆོས་འབྱུང་ལ་སོགས་པ་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།

གཞན་ཡང་དཔལ་རྡོ་རྗེ་འཆང་གིས་མཐར་ཐུག་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཆོས་འབྱུང་[མཁའ་ཁྱབ་]དང་གྲུ་གསུམ་[མཁའ་ཁྱབ་]དང་ཨེ་ཡིག་[མཁའ་ཁྱབ་]དང་རྡོ་རྗེ་རོལ་པ་[མཁའ་ཁྱབ་]དང་བཙུན་མོའི་བྷ་ག་[མཁའ་ཁྱབ་]དང་ཤེར་ཕྱིན་[མཁའ་ཁྱབ་]དང་བདེ་གཤེགས་སྙིང་པོ་[མཁའ་ཁྱབ་]ལ་སོགས་པ་སྟོང་ཉིད་ཀྱི་རྣམ་གྲངས་མང་པོ་གསུངས་པ་རྣམས་ཀྱང་སྟོང་གཞི་དོན་དམ་གཞན་སྟོང་ལ་དགོངས་པ་ཡིན་གྱི་རང་སྟོང་[ལ་སོགས་པ་སྔར་སྨོས་པའི་རྣམ་གྲངས་མང་པོ་ཅན་]ནི་དེ་རྣམས་ཀྱི་རྣམ་གྲངས་མ་ཡིན་ནོ། །གལ་ཏེ་ཡིན་ན་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་ཆེན་པོ་མི་བཟད་པ་རྣམས་ཀྱང་རང་རང་ངོ་བོས་སྟོང་པའི་ཕྱིར་[ཆོས་འབྱུང་དང་གྲུ་གསུམ་ལ་སོགས་པ་]དེ་རྣམས་ཡིན་པར་འགྱུར་ལ། འདོད་ན་[སྡིག་པ་]དེ་རྣམས་སངས་རྒྱས་ཀུན་གྱིས་བསྟེན་བྱ་དང་དཀྱིལ་འཁོར་ཉམས་དགའ་ལ་སོགས་པ་ཡང་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་དུ། སངས་རྒྱས་ཀུན་གྱིས་བསྟེན་པ་ཡི། །གྲུ་གསུམ་[མཁའ་ཁྱབ་]རྣམ་དག་[དོན་དམ་སྟོང་ཆེན་]འདི་ཉིད་ནི། །དབུས་སུ་[དོན་དམ་བདེ་ཆེན་]ཝཾ་གིས་བརྒྱན་པ་[མཁའ་ཁྱབ་]སྟེ། [དོན་དམ་བདེ་ཆེན་]ཨེ་ཡིག་ཆ་བྱད་ཇི་བཞིན་དུ། །གྲུ་གསུམ་དཀྱིལ་འཁོར་[མཁའ་ཁྱབ་]ཉམས་དགའ་བར། ། [དོན་དམ་བདེ་ཆེན་]རྡོ་རྗེ་རོལ་པ་[མཁའ་ཁྱབ་]ཞེས་བརྗོད་དེ། །[དོན་དམ་བདེ་ཆེན་]བཙུན་མོའི་བྷ་ག་[མཁའ་ཁྱབ་]ཞེས་བྱ་ཞིང༌། །ཆོས་འབྱུང་[མཁའ་ཁྱབ་]ཞེས་ཀྱང་བཤད་པ་ཡིན། །ཞེས་དང༌། [དོན་དམ་བདེ་ཆེན་]རྒྱུད་རྣམས་ཀུན་གྱི་རྩ་བ་[མཁའ་ཁྱབ་]སྟེ། །གྲུ་གསུམ་ཤིན་ཏུ་ཡངས་པ[ནམ་མཁའ་དང་མཉམ་པ་དོན་དམ་པ]འི་གཟུགས། །སེམས་ཅན་ཀུན་གྱི་[དེ་བཞིན་ཉིད་སུ་ལའང་ཉེ་རང་མེད་པས་]ཐུན་མོང་བ[ཡིན་ལ]། །ལྷ་མིན་ལྷར་བཅས་ཚངས་[པ་ལ་]སོགས་[སེམས་ཅན་ཐམས་ཅད་]ཀྱི། །གནས་སུ་[ཀུན་གཞི་ཡེ་ཤེས་]དེ་ནི་གྱུར་པ་སྟེ། །ཞེས་དང༌། [དོན་དམ་བདེ་ཆེན་]དེ་ཉིད་ཤེས་རབ་ཕ་རོལ་ཕྱིན[མཁའ་ཁྱབ]། །[དོན་དམ་བདེ་ཆེན་]དེ་ཉིད་[རྣམ་ཤེས་ཀྱི་]ཡུལ་ལས་འདས་པ་སྟེ[མཁའ་ཁྱབ]། །[སྲོག་ཆེན་པོ་ཡིན་པས་]སྲོག་ཆགས་ཀུན་གྱི་སྙིང་ལ་གནས། །ཞེས་སོགས་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། [དོན་དམ་གྱི་]བདེ་བ་ཅན་[མཁའ་ཁྱབ་]དང་[མཁའ་ཁྱབ་]གྲུ་གསུམ་[རྣམ་དག་]དང༌། །[གདོད་ནས་རང་བཞིན་གྱིས་]རྡུལ་མེད་དང་ནི་སྐྱོན་བྲལ་[མཁའ་ཁྱབ་]དང༌། །[གདོད་ནས་རང་བཞིན་གྱིས་]རྡུལ་བྲལ་དང་ནི་སྡིག་བཅོམ་[མཁའ་ཁྱབ་]དང༌། །རང་བཞིན་[གཉུག་མ་ལྷན་སྐྱེས་ཏེ་རྣམ་རྟོག་གི་]དཔའ་རླབས་མེད་པ་[མཁའ་ཁྱབ་]དང༌། ། [ཡང་དག་པའི་]མཐའ་ཡི་བདེ་[བ་]དང་བདེ་[བ་དེ་ཡེ་ཤེས་ཀྱིས་རང་]རིག་[པ་མཁའ་ཁྱབ་]དང༌། །གསང་བ་མཆོག་[མཁའ་ཁྱབ་]དང་དགྱེས་པ་[མཁའ་ཁྱབ་]དང༌། །ཞེས་པ་ལ་སོགས་པས་[ཆོས་འབྱུང་གྲུ་གསུམ་ལ་སོགས་པ་ནི་]རང་བཞིན་ལྷུན་གྱིས་གྲུབ་པའི་སྤངས་པ་དང་རྟོགས་པའི་ཡོན་ཏན་[མཁའ་ཁྱབ་]དུ་མའི་བདག་ཉིད་དུ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། སྟོང་ཉིད་ཟབ་མོའི་རྣམ་གྲངས་སུ་གྱུར་པའི་ཆོས་འབྱུང་གི་དོན་[མཆོག་མི་འགྱུར་དུ་]གསུངས་པ། ཆོས་འབྱུང་གི་སྒྲས་ཀྱང་[དོན་དམ་བདེ་ཆེན་]དེ་བརྗོད་དེ་ཆོས་འབྱུང་གང་ལས་[ཀུན་རྫོབ་ཀྱི་]རང་བཞིན་མེད་པའི་[གཞི་དོན་དམ་གྱི་]ཆོས་ཐམས་ཅད་འབྱུང་བར་འགྱུར་བའོ། །[ཀུན་རྫོབ་ཀྱི་]རང་བཞིན་མེད་པའི་[གཞི་དོན་དམ་གྱི་]ཆོས་རྣམས་ནི་[རང་བཞིན་གཉུག་མ་ཀུན་གཞི་ཡེ་ཤེས་ཀྱི་]སྟོབས་བཅུ་དང༌། མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་[མཁའ་ཁྱབ་]རྣམས་སོ། །དེ་རྣམས་འབྱུང་བར་འགྱུར་བ་ནི་[ཡིན་ཡང་དེ་རྣམས་དང་དབྱེར་མེད་པས་འགལ་འདུས་སྐྱོན་མེད་]ཆོས་འབྱུང་སྟེ་[དོན་དམ་གྱི་]སངས་རྒྱས་ཀྱི་ཞིང་[ཡང་དོན་དམ་ཡེ་ཤེས་རང་སྣང་]ངོ༌། །ཞེས་དང༌། དེའི་ཕྱིར་ཆོས་འབྱུང་[མཁའ་ཁྱབ་]ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་སྣ་ཚོགས་ཡུམ་[མཁའ་ཁྱབ་]བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་འཁྱུད་པ་དུས་ཐམས་ཅད་དུ་[གདོད་ནས་རང་བཞིན་གྱིས་]སྒྲིབ་པ་ཐམས་ཅད་དང་བྲལ་བ[སྟེ་དེ་གང་ཟག་གིས་ཐོབ་པ་ལ་ནི་གློ་བུར་དྲི་མ་བྲལ་དགོས་པ]འོ། །ཞེས་པ་ལ་འདིར་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཏེ། དོན་དམ་པའི་སྟོབས་བཅུ་ལ་སོགས་པ་ཆོས་ཀྱི་ཕུང་པོ་རྣམས་ནི་ཆོས་འབྱུང་ཉིད་དང་དབྱེར་མེད་པའི་ཕྱིར་འབྱུང་བ་མེད་པའི་འབྱུང་བ་ཞེས་འགལ་འདུས་སྐྱོན་མེད་ཀྱི་མན་ངག་ལས་རིག་པར་བྱའོ། །དེ་བཞིན་དུ། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། གསང་ཆེན་མཆོག་ལ་བཞུགས་པ་ཞེས་པ་ལ། ཆོས་འབྱུང་ནམ་མཁའི་ཁམས་[གཞན་]ནི་གསང་ཆེན་[མཁའ་ཁྱབ་]ཏེ། དེ་ལ་བཞུགས་པ་ནི་གསང་ཆེན་མཆོག་[མཁའ་ཁྱབ་]ལ་བཞུགས་པའོ། །ཞེས་པ་ལ་སོགས་པ་གསུངས་ཤིང༌། དཔལ་འཁོར་ལོ་སྡོམ་པའི་འགྲེལ་པར་ཡང༌། ཨེ་དང་བྷ་ག་[དང་]པད་མ་[མཁའ་ཁྱབ་]དང༌། །[གདོད་ནས་]དག་[པ་]དང་བདེ་གནས་[དང་]བདེ་བ་ཅན[མཁའ་ཁྱབ་དང་]། །སེང་གེའི་ཁྲི་[མཁའ་ཁྱབ་]དང་དམིགས་པ་མེད[པའི་སྙིང་རྗེ་དང་]། །དེ་བཞིན་ཉིད་དང་[ཤེས་རབ་ཀྱི་]ཕ་རོལ་ཕྱིན[པ་རྣམས་དོན་གཅིག]། །ཞེས་པ་དང༌། དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ། བཅོམ་ལྡན་འདས་ཀྱིས་གསུངས་པ། མཁའ་དབྱིངས་[གཞན་དང་]བེམ་[པོ་]མིན་[པའི་སྟོང་ཉིད་སྲིད་གསུམ་ཀུན་ནས་]དང་བ་[མཁའ་ཁྱབ་]དང༌། །[བརྟན་གཡོ་ཀུན་གྱི་]གོ་འབྱེད་[ཅིང་འོད་]རབ་ཏུ་གསལ་བ་[མཁའ་ཁྱབ་]དང༌། །སྣ་ཚོགས་རྡོ་རྗེ་[དང་འཁོར་འདས་ཀུན་གྱི་]གནས་དང་གཞི[སྟེ་ཀུན་གཞི་ཡེ་ཤེས་དང་]། །ཀུན་གྱི་[ཆོས་]དབྱིངས་དང་[ལྷ་མོ་སྣ་ཚོགས་གཟུགས་ཅན་]ཡིད་འོང་བ[མཁའ་ཁྱབ]། །ཞེས་པ་ལ་སོགས་པ་ནས། གསང་ཆེན་མཆོག་ཏུ་དགྱེས་པ་དང༌། །ཀུན་གྱི་བདག་ཉིད་ན་རྟག་བཞུགས། །ཞེས་པའི་བར་གྱིས་མིང་སྣ་ཚོགས་ཀྱི་ཁྱད་པར་གྱིས་[དོན་དམ་བདེ་ཆེན་གྱི་]གནས་[དོན་དམ་སྟོང་ཆེན་ཡིན་པར་]བསྟན་པ་གསུངས་སོ། །ཞེས་པ་ལ་སོགས་པས་སྟོང་གཞི་དོན་དམ་གྱི་རྣམ་གྲངས་རྡུལ་མེད་[མཁའ་ཁྱབ་]དང་རྡུལ་བྲལ་[མཁའ་ཁྱབ་]དང་སྐྱོན་མེད་[མཁའ་ཁྱབ་]དང་སྡིག་བཅོམ་[མཁའ་ཁྱབ་]དང་རྦ་རླབས་མེད་པ་[མཁའ་ཁྱབ་]དང༌། མཐར་ཐུག་པའི་བདེ་བ་[མཁའ་ཁྱབ་]དང༌། དེ་རང་རིག་པ་[མཁའ་ཁྱབ་]དང་གསང་བ་མཆོག་[མཁའ་ཁྱབ་]དང་བདེ་བ་ཅན་[མཁའ་ཁྱབ་]དང་བདེ་བའི་གནས་[མཁའ་ཁྱབ་]དང་རང་བཞིན་རྣམ་དག་[མཁའ་ཁྱབ་]དང་དགྱེས་པ་[མཁའ་ཁྱབ་]དང་དམིགས་མེད་[སྙིང་རྗེ་མཁའ་ཁྱབ་]དང་[དོན་དམ་པའི་]མཁའ་དབྱིངས་[མཁའ་ཁྱབ་]དང་བེམ་པོ་མིན་པའི་སྟོང་ཉིད་[མཁའ་ཁྱབ་]དང་སྲིད་གསུམ་ཀུན་ནས་དང་བ་[མཁའ་ཁྱབ་]དང༌། གོ་འབྱེད་[དེ་ཐོགས་པ་མེད་པའི་སྲིད་གསུམ་མཁའ་ཁྱབ་]དང་[འོད་]རབ་གསལ་[མཁའ་ཁྱབ་]དང་སྣ་ཚོགས་རྡོ་རྗེ་[མཁའ་ཁྱབ་]དང་ཆོས་རྣམས་ཀྱི་གནས་[མཁའ་ཁྱབ་]དང་གཞི་[མཁའ་ཁྱབ་]དང་[ཡོན་ཏན་དང་རྣམ་པ་]ཀུན་གྱི་དབྱིངས་[མཁའ་ཁྱབ་]དང་གཟུངས་མ་ཡིད་འོང་[མཁའ་ཁྱབ་]དང་རང་བཞིན་[གཉུག་མ་མཁའ་ཁྱབ་]ཞེས་པ་ལ་སོགས་པ་རྣམ་པ་མང་པོ་གསུངས་སོ། །དེ་ལ་རང་བཞིན་ནི་རྒྱུ་རྐྱེན་ལས་མ་བྱུང་ཞིང་མ་བཅོས་ལ་[རང་དབང་དུ་རང་བཞིན་གྱིས་གྲུབ་པས་]གཞན་གང་ལ་ཡང་མི་ལྟོས་པར་གསུངས་ཏེ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་[རྒྱུ་རྐྱེན་གང་གིས་ཀྱང་]བཅོས་མིན་དང༌། །[རང་དབང་དུ་གྲུབ་པས་]གཞན་[གང་]ལ་[ཡང་]ལྟོས་པ་མེད་པ་ཡིན། །ཞེས་སོ། །[གཞན་ལ་མི་ལྟོས་པའི་དོན་རྣམ་འཇོག་ཆོས་གཞན་ལ་མི་ལྟོས་ཞེས་ཁ་ཅིག་འཆད་པ་ནི་རང་བྱུང་ཡེ་ཤེས་ཀྱི་དོན་མ་གོ་བའི་རྣམ་འགྱུར་རོ།།]


previousགནས་ལུགས་ཀྱི་གྲུ་གསུམ་དང་ཆོས་འབྱུང་ལ་སོགས་པ་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ། next