Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་རྣམས་ལ་ལོག་རྟོག་སྣ་ཚོགས་བསལ་ནས་དོན་ཇི་ལྟར་ཡིན་པ་བཞིན་གཏན་ལ་དབབ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདེ་རྣམས་ལ་ལོག་རྟོག་སྣ་ཚོགས་བསལ་ནས་དོན་ཇི་ལྟར་ཡིན་པ་བཞིན་གཏན་ལ་དབབ་པ། next

དེ་རྣམས་ལ་ལོག་རྟོག་སྣ་ཚོགས་བསལ་ནས་དོན་ཇི་ལྟར་ཡིན་པ་བཞིན་གཏན་ལ་དབབ་པ།

གལ་ཏེ་རྒྱལ་བའི་ཡུམ་ལས། ལྷའི་བུ་དག་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་སོ། །ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའོ་ཞེས་གསུངས་པའི་ཕྱིར། གཟུགས་སོགས་རང་རང་ངོ་བོས་སྟོང་པ་གང་ཡིན་པའམ་དེ་ལྟར་ངོ་ཤེས་ཤིང་རྟོགས་པ་དེ་ཉིད་དེ་བཞིན་ཉིད་དང༌། རྣམ་མཁྱེན་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་རྣམ་མཁྱེན་གྱི་ཡེ་ཤེས་ཡིན་པ་ལ་དགོངས་ནས་དེ་སྐད་གསུངས་པར་མདོ་དེ་ཉིད་ན་ཡང་གསལ་བར་བཞུགས་ཏེ། ཇི་སྐད་དུ། གཟུགས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཚོར་བ་ཉིད་དང༌། འདུ་ཤེས་ཉིད་དང༌། འདུ་བྱེད་ཉིད་དང༌། རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཉིད་ཀྱི་བར་དུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཚོར་བ་དང༌། ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཞེས་གསུངས་པའི་ཕྱིར་རོ། །འདི་དག་ལ་དགོངས་ནས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་ནོ། །འོ་ན། རྩ་བ་ཤེས་རབ་ཏུ། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རྟེན་འབྲེལ་གང་ཡིན་སྟོང་ཉིད་ཡིན་པ་ལྟར་སྟོང་ཉིད་གང་ཡིན་ཡང་རྟེན་འབྲེལ་ཡིན་དགོས་ལ་རྟེན་འབྲེལ་གང་ཡིན་རང་སྟོང་ཡིན་པས་སྟོང་ཉིད་ཐམས་ཅད་རང་སྟོང་ཁོ་ན་ཡིན་ནོ་སྙམ་དུ་འགའ་ཞིག་སེམས་པར་གྱུར་ན་དེའི་ཕྱིར་བརྗོད་པར་བྱ་སྟེ། ལུང་དེས་རྟེན་འབྲེལ་གང་ཡིན་སྟོང་ཉིད་དུ་གསུངས་པ་ཡིན་གྱི། སྟོང་ཉིད་གང་ཡིན་རྟེན་འབྲེལ་དུ་གསུངས་པ་ནི་མ་ཡིན་ནོ། །གལ་ཏེ་སྟོང་ཉིད་གང་ཡིན་ཐམས་ཅད་རྟེན་འབྲེལ་ཡིན་པར་འདོད་ན་ནི། དོན་དམ་ཆོས་ཉིད་ཡང་དག་པའི་མཐའ་ལ་སོགས་པ་སྟོང་གཞིའི་རྣམ་གྲངས་ཐམས་ཅད་སྟོང་ཉིད་ཡིན་པའི་ཕྱིར་རྟེན་འབྲེལ་ཡིན་པར་འགྱུར་ཞིང༌། འདུས་བྱས་མི་རྟག་པ་བརྫུན་པ་བསླུ་བ་ལ་སོགས་པར་ཡང་འདོད་དགོས་ལ། དེ་ཡང་རིགས་པ་མ་ཡིན་ཏེ། རྒྱལ་བའི་ཡུམ་ལས། རབ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ནས་འབྲས་བུ་རྣམ་པར་དགོད་པ་བསྟན་གྱི་དོན་དམ་པའི་བདེན་པས་ནི་འབྲས་བུ་རྣམ་པར་དགོད་པ་བསྟན་པར་མི་ནུས་སོ། །ཞེས་སོགས་དང༌། དགོངས་འགྲེལ་གྱི་མདོར་ཡང༌། རབ་འབྱོར་འདི་ལྟ་སྟེ། དེ་བཞིན་ཉིད་དོན་དམ་པ་ཆོས་ལ་བདག་མེད་པ་ནི་རྒྱུ་ལས་འབྲེལ་ཏེ་བྱུང་བ་མ་ཡིན་ལ། འདུས་བྱས་མ་ཡིན་ཏེ་དོན་དམ་པ་མ་ཡིན་པར་ཡང་མི་འགྱུར་ལ། དོན་དམ་པ་དེ་ལས་དོན་དམ་པ་གཞན། ཡོངས་སུ་བཙལ་བར་མི་བྱ་སྟེ། རྟག་པ་རྟག་པའི་དུས་དང༌། ཐེར་ཟུག་ཐེར་ཟུག་གི་དུས་སུ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད། ཆོས་གནས་པའི་དབྱིངས་དེ་ནི་[ནམ་ཡང་གང་ནའང་འགྱུར་མེད་དུ་]འདུག་པ་ཡིན་གྱི་གཞན་དུ་[འགྱུར་བ་]མ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་དང༌། འགལ་བའི་ཉེས་པ་ཆེན་པོར་འགྱུར་བའི་ཕྱིར་རོ། །གཞན་ཡང་དོན་དམ་པའི་བདེན་པ་རྟེན་འབྲེལ་ལས་མ་འདས་ན་མཐར་ཐུག་འགོག་པའི་བདེན་པ་ཡང་རྟེན་འབྲེལ་ལས་མ་འདས་པར་འགྱུར་ལ། འདོད་ན་འདུས་བྱས་ལས་མ་འདས་པར་འགྱུར་ཞིང༌། དེ་ལྟ་ན་ཡང་མི་རྟག་པ་དང་བརྫུན་པ་དང་བསླུ་བའི་ཆོས་ཅན་དང༌། མཐར་ཐུག་གི་སྐྱབས་གནས་མ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལས་བདེན་པ་གསུམ་ནི་མི་རྟག་པ་ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདེན་པ་གསུམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པའི་སླད་དུ་སྟེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པ་དེ་ནི་མི་རྟག་པ་ལགས་སོ། །གང་མི་རྟག་པ[འི་སྐྱབས་གནས་]དེ་ནི་བརྫུན་པ་སླུ་བའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་གང་བརྫུན་པ་སླུ་བའི་ཆོས་ཅན་དེ་ནི་མི་བདེན་པ་དང་མི་རྟག་པ་ལགས་ཏེ་སྐྱབས་མ་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས་འཕགས་པའི་སྡུག་བསྔལ་བདེན་པ་དང༌། སྡུག་བསྔལ་ཀུན་འབྱུང་བའི་བདེན་པ་དང༌། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཡང༌། ཡང་དག་པར་ན་མི་བདེན་པ་དང༌། མི་རྟག་པ་ལགས་ཏེ་སྐྱབས་མ་ལགས་སོ། །བཅོམ་ལྡན་འདས་འདི་ལ་བདེན་པ་གཅིག་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་ལགས་ཏེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་དེ་ནི་རྟག་པ་ལགས་སོ། །གང་རྟག་པ[འི་སྐྱབས་གནས་]དེ་ནི་མི་སླུ་བའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་གང་མི་སླུ་བའི་ཆོས་ཅན་[འགོག་བདེན་]དེ་ནི་[དོན་དམ་དུ་]བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས་འདི་ལ་སྡུག་བསྔལ་འགོག་པའི་བདེན་པ་ཉིད་ནི་ཡང་དག་པར་ན་བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་ཤེས་པའི་ཡུལ་ལས་འདས་པ་སྡུག་བསྔལ་འགོག་པའི་བདེན་པ་[མཁའ་ཁྱབ་]ནི་བསམ་གྱིས་མི་ཁྱབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་པའི་སྤྱོད་ཡུལ་མ་ལགས་སོ། །ཞེས་དང༌། དབུ་མ་རྩ་ཤེར་ཡང༌། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག །བསླུ་བ་དེ་ནི་བརྫུན་ཞེས་གསུངས། །འདུས་བྱས་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་དང༌། དེའི་འགྲེལ་པ་[སློབ་དཔོན་ཟླ་གྲགས། ལེགས་ལྡན་འབྱེད། སངས་རྒྱས་བསྐྱངས་ལ་སོགས་པས་མཛད་པ་]རྣམས་སུ་ལུང་དྲངས་པ་ཡང༌། འདུ་བྱེད་ཐམས་ཅད་ནི་བརྫུན་པ་སླུ་བའི་ཆོས་ཅན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེས་བས་ན་འདུས་བྱས་རྟེན་འབྲེལ་གང་ཡིན། སྟོང་ཉིད་ཡིན་པས་ཁྱབ་ཀྱང༌། སྟོང་ཉིད་གང་ཡིན་ཐམས་ཅད་རྟེན་འབྲེལ་དུ་འདོད་པ་ནི་འཁྲུལ་ཏེ། དོན་དམ་སྟོང་ཉིད་རྟེན་འབྲེལ་ལས་འདས་ཀྱང་ཤིན་ཏུ་མཐར་ཐུག་པའི་སྟོང་ཉིད་ཟབ་མོ་ཡིན་པའི་ཕྱིར་རོ། །འོ་ན། [བྱང་ཆུབ་སེམས་ཀྱི་འགྲེལ་པར།]ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་དང་མི་རྟག་པ་བཞིན་དུ། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། སྐབས་དེའི་སྟོང་ཉིད་ནི་རྟེན་འབྲེལ་རང་སྟོང་ཡིན་ལ་དེ་ནི་རྟེན་འབྲེལ་དང་ཁྱབ་མཉམ་ངོ་བོ་གཅིག་ཡིན་པར་བསྟན་ཅིང༌། དེ་ནི་ཁོ་བོ་ཅག་ཀྱང་དེ་ལྟར་འདོད་པའི་ཕྱིར་རོ། །གལ་ཏེ་དོན་དམ་ཆོས་ཉིད་རང་གི་ངོ་བོས་མི་སྟོང་ན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དང་འགལ་ལོ། །ཞེ་ན། སྐྱོན་མེད་དེ། དེ་དང་དེའི་དགོངས་པ་མི་འགལ་བའི་ཕྱིར་རོ། །ཇི་ལྟར་མི་འགལ་ཞེ་ན། ཀུན་བརྟགས་ལ་ངོ་བོ་མེད་པ་ནི་རང་གི་མཚན་ཉིད་ཀྱིས་མེད་པ་སྟེ། ཀུན་རྫོབ་ཙམ་མམ་ལོག་པའི་ཀུན་རྫོབ་ཏུ་བས་ཀྱི་ཀུན་རྫོབ་བདེན་པའམ་ཡང་དག་ཀུན་རྫོབ་ཏུ་ཡང་མ་གྲུབ་བོ། །གཞན་དབང་ངོ་བོ་ཉིད་མེད་པ་ནི་ཀུན་རྫོབ་ཏུ་གཞན་ལས་སྐྱེ་བའི་ངོ་བོར་ཡོད་ཀྱང་རང་ལས་སྐྱེ་བའི་ངོ་བོར་མེད་ཅིང་ཡང་དག་པར་ན་ཅིར་ཡང་མ་གྲུབ་པ་སྟེ། དེ་ལྟར་དེ་གཉིས་ནི་རང་སྟོང་ཡིན་པའི་ཕྱིར་རང་གི་ངོ་བོ་མེད་པའོ། །དེ་གཉིས་མེད་པའི་གཞི་ཆོས་ཉིད་ཡོངས་གྲུབ་ནི་རང་གི་ངོ་བོ་མེད་པ་མ་ཡིན་ཡང་དེ་ལས་གཞན་པ་ཀུན་རྫོབ་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་གཞི་ཡིན་པའི་ཕྱིར། དོན་དམ་བདེན་པའི་ངོ་བོ་སྟེ། ངོ་བོ་ཉིད་ཀྱི་སྐུའམ་རང་བཞིན་པའི་སྐུ་རང་བཞིན་འོད་གསལ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། རང་བཞིན་རྣམ་དག །རང་བཞིན་ལྷུན་གྲུབ། རང་བཞིན་དུ་གནས་པའི་རིགས་སོ། །ངོ་བོ་མེད་ལུགས་དེ་ལྟར་ཤེས་ན། ཡོད་མེད་དང་རྟག་ཆད་དང་སྒྲོ་སྐུར་གྱི་མཐར་མ་ལྷུང་བའི་དབུས་རྟོགས་པའི་ཕྱིར་དབུ་མའི་ལམ་ལས་མི་ཉམས་པར་གསུངས་ཏེ། དགོངས་འགྲེལ་དུ། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང༌། །ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང༌། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་ཉིད་མེད་དང༌། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དེ། །མཁས་པ་གང་ཞིག་དགོངས་པ་དེ་ལྟར་ཤེས་པ་ནི། །ཡོངས་སུ་ཉམས་པར་འགྱུར་བའི་ལམ་དུ་དེ་མི་འགྲོ། །ཞེས་དང༌། འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང༌། ཤིན་ཏུ་རྒྱས་པ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གང་གསུངས་པ་དེ་ལ་དགོངས་པ་གང་ཡིན་ཞེ་ན། བདག་ཉིད་ལས་མི་འབྱུང་བ་དང༌། རང་གི་བདག་ཉིད་དུ་མེད་པ་དང༌། རང་གི་ངོ་བོ་ལ་མི་གནས་པ་དང༌། བྱིས་པས་བཟུང་བ་བཞིན་དུ་མཚན་ཉིད་མེད་པའི་ཕྱིར་རོ། །ཡང་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་གྱི་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། ཡོངས་སུ་གྲུབ་པ་ལ་དོན་དམ་པ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཞེས་དང༌། དེ་དང་གནད་གཅིག་པ་རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང་གསུངས་ཏེ། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་པ་ཤེས་པ་ཞེས་བརྗོད་དོ། །ཞེས་ཀུན་བརྟགས་གཞན་དབང་བཅོས་མ་གློ་བུར་པ་ཡིན་པས་རང་གི་ངོ་བོ་མེད་པ་རང་སྟོང་དང༌། ཆོས་ཉིད་ཡོངས་གྲུབ་རང་བཞིན་གཉུག་མ་ཡིན་པས་གཞན་གྱི་ངོ་བོ་མེད་པ་གཞན་སྟོང་བསྟན་ཏོ། །དེ་ལྟ་བས་ན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པས་ཆོས་ཉིད་རང་གི་ངོ་བོ་མེད་པར་མི་འགྱུར་ཏེ། ཆོས་དང་ཆོས་ཉིད་ཐ་དད་པའི་ཕྱིར་རོ། །དེ་དག་དབྱེར་མེད་དུ་འདོད་པ་ལ་ནི་ལུང་རིགས་ཀྱི་གནོད་པ་དཔག་ཏུ་མེད་དོ། །ཅི་སྟེ་འགའ་ཞིག་ཏུ། ཆོས་ཉིད་ངོ་བོ་མེད་པར་གསུངས་པ་བྱུང་སྲིད་ནའང་དེ་ལ་གཞན་གྱི་ངོ་བོ་མེད་པར་དགོངས་ནས་དེ་སྐད་གསུངས་སོ། །ཞེས་རིག་པར་བྱའི་རང་གི་ངོ་བོ་མེད་པ་ནི་གཏན་ནས་མི་སྲིད་དེ། མཐར་ཐུག་ངེས་དོན་གྱི་གསུང་རབ་དཔག་ཏུ་མེད་པ་དང་འགལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཉེར་ལེན་གྱི་ཆོས་རྣམས་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་མི་གཙང་བར་གསུངས་པས་ཀྱང༌། དོན་དམ་ཆོས་སྐུ་གཙང་བདག་བདེ་དང་རྟག་པར་གསུངས་པ་ལ་མི་གནོད་དེ། དཔལ་གྱི་ཕྲེང་བའི་མདོར། བཅོམ་ལྡན་འདས་སེམས་ཅན་རྣམས་ནི་[གཤིས་ལུགས་ཀྱི་]དེ་བཞིན་གཤེགས་པ་ལ་དད་པས་རྟག་པར་འདུ་ཤེས་པ་དང༌། བདེ་བར་འདུ་ཤེས་པ་དང༌། བདག་ཏུ་འདུ་ཤེས་པ་དང༌། གཙང་བར་འདུ་ཤེས་པའི་སེམས་ཅན་དེ་དག་ནི། བཅོམ་ལྡན་འདས་[ལྟ་བ་]ཕྱིན་ཅི་ལོག་ཏུ་འགྱུར་བ་མ་ལགས་ཏེ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཡང་དག་པའི་ལྟ་བ་ཅན་དུ་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད་རྟག་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང༌། བདག་གི་ཕ་རོལ་ཏུ་ཕྱིན་པ་དང༌། གཙང་བའི་ཕ་རོལ་ཏུ་ཕྱིན་པ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་[གཙང་བདག་བདེ་དང་རྟག་པ་]དེ་ལྟར་མཐོང་བ་དེ་དག་ནི་ཡང་དག་པ་མཐོང་བ་ལགས་སོ། །བཅོམ་ལྡན་འདས་ཡང་དག་པ་མཐོང་བ་གང་དག་ལགས་པ་དེ་དག་ནི་བཅོམ་ལྡན་འདས་ཀྱི་སྲས་ཐུགས་ལས་སྐྱེས་པ་དང་ཞལ་ནས་སྐྱེས་པ་དང་ཆོས་ལས་སྐྱེས་པ་དང༌། ཆོས་ཀྱི་སྤྲུལ་པ་དང་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ཞེས་བགྱིའོ། །ཞེས་དོན་དང་མཐུན་པར་ལྟ་བ་ལ་སྐྱོན་མེད་པར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་རྟག་ཆད་དུ་ལྟ་བ་ཞེས་པ་ཡང་དོན་དང་མི་མཐུན་ན་སྐྱོན་དུ་འགྱུར་གྱི། མཐུན་ན་ནི་སྐྱོན་མེད་པར་མདོ་དེ་ཉིད་དུ་གསུངས་ཏེ། བཅོམ་ལྡན་འདས་འདི་གཉིས་མཐར་ལྟ་བ་ཞེས་བགྱི་སྟེ། གཉིས་གང་ཞེ་ན་རྟག་པར་ལྟ་བ་དང་ཆད་པར་ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་རྣམས་ལ་མི་རྟག་པར་ལྟ་ན་དེ་ནི་དེའི་ཆད་པར་ལྟ་བ་མ་ལགས་ཏེ། [དོན་དང་མཐུན་པར་ལྟ་བས་ན་]དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་[ཆེན་པོ་]ལ་རྟག་པར་ལྟ་ན་དེ་ནི་དེའི་རྟག་པར་ལྟ་བ་མ་ལགས་ཏེ། [དོན་དང་མཐུན་པར་ལྟ་བས་ན་]དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །ཞེས་པ[འི་ལུང་འདི་རྒྱུད་བླ་མའི་འགྲེལ་པར་ཕྱིན་ཅི་ལོག་ཏུ་སོང་བ་ནི་མི་མཁས་པ་འགའ་ཞིག་གིས་བཅོས་པར་མངོན་པ་]སྟེ་སོ་སོར་རྟོག་པའི་སྐབས་སུ་དོན་གྱི་གནས་ལུགས་དང་མཐུན་པར་ལྟ་ཡང༌། མཉམ་བཞག་སྤྲོས་བྲལ་གྱི་སྐབས་སུ་ནི་ཅིར་ཡང་མི་ལྟ་བ་དགོས་པར་བཤད་ཟིན་ལ། དེ་དང་དེ་དག་འགལ་བའི་སྐྱོན་ཡང་མེད་དེ་སྐབས་སོ་སོ་ཡིན་པའི་ཕྱིར་རོ། །གལ་ཏེ་ཤེས་པ་གང་ཡིན་ཐམས་ཅད་འདུས་བྱས་ཡིན་པས་ཤེར་ཕྱིན་དང་རྣམ་མཁྱེན་གྱི་ཡེ་ཤེས་ཀྱང་འདུས་བྱས་ཡིན་ལ། ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པ་འདུས་མ་བྱས་ཡིན་པའི་ཕྱིར་དེ་དག་རྣམ་གྲངས་སུ་མི་རུང་ངོ་ཞེ་ན་[དེ་ལྟར་]མ་ཡིན་ཏེ། ཤེས་རབ་དང་ཡེ་ཤེས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་པའི་ཕྱིར་རོ། །དེ་ལ་ལམ་གྱི་བདེན་པར་གཏོགས་པའི་ཤེས་རབ་དང་ཡེ་ཤེས་ནི་འདུས་བྱས་ཀུན་རྫོབ་ཡིན་ཡང་འགོག་པའི་བདེན་པར་གཏོགས་པའི་ཤེས་རབ་དང་ཡེ་ཤེས་ནི་དོན་དམ་འདུས་མ་བྱས་ཡིན་ལ། དེ་དང་ཆོས་ཉིད་ལ་སོགས་པ་རྣམ་གྲངས་ཡིན་པས་སྐྱོན་མེད་དོ། །[དེ་བཞིན་དུ་ཤེས་པ་དང་རིག་པ་དང་བློ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་སོ།།]གལ་ཏེ་ཆོས་ཉིད་ནི་ཤེས་པར་བྱ་བ་ཡུལ་ཡིན་ཞིང༌། ཡེ་ཤེས་ནི་དེ་ཤེས་པར་བྱེད་པ་ཡུལ་ཅན་ཡིན་པས་དེ་གཉིས་དོན་གཅིག་པར་མི་འཐད་དེ་གཟུགས་དང་མིག་ཤེས་བཞིན་ནོ། །ཞེ་ན་སྐྱོན་མེད་དེ། ཤེས་དང་ཤེས་བྱ་མི་གཅིག་པ་ནི་ཀུན་རྫོབ་གཞན་རིག་ཡིན་གྱི། དོན་དམ་རང་རིག་གི་ཤེས་དང་ཤེས་བྱ་གཅིག་པའི་ཕྱིར་དང༌། ཆོས་ཀྱི་དབྱིངས་ཉིད་རང་གིས་རང་རིག་པའི་ཡེ་ཤེས་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྙིང་རྗེ་དབྱེར་མེད་དང་ཐབས་ཤེས་[དབྱེར་མེད་]དང་བདེ་སྟོང་དབྱེར་མེད་ཡིན་པའི་ཕྱིར་དང༌། དེ་དག་གཅིག་ཏུ་སྦྱོར་བ་མ་ནིང་གི་གོ་འཕང་ཡིན་པའི་ཕྱིར་དང༌། ཆོས་ཉིད་ཀྱི་ཨེ་ཝཾ་དང་ཨ་ཧཾ་དང་ཧཾ་ཀྵ་དང་ཨཱ་ལི་ཀཱ་ལི་དང་ཐིག་ལེ་གྲུ་གསུམ་དང༌། རྡོ་རྗེ་བྷ་ག་དང༌། རྡོ་རྗེ་པད་མ་དང༌། རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེའི་ཟླ་ཉི་དང༌། རྡོ་རྗེའི་ཁུ་རྡུལ་དང༌། རྡོ་རྗེའི་ཉིན་མཚན་དང༌། རྡོ་རྗེའི་ཕྱོགས་གཉིས་དང༌། རྡོ་རྗེའི་བགྲོད་པ་གཉིས་དང༌། ཀཱ་ལ་ཙཀྲ་དང༌། ཧེ་བཛྲ་དང༌། འཁོར་ལོ་སྡོམ་པ་དང༌། གསང་བ་འདུས་པ་དང༌། སྒྱུ་འཕྲུལ་དྲྭ་བ་དང༌། རྡོ་རྗེ་གདན་གཞི་དང༌། རྡོ་རྗེ་ཧཱུཾ་མཛད་དང༌། རྡོ་རྗེ་མཁའ་འགྲོ་དང༌། མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་དོན་དམ་གྱི་ལྷ་ཡབ་ཡུམ་དང་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་དབྱེར་མེད་རོ་མཉམ་གཅིག་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དོན་དམ་ཆོས་ཉིད་རང་སྟོང་མ་ཡིན་པར་གཞན་སྟོང་ཡིན་ན་དེ་ཉི་ཚེ་བའི་སྟོང་ཉིད་ཡིན་པས་མུ་སྟེགས་བྱེད་ཀྱི་ལུགས་སུ་འགྱུར་ཏེ། [སྲིད་པ་ཐམས་ཅད་ཡོང་ཡེ་སྟོང་པ་སྟེ།]ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱི་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། ཉི་ཚེ་བའི་སྟོང་ཉིད་མ་ཡིན་ཏེ་ཆོས་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་རཽ། །གལ་ཏེ་ཆོས་ཐམས་ཅད་ཀྱིས་སྟོང་ན། ཆོས་ཉིད་ཀྱིས་ཀྱང་སྟོང་པར་འགྱུར་ཏེ། ཐམས་ཅད་ཀྱི་ཁོངས་སུ་ཆོས་ཉིད་ཀྱང་གཏོགས་པའི་ཕྱིར་རོ་ཞེ་ན། ཐམས་ཅད་ཀྱིས་སྟོང་པ་མི་སྲིད་དེ་ཆོས་ཉིད་ཀྱིས་སྟོང་པ་མི་སྲིད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་ནི་སྲིད་དེ་ཆོས་ཉིད་དོ། །ཆོས་ཉིད་ཀྱིས་སྟོང་པའི་གཞི་ནི་མི་སྲིད་དེ་[ཆོས་ཉིད་ཀུན་འགྲོ་མ་ཡིན་པར་ཐལ་བ་ལ་སོགས་པ་]ཧ་ཅང་ཐལ་བ་དཔག་ཏུ་མེད་པས་གནོད་པའི་ཕྱིར་རོ། །དེས་ན་ཐམས་ཅད་ཀྱིས་སྟོང་པ་དང་ཆོས་ཐམས་ཅད་ཀྱིས་སྟོང་པ་ནི་ཁྱད་པར་ཤིན་ཏུ་ཆེ་སྟེ། གནས་ལུགས་ལ་ཆོས་ཀྱིས་སྟོང་ཡང་ཆོས་ཉིད་ཀྱིས་མི་སྟོང་པའི་ཕྱིར་རོ། །འདིས་ནི་ཆོས་དང་ཆོས་ཉིད་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་དང་ཐ་དད་གཏན་མེད་དུ་འདོད་པ་ཡང་བསལ་བ་ཡིན་ཏེ། དེ་གཉིས་ནི་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་པའི་ཕྱིར་རོ། །འོ་ན་དགོངས་འགྲེལ་དུ། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་དག །[ངོ་བོ་]གཅིག་དང་[ངོ་བོ་]ཐ་དད་བྲལ་བའི་མཚན་ཉིད་དེ། །[ངོ་བོ་]གཅིག་དང་[ངོ་བོ་]ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན[ཏེ་ངོ་བོ་རོ་གཅིག་པ་བཀག་པའི་ཐ་དད་ཡིན་པའི་ཕྱིར་རོ]། །ཞེས་བདེན་གཉིས་གཅིག་དང་ཐ་དད་གང་ཡང་མ་ཡིན་པར་གསུངས་པ་དང་འགལ་ལོ་ཞེ་ན། ལུང་དེས་ནི་བདེན་གཉིས་ངོ་བོ་གཅིག་པ་དང་ངོ་བོ་ཐ་དད་པ་བཀག་པ་ཡིན་ཏེ་[གཤིས་ཀྱི་]གནས་ལུགས་ལ་དོན་དམ་གྱི་ངོ་བོ་གྲུབ་ཀྱང་ཀུན་རྫོབ་ཀྱི་ངོ་བོ་མ་གྲུབ་པའི་ཕྱིར་རོ། །འདི་ལས་གཞན་དུ་[ངོ་བོ་གཅིག་མ་ཡིན། ལྡོག་པ་ཐ་དད་མ་ཡིན། ཞེས་སོགས་སུ་]འཆད་པ་ཐམས་ཅད་ནི་བདེན་པ་གཉིས་ལ་བདེན་ལུགས་གཉིས་དང༌། སྣང་ལུགས་གཉིས་དང་སྟོང་ལུགས་གཉིས་དང་དེ་དག་མེད་པར་འདོད་ན་ཆད་པར་ལྟ་ལུགས་གཉིས་ཀྱི་ཁྱད་པར་གཏན་ནས་མ་ཕྱེད་པར་གཅིག་ཏུ་འདྲེས་པའི་དུག་གིས་མྱོས་པའི་བརླབ་བཅོལ་ཁོ་ན་ཡིན་ནོ། །འདི་ལ་ཤེས་བྱེད་ཀྱི་ལུང་རིགས་ཤིན་ཏུ་མང་བར་ཡོད་དེ་འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །གལ་ཏེ་ཉོན་མོངས་པའི་སྦུབས་ལས་གྲོལ་བའི་དེ་བཞིན་ཉིད་ནི་བདེ་གཤེགས་སྙིང་པོ་མ་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ། །ཞེས་གསུངས་པའི་ཕྱིར་རོ་སྙམ་དུ་འགའ་ཞིག་སེམས་པར་གྱུར་ན་དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར་གང་ཟག་སོ་སོ་རེ་རེའི་གནས་སྐབས་གསུམ་དུ་ཁྱབ་པར་བཞུགས་པའི་དེ་བཞིན་ཉིད་ལ་མ་དག་པ་དང༌། མ་དག་དག་པ་དང༌། ཤིན་ཏུ་རྣམ་དག་ཏུ་གསུངས་ཀྱང་སྤྲིན་ཚོགས་ཡོད་མེད་ཀྱི་ཡུལ་ལ་ཁྱབ་པའི་ནམ་མཁའ་བཞིན་དུ། དེ་བཞིན་ཉིད་ནི་[རྒྱུད་དབང་བཙན་དུ་བྱས་ཏེ་]གཅིག་ཏུ་དག་པ་ཡང་མ་ཡིན་ཞིང༌། [ངོ་བོ་དབང་བཙན་དུ་བྱས་ཏེ་]གཅིག་ཏུ་མ་དག་པ་ཡང་མ་ཡིན་ཏེ་དྲི་མ་ཡོད་མེད་གྱི་གང་ཟག་ཐམས་ཅད་ལ་ཁྱབ་པར་བཞུགས་པའི་ཕྱིར་རོ། །དེ་ལྟ་བས་ན་གང་ཟག་གི་དབང་གིས། འགའ་ཞིག་ལ་དྲི་བཅས་སུ་བཞུགས་པའི་དེ་བཞིན་ཉིད། གང་ཡིན་པ་དེ་ཉིད་འགའ་ཞིག་ལ་དྲི་མེད་དུ་བཞུགས་ཀྱང་དེ་བཞིན་ཉིད་ལ་དབྱེ་བ་མེད་དེ། སྤྲིན་ཡོད་མེད་ཀྱི་ནམ་མཁའ་བཞིན་ནོ། །འདི་ལ་དགོངས་ནས། དེ་བཞིན་གཤེགས་པའི་ངོ་བོ་ཉིད་དང༌། དེ་བཞིན་གཤེགས་པའི་སྙིང་པོ་དོན་གཅིག་པར་གསེར་འོད་དམ་པ་ལས་གསུངས་ཤིང༌། སངས་རྒྱས་ཀྱི་རང་བཞིན་དང་རང་བཞིན་གྱི་མྱ་ངན་ལས་འདས་པ་དང༌། བདག་གི་དབྱིངས་ལ་སོགས་པ་རྣམ་གྲངས་སུ་མྱང་འདས་ཆེན་པོ་ལ་སོགས་པར་གསུངས་ལ། བདེ་གཤེགས་སྙིང་པོ་དང་ཆོས་ཉིད་ཡོངས་གྲུབ་རྣམ་གྲངས་སུ་ལང་ཀར་གཤེགས་པར་ཡང་གསུངས་ཤིང༌། དོན་དམ་པའི་མཚན་གྱི་རྣམ་གྲངས་མང་པོ་བརྗོད་པའི་རྒྱུད་དུ་ཡང༌། རྡོ་རྗེའི་སྙིང་པོ་དང༌། སངས་རྒྱས་ཀུན་གྱི་སྙིང་པོ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྣམས་དོན་དམ་གྱི་རྣམ་གྲངས་སུ་གསུངས་ལ། དེ་བཞིན་གཤེགས་པའི་སྙིང་པོའི་མདོར་ཡང༌། རྒྱལ་བ་དང༌། དེ་བཞིན་གཤེགས་པ་དང༌། སངས་རྒྱས་རང་བྱུང་དང་སངས་རྒྱས་ཀྱི་ས་དང་ཆུད་མི་ཟ་བའི་ཆོས་ཉིད་དང་ཆོས་གཏེར་དང་དེ་བཞིན་གཤེགས་པའི་ཆོས་ཉིད་དང་བདེ་གཤེགས་ཀྱི་ལུས་དང་རྒྱལ་བའི་སྐུ་མཉམ་པར་བཞག་པ་དང༌། དེ་བཞིན་གཤེགས་པའི་རིགས་དང་ཆོས་ཉིད་དང་དེ་བཞིན་གཤེགས་པའི་ཡེ་ཤེས་རིན་པོ་ཆེ་དང༌། རང་བཞིན་དང༌། སངས་རྒྱས་ཀྱི་ཡེ་ཤེས་རྣམས་བདེ་གཤེགས་སྙིང་པོའི་རྣམ་གྲངས་སུ་གསུངས་ཤིང༌། རྒྱུད་བླ་རྩ་འགྲེལ་དུ་ཡང༌། ཆོས་སྐུ་དང་དེ་བཞིན་གཤེགས་པ་དང༌། དོན་དམ་བདེན་པ་དང༌། མྱང་འདས་ཆེན་པོ་རྣམས་བདེ་གཤེགས་སྙིང་པོའི་རྣམ་གྲངས་སུ་གསུངས་ལ། [དེ་དག་གི་ལུང་ཕལ་ཆེར་གཞུང་འདིར་ཡང་དྲངས་ཤིང་གཞུང་]གཞན་དག་དུ་ཡང་རྒྱ་ཆེར་གསུངས་པའི་ཕྱིར་དོན་གཅིག་ལ་མིང་གི་རྣམ་གྲངས་གང་དུ་བརྗོད་ཀྱང་ཉེས་པ་མེད་དོ། །


previousདེ་རྣམས་ལ་ལོག་རྟོག་སྣ་ཚོགས་བསལ་ནས་དོན་ཇི་ལྟར་ཡིན་པ་བཞིན་གཏན་ལ་དབབ་པ། next