Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་ལ་ཀླན་ཀ་སྤངས་ནས་དོན་ལ་གནས་པར་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདེ་ལ་ཀླན་ཀ་སྤངས་ནས་དོན་ལ་གནས་པར་བསྟན་པ། next

དེ་ལ་ཀླན་ཀ་སྤངས་ནས་དོན་ལ་གནས་པར་བསྟན་པ།

གལ་ཏེ་མཐར་ཐུག་གི་གཞི་འབྲས་ངོ་བོ་དབྱེར་མེད་ཡིན་ན་ལམ་གྱིས་ཅི་ཞིག་བྱ་སྙམ་ན་འདི་ལ་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱའོ། །རྟག་ཏུ་ཀུན་ལ་ཁྱབ་པར་བཞུགས་པའི་རང་བྱུང་ཡེ་ཤེས་དོན་དམ་པའི་བདེན་པ་གང་ཡིན་པ་དེ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དུ་སུ་ལ་ཡང་ཁྱད་པར་མེད་མོད་ཀྱི་གློ་བུར་བའི་དྲི་མས་དག་པ་དང༌། མ་དག་པའི་ཁྱད་པར་ནི་གང་ཟག་གི་དབང་གིས་ཡོད་དེ་སྤྲིན་གྱི་ངོ་བོར་རང་བཞིན་གྱིས་མེད་ཅིང་དག་པའི་ནམ་མཁའ་གཅིག་ཉིད་ཡུལ་འགའ་ཞིག་ན་སྤྲིན་གྱིས་མ་དག་ཀྱང་འགའ་ཞིག་ན་དག་པ་བཞིན་ནོ། །དེའི་ཕྱིར་ཡུལ་གང་དུ་ཡང་སྤྲིན་གྱིས་མ་དག་པའི་ནམ་མཁའ་མེད་པ་ལྟར་ཡུལ་གང་དུ་ཡང་སྤྲིན་གྱིས་དག་པའི་ནམ་མཁའ་མེད་མོད་ཀྱི། ཡུལ་གྱི་དབང་གིས་མ་དག་པའི་ནམ་མཁའ་དང་དག་པའི་ནམ་མཁའ་ཞེས་པ་མི་འགལ་ལོ། །དེ་བཞིན་དུ་རང་བཞིན་རྣམ་དག་དོན་དམ་གྱི་དབྱིངས་གཅིག་ཉིད་གང་ཟག་འགའ་ཞིག་ལ་དྲི་བཅས་སུ་བཞུགས་པ་དང༌། འགའ་ཞིག་ལ་དྲི་མེད་དུ་བཞུགས་པ་ལ་གཞི་དང་འབྲས་བུར་འཇོག་པ་ནི་གང་ཟག་ལ་དྲི་མ་ཡོད་མེད་ཀྱི་དབང་གིས་ཡིན་གྱི་ཆོས་ཉིད་ཀྱི་ངོ་བོ་ལ་ཁྱད་པར་མེད་དོ། །དེའི་ཕྱིར་གློ་བུར་དྲི་མ་མཐའ་དག་སྤངས་ཟིན་པའི་གང་ཟག་གིས་ནི་ད་ཡང༌། ལམ་གྱི་བདེན་པ་ཉམས་སུ་བླང་དགོས་པ་མེད་དེ། བསླབ་པ་མཐར་ཕྱིན་པའི་ཕྱིར་དང༌། དོན་དམ་ཡེ་ཤེས་ཀྱི་སྐུ་ཐོབ་ཟིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་གཞན་པའི་གང་ཟག་གིས་ནི་ལམ་གྱི་བདེན་པ་ཚུལ་བཞིན་ཉམས་སུ་ལེན་དགོས་པ་ཁོ་ན་སྟེ། མཐར་ཐུག་པའི་སངས་རྒྱས་དེ་རང་ལ་རང་ཆས་སུ་བཞུགས་ཀྱང་གློ་བུར་དྲི་མས་བསྒྲིབས་ནས་མ་ཐོབ་པའི་ཕྱིར་རོ། །དེ་ལྟར་ལམ་སྒོམ་པ་དེ་ཡང་འབྲས་བུ་ཆོས་སྐུ་བསྐྱེད་པའི་ཕྱིར་ནི་མ་ཡིན་ཏེ། [ཆོས་སྐུ་]རང་བཞིན་འགྱུར་བ་མེད་ཅིང་འདུས་མ་བྱས་པའི་དབྱིངས་ནི་རྒྱུ་རྐྱེན་གང་གིས་ཀྱང་བསྐྱེད་དུ་མི་རུང་བའི་ཕྱིར་དང༌། བསྐྱེད་མི་དགོས་པར་གདོད་མ་ཉིད་ནས་རང་བཞིན་ལྷུན་གྱིས་གྲུབ་པར་རྟག་ཏུ་བཞུགས་པའི་ཕྱིར་དང༌། ཡོད་ཀྱང་བསྐྱེད་དགོས་ན་ཐུག་མེད་དུ་འགྱུར་བར་ཧ་ཅང་ཐལ་བའི་ཕྱིར་རོ། །མྱང་འདས་ཆེན་པོར་ཡང༌། རིགས་ཀྱི་བུ། གཞན་ཡང་རྒྱུ་རྣམ་པ་གཉིས་ཡོད་དེ། བྱས་པའི་རྒྱུ་དང་གསལ་བའི་རྒྱུའོ། །ཇི་ལྟར་རྫ་མཁན་གྱི་འཁོར་ལོ་ནི་བྱས་པ[སྟེ་བྱེད་པ]འི་རྒྱུ་ཞེས་བྱའོ། །ཇི་ལྟར་མེ་སྒྲོན་ལ་སོགས་པས་མུན་པའི་རྫས་སྣང་བར་བྱེད་པ་ནི་[སྔར་ནས་ཡོད་པ་]གསལ་བའི་རྒྱུ་ཞེས་བྱའོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཆེན་པོ་ནི་བྱས་པའི་རྒྱུ་ལས་གྲུབ་པ་མ་ཡིན་ཏེ། [སྔར་ནས་ཡོད་པ་]གསལ་བའི་རྒྱུ་འབའ་ཞིག་[གིས་གསལ་བར་བྱེད་པའོ།།]གོ །[སྔར་ནས་ཡོད་པ་]གསལ་བའི་རྒྱུ་ཞེས་བྱ་བ་ནི་འདི་ལྟ་སྟེ། [ལམ་བདེན་དུ་གཏོགས་པའི་]བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་[ཆོས་སྐུ་སྔར་ནས་ཡོད་པ་]གསལ་བ[ར་བྱེད་པ]འི་རྒྱུ་ཞེས་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་པ[འི་དགོངས་པ་རྒྱུ་ལ་སྐྱེད་བྱེད་དང་བྲལ་བྱེད་གཉིས་དང༌། འབྲས་བུ་ལ་སྐྱེད་འབྲས་དང་བྲལ་འབྲས་གཉིས་སུ་གནས་པ་]རིག་པར་བྱའོ། །འོན་ཏེ་ལམ་གྱིས་ཆོས་སྐུ་མི་བསྐྱེད་ན་འབྲས་བུར་འགལ་ལོ་ཞེ་ན། མི་འགལ་ཏེ་དྲི་མ་སྦྱངས་པས་ཆོས་སྐུ་ཐོབ་པ་ནི་བྲལ་འབྲས་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་གཟུགས་སྐུ་རྣམ་པ་གཉིས་ནི་གདོད་མ་ནས་རང་ཆས་སུ་བཞུགས་པ་མ་ཡིན་གྱི་བསོད་ནམས་ཀྱི་ཚོགས་ཀྱིས་བསྐྱེད་པར་བྱ་དགོས་ཏེ་དེ་ལྟར་ན་སྤྱིར་[བྱེད་རྒྱུ། ལྷན་ཅིག་འབྱུང་རྒྱུ། སྐལ་མཉམ་གྱི་སྒྱུ། མཚུངས་ལྷན་གྱི་རྒྱུ། ཀུན་འགྲོའི་རྒྱུ། རྣམ་སྨིན་གྱི་རྒྱུ་སྟེ་]རྒྱུ་དྲུག་དང་[རྒྱུའི་རྐྱེན། བདག་པོའི་རྐྱེན། དམིགས་པའི་རྐྱེན། དེ་མ་ཐག་པའི་རྐྱེན་ཏེ་]རྐྱེན་བཞིར་གསུངས་པ་ཡང༌། དྲི་མ་བྲལ་བར་བྱེད་པ་དང༌། ངོ་བོ་སྐྱེད་པར་བྱེད་པ་གཉིས་སུ་འདུས་ཤིང་[རྒྱུ་མཐུན་གྱི། རྣམ་སྨིན་གྱི། སྐྱེས་བུ་བྱེད་པའི་དྲི་མ་བྲལ་བའི་དབང་གི་འབྲས་བུ་སྟེ་]འབྲས་བུ་ལྔ་གསུངས་པ་ཡང༌། བྲལ་བའི་འབྲས་བུ་དང་བསྐྱེད་པའི་འབྲས་བུ་གཉིས་སུ་འདུ་བའི་ཕྱིར་ཁྱད་པར་ལམ་གྱི་འབྲས་བུ་བདེན་པ་གཉིས་ཀྱི་སངས་རྒྱས་སམ་[གཤིས་ལ་]ཡོད་པ་དང་མེད་པའི་སངས་རྒྱས་སམ་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སངས་རྒྱས་[ཆོས་སྐུ་གཟུགས་སྐུ་]ལ་ཡང་བྲལ་བའི་འབྲས་བུ་[ཆོས་སྐུ་]དང་བསྐྱེད་པའི་འབྲས་བུ་[གཟུགས་སྐུ་]གཉིས་སུ་གནས་པར་ཡང་དག་པའི་ལྟ་བས་ལེགས་པར་རྟོགས་དགོས་སོ། །དེའི་ཕྱིར་ཡང་དག་པའི་ལྟ་བས་ནི་གང་ཞིག་གང་ན་མེད་པ་ཡང་རྟོགས་ཤིང་དེ་ལ་ལྷག་མར་ཡོད་པ་གང་ཡིན་པ་ཡང་རྟོགས་ཏེ། རང་སྟོང་དང་གཞན་སྟོང་གི་ཁྱད་པར་རྟོགས་པའི་ཕྱིར་དང༌། མེད་ཅིང་མ་གྲུབ་ལ་དབེན་ཞིང་འགགས་པའམ་དག་པ་ཙམ་གང་ཡིན་པ་དང༌། དེ་རྣམས་ཀྱི་གཞི་གང་ཡིན་པའི་ཁྱད་པར་རྟོགས་པའི་ཕྱིར་དང༌། མེད་དགག་མ་ཡིན་དགག་དང་རྣམ་གཅོད་ཡོངས་གཅོད་དང༌། སྤངས་རྟོགས་རང་བཞིན་པའི་ཁྱད་པར་རྟོགས་པའི་ཕྱིར་དང༌། རང་གི་དངོས་པོ་སྟོང་པ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་དམ་སྟོང་པའི་སྟོང་པ་དང་མི་སྟོང་པའི་སྟོང་པའམ་དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་[དམ་ཀུན་འགྲོ་མིན་པ་དང་ཡིན་པའི་སྟོང་ཉིད་དམ། མེད་དགག་ཡིན་མིན་གྱི་སྟོང་ཉིད་དམ། ཀུན་རྫོབ་དང་འབྲེལ་མ་འབྲེལ་གྱི་སྟོང་ཉིད་དམ། སྐྱེས་པ་དང་མ་སྐྱེས་པའི་སྟོང་ཉིད་དམ། ཆད་པའི་སྟོང་ཉིད་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་]ཀྱི་ཁྱད་པར་ལེགས་པར་རྟོགས་པའི་ཕྱིར་རོ། །


previousདེ་ལ་ཀླན་ཀ་སྤངས་ནས་དོན་ལ་གནས་པར་བསྟན་པ། next