Nitartha Digital Library
Tibetan
 
no previousཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལེགས་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །next

ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལེགས་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །

ལེའུ་དང་པོ། དེ་བཞིན་གཤེགས་པའི་སྙིང་པོའི་སྐབས།

ལེགས་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པ་དང༌། དཔལ་ཡོངས་གྲུབ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡོད་པ་ལ་སྐུར་བ་མི་འདེབས་ཤིང་མེད་པ་ལ་སྒྲོ་མི་འདོགས་པར་ཇི་ལྟར་གནས་པ་བཞིན་དུ་རྟོགས་ནས་སྟོན་པར་མཛད་པ་གང་ཡིན་པ་ཐམས་ཅད་ལ་ཕྱག་འཚལ་མཆོད་ཅིང་བསྟོད་དེ་སྐྱབས་སུ་མཆིའོ། །གཤིས་ལུགས་ཟབ་མོ་མཐར་ཐུག་ཐམས་ཅད་ཀྱི། །གཞི་འབྲས་མཐར་ཐུག་བདེ་གཤེགས་སྙིང་པོ་དང༌། །ལམ་གྱི་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ལའང༌། །གུས་པས་བཏུད་ནས་དེ་དོན་བཤད་པར་འདོད། །ཀུན་རྫོབ་ཆོས་རྣམས་ཀུན་གྱིས་སྟོང་པའི་གཞི། །འགྱུར་མེད་ཡོངས་གྲུབ་བཅུ་གཉིས་ལ་ཕྱག་འཚལ། །དེ་ཐོབ་དེ་རྟོགས་དེ་སྟོན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཁྱད་པར་དེ་དོན་རབ་ཏུ་གསལ་མཛད་པ། །མི་ཕམ་མགོན་དང་ཐོགས་མེད་སྐུ་མཆེད་དང༌། །ཀླུ་སྒྲུབ་ཡབ་སྲས་ལ་སོགས་གཤིས་ལུགས་ཀྱི། །དོན་ཟབ་སྟོན་པ་ཀུན་ལ་ཕྱག་འཚལ་ནས། །བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་གཞུང༌། །གང་ཡིན་དེ་ཡི་རྣམ་བཤད་མདོར་བསྡུས་བྲི། །

འདིར་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། དཔལ་ལྡན་འཕགས་པ་ཐོགས་མེད་ཀྱི་འགྲེལ་པ་དང་མཐུན་པར་འཆད་པ་ལ་དོན་རྣམ་པ་བཞི་སྟེ། དོན་དང་མཐུན་པའི་མཚན་གྱི་དོན། དོན་ཆེན་སྒྲུབ་པ་སྤྱིའི་ཕྱག །དོན་མཆོག་ལྡན་པའི་བསྟན་བཅོས་དངོས། དོན་དེ་ལེགས་པར་བསྒྱུར་བའི་ཚུལ་ལོ། །

མཚན་གྱི་དོན་ནི།

རྒྱ༷་ག༷ར་སྐ༷ད་དུ༷། མ༷ཧཱ༷་ཡཱ༷་ན༷་ཨུ༷ད་ཏ༷་ར༷་ཏ༷ན་ཏྲ༷་ཤ༷སྟྲ༷། བོ༷ད་སྐ༷ད་དུ༷། ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་བླ༷་མ༷འི་བསྟ༷ན་བཅོ༷ས། ཞེས་པའོ། །

དོན་ཆེན་སྒྲུབ་པ་སྤྱིའི་ཕྱག་ནི། སང༷ས་རྒྱ༷ས་ད༷ང་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ཐ༷མས་ཅ༷ད་ལ༷་ཕྱ༷ག་འཚ༷ལ་ལོ༷། །ཞེས་སོ། །

ད་ནི་དོན་རྣམ་པ་གསུམ་གྱིས་དོན་མཆོག་ལྡན་པའི་བསྟན་བཅོས་དངོས་བཤད་པར་བྱ་སྟེ། ལུས་ཉིད་རྣམ་པར་བཞག་པ་དང༌། ཡན་ལག་རྒྱས་པར་བཤད་པ་དང༌། ཡོངས་སུ་རྫོགས་པའི་བྱ་བས་སོ། །

ལུས་རྣམ་པར་བཞག་པ་ལ་གསུམ་སྟེ། སྡོམ་གྱི་དོན་དང༌། ལུང་དང་སྦྱར་བ་དང༌། གོ་རིམ་ངེས་ཚུལ་ལོ། །དང་པོ་ནི། སྡོམ་གྱི་དོན་རྒྱ་ཆེན་པོ་ལས་ཕྱུང་ནས་སློབ་མ་ལ་བྱིན་པས་བདེ་བླག་ཏུ་རྟོགས་ཤིང་ཡན་ལག་རྒྱས་བཤད་ལ་སྒྲོ་འདོགས་དང་སྐུར་འདེབས་སྤང་བའམ། འཆད་པ་པོས་ཀྱང་བསྟན་བཅོས་མ་འཛིངས་པར་བཤད་སླ་བའི་ཆེད་དུ་གཞུང་འདི་དོན་ཇི་ཙམ་ཞིག་གིས་བསྡུས་པའི་ཚུལ་གསལ་བར་སྟོན་པ་ཡིན་ལ། དེ་ཡང་ཐོབ་པར་བྱ་བ་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སང༷ས་རྒྱ༷ས་ཀྱི་དོན་དང༌། འདོད་ཆགས་དང་བྲལ་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་དམ་པའི་ཆོ༷ས་ཀྱི་དོན་དང༌། ཡེ་ཤེས་གཉིས་དང་ལྡན་པས་ཕྱིར་མི་ལྡོག་པའི་ཚོ༷གས་འཕགས་པའི་དགེ་འདུན་གྱི་དོན་དང༌། དེ་རྣམས་ཐོབ་པའི་ཚུལ་ཡང་དག་པར་རྟོགས་པར་བྱ་བའི་སེམས་ཅན་གྱི་ཁ༷མས་སམ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་དོན་ད༷ང༌། རྟོགས་པའི་ངོ་བོ་ཁམས་དེ་ཉིད་དྲི་མ་མཐའ་དག་གིས་དག་པ་བླ་ན་མེད་པའི་བྱ༷ང་ཆུ༷བ་ཀྱི་དོན་ད༷ང༌། རྟོགས་པའི་ཡན་ལག་བྱང་ཆུབ་ཆེན་པོ་དང་འབྲེལ་བ་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུས་བསྡུས་པའི་ཡོ༷ན་ཏ༷ན་གྱི་དོན་དང༌། གཞན་གྱིས་རྟོགས་པར་བྱེད་པའི་ཐབས་ཡོན་ཏན་གྱི་ནུས་པ་སང༷ས་རྒྱ༷ས་ཀྱི་འཕྲི༷ན་ལ༷ས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་དོན་ཐ༷་མ༷འམ་ཕྱི་མར་བསྟན་པ་དང་བཅས་པ་སྟེ༷། འཆད་པར་འགྱུར་བའི་བསྟ༷ན་བཅོ༷ས་མཐའ་དག་གི་ཡན་ལག་ཀུ༷ན་གྱི༷་ལུ༷ས་སམ་དངོས་པོ་ནི༷་མདོ༷ར་བསྡུ༷ས་པའི་ཚུལ་གྱིས་བསྟན་ན༷་རྡོ༷་རྗེ༷་ལྟ་བུ་ཡི༷་ནི༷་གན༷ས་སམ་ཚིག་བདུ༷ན་པོ་འདི༷་ད༷ག་གོ༷ །ཞེས་པ་སྟེ། དོན་དེ་དག་ནི་བརྗོད་དུ་མེད་ཅིང་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་པས་ཕིགས་པར་དཀའ་བའི་ཕྱིར་རྫས་ཀྱི་དངོས་པོ་རྡོ་རྗེ་རིན་པོ་ཆེ་ལྟ་བུ་སྟེ། རྒྱུད་ལས་ཀྱང༌། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་གསུངས་པ་ལྟར་རོ། །རྗོད་བྱེད་ཀྱི་ཡི་གེ་རྣམས་ཀྱང་དེ་དག་གི་ལམ་གསལ་བར་སྟོན་ཅིང་གོ་བར་བྱེད་པས་ན་གནས་ཞེས་བྱ་སྟེ། བརྗོད་བྱ་རྣམས་རིམ་གྱིས་རྟོགས་པའི་གཞི་འམ་རྟེན་དུ་གྱུར་པའི་ཕྱིར་རོ། །

ལུང་དང་སྦྱར་བ་ནི།

རྡོ་རྗེའི་གནས་བདུན་པོ་འདི༷་ད༷ག་ར༷ང་གི་མཚ༷ན་ཉིད་དམ་ངོ་བོ་ཉི༷ད་ཀྱི༷་རྗེ༷ས་སུ་འབྲེ༷ལ་བ༷ར་ལྷན་ཅིག་རྒྱུན་ཆགས་པའི་ཚུལ་གྱིས་ཀྱང༌། འདིར་བསྟན་པའི་གོ༷་རི༷མ་ཇི༷་ལྟ་བ་བཞི༷ན་དུ་བྱང་ཆུབ་སེམས་དཔའ་གཟུ༷ངས་ཀྱི༷་དབང་ཕྱུག་རྒྱ༷ལ་པོ༷ས་ཞུས་པ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པ་ཞེས་གྲགས་པའི༷་མདོ༷ར། གླེ༷ང་གཞི༷་ལ༷ས་ནི༷་རྡོ་རྗེའི་གན༷ས་དང་པོ་དཀོན་མཆོག་གསུམ༷་བསྟན་པར་རིག༷་པར་བྱ༷་སྟེ༷། དེ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་ཞེས་པ་ལ་སོགས་པས་སོ། །ལྷག་མའི་གནས་བཞི༷་ནི༷། གླེང་གཞིའི་རྗེས་སུ་བློ༷་ལྡ༷ན་བྱང་ཆུབ་སེམས་དཔའི་ལམ་གྱི་ཆོས་ཡོན་ཏན་གྱི་དྲི་མ་ཡོངས་སུ་སྦྱོང་བ་དྲུག་ཅུ་བསྟན་པས་དང་པོར་སངས་རྒྱས་ཀྱི་ཁམས་གསལ་བར་མཛད་དེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཁམས་ཡོན་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང༌། །ཉོན་མོངས་ངལ་བ་ཙམ་དུ་ཟད། །ཅེས་གསུངས་པ་ལྟར། དྲི་མ་སྦྱང་བར་བྱ་བའི་གཞི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་སྙིང་པོར་ཡོད་པ་ལས། དེ་མངོན་དུ་འགྱུར་བའི་ཆེད་དུ་ཡོངས་སུ་སྦྱོང་བའི་ཚུལ་སྟོན་པར་འཐད་པའི་ཕྱིར་རོ། །ཡོངས་སུ་སྦྱོང་བ་དྲུག་ཅུ་པོ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི་དང༌། སྣང་བ་རྣམ་པ་བརྒྱད་དང༌། སྙིང་རྗེ་ཆེན་པོ་བཅུ་དྲུག་དང༌། འཕྲིན་ལས་སུམ་ཅུ་རྩ་གཉིས་སོ། །དེ་ནས་རྡོ་རྗེའི་གནས་ཕྱི་མ་གསུམ་ནི་རྒྱ༷ལ་བའི་ཆོ༷ས་ཀྱི་དབྱེ༷་བ༷་བརྒྱད་ཅུ་བསྟན་པ་ལ༷ས་རིག་པར་བྱ་སྟེ། དེ་ཡང་དབྱིངས་བསྟན་པའི་རྗེས་སུ་བྱང་ཆུབ་ཆེན་པོའི་སྙིང་རྗེ་རྣམ་པ་བཅུ་དྲུག་བསྟན་པ་ལས་བྱང་ཆུབ་གསལ་བར་མཛད་དོ། །དེའི་རྗེས་སུ་སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་པས་ཡོན་ཏན་གསལ་བར་མཛད་དེ་འཆད་པར་འགྱུར་བ་ལྟར་རོ། །དེའི་རྗེས་སུ་དེ་བཞིན་གཤེགས་པའི་འཕྲིན་ལས་བླ་ན་མེད་པ་སུམ་ཅུ་རྩ་གཉིས་བསྟན་པས་འཕྲིན་ལས་གསལ་བར་མཛད་དེ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ལས་ནི་སུམ་ཅུ་རྩ་གཉིས་པོ་འདི་དག་གོ་ཞེས་ལས་དང་ལས་ཅན་ལྷན་ཅིག་ཏུ་གསུངས་པས་སོ། །

གོ་རིམ་ངེས་ཚུལ་ནི།

གང་གི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སང༷ས་རྒྱ༷ས་པ་ལ༷ས་ཆོ༷ས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་འབྱུང་ཞིང༌། ཆོ༷ས་བསྟན་པ་ལྟར་བསྒྲུབས་པ་ལ༷ས་སློབ་མ་འཕ༷གས་པ༷འི་ཚོ༷གས་ཤིན་ཏུ་དུལ་བ་མཐའ་ཡས་པ་འབྱུང་ལ། ཚོ༷གས་དགེ་འདུན་དུ་གྱུར་པ་ལ༷ས་རང་གི་སྙི༷ང་པོ༷་ཡེ༷་ཤེ༷ས་ཀྱི་ཁ༷མས་སྒྲིབ་པ་ཅི་རིགས་པས་དག་པའི་རྐྱེན་དང་ལྡན་པ་ཐོ༷བ་ནས། རིམ་གྱིས་ཏིང་ངེ་འཛིན་བསྒོམས་པའི་མཐ༷ར་རང་བཞིན་ཆོས་ཀྱི་དབྱིངས་ཡེ༷་ཤེ༷ས་དེ༷་ཉིད་གློ་བུར་དྲི་མ་མཐའ་དག་དང་བྲལ་བ་ཐོ༷བ་པ་ནི་བྱ༷ང་ཆུ༷བ་མཆོ༷ག་སྟེ། དེ་དང་ལྷན་ཅིག་ཏུ་དེའི་ཡན་ལག་སྟོབས་ལ་སོ༷གས་པའི་ཡོན་ཏན་ཚད་མེད་པ་རྣམས་ཀྱང་ཐོ༷བ་ནས་དེ་དག་གི་བྱ་བ་གདུལ་བྱར་གྱུར་པའི་སེ༷མས་ཅ༷ན་ཀུ༷ན་གྱི་དོ༷ན་སྒྲུབ་པར་བྱེ༷ད་པའི་འཕྲིན་ལས་ཀྱི་ཆོ༷ས་རྣ༷མས་ད༷ང་ལྡ༷ན་པ་འབྱུང་བ་དེའི་ཕྱིར་བསྟན་བཅོས་ཀྱི་གོ་རིམ་དེ་ལྟར་བསྟན་པའོ། །

ད་ནི་ཡན་ལག་རྒྱས་པར་བཤད་པར་བྱ་བ་ལ་གཉིས། ཐོབ་བྱ་མཆོག་གསུམ་གྱི་ཡན་ལག་རྒྱས་པར་བཤད་པ་དང༌། ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པའོ། །

ཐོབ་བྱ་ལ་གསུམ་སྟེ། མཆོག་གསུམ་སོ་སོའི་ངོ་བོ། སྐྱབས་གསུམ་རྣམ་པར་འཇོག་ཚུལ། ངེས་པའི་ཚིག་གིས་བཤད་པའོ། །སོ་སོའི་ངོ་བོ་ལ་གསུམ་སྟེ། སྐྱབས་གནས་མཐར་ཐུག་སངས་རྒྱས་དཀོན་མཆོག་གི་ངོ་བོ། དེའི་བསྟན་པ་དམ་ཆོས་དཀོན་མཆོག་གི་ངོ་བོ། དེ་ཉིད་འཛིན་པ་དགེ་འདུན་དཀོན་མཆོག་གི་ངོ་བོའོ། །སངས་རྒྱས་ལ་གསུམ་སྟེ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། །

དེ་ལ་བསྟོད་པ་ནི།

སངས་རྒྱས་ག༷ང་ཞི༷ག་ཐོ༷ག་མ༷་སྐྱེ་བ་དང་དབུ༷ས་གནས་པ་དང་མཐ༷འ་འཇིག་པ་སྟེ་འདུས་བྱས་ཀྱི་མཚན་ཉིད་གསུམ་མེ༷ད་པས་འདུས་མ་བྱས་པ་ཉིད་དང༌། སྤྲོས་པ་དང་རྣམ་པར་རྟོག་པ་ཉེ་བར་ཞི༷་བས་ལྷུན་གྱིས་གྲུབ་པ་ཉིད་དང༌། སང༷ས་རྒྱ༷ས་ཉི༷ད་ཀྱིས་གཞན་ལ་མ་ལྟོས་པར་སོ་སོ་ར༷ང་གིས་རིག་པའི་ཡེ་ཤེས་ཀྱི་རང་བྱུང་གི་རྣ༷མ་པར་སང༷ས་རྒྱ༷ས་པས་གཞན་གྱི་རྐྱེན་གྱིས་རྟོགས་པར་བྱ་བ་མ་ཡྀན་པ་ཉིད་དང༌། དེ་ལྟར་ཆོས་གསུམ་དང་ལྡན་པས་རང་ཉིད་སང༷ས་རྒྱ༷ས་ན༷ས་ནི༷་ཤེས་བྱ་མཐའ་དག་མངོན་སུམ་དུ་རྟོགས་པས་མཁྱེན་པ་ཕུན་སུམ་ཚོགས་པ་ཉིད་དང༌། དེ་མ༷་རྟོ༷གས་པའི་འགྲོ་བ་གཞན་དག་གིས་ཀྱང་རྟོ༷གས་པར་བྱ་བའི་ཕྱི༷ར་དུ་འཁོར་བར་འཇི༷གས་པ་མེ༷ད་ཅིང༌། ཕྱིར་མི་ལྡོག་པས་རྟ༷ག་པ་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ༷འི་ལ༷མ་སྟོ༷ན་པ༷འི་ཕྱིར། ཐུགས་རྗེ་ཕུན་སུམ་ཚོགས་པ་ཉིད་དང༌། དེ་ལྟ་བུའི་མཁྱེ༷ན་པ་དང་བརྩེ༷་བའི་ར༷ལ་གྲི༷་དང་རྡོ༷་རྗེ༷་མཆོ༷ག་ལྟ་བུ་བསྣ༷མས་ནས། གོ་རིམ་བཞིན་དུ་མཁྱེན་བརྩེ་རལ་གྲི་ལྟ་བུས་ནི་སྡུ༷ག་བསྔ༷ལ་ཉེར་ལེན་གྱི་ཕུང་པོ་ཕྱི་མ་ལ་གཞན་བསྐྱེད་པའི་མྱུ༷་གུ༷་ལྟ་བུ་གཅོ༷ད་པར་མཛ༷ད་པ་གཅིག་པུར་གྱུར་ཅི༷ང༌། མཁྱེན་བརྩེའི་རྡོ་རྗེ་ལྟ་བུས་ནི་བདག་དང་བདག་གིར་འཛིན་པ་ལ་སོགས་སྣ༷་ཚོ༷གས་པའི་ལྟ༷་བ་ནགས་ཐི༷བས་པོ་ལྟ་བུ་རྣམས་ཀྱི༷ས་ཡོངས་སུ་བསྐོ༷ར་བའི་ཐེ༷་ཚོ༷མ་རྩི༷ག་པ༷་བརྟན་པོ་དང་འདྲ་བ་འཇི༷ག་པར་མཛ༷ད་པའི་ནུས་པ་ཕུན་སུམ་ཚོགས་པ་ཉིད་དེ། ཆོས་དྲུག་དང་ལྡན་པའི་སྒོ་ནས་དོན་གཉིས་མཐར་ཕྱིན་པ་དེ༷་ལ༷་སྒོ་གསུམ་གུས་པས་འདུ༷ད། ཅེས་པའོ། །

དོན་དེ་རྣམ་པར་དབྱེ་སྟེ་བསྟན་པ་ནི།

བཤད་མ་ཐག་པའི་གཞུང་འདིས་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་སྟོན་པ་སྟེ། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུ༷ས་མ༷་བྱ༷ས་ཤི༷ང་འགྱུར་བ་མེད་པའི་ཡོན་ཏན་དང་འབད་རྩོལ་མེད་པས་ལྷུ༷ན་གྱི༷ས་གྲུ༷བ་པའི་ཡོན་ཏན་དང༌། རང་གིས་རིག་པས་གཞ༷ན་གྱི༷་རྐྱེ༷ན་གྱི༷ས་རྟཽག༷ས་པ་མི༷ན་པ༷འི་ཡོན་ཏན་དང༌། དེ་གསུམ་དང་ལྡན་པས་མཁྱེ༷ན་པའི་ཡོན་ཏན་ད༷ང༌། གཞན་ཡང་དེ་ལ་འགོད་པས་ཐུགས་བརྩེ༷་བའི་ཡོན་ཏན་ད༷ང༌། གཞན་གྱི་སྡུག་བསྔལ་རྒྱུ་འབྲས་སྤོང་བས་ནུ༷ས་པ༷ར་ལྡ༷ན་པའི་ཡོན་ཏན་དེ་རྫས་ཀྱིས་དབྱེ་བ་དྲུག་གམ་ལྡོག་པས་ཕྱེ་ན་སྔ་མ་གསུམ་རང་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང༌། ཕྱི་མ་གསུམ་གཞན་དོ༷ན་ཕུན་སུམ་ཚོགས་པའི་ཡོན་ཏན་གཉི༷ས་ཏེ་ཐམས་ཅད་བསྡུ་ན་ཡོན་ཏན་བརྒྱད་དང་ལྡ༷ན་པ༷འི་སང༷ས་རྒྱ༷ས་ཉི༷ད་དོ། །ཞེས་པའོ། །

དེ་དག་སྦྱར་ཏེ་རྒྱས་པར་བཤད་པ་ནི།

བསྟོད་པར་བསྟན་པ་རྣམས་རྒྱུ་མཚན་དུ་བྱས་ནས། དབྱེ་བར་བསྟན་པ་རྣམས་རིམ་གྱིས་སྒྲུབ་པས་འཆད་དེ། སངས་རྒྱས་ཀྱི་ནི་ཐོ༷ག་མ༷་དང་དབུ༷ས་དང་མཐ༷འ་མར་འདུས་བྱས་ཀྱི་ཆོས་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་མེ༷ད་པ༷འི༷་ར༷ང་བཞི༷ན་ཅན་ཡི༷ན་པའི་ཕྱི༷ར་འདུ༷ས་མ༷་བྱ༷ས་པའོ། །ལུས་ངག་གི་སྤྲོས་པ་དང་སེམས་ཀྱི་རྣམ་པར་རྟོག་པ་ལ་སོགས་པ་འབད་རྩོལ་མ་ལུས་པ་ཉེ་བར་ཞི༷་བ༷་ཆོ༷ས་ཀྱི༷་སྐུ༷འི་བདག་ཉིད་ཅ༷ན་ཡིན་པའི་ཕྱི༷ར་ན་འཕྲིན་ལས་ལྷུ༷ན་གྱི༷ས་གྲུ༷བ་པ་ཞེ༷ས་བྱ༷་བ༷ར་བརྗོ༷ད་དོ། །སོ༷་སོ༷་ར༷ང་གི༷ས་རིག་པའི་རང་བྱུང་གི་ཡེ་ཤེས་ཀྱིས་རྟོ༷གས་པར་བྱ༷་བ་ཡིན་པའི༷་ཕྱིར༷་ན་གཞ༷ན་གྱི༷ས་བརྗོད་པ་ལ་སོགས་པའི་རྐྱེ༷ན་གྱི༷ས་རྟོ༷གས་པར་བྱ་བ་མི༷ན་པ༷འོ། །དེ༷་ལྟ༷ར་འདུས་མ་བྱས་པ་ལ་སོགས་པའི་ཡོན་ཏན་རྣ༷མ་པ་གསུ༷མ་དང་ལྡན་པའི་ཆོས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་རྟོ༷གས་པའི་ཕྱི༷ར་ན་མཁྱེ༷ན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའོ། །གདུལ་བྱ་གཞན་དག་ཀྱང་དག་པ་མཐར་ཕྱིན་པ་དེ་ལ་དགོད་པའི་ཆེད་དུ་སྐལ་བ་དང་མཐུན་པར་འཇིག་རྟེན་ལས་འདས་པའི་ལ༷མ་གསལ་བར་སྟོ༷ན་པར་མཛད་པའི་ཕྱི༷ར་ན༷་ཐུ༷གས་བརྩེ༷་བ༷་ཕུན་སུམ་ཚོགས་པ་དང་ལྡན་པའོ། །ནུ༷ས་པའི་འཕྲིན་ལས་ཕུན་སུམ་ཚོགས་པ༷་དང་ལྡན་པ་ནི་བཤད་མ་ཐག་པའི་ཡེ༷་ཤེས༷་དང་ཐུ༷གས་རྗེ༷་གཉིས་པོ་ཡི༷ས་སེམས་ཅན་རྣམས་ཀྱི་སྡུ༷ག་བསྔ༷ལ་ཉེར་ལེན་གྱི་ཕུང་པོ་དང༌། དེའི་རྒྱུ་ཉོ༷ན་མོ༷ངས་པ་མཐའ་དག་སྤོ༷ང་བར་ནུས་པའི་ཕྱི༷ར་རོ༷། །དེ་ལ་ཡོན་ཏན་ད༷ང་པོ༷་གསུ༷མ་གྱི༷ས་ནི་ར༷ང་གི་དོ༷ན་ཕུན་སུམ་ཚོགས་པ་འགྲུབ་པ་ཡིན་ཏེ༷། ཆོས་ཀྱི་དབྱིངས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་ཅིང༌། ཟག་པ་དང་བཅས་པའི་རྒུད་པ་མཐའ་དག་སྤངས་ནས་ཟག་པ་མེད་པའི་བདེ་བ་ཆེན་པོ་དང་ལྡན་པས་རང་གི་དོན་མཐར་ཕྱིན་པའི་ཕྱིར་རོ། །ཕྱི༷་མ༷་གསུ༷མ་གྱི༷ས་ནི་གཞ༷ན་གྱི་དོ༷ན་ཕུན་སུམ་ཚོགས་པ་སྒྲུབ་པ་ཡི༷ན་ཏེ། མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱའི་ཁམས་གཟིགས་པ་ལྟར། བརྩེ་བའི་ཐུགས་རྗེ་ཆེན་པོ་ཞུགས་ནས་འཕྲིན་ལས་ཀྱིས་ཀྱང་ཇི་ལྟར་བཞེད་པ་བཞིན་དུ་འདོད་པའི་དོན་མ་ལུས་པ་སྒྲུབ་པར་ནུས་པའི་ཕྱིར་རོ།།

དེའི་བསྟན་པ་དམ་ཆོས་དཀོན་མཆོག་གི་ངོ་བོ་ལ་བཞི་སྟེ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ། དེ་དག་བདེན་པ་གཉིས་སུ་བསྡུ་བ། དེ་རྣམས་སྦྱར་ཏེ་རྒྱུ་མཚན་བཤད་པའོ། །

དེ་ལ་བསྟོད་པ་ནི། དམ་པའི་ཆོས་ག༷ང་ཞི༷ག་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རང་བཞིན་དོན་དམ་པའི་བདེན་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡོད་པའི་ཕྱིར་མེ༷ད་པ་ཆད་པའི་མཐར་ལྷུང་བ་མི༷ན་ཞིང༌། ཀུན་རྫོབ་གློ་བུར་བའི་དངོས་པོར་གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་ཡོ༷ད་པ་རྟག་པའི་མཐར་ལྷུང་བ་མི༷ན་ལ། དེ་དག་སོ་སོ་མ་ཡིན་པས་ཡ་གྱལ་ཁེགས་པའི་ཕྱིར་དང་ཕན་ཚུན་འགལ་བའི་ཕྱིར་ན་ཡོ༷ད་མེ༷ད་གཉིས་ཀ་ཚོགས་པའི་གཞི་མཐུན་པའང་མ༷་ཡི༷ན་ཞིང༌། ཡོད་མེད་གཉིས་ཡིན་མ་གྲུབ་པས་དེ་བཀག་པའི་ཡོ༷ད་མེ༷ད་གཉིས་ཀ་ལ༷ས་གཞ༷ན་པ་གཉིས་མ་ཡིན་དུ༷འ༷ང་བརྟ༷ག་པ༷ར་མི༷་ནུ༷ས་པའི་ཕྱིར་མུ་བཞིའི་སྤྲོས་པ་ལས་རྣམ་པར་གྲོལ་བ་དང༌། བརྡ་དང་ཐ་སྙད་ཀྱིས་བརྗོད་དུ་མེད་ཅིང་ངག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པས་ངེ༷ས་པའི་ཚི༷ག་ད༷ང་བྲ༷ལ་བ་དང༌། དཔེ་དང་གཏན་ཚིགས་ལ་སོགས་པས་བསྟན་པར་བྱ་བ་དང༌། གཞན་རིག་གི་སྤྱོད་ཡུལ་མ་ཡིན་པས་འཕགས་པ་རྣམས་ཀྱིས་སོ༷་སོ༷་ར༷ང་གི༷ས་རི༷ག་པར་བྱ་བ་ཡིན་པའི་ཕྱིར་བསམ་དུ་མེད་པ་ཉིད་དང༌། འཁོར་བའི་རྩ་བ་ལས་དང་ཉོན་མོངས་པ་དག་ཞི༷་བ༷ས་གཉིས་སུ་མེད་པ་ཉིད་དང༌། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ཉེ་བར་ཞི་བས་རྟོག་པ་མེད་པ་ཉིད་དེ། འགོག་པའི་བདེན་པས་བསྡུས་པ་དང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བག་ཆགས་དང་བཅས་པའི་དྲི༷་མ་མེ༷ད་པས་རྣམ་པར་དག་པ་ཉིད་དང༌། ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཡེ༷་ཤེ༷ས་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་འོ༷ད་ཟེ༷ར་གྱི་སྣ༷ང་བ་དང་ལྡ༷ན་པས་གསལ་བ་ཉིད་དང༌། དམི༷གས་པ༷ར་བྱ་བའི་ཡུལ་ཀུ༷ན་ལ༷་སྡུག་པ་ལ་འདོད་ཅིང་ཆ༷གས་པ༷་དང༷༌། མི་སྡུག་པ་ལ་ཁྲོ་ཞིང་སྡ༷ང་བ་ད༷ང༌། བར་མ་ལ་རྨོངས་ཤིང་གཏི་མུག་པའི་ར༷བ་རི༷བ་མུན་པ་ལྟ་བུ་རྣམས་རྣ༷མ་པ༷ར་འཇོ༷མས་པར་མཛ༷ད་པས་གཉེན་པོར་གྱུར་པ་ཉིད་དེ། དོན་གསུམ་གྱིས་ད༷མ་པའི་ཆོ༷ས་ཉི༷་མ༷་ལྟ་བུར་གྱུར་པ་ལམ་གྱི་བདེན་པས་བསྡུས་པ་དེ༷་དག་ལ༷་ཀུན་ནས་དང་བས་འདུ༷ད། ཅེས་པའི་དོན་ནོ། །

དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ་ནི།

བཤད་མ་ཐག་པའི་གཞུང་འདིས་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་ཆོས་དཀོན་མཆོག་སྟོན་པ་སྟེ། ཐ་སྙད་པའི་ཤེས་པས་བས༷མ་དུ་མེ༷ད་པའི་ཡོན་ཏན་དང༌། ལས་དང་ཉོན་མོངས་པ་གཉི༷ས་སུ་མེ༷ད་པའི་ཡོན་ཏན་དང༌། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོ༷ག་པ་མེ༷ད་པ༷འི་ཡོན་ཏན་དང༌། ཉོན་མོངས་པའི་དྲི་མ་རྣམ་པར་ད༷ག་པའི་ཡོན་ཏན་དང༌། ཡེ་ཤེས་ཀྱི་སྣང་བ་གས༷ལ་བའི་ཡོན་ཏན་དང༌། དུག་གསུམ་གྱི་མུན་པ་འཇོམས་པ་གཉེ༷ན་པོ༷འི་ཕྱོ༷གས་ཀྱི་ཡོན་ཏན་ཉི༷ད་ཀྱི༷ས་རྫས་ཀྱི་དབྱེ་བ་དྲུག་གམ་ལྡོག་པས་ཕྱེ་ན་སྔ་མ་གསུམ་འབྲས་བུ་ག༷ང་ཞི༷ག་འདོད་ཆགས་དང་བྲལ་བར་བྱ་བ་འགོག་པའི་བདེན་པ་དང༌། ཕྱི་མ་གསུམ་རྒྱུ་ག༷ང་གི༷ས་འདོད་ཆ༷གས་དང་བྲ༷ལ་བ༷ར་བྱེད་པ་ལམ་གྱི་བདེན་པ་སྟེ། རྣམ་པར་བྱང་བའི་བདེ༷ན་པ་གཉི༷ས་ཀྱི་མཚ༷ན་ཉི༷ད་ཅ༷ན་དང་བཅས་པའི་ཡོན་ཏན་བརྒྱད་དང་ལྡན་པ་དེ༷་ནི་དམ་པའི་ཆོ༷ས་སོ། །ཞེས་པའོ། །

དེ་དག་བདེན་པ་གཉིས་སུ་བསྡུ་བ་ནི།

འདོད་ཆ༷གས་དང་བྲ༷ལ་བ་ཉི༷ད་ལ་ཆོས་ཞེས་བརྗོད་པ་གང་ཡིན་པ་དེ་ནི༷་ཆགས་པ་དང་བྲལ་བའི་འབྲས་བུ་འགོ༷ག་པའི་བདེན་པ༷་ད༷ང༌། ཆགས་པ་དང་བྲལ་བར་བྱེད་པ་ལ༷མ་གྱི༷་བདེ༷ན་པ༷་ད༷ག་གི༷ས་བསྡུ༷ས་པ་ཡིན་ལ། གོ༷་རི༷མ་ཇི༷་ལྟ་བ་བཞི༷ན་དུ་བདེན་པ་གཉིས་པོ་དེ༷་ད༷ག་ཀྱ༷ང༌། བསམ་དུ་མེད་པ་དང༌། གཉིས་སུ་མེད་པ་དང༌། རྟོག་པ་མེད་པའི་ཡོ༷ན་ཏ༷ན་གསུ༷མ་གསུ༷མ་གྱི༷ས་དག་པ་གཉིས་ལྡན་འགོག་པའི་བདེན་པ་བསྟན་པར་རི༷ག་པར་བྱ༷་ཞིང༌། དག་པ་དང་གསལ་བ་དང་གཉེན་པོའི་ཡོན་ཏན་གསུམ་གྱིས་དག་པར་བྱེད་པ་ལམ་གྱི་བདེན་པ་བསྟན་པར་རིག་པར་བྱའོ། །ཞེས་པའི་དོན་ནོ། །

དེ་རྣམས་སྦྱར་ཏེ་རྒྱུ་མཚན་བཤད་པ་ནི། བསྟོད་པར་བསྟན་པ་རྣམས་རྒྱུ་མཚན་དུ་བྱས་ནས་ཡོན་ཏན་གྱི་དབྱེ་བ་རྣམས་རིམ་གྱིས་སྒྲུབ་ཅིང་འཆད་པ་སྟེ། ཐོབ་བྱ་མཐར་ཐུག་འགོག་པའི་བདེན་པའི་ཆོས་ནི་ཡོད་པ་དང༌། མེད་པ་དང༌། ཡོད་མེད་གཉིས་ཡིན་པ་དང༌། གཉིས་ཀ་མ་ཡིན་པ་སྟེ། མུ་བཞིར་འཛིན་པའི་རྟོག་པའི་རྟོག་གེས་བརྟ༷ག་པར་བྱ་བའི་ཡུལ་མི༷ན་པའི་ཕྱི༷ར་ད༷ང༌། སྒྲ་དང་ཐ་སྙད་ངེས་པའི་ཚིག་ལ་སོགས་པས་བརྗོ༷ད་པར་བྱ་བའི་ཡུལ་མི༷ན་པའི་ཕྱི༷ར་དང༌། འཕ༷གས་པ༷ས་མཉམ་པར་བཞག་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་མཁྱེ༷ན་པར་བྱ་བ་ཡིན་པའི་ཕྱི༷ར་ཏེ། རྒྱུ་གསུམ་གྱིས་འཇིག་རྟེན་པའི་བློས་བས༷མ་དུ་མེ༷ད་པ་ཉི༷ད་ཡིན་ཞིང༌། ལས་ཟག་པ་དང་བཅས་པ་དང༌། དེ་ཀུན་ནས་སློང་བའི་ཉོན་མོངས་པ་ཞི༷་བ་ཉི༷ད་ཀྱི་ཕྱིར་གཉི༷ས་སུ་མེ༷ད་པ་ཉིད་ཡིན་ལ། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ཞི་བའི་ཕྱིར་རྟོ༷ག་པ་མེ༷ད་པ་ཉིད་ཡིན་ཏེ༷། ཇི་སྐད་དུ། ཤཱ་རིའི་བུ། འགོག་པ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུ་སྟེ། གཉིས་སུ་མེད་པའི་ཆོས་ཅན་རྣམ་པར་མི་རྟོག་པའི་ཆོས་སོ། །ཞེས་གསུངས་པ་ལྟར་རོ། །ཆོས་ཀྱི་སྐུ་འདི་ཐོབ་པར་བྱེད་པའི་རྒྱུ་མཐོང་བ་དང་བསྒོམ་པའི་ལམ་གྱི་ཡོན་ཏན་ད༷ག་པ་དང་སོ༷གས་པའི་སྒྲས་གསལ་བ་དང་གཉེན་པོས་ཏེ་རྣམ་པ་གསུ༷མ་ནི༷་ཆོས་མཐུན་པ་གསུམ་གྱིས་ཉི༷་མ་ཇི་ལྟ་བ་བཞི༷ན་དུ་ཤེས་པར་བྱ་བ་ཡིན་ནོ༷། །དེ་ཡང་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཐུན་པར་ཉེ་བའི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བ་དང༌། གཟུགས་གསལ་བར་བྱེད་པ་དང་ཆོས་མཐུན་པར། ཤེས་བྱའི་རྣམ་པ་ཐམས་ཅད་སྣང་བར་བྱེད་པ་དང༌། མུན་པའི་གཉེན་པོ་དང་ཆོས་མཐུན་པར་དེ་བཞིན་ཉིད་མཐོང་བའི་གེགས་ཐམས་ཅད་ཀྱི་གཉེན་པོ་བྱེད་པའི་ཕྱིར་རོ། །

དེ་ཉིད་འཛིན་པ་དགེ་འདུན་དཀོན་མཆོག་གི་ངོ་བོ་ལ་གསུམ་སྟེ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། ཡོན་ཏན་དེ་དག་གཉིས་སུ་སྒྲུབ་པ། དེ་རྣམས་སྦྱར་ཏེ་རྒྱས་པར་བཤད་པའོ། །

དེ་ལ་བསྟོད་པ་ནི། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་སེ༷མས་དེ༷་ནི་གཉེན་པོ་ར༷ང་བཞི༷ན་གྱིས་འོ༷ད་གས༷ལ་བ་མངོན་སུམ་དུ་གྱུར་པ༷ས་ན༷་སྤང་བྱ་ཉོ༷ན་མོ༷ངས་པའི་ངོ༷་བོ༷་གདོད་མ་ནས་སྐྱེ་བ་མེ༷ད་པར་གཟི༷གས་པ༷ས་བྱང་ཆུབ་སེམས་དཔའ་ག༷ང་ད༷ག་འགྲོ༷་བ་ཀུ༷ན་གྱི་རང་བཞིན་གང་ཟག་དང་ཆོས་ཀྱི་བད༷ག་མེ༷ད་པའི་མཐ༷འ་འམ་ཆོས་ཉིད་སྤྲོས་པ་ཞི༷་བ་ཡ༷ང་ད༷ག་པ་ཇི་ལྟ་བ་བཞིན་དུ་རྟོ༷གས་པའི་སྒོ་ན༷ས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། ཆོས་ཅན་སེམས་ཅན་ཐ༷མས་ཅ༷ད་ལ༷་ཆོས་ཉིད་རྫོ༷གས་པ༷འི་སང༷ས་རྒྱ༷ས་ཀྱི་ཆོས་སྐུ་ཁྱབ་པར་རྗེ༷ས་སུ་ཞུ༷གས་པར་གཟི༷གས་པ༷འི་སྒོ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ། དེ་དག་ཀྱང་རིམ་པ་ལྟར་ཡུལ་ལ་ཆགས་པ་དང་ཐོགས་པའི་སྒྲི༷བ་པ༷་མེ༷ད་པ༷འི་བློ༷་འཇིག་རྟེན་ལས་འདས་པའི་ཤེས་རབ་མང༷འ་བ༷འི་སྒོ་ནས་སེམ༷ས་ཅ༷ན་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣ༷མ་པར་ད༷ག་པ་མཁྱེན་པ་དང༌། དེ་སེམས་ཅན་མཐ༷འ་ཡ༷ས་པ་ལ་ཁྱབ་པར་མཁྱེན་པའི་ཡུ༷ལ་ཅ༷ན་དང་ལྡན་པའི་ཕྱིར་ཤེས་བྱ་མཐའ་དག་ལ་ཡེ༷་ཤེ༷ས་གཟི༷གས་པ་རྣམ་པར་དག་པ་མང༷འ་བས་ལུས་ཅན་ཐམས་ཅད་ཀྱི་སྐྱབས་གནས་མཆོག་ཏུ་གྱུར་པ་དེ༷་ལ༷་ཀུན་ནས་དང་བས་འདུ༷ད། ཅེས་པའོ། །

ཡོན་ཏན་དེ་དག་གཉིས་སུ་བསྡུ་བ་ནི།

བཤད་མ་ཐག་པའི་གཞུང་འདིས། ཡོན་ཏན་གཉིས་དང་ལྡན་པའི་དགེ་འདུན་དཀོན་མཆོག་སྟོན་པ་སྟེ། ཡུལ་ཆོས་ཉིད་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་ལ་དམིགས་ནས་འཕགས་པ་རྣམས་ཀྱིས་གཞན་དང་ཐུན་མོང་མ་ཡིན་པར་ནང་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་གཟིགས་པ་ཆགས་པའི་སྒྲིབ་པས་དག་པའི་ཕྱིར་ཇི༷་ལྟ༷་བ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་དང༌། ཡུལ་ཆོས་ཅན་སེམས་ཅན་ཇི༷་སྙེ༷ད་པ་ཐམས་ཅད་ལ་ཆོས་ཀྱི་དབྱིངས་ཁྱབ་པར་ཡོད་པ་ལ་དམིགས་ནས་འཕགས་པ་རྣམས་ཀྱིས་གཞན་དང་ཐུན་མོང་མ་ཡིན་པར་ན༷ང་སོ་སོ་རང་གི༷་ནི༷་ཡེ༷་ཤེ༷ས་ཀྱི་གཟི༷གས་པ༷་ཐོགས་པའི་སྒྲིབ་པས་ད༷ག་པ༷འི་ཕྱི༷ར་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་ཏེ། དེ་དག་དང་ལྡན་པའི་ཕྱིར་བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་རྫོགས་པའི་བྱང་ཆུབ་ཆེན་པོ་ལས་ཕྱི༷ར་མི༷་ལྡོ༷ག་པ༷འི་ཚོ༷གས་དགེ་འདུན་དཀོན་མཆོག་རྣམས་ཉན་རང་ལས་མཆོག་ཏུ་གྱུར་པས་བླ༷་ན་མེ༷ད་པའི་ཡེ་ཤེས་ཀྱི་ཡོ༷ན་ཏ༷ན་ད༷ང་ལྡ༷ན་པ་ཉི༷ད་དོ། །ཞེས་པའོ། །

དེ་རྣམས་སྦྱར་ཏེ་རྒྱས་པར་བཤད་པ་ལ་བཞི་སྟེ། ཇི་ལྟ་བ་རྟོགས་ཚུལ་རྒྱས་པར་བཤད་པ། ཇི་སྙེད་པ་རྟོགས་ཚུལ་རྒྱས་པར་བཤད་པ། དེ་དག་ཀྱང་རྣམ་པར་དག་པར་བསྟན་པ། དེ་ཀུན་གྱི་སྐྱབས་གནས་མཆོག་ཏུ་བསྟན་པའོ། །

དེ་ལ་ཇི་ལྟ་བ་རྟོགས་ཚུལ་ནི།

འགྲོ༷་བ༷་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་གདོད་མ་ནས་སྤྲོས་པ་ཞི༷་བ༷འི་ཆོ༷ས་ཉི༷ད་ཅན་དུ༷་སོ་སོ་རང་རིག་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོ༷གས་པའི་ཕྱི༷ར་ན་ཇི༷་ལྟ༷་བ་མཁྱེན་པའི་ཡེ་ཤེས་ཉི༷ད་དོ་ཞེས་བྱ་བ་ཡིན་ལ། དེ༷་ཡ༷ང་སེམས་ར༷ང་བཞི༷ན་གྱི༷ས་ནི༷་ཡོ༷ངས་སུ་ད༷ག་ཅིང་འོད་གསལ་བར་རྟོགས་པའི་ཕྱི༷ར་དང༌། དེ་གློ་བུར་གྱི་ཉོ༷ན་མོ༷ངས་པ་གདོ༷ད་མ་ན༷ས་མ་སྐྱེས་པས་ཟ༷ད་ཅིང་འགགས་པར་རྟོགས་པའི་ཕྱི༷ར་རོ༷། །ཞེས་པའོ། །

ཇི་སྙེད་པ་རྟོགས་ཚུལ་ནི།

ཡུལ་ཤེ༷ས་བྱ༷འི་དངོས་པོ་ཐམས་ཅད་དང་དེའི་མཐ༷ར་ཐུ༷ག་དེ་བཞིན་ཉིད་རྟོ༷གས་པ་འཇིག་རྟེན་ལས་འདས་པ༷འི་ཤེས་རབ་ཀྱི་བློ༷ས་ཐ༷མས་ཅ༷ད་མཁྱེ༷ན་པ༷འི་ཆོ༷ས་ཉི༷ད་དེ་བཞིན་གཤེགས་པའི་སྙིང་པོ་ནི༷་སེ༷མས་ཅ༷ན་ཇི་སྙེད་པ་ཐ༷མས་ཅ༷ད་ལ༷་རང་བཞིན་དུ་ཁྱབ་ཡོ༷ད་པ༷ར་སོ་སོ་རང་རིག་ཡེ་ཤེས་ཀྱིས་མངོན་སུམ་དུ་མཐོ༷ང་བའི་ཕྱི༷ར་ན། ཆོས་ཅན་ཇི༷་སྙེ༷ད་པ་ཡོ༷ད་པ༷་མཁྱེན་པའི་ཡེ་ཤེས་ཉི༷ད་དོ། །ཞེས་པའོ། །མཐོང་བ་དེ་ཡང་ས་དང་པོ་ནས་སྐྱེ་སྟེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་རོ། །

དེ་དག་ཀྱང་རྣམ་པར་དག་པར་བསྟན་པ་ནི། དེ༷་ལྟ༷ར་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་རྟོ༷གས་པ༷་ག༷ང་ཡི༷ན་པ་དེ༷་ནི་གཞན་དང་ཐུན་མོང་མ་ཡིན་པར་འཕགས་པ་རྣམས་ཀྱིས་སོ༷་སོ༷་ར༷ང་རི༷ག་པའི་ཡེ་ཤེས་ཀྱིས་མཐོ༷ང་བ༷་ཉི༷ད་ཡིན་ཞིང༌། དེ་ཡང་ཐམས་ཅད་ལ་ཁྱབ་པར་རང་བཞིན་གྱིས་དྲི༷་མ་མེ༷ད་པའི་ཆོས་ཀྱི་དབྱི༷ངས་ལ༷་འཇུག་པས་ཆ༷གས་པ་དང་བཅས་པ་ཉོན་མོངས་པའི་སྒྲིབ་པ་མེ༷ད་པ་དང༷་དེ་ཤེས་བྱའི་དངོས་པོ་ཐམས་ཅད་ལ་ཁྱབ་པར་རྟོགས་པས་ཐོ༷གས་པ་དང་བཅས་པའི་ཤེས་བྱའི་སྒྲིབ་པ་མེ༷ད་པ་ཡིན་ལ། དེའི་ཕྱི༷ར་ཡེ་ཤེས་གཉིས་པོ་དེ༷་ནི་ཉི་ཚེ་བའི་ཡེ་ཤེས་ཀྱིས་མཐོང་བ་ལ་ལྟོས་ནས་ཤིན་ཏུ་རྣམ་པར་ད༷ག་པ༷འང་ཡི༷ན། ཞེས་སོ། །

དེ་ཀུན་གྱི་སྐྱབས་གནས་སུ་བསྟན་པ་ནི། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ༷་ཤེ༷ས་ཀྱིས་ཡུལ་ལ་གཟི༷གས་པ༷་ཆགས་པ་དང་ཐོགས་པའི་སྒྲིབ་པས་རྣམ་པར་ད༷ག་པ༷ས་ན༷་སང༷ས་རྒྱ༷ས་ཡེ༷་ཤེ༷ས་ཀྱི་གཟིགས་པ་བླ༷་ན་མེ༷ད་པ་དང་ཉེ་བར་གནས་པར་གྱུར་པའི་ཕྱི༷ར་ཆོས་ཉིད་མངོན་སུམ་དུ་མཐོང་བའི་འཕ༷གས་པ༷་རྫོགས་པའི་བྱང་ཆུབ་ལས་ཕྱི༷ར་མི༷་ལྡོ༷ག་པ༷་རྣམས་ནི༷་ལུ༷ས་ཅ༷ན་ཀུ༷ན་འཁོར་བར་སྡུག་བསྔལ་གྱི༷་ཚོར་བ་ལས་སྐྱོབ་པའི་སྐྱ༷བས་གནས་སུ་གྱུར་པ་ཡི༷ན་ནོ༷། །ཞེས་པའོ། །

སྐྱབས་གསུམ་རྣམ་པར་འཇོག་ཚུལ་ལ་གསུམ་སྟེ།

དགོས་པ་ལ་ལྟོས་ནས་གསུམ་དུ་འཇོག་ཚུལ། ཕྱི་མ་གཉིས་གཏན་གྱི་སྐྱབས་གནས་མིན་ཚུལ། དོན་དམ་གྱི་སྐྱབས་གནས་གཏན་ལ་དབབ་པའོ། །

དེ་ལ་གསུམ་དུ་འཇོག་ཚུལ་ནི། སྐྱབས་གནས་མཐར་ཐུག་སྟོ༷ན་པ༷་སངས་རྒྱས་ཀྱི་ཡོན་ཏན་བསྟ༷ན་པ༷འི་དོ༷ན་གྱི༷ས་དེའི་ཡོན་ཏན་མཐོང་བ་ལས་ཐེ༷ག་པ༷་གསུ༷མ་གྱི་ནང་ནས་ཐེག་པ་ཆེན་པོ་པ་སངས་རྒྱས་ཉིད་དོན་དུ་གཉེར་བ་རྣམས་ད༷ང༌། བྱེ༷ད་པ་གསུ༷མ་གྱི་ནང་ནས་སངས་རྒྱས་ལ༷་རྐང་གཉིས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོ༷ས་པ༷་རྣ༷མས་ཀྱི༷་དབ༷ང་དུ་བྱ༷ས་ན༷ས་སྐྱ༷བས་གནས་གསུ༷མ་གྱི་ནང་ནས་སངས་རྒྱས་ཉིད་སྐྱབས་གནས་དང་པོར་རྣ༷མ་པ༷ར་བཞ༷ག་པ༷་ཡི༷ན་ཞིང༌། དེའི་བསྟན་པ་དམ་པའི་ཆོས་ཀྱི་ཡོན་ཏན་བསྟན་པའི་དོན་གྱིས་དེའི་ཡོན་ཏན་མཐོང་བ་ལས་ཐེག་པ་གསུམ་གྱི་ནང་ནས་རང་སངས་རྒྱས་ཀྱི་ཐེག་པ་པ། རང་ཉིད་རྟེན་འབྲེལ་ཟབ་མོའི་ཆོས་རྟོགས་ཤིང་ཐོབ་པར་འདོད་པ་རྣམས་དང༌། བྱེད་པ་གསུམ་གྱི་ནང་ནས་ཆོས་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། སྐྱབས་གནས་གསུམ་གྱི་ནང་ནས་ཆོས་ནི་སྐྱབས་གནས་གཉིས་པར་རྣམ་པར་བཞག་པ་ཡིན་ལ། བསྟན་པ་ལ་ཞུགས་པ་སློབ་མ་དགེ་འདུན་གྱི་ཡོན་ཏན་བསྟན་པའི་དོན་གྱིས་དེའི་ཡོན་ཏན་མཐོང་བ་ལས་ཐེག་པ་གསུམ་གྱི་ནང་ནས་ཉན་ཐོས་ཀྱི་ཐེག་པ་པ། གཞན་གྱིས་བསྟན་པའི་རྗེས་སུ་འབྲངས་ཏེ། དེ་ཉིད་ཐོབ་པར་འདོད་པ་རྣམས་དང༌། བྱེད་པ་གསུམ་གྱི་ནང་ནས་དགེ་འདུན་ལ་ཚོགས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སྐྱབས་གནས་གསུམ་གྱི་ནང་ནས་དགེ་འདུན་ནི་སྐྱབས་གནས་གསུམ་པར་རྣམ་པར་བཞག་པ་ཡིན་ཏེ། མདོར་བསྡུ་ན། དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས་སྐྱབས་གནས་གསུམ་དུ་རྣམ་པར་བཞག་པ་འདི་ནི་སེམས་ཅན་རྣམས་རིམ་གྱིས་གཞུག་པའི་དོན་དུ་བསྟན་པའོ། །

ཕྱི་མ་གཉིས་གཏན་གྱི་སྐྱབས་གནས་མིན་ཚུལ་ནི། རེ་ཤིག་པའི་ཆོས་དང་དགེ་འདུན་དག་མཐར་ཐུག་གི་སྐྱབས་གནས་མིན་ཞེས་སྟོན་པ་སྟེ། དེ་ལ་མིང་ཚིག་ཡི་གེའི་ཚོགས་ཀྱིས་བསྡུས་པ་ལུང་གི་ཆོས་ནི། དོན་སྤྱི་ཙམ་རྟོགས་པའི་རྟེན་ཡིན་ཡང་ལམ་མངོན་པར་རྟོགས་པའི་དུས་ན་ཆུ་བརྒལ་བའི་གཟིངས་བཞིན་དུ་སྤ༷ང་བར་བྱ་བ་ཡིན་པའི་ཕྱི༷ར་དང༌། རྟོགས་པའི་ཆོས་ཀྱང་གཉིས་ལས། གང་གིས་རྟོགས་པ་ལམ་གྱི་ཆོས་ནི་འདུས་བྱས་ཀྱི་མཚན་ཉིད་ཅན། མི་རྟག་པ། མི་བདེན་པ། སྤྲིན་གྱི་མཚན་མ་ལྟ་བུར་བརྫུན་པ་བསླུ༷་བ༷འི་ཆོ༷ས་ཅ༷ན་ཡིན་པའི་ཕྱི༷ར་དང༌། དེས་རྟོགས་པ་འགོག་པའི་ཆོས་ནི་མཐར་ཐུག་པ་སངས་རྒྱས་ཉིད་ཡིན་ཡང༌། ཉན་ཐོས་པའི་ཚུལ་གྱིས་མར་མེ་རྒྱུན་བཅད་པ་བཞིན་དུ་ཉོན་མོངས་པ་དང་སྡུག་བསྔལ་མེ༷ད་པ་ཙམ་ཡིན་པའི་ཕྱི༷ར་དང༌། དགེ་འདུན་ནི་དགྲ་བཅོམ་པ་སྲིད་པ་ཟད་པ་རྣམས་ཀྱང༌། འདུ་བྱེད་རྣམས་ལ་རལ་གྲི་གདེངས་པའི་གཤེད་མ་བཞིན་དུ་འཇིགས་པས་དེ་ལས་ངེས་པར་འབྱུང་བ་ཚོལ་ཞིང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སློབ་པ་བྱ་བ་དང་བཅས་པས་འཇིགས་པ་མེད་པ་ཁྱུ་མཆོག་གི་སར་མ་ཕྱིན་པས་ཐམས་ཅད་ཀྱང་འཇི༷གས་པ་ད༷ང་བཅ༷ས་པ༷འི་སྒོ་ནས་སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་ཕྱི༷ར་ན་ལུང་དང་མངོན་པར་རྟོགས་པའི་ཆོ༷ས་རྣ༷མ་པ་གཉི༷ས་ད༷ང༌། སངས་རྒྱས་ལས་གཞན་པའི་འཕ༷གས་པ༷འི་ཚོག༷ས་དགེ་འདུན་རྣམས་ནི། རེ་ཤིག་པའི་སྐྱབས་གནས་ཡིན་གྱི། མཐར་ཐུག་ཐོབ་པའི་དུས་ནའང་གཏ༷ན་གྱི༷་སྐྱབ༷ས་གནས་མཆོ༷ག་ཏུ་གྱུར་པ་ནི་མ༷་ཡི༷ན་ནོ༷། །ཞེས་པའོ། །

དོན་དམ་གྱི་སྐྱབས་གནས་གཏན་ལ་དབབ་པ་ནི།

ད༷མ་པ༷འི་དོ༷ན་དུ༷་ན་འགྲོ༷་བ༷་མཐའ་ཡས་པའི་སྡུག་བསྔལ་ལས་སྐྱོབ་ཅིང་འཇིགས་པ་མེད་པ་རྟག་པའི༷་སྐྱ༷བས་གནས་མཆོག་ཏུ་གྱུར་པ་ནི༷་རྫོགས་པའི་སང༷ས་རྒྱ༷ས་ཉ༷ག་མ་གཅི༷ག་པུ་ཉིད་ཡི༷ན་ནོ། །འོན་ཀྱང་ཆོས་དང་དགེ་འདུན་གནས་སྐབས་ཀྱི་སྐྱབས་གནས་སུ་གསུངས་པ་ནི། དེ་དག་མཐར་ཐུག་པ་སངས་རྒྱས་ཉིད་ཡིན་ཏེ། སྔར་བཤད་པ་ལྟར་ཐོག་མཐའ་མེད་པ་ལ་སོགས་པས་རབ་ཏུ་ཕྱེ་བའི་ཐུ༷བ་པ༷་ནི། རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་འདོད་ཆགས་དང་བྲལ་བ་མཐར་ཕྱིན་པ་ཆོ༷ས་ཀྱི༷་སྐུ༷་ཅ༷ན་ཡིན་པའི་ཕྱི༷ར་དང༌། ཐེག་པ་གསུམ་གྱི་ཚོག༷ས་ཀྱ༷ང་སྤངས་རྟོགས་ཀྱིས་ཁྱད་པར་དུ་བྱས་ལ། དེ༷འི༷་མཐ༷ར་ཐུ༷ག་པའང་སངས་རྒྱས་ཀྱི་ཆོས་སྐུ་མངོན་དུ་གྱུར་པ་ཉིད་ཡིན་པའི་ཕྱི༷ར་རོ། །ཞེས་པའོ། །

ངེས་པའི་ཚིག་གིས་བཤད་པ་ནི། རཏྣའི་སྒྲ་དཀོན་མཆོག་དང་རིན་ཆེན་གཉིས་ཀ་ལ་འཇུག་པས་ན་འདིར་ཡང་ཆོས་མཐུན་པ་རྣམ་པ་དྲུག་གིས་དཀོན་མཆོག་གསུམ་རིན་པོ་ཆེ་དང་འདྲ་བར་སྟོན་པའོ། །དེ་ཡང་རིན་པོ་ཆེ་འཇིག་རྟེན་ན་འབྱུ༷ང་བ༷་དཀོ༷ན་པ་དང་ཆོས་མཐུན་པར། དཀོན་མཆོག་གསུམ་ཡང་བསྐལ་པ་མང་པོར་ཚོགས་གཉིས་ཀྱི་དགེ་བ་མ་བསྒྲུབས་པ་རྣམས་ཀྱིས་ཕྲད་པ་ཙམ་ཡང་མི་འཐོབ་པས་འབྱུང་བ་དཀོན་པའི་ཕྱི༷ར་དང༌། རིན་པོ་ཆེ་དག་པ་དྲི་མ་མེད་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་རྣམ་པ་ཐམས་ཅད་དུ་ཉེས་པའི་དྲི༷་མ་མེ༷ད་པའི་ཕྱི༷ར་དང༌། རིན་པོ་ཆེས་རྒུད་པ་སེལ་ཞིང་འབྱོར་བ་སྟེར་བའི་མཐུ་ཡོད་པ་དང་ཆོས་མཐུན་པར། དཀོན་མཆོག་གསུམ་ཡང་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པའི་མཐུ༷་དང་ལྡ༷ན་པའི་ཕྱི༷ར་ད༷ང༌། རིན་པོ་ཆེ་འཇི༷ག་རྟེ༷ན་གྱི༷་རྒྱ༷ན་དུ་གྱུ༷ར་པ་དང་ཆོས་མཐུན་པར། དཀོན་མཆོག་གསུམ་གྱིས་ཀྱང་འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུར་གྱུར་པས་འཇིག་རྟེན་པ་ཀུན་གྱི་རྒྱན་མཆོག་ཏུ་གྱུར་པའི་ཕྱི༷ར་ད༷ང༌། རིན་པོ་ཆེ་བཅོས་མ་ལས་མཆོག་ཏུ་གྱུར་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་འཇིག་རྟེན་ལས་འདས་པ་ཡིན་པས་ཆོས་ཐམས་ཅད་ཀྱི་ནང་ནས་མཆོ༷ག་ཉི༷ད་དུ་གྱུར་པའི་ཕྱི༷ར་དང༌། རིན་པོ་ཆེ་སྟོད་སྨད་ལ་སོགས་པས་འགྱུར་བ་མེད་པ་དང་ཆོས་མཐུན་པར། དཀོན་མཆོག་གསུམ་ཡང་འདུས་མ་བྱས་པའི་རང་བཞིན་ཡིན་པས་དད་པ་དང་མ་དད་པ་ལ་སོགས་པའི་རྐྱེན་གྱིས་ནམ་ཡང་འགྱུ༷ར་བ༷་མེ༷ད་པའི་ཕྱི༷ར་ན་རིན་པོ་ཆེ་དང་འདྲ་བས་དཀོ༷ན་མཆོ༷ག་ཉི༷ད། ཅེས་པའོ།། །།

ད་ནི་གང་ཞིག་ཡོད་པ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ཐོབ་པའི་གནས་དཀོན་མཆོག་གསུམ་གྲུབ་པར་འགྱུར་བ་དེའི་དབང་དུ་བྱས་ནས། ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐུན་མོང་དུ་བསྟན་པ་དང༌། སོ་སོའི་ངོ་བོ་དང༌། དེ་དག་གི་ཕན་ཡོན་རྣམས་སོ། །

ཐུན་མོང་དུ་བསྟན་པ་ལ་བཞི་སྟེ། གནས་བཞི་དམ་པའི་ཡུལ་དུ་གྱུར་ཚུལ། དེ་དག་ཀྱང་བསམ་གྱིས་མི་ཁྱབ་པར་བསྟན་པ། དེའི་རྒྱུ་མཚན་རྒྱས་པར་བཤད་པ། རྟགས་ཚུལ་རྒྱུ་དང་རྐྱེན་གྱིས་རྣམ་པར་བཞག་པའོ། །

དེ་ལ་དམ་པའི་ཡུལ་དུ་གྱུར་ཚུལ་ནི།

དྲི༷་མ་དང་བཅ༷ས་པའི་དེ༷་བཞི༷ན་ཉི༷ད་ད༷ང་ཞེས་པ་ནི། ཆོས་ཀྱི་དབྱིངས་དེ་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་སེམས་ཅན་གྱི་གནས་སྐབས་ལ་དེ་བཞིན་གཤེགས་པའི་སྙིང་པོར་གསུངས་པ་གང་ཡིན་པའོ། །དྲི༷་མ༷་མེ༷ད་པའི་དེ་བཞིན་ཉིད་ནི་སྙིང་པོ་ལམ་གོམས་པ་ལས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་གནས་ཡོངས་སུ་གྱུར་པའི་མཚན་ཉིད་སངས་རྒྱས་ཀྱི་སའི་གནས་སྐབས་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་གསུངས་པ་གང་ཡིན་པའོ། །དྲི༷་མ་མེ༷ད་པའི་སང༷ས་རྒྱ༷ས་ཀྱི་ཡོ༷ན་ཏ༷ན་ནི། ཆོས་སྐུ་དེ་ཉིད་དང་འབྲེལ་བའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་བྲལ་བའི་འབྲས་བུ་དང༌། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལ་སོགས་པ་སྨིན་པའི་འབྲས་བུས་བསྡུས་པའི་སངས་རྒྱས་ཀྱི་ཆོས་གང་ཡིན་པའོ། །རྒྱ༷ལ་བ༷འི་མཛ༷ད་པ་ནི་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་དེ་རྣམས་ཡང་དག་པར་འགྲུབ་པའི་ནུས་པས་སོ་སོ་དང་མཐུན་པར་བླ་ན་མེད་པའི་འཕྲིན་ལས་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་སྒྲུབ་པ་གང་ཡིན་པའོ། །དེ་ལྟར་རྒྱུ་དང་རྐྱེན་གྱི་གནས་བཞི་པོ་ག༷ང་ལ༷ས་འབྲས་བུ་དཀོ༷ན་མཆོ༷ག་དགེ༷་བ༷་གསུ༷མ་འབྱུ༷ང་བ༷འི་ཚུལ་འདི་ནི་ཆོས་ཉིད་དོ༷ན་ད༷མ་པའི་བདེན་པ་མངོན་སུམ་དུ་གཟི༷གས་པ༷འི་ཡེ་ཤེས་མཐར་ཐུག་པ་དང་ལྡན་པས་སངས་རྒྱས་རྣ༷མས་ཀྱི༷་སྤྱོད་ཡུ༷ལ་ཁོ་ན་ཡིན་ནོ། །ཞེས་པའོ། །

དེ་དག་བསམ་མི་ཁྱབ་ཚུལ་ནི། འབྲས་བུ་དཀོ༷ན་མཆོ༷ག་གསུ༷མ་པོ༷་འདི༷་འབྱུང་ཞིང་འགྲུབ་པའི༷་རི༷གས་ཏེ། རྒྱུ་དང་རྐྱེན་དུ་གྱུར་པའི་གནས་བཞི་པོ་འདི་དག་གི་ཇི་ལྟ་བའི་དོན་ནི། ཤེས་བྱའི་རྣམ་པ་ཐ༷མས་ཅ༷ད་མངོན་སུམ་དུ་གཟི༷གས་པ༷་སངས་རྒྱས་རྣ༷མས་ཁོ་ནའི་ཡེ་ཤེས་ཀྱི༷་སྦྱོད་ཡུ༷ལ་ཡིན་ཞིང༌། དེ༷་དག་གི་དོན་ཡ༷ང༌། ཁམས་ལ་སོགས་པ་རྣ༷མ་པ་བཞི༷་པོ་འདི་རྣམས་གོ༷་རི༷མ་ཇི་ལྟ་བ་བཞི༷ན་དུ་འཆད་པར་འགྱུར་བའི་རྒྱུ༷་མཚན་བཞི༷་དང་ལྡན་པ་ཡི༷ས་ནི༷་ཕལ་བ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་བས༷མ་གྱིས་མི༷་ཁྱ༷བ་བོ། །ཞེས་པའོ། །

དེའི་རྒྱུ་མཚན་བཤད་པ་ནི། རྒྱུ་མཚན་བཞི་པོ་དག་གང་ཞེ་ན། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཁམས་ཀྱི་དོན་ནི། གཅིག་འཆར་དུས་གཅིག་ཏུ་སེམས་ཀྱི་རང་བཞིན་གདོད་མ་ནས་རྣམ་པར་ད༷ག་པ་ཡང་ཡིན་ལ། གནས་སྐབས་གློ་བུར་གྱི་དྲི་མས་ཀུན་ནས་ཉོ༷ན་མོ༷ངས་པ་ད༷ང་ལྡ༷ན་པ་ཡང་ཡིན་པའི་ཕྱི༷ར། འགལ་བ་གཉིས་གཞི་གཅིག་ལ་འདུ་བ་ལྟར་སྣང་བས་བསམ་གྱིས་མི་ཁྱབ་སྟེ། ཟབ་མོའི་ཆོས་ཀྱི་ཚུལ་ལ་མོས་པ་རང་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དཔལ་ཕྲེང་གིས་ཞུས་པའི་མདོ་ལས། ལྷ་མོ་ཆོས་འདི་གཉིས་ནི་རྟོགས་པར་དཀའ་བ་སྟེ། སེམས་རང་བཞིན་གྱིས་འོད་གསལ་བ་རྟོགས་པར་དཀའ་བ་དང༌། སེམས་དེ་ཉིད་ཉེ་བར་ཉོན་མོངས་པ་རྟོགས་པ་དཀའ་བའོ། །ལྷ་མོ་ཆོས་འདི་གཉིས་ཉན་པར་བྱེད་པ་ནི་ཁྱོད་དམ་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ལྷ་མོ་ལྷག་མ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་ཆོས་འདི་གཉིས་དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པར་བྱ་བ་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །

དྲི་མ་མེད་པའི་དེ་བཞིན་ཉིད་བྱང་ཆུབ་ཀྱི་དོན་ནི། སྔར་གློ་བུར་གྱི་དྲི་མས་ཀུ༷ན་ན༷ས་ཉོ༷ན་མོ༷ངས་པ་ཅུང་ཟད་ཀྱང་མེ༷ད་པ་ཡང་ཡིན་ལ། ལམ་གོམས་པ་ལས་ཕྱིས་དྲི་མ་མཐའ་དག་གིས་ཤིན་ཏུ་རྣམ་པར་ད༷ག་པར་འགྱུར་བ་ཡང་ཡིན་པའི་ཕྱི༷ར་འགལ་བ་ལྟར་སྣང་བས་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ནི་དེ་ཁོ་ན་བཞིན་ཤེས་སོ། །དེས་ན་སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་གསུངས་སོ། །

དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་དོན་ནི།

སྟོབས་བཅུ་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་མཐའ་གཅིག་ཏུ་ཀུན་ནས་ཉོན་མོངས་པ་དང་བཅས་པ་སོ་སོའི་སྐྱེ་བོའི་གནས་སྐབས་ན་ཡང་རྣ༷མ་པ༷ར་དབྱེ༷་བ༷་མེ༷ད་པའི་ཆོ༷ས་ཉིད་དུ་ཡོད་པ་ཡང་ཡིན་ལ། མངོན་དུ་གྱུར་པ་ཡང་མ་ཡིན་པའི་ཕྱི༷ར་འགལ་བ་ལྟར་སྣང་བས་བསམ་གྱིས་མི་ཁྱབ་པ་སྟེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་མེད་དེ་འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་འབྱུང་གི་ཡེ་ཤེས་ཐོགས་པ་མེད་པར་རབ་ཏུ་འབྱུང་ངོ༌། །ཞེས་པ་ལྟ་བུའོ། །

རྒྱལ་བའི་མཛད་པ་འཕྲིན་ལས་ཀྱི་དོན་ནི། འབད་རྩོལ་མེད་པར་ལྷུ༷ན་གྱིས་གྲུ༷བ་ཅིང་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་གདུལ་བྱའི་སྐལ་བ་དང་མཐུན་པར་རེ་འདོད་སྒྲུབ་པ་ཡང་ཡིན་ལ། འདི་དང་འདི་བྱའོ་སྙམ་པ་ལ་སོགས་པའི་རྣ༷མ་པ༷ར་མི༷་རྟོ༷ག་པ་ཡང་ཡིན་པའི་ཕྱི༷ར་འགལ་བ་ལྟར་སྣང་བས་བསམ་གྱིས་མི་ཁྱབ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ། རྣམ་གྲངས་འདིས་ནི་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་འཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པ་མཉམ་པ་ཉིད་རྗེས་སུ་ཐོབ་པ། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པས། དུས་གསུམ་དང་འབྲེལ་བའི་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་པའོ། །བསམ་གྱིས་མི་ཁྱབ་པའི་འཕྲིན་ལས་གང་ལ་རབ་ཏུ་ཞུགས་པའི་དེ་བཞིན་གཤེགས་པའི་སྐུ་ནམ་མཁའི་རང་བཞིན་ཡང་མི་འདོར་ལ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་ཏུ་སྟོན་ཏོ། །གསུང་བརྗོད་དུ་མེད་པའི་ཆོས་ཉིད་ཀྱང་མི་འདོར་ལ། སྒྲ་རྣམས་རིག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །ཐུགས་དམིགས་པ་ཐམས་ཅད་དང་བྲལ་བ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་བསམ་པ་ཡང་རབ་ཏུ་ཤེས་སོ། །ཞེས་གསུངས་པ་ལྟར་རོ།།

རྒྱུ་དང་རྐྱེན་གྱི་རྣམ་བཞག་ནི། དོན་གྱི་གནས་བཞི་པོ་འདི་དག་ལས་ཀྱང༌། ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར་ཏེ། དེ་ལ་དྲི་མ་དང་བཅས་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ནི་རྟོ༷གས་པར་བྱ༷་བའི་གནས་སོ། །དྲི་མ་མཐའ་དག་དང་བྲལ་བའི་བྱང་ཆུབ་ནི་རྟོ༷གས་པ༷འི་རང་གི་ངོ་བོའི་གནས་སོ། །བྱང་ཆུབ་དང་འབྲེལ་བའི་ཡོན་ཏན་རྣམས་ནི། རྟོགས་པ་དེ༷་ཡི༷་ནི༷་ཡ༷ན་ལ༷ག་གི་གནས་སོ། །ཡོན་ཏན་གྱི་ནུས་པ་འཕྲིན་ལས་ནི་གཞན་དག་ཀྱང་རྟོ༷གས་པ༷ར་བྱེ༷ད་པའི་གནས་སོ། །དེའི་ཕྱི༷ར་ཏེ་༷གནས་བཞི་པོ་འདི་དག་ལས་གོ༷་རི༷མ་ཇི༷་ལྟ་བ་བཞི༷ན་དུ་གན༷ས་གཅི༷ག་སྟེ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དེ་ནི༷་ད༷ག་པར་བྱ་བའི་རྒྱུ༷་ཡིན་ཏེ། དེ་དྲི་མས་རྣམ་པར་དག་པ་ལས་དཀོན་མཆོག་གསུམ་འབྱུང་བའི་ཕྱིར་རོ། །གནས་ཕྱི་མ་གསུ༷མ་ནི༷་དག་པར་བྱེད་པའི་རྐྱེ༷ན་ཡི༷ན་ནོ༷། །ཞེས་པའོ། །

སོ་སོའི་ངོ་བོ་ལ་བཞི་སྟེ། རྟོགས་པར་བྱ་བ་ཆོས་དབྱིངས་ཀྱི་དོན། རྟོགས་པའི་ངོ་བོ་བྱང་ཆུབ་ཀྱི་དོན། རྟོགས་པའི་ཡན་ལག་ཡོན་ཏན་གྱི་དོན། རྟོགས་པར་བྱེད་པ་འཕྲིན་ལས་ཀྱི་དོན་ནོ། །

༈ དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་དབང་དུ་བྱས་ནས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྟན་པའི་ཕྱིར། རེ་ཤིག་དང་པོར་རྟོགས་པར་བྱ་བ་ཆོས་དབྱིངས་ཀྱི་དོན་ལ་བརྒྱད་དེ། ཆོས་ཀྱི་དབྱིངས་ཀུན་ལ་ཁྱབ་ཚུལ། ཁྱབ་བྱེད་དེ་སྡོམ་གྱིས་མདོར་བསྟན་པ། སྡོམ་གྱི་དོན་རྒྱས་པར་བཤད་པ། བཤད་པའི་དོན་བསྡུས་ཏེ་མཚམས་སྦྱར་བ། མཚམས་སྦྱར་བ་ལྟར་དཔེ་ཡིས་བསྟན་པ། བསྟན་པའི་དོན་དད་པས་རྟོགས་ཚུལ། རྟོགས་བྱའི་སྟོང་ཉིད་ངོས་བཟུང་བ། དེ་རྣམས་ཀྱིས་བཤད་པའི་དགོས་པའོ། །

ཆོས་ཀྱི་དབྱིངས་ཀུན་ལ་ཁྱབ་ཚུལ་ནི།

རྫོ༷གས་པའི་སང༷ས་རྒྱས་ཀྱི་ཆོས་ཀྱི་སྐུ༷་ནི༷། ཆོས་ཐམས་ཅད་ལ་འཕྲོ༷་ཞིང་ཁྱབ་པའི་ཕྱི༷ར་ད༷ང༌། འཁོར་འདས་ཐམས་ཅད་ཀྱི་ཆོས་ཉིད་དེ༷་བཞི༷ན་ཉི༷ད་ལ་རྣམ་པར་དབྱེ༷་བ་མེ༷ད་པའི་ཕྱི༷ར་ད༷ང༌། དེ་བཞིན་གཤེགས་པའི་རི༷གས། ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་སྒྲིབ་པ་སྦྱང་རུང་དུ་སེམས་ཅན་ཐམས་ཅད་ལ་ཡོ༷ད་པའི་ཕྱི༷ར་ན༷་ལུ༷ས་ཅ༷ན་ཀུ༷ན་ཀྱང་ཐོག་མ་མེད་པ་ཉིད་ནས་དུས་རྟ༷ག་ཏུ༷་རྒྱུན་མ་ཆད་པར་དོན་དམ་པའི་སང༷ས་རྒྱ༷ས་ཀྱི་སྙི༷ང་པོ༷་ཅ༷ན་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་པ་ལྟར་རོ། །

ཁྱབ་བྱེད་སྡོམ་གྱིས་མདོར་བསྟན་པ་ནི། འཆད་པར་འགྱུར་བ་རྣམས་མདོར་བསྡུ་ན། ཆོས་ཀྱི་སྐུ་དེ་བཞིན་ཉིད་རིགས་རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་ངོ༷་བོ༷འི་དོན་དང༌། ཁམས་ལ་ཡོད་པའི་གློ་བུར་གྱི་དྲི་མ་སེལ་བར་བྱེད་པའི་ཐབས་མོས་པ་ལ་སོགས་པ་རྒྱུ༷འི་དོན་དང༌། དབྱིངས་དེ་ཉིད་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ལས་སངས་རྒྱས་ཀྱི་སར་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་ཐོབ་པ་འབྲ༷ས་བུའི་དོན་དང༌། རིགས་ཡོད་པའི་རྒྱུ་མཚན་གྱིས་འཁོར་བའི་སྐྱོན་མཐོང་ནས་ཡིད་འབྱུང་བ་དང༌། མྱ་ངན་ལས་འདས་པའི་ཡོན་ཏན་མཐོང་ནས་ཐོབ་པར་འདོད་པ་འགྲུབ་པ་ལ༷ས་ཀྱི་དོན་དང༌། ཁམས་དེ་ཉིད་ལ་མོས་པ་ལ་སོགས་པ་རྒྱུའི་ཡོན་ཏན་དང༌། མངོན་པར་ཤེས་པ་ལ་སོགས་པ་འབྲས་བུའི་ཡོན་ཏན་རྣམས་དང་ལྡ༷ན་པའི་དོན་དང༌། རྟེན་གྱི་གང་ཟག་གསུམ་ཆོས་ཅན་ཐ་དད་པའི་སྒོ་ནས་བརྟེན་པ་ཆོས་ཉིད་ཀྱང་གསུམ་དུ་རྣམ་པར་འབྱེད་པ་ལ་འཇུ༷ག་པ༷འི་དོན་ད༷ང༌། འཇུག་པའི་དོན་དེ་ཉིད་གཏན་ལ་འབེབས་པ་རང་བཞིན་ཁྱད་པར་མེད་ཀྱང་གང་ཟག་གསུམ་གྱི་དབྱེ་བས་སྐབས་གསུམ་དུ་མིང་ཙམ་ཐ་དད་པར་སྟོན་པ་གན༷ས་སྐ༷བས་ཀྱི་དོན་དང༌། དེ༷་བཞི༷ན་དུ་གནས་སྐབས་ཐམས་ཅད་ལ་ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་རྗེས་སུ་ཞུགས་ཤིང་ཁྱབ་པ་ཀུ༷ན་ཏུ༷་འགྲོ༷་བ༷འི་དོ༷ན་དང༌། རྟེན་ཐམས་ཅད་དུ་ཀུན་ཏུ་སོང་ཡང་དེ་དག་གི་སྐྱོན་དང༌། ཡོན་ཏན་གྱིས་ནམ་ཡང་དུས་རྟ༷ག་ཏུ༷་མི༷་འགྱུ༷ར་བའི་དོན་དང༌། མི་འགྱུར་བའི་དེ་བཞིན་ཉིད་ལ་སྤངས་པ་དང་རྟོགས་པའི་ཡོ༷ན་ཏ༷ན་མཐར་ཐུག་པ་རྣམས་རྣམ་པར་དབྱེ༷ར་མེ༷ད་པའི་དོན་ཏེ། དོན་རྣམ་པ་བཅུ་ནི༷་ཆོས་ཉིད་དོ༷ན་ད༷མ་པའི་བདེན་པ་ཆོས་ཀྱི་དབྱི༷ངས་རང་བཞིན་གྱི༷ས་རྣམ་པར་དག་པའི་དགོ༷ངས་པའི་དོ༷ན་ལེགས་པར་རྣམ་པར་ཕྱེ་སྟེ་གཏན་ལ་འབེབས་པ་ཡི༷ན་པར་ཤེས་པར་བྱ༷འོ། །ཞེས་པའོ། །

སྡོམ་གྱི་དོན་རྒྱས་པར་བཤད་པ་ལ་བརྒྱད་དེ།

ངོ་བོ་དང་རྒྱུ་ལས་དག་པའི་དོན། འབྲས་བུ་དང་བྱེད་ལས་འགྲུབ་པའི་དོན། ཡོན་ཏན་གྱི་ཚོགས་དང་ལྡན་པའི་དོན། གང་ཟག་གི་དབྱེ་བས་འཇུག་པའི་དོན། གནས་སྐབས་ཀྱི་མིང་ཙམ་ཕྱེ་བའི་དོན། ནམ་མཁའ་ལྟར་ཀུན་ཏུ་འགྲོ་བའི་དོན། དུས་རྟག་ཏུ་འགྱུར་བ་མེད་པའི་དོན། ཡོན་ཏན་རྣམས་རྣམ་པར་དབྱེ་བ་མེད་པའི་དོན་ནོ། །

དག་པའི་དོན་ལ་གཉིས། དག་བྱ་དག་བྱེད་ཐུན་མོང་དུ་བསྟན་པ་དང༌། སོ་སོའི་ངོ་བོ་ཁྱད་པར་དུ་བཤད་པའོ། །དེ་ལ་ཐུན་མོང་དུ་བསྟན་པ་ནི། ནོར་བུ་རི༷ན་ཆེ༷ན་རང་བཞིན་གྱིས་དག་པ་དང༌། ན༷མ་མཁ༷འ་རང་བཞིན་གྱིས་དག་པ་དང༌། ཆུ༷་རང་བཞིན་གྱིས་ད༷ག་པ་བཞི༷ན་དུ། དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་ཀྱང་རྟ༷ག་ཏུ༷་ར༷ང་བཞི༷ན་གྱིས་ཀུན་ནས་ཉོ༷ན་མོ༷ངས་པའི་དྲི་མ་མེ༷ད་ཅིང་རྣམ་པར་དག་པ་ནི་ངོ་བོ་ཉིད་ཀྱི་དོན་ཡིན་ལ། ཐེག་པ་ཆེན་པོའི་ཆོ༷ས་ལ་མོ༷ས་པ་དང་བདག་མེད་རྟོགས་པའི་ལྷ༷ག་པ༷འི་ཤེ༷ས་ར༷བ་ད༷ང་བདེ་བ་དང་ལྡན་པའི་ཏི༷ང་ངེ་འཛི༷ན་ཚད་མེད་པ་དང༌། སེམས་ཅན་ལ་དམིགས་པའི་སྙི༷ང་རྗེ་ཆེན་པོ་རྣམས་ནི་གློ་བུར་གྱི་དྲི་མ་རྣམ་པར་དག་པར་བྱེད་པའི་རྒྱུ་ཡིན་ཞིང༌། དེ་རྣམས་ལ༷ས་བྱུ༷ང་བ༷འི་བྱང་ཆུབ་ནི་བྲལ་བའི་འབྲས་བུ་ཡིན་ནོ། །ཞེས་པའོ། །

སོ་སོའི་ངོ་བོ་ལ་གཉིས། དག་བྱ་ངོ་བོའི་དོན། དག་བྱེད་རྒྱུའི་དོན་ནོ། །དེ་ལ་ངོ་བོའི་དོན་ནི། རང་བཞིན་གསུམ་པོ་འདི་དག་རང་གི་མཚན་ཉིད་ལས་བརྩམས་ནས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ལ་སོགས་པའི་མཐུ༷་ད༷ང་ལྡན་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་ཞིང་དེ་བཞིན་ཉིད་ནི་གནས་སྐབས་ཐམས་ཅད་དུ་རང་བཞིན་གཞ༷ན་དུ༷་མི༷་འགྱུ༷ར་བའི་ཕྱིར་ན་ནམ་མཁའ་ད༷ང་ཆོས་མཐུན་ལ། རིགས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེས་བརླ༷ན་པ་དང་བཅས་པ༷འི་ངོ༷་བོ༷འི་ར༷ང་བཞི༷ན་ཡིན་པའི་ཕྱི༷ར་ཆུའི་ཡོན་ཏན་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱ་སྟེ། འདི༷་ད༷ག་ཐམས་ཅད་ཀྱང་སྤྱིའི་མཚན་ཉིད་ལས་བརྩམས་ནས་གཏན་དུ་དྲི་མ་མེད་ཅིང་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཡིད་བཞིན་གྱི་ནོ༷ར་བུ༷་རི༷ན་ཆེ༷ན་དང༌། ནམ་མཁ༷འ་དང༌། ཆུ༷་རྣམས་རང་བཞིན་གྱིས་དག་པའི༷་ཡོ༷ན་ཏ༷ན་དང་ཆོ༷ས་མཐུ༷ན་པ་ཉིད༷་དུ་རིག་པར་བྱའོ། །ཞེས་པའོ། །

རྒྱུའི་དོན་ལ་གཉིས། སྤང་བྱ་སྒྲིབ་པ་བཞི་སྤོང་ཚུལ་དང༌། གཉེན་པོས་རྒྱལ་སྲས་སུ་འགྱུར་ཚུལ་ལོ། །དེ་ལ་སྒྲིབ་པ་བཞི་སྤོང་ཚུལ་ནི། ཐེག་པ་ཆེན་པོའི་ཆོ༷ས་ལ༷་ཁོ༷ང་ཁྲོ༷་བ་དང༌། གང་ཟག་ལ་སོགས་པའི་བད༷ག་ཏུ་ལྟ༷་བ་ད༷ང༌། འཁོ༷ར་བ༷འི་སྡུ༷ག་བསྔ༷ལ་གྱི༷ས་འཇི༷གས་ནས་རང་ཉིད་ཞི་བདེ་འདོད་པ་ད༷ང༌། སེ༷མས་ཅ༷ན་གྱི་དོ༷ན་སྒྲུབ་པ་ལ༷་ལྟོ༷ས་པ་མེ༷ད་པ་ཉི༷ད་ནི་གོ་རིམ་བཞིན་དུ་འདོ༷ད་ཆེ༷ན་པ་དང༌། མུ༷་སྟེ༷གས་ཅན་དང༌། ཉ༷ན་ཐོ༷ས་ད༷ང་ར༷ང་བྱུ༷ང་རང་སངས་རྒྱས་རྣ༷མས་ཀྱི༷ས། དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་འགྱུར་བའི་གེགས་སྒྲི༷བ་པ་རྣ༷མ་པ་བཞི༷་ཡིན་ལ། དེ་རྣམས་ད༷ག་པར་བྱེད་པའི་རྒྱུ༷་ནི་དམ་པའི་ཆོས་ལ་ལྷ༷ག་པ༷ར་མོ༷ས་པ༷་རྣམས་དང༌། ལ༷་སོ༷གས་པ༷འི་སྒྲས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཏིང་ངེ་འཛིན་ཚད་མེད་པ་དང༌། སྙིང་རྗེ་ཆེན་པོ་སྟེ་ལམ་གྱི་ཆོ༷ས་ནི༷་རྣ༷མ་པ་བཞི༷་པོ་ཉི༷ད་རྟག་ཏུ་སྒོམ་པར་བྱེད་པའོ། །ཞེས་པའི་དོན་ནོ།།

གཉེན་པོས་རྒྱལ་སྲས་སུ་འགྱུར་ཚུལ་ནི།

དཔེར་ན་ས་བོན་དང་མ་དང་མངལ་དང་མ་མ་སྟེ། ཆོས་བཞི་དང་ལྡན་པ་ལས་རྒྱལ་པོའི་སྲས་སུ་འགྱུར་བ་དང་འདྲ་བར། འདིར་ཡང་ཐེ༷ག་པ་གསུམ་ལས་མཆོ༷ག་ཏུ་གྱུར་པ་ཐེག་པ་ཆེན་པོ་ལ༷་མོ༷ས་པ་ནི་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་གཞིར་གྱུར་པ་ལས་ས༷་བོ༷ན་ལྟ་བུ་དང༌། བདག་མེད་རྟོགས་པའི་ཤེ༷ས་ར༷བ་ནི༷་སང༷ས་རྒྱ༷ས་ཀྱི་ཆོ༷ས་ཐམས་ཅད་སྐྱེ༷ད་པར་བྱེད་པས་མ༷་ལྟ་བུ་ད༷ང༌། ནམ་མཁའ་མཛོད་ལ་སོགས་པའི་བས༷མ་གཏ༷ན་གྱི༷་བདེ༷་བ༷་ནི་མི་ཉམས་ཤིང་འཕེལ་བར་བྱེད་པས་མང༷ལ་གྱི་གན༷ས་ལྟ་བུ་དང༌། སྙི༷ང་རྗེ༷་ཆེན་པོ་ནི་བསྐྱེད་བསྲིང་བར་བྱེད་པས་སྐྱོང་པའི༷་མ༷་མ༷་ལྟ་བུ་སྟེ། ཆོས་བཞི་དང་ལྡན་པ་ཅ༷ན་ག༷ང་ཡི༷ན་པ་དེ༷་ད༷ག་ནི་ཐུ༷བ་པ་རྫོགས་པ༷འི་སངས་རྒྱས་ཀྱི་ཐུགས་ལས་རྗེ༷ས་སུ་སྐྱེ༷ས་ཤིང༌། གདུང་འཚོབ་བར་བྱེད་པས་རྒྱལ་བའི་སྲ༷ས་བྱང་ཆུབ་སེམས་དཔའ་ཡིན་ནོ། །ཞེས་པའོ།།

འབྲས་བུ་དང་བྱེད་ལས་འགྲུབ་པའི་དོན་ལ་གཉིས། འཐོབ་བྱ་ཐོབ་བྱེད་ཐུན་མོང་དུ་བསྟན་པ་དང༌། སོ་སོའི་ངོ་བོའི་ཁྱད་པར་དུ་བཤད་པའོ། །དེ་ལ་ཐུན་མོང་དུ་བསྟན་པ་ནི། དེ་ལྟར་གཉེན་པོ་བཞི་བསྒོམས་ནས་སྒྲིབ་པ་བཞི་སྦྱང་བ་ལས། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གཙ༷ང་བའི་ཕ་རོལ་ཏུ་ཕྱིན་པ་དང༌། བད༷ག་གི་ཕ་རོལ་ཏུ་ཕྱིན་པ་དང༌། བདེ༷་བའི་ཕ་རོལ་ཏུ་ཕྱིན་པ་ད༷ང༌། རྟ༷ག་པ་ཉི༷ད་ཀྱི༷་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་དམ་པའི་ཡོ༷ན་ཏ༷ན་གྱི་ཕ༷་རོ༷ལ་ཏུ་ཕྱི༷ན་པ༷་བཞི་དང་ལྡན་པ་ཐོབ་པ་ནི་འབྲ༷ས་བུའི་དོན་ཡིན་ལ། འཁོར་བ་སྡུ༷ག་བསྔ༷ལ་བ་ལ་ཡི༷ད་འབྱུ༷ང་བ་དང༌། མྱ་ངན་འདས་པ་ཞི༷་བ་ལ་ཐོ༷བ་པ༷ར་འདུ༷ན་པ་ད༷ང༌། སྨོ༷ན་པ༷འི་ལ༷ས་ཅ༷ན་ནི་ཁམས་ཡོད་པའི་བྱེད་ལས་ཀྱི་དོན་ཡིན་ནོ༷། །ཞེས་པའོ། །

སོ་སོའི་ངོ་བོ་ལ་གཉིས། འཐོབ་བྱ་འབྲས་བུའི་དོན་དང༌། ཐོབ་བྱེད་ལས་ཀྱི་དོན་ནོ། །འབྲས་བུའི་དོན་ལ་གསུམ་སྟེ། སྤང་བྱ་ཕྱིན་ཅི་ལོག་སྤོང་ཚུལ། སྤངས་པས་འབྲས་བུ་བཞི་འཐོབ་ཚུལ། ཐོབ་པ་མཐའ་གཉིས་ལས་གྲོལ་ཚུལ་ལོ། །

དེ་ལ་སྤོང་ཚུལ་ནི། དེ་ཡང་མོས་པ་དང༌། ཤེས་རབ་དང༌། བསམ་གཏན་དང༌། སྙིང་རྗེ་སྟེ། ཆོས་ཀྱི་དབྱིངས་དག་པར་བྱེད་པའི་རྒྱུ་བཞི་པོ་འདི༷་ད༷ག་གི་འབྲ༷ས་བུ་ནི༷་མདོ༷ར་བསྡུ༷་ན༷། གོ་རིམ་ཇི་ལྟ་བ་བཞིན་དུ་ཆོ༷ས་ཀྱི༷་སྐུ༷་ལ༷་མི་གཙང་བ་དང་བདག་མེད་པ་དང་སྡུག་བསྔལ་བ་དང་མི་རྟག་པ་སྟེ་ཕྱི༷ན་ཅི༷་ལོ༷ག་ཏུ་གྱུར་པ་རྣ༷མ་པ༷་བཞི༷་ལ༷ས་བཟློ༷ག་པ༷འི༷་ཕྱིར། གཙང་བ་དང༌། བདག་དང༌། བདེ་བ་དང༌། རྟག་པ་སྟེ། ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་དང་ལྡན་པའི་གཉེ༷ན་པོ༷ས་རབ༷་ཏུ༷་ཕྱེ༷་བ༷་ཉི༷ད་ཐོབ་བོ། །ཞེས་པའོ། །

འབྲས་བུ་བཞི་ཐོབ་ཚུལ་ནི།

འབྲས་བུ་མཐར་ཕྱིན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ༷་ནི༷་སྦྱིའི་མཚན་ཉིད་ར༷ང་བཞི༷ན་གྱིས་གདོད་མ་ནས་ཡོངས་སུ་ད༷ག་པའི་ཕྱི༷ར་ད༷ང༌། ཁྱད་པར་གྱི་མཚན་ཉིད་གློ་བུར་གྱི་དྲི་མ་བ༷ག་ཆ༷གས་དང་བཅས་པ་མ་ལུས་པ་སྤ༷ངས་པའི་ཕྱི༷ར་གཙ༷ང་བ༷འི་ཕ་རོལ་ཏུ་ཕྱིན་པ་ཡི༷ན་ལ། མུ་སྟེགས་ལ་སོགས་པས་བརྟགས་པའི་བད༷ག་ཏུ་འཛིན་པའི་སྤྲོས་པ་ད༷ང༌། ཉན་ཐོས་ལ་སོགས་པས་བརྟགས་པའི་བད༷ག་མེ༷ད་པར་འཛིན་པའི་སྤྲོ༷ས་པ༷་མཐའ་ད༷ག་ཉེ༷་བ༷ར་ཞི༷་བ༷ས་ན། ད༷མ་པ༷འི་བད༷ག་གི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང༌། སྡུག་བསྔལ་མ་ལུས་པ་འགགས་པས་ཡི༷ད་ཀྱི༷་ར༷ང་བཞི༷ན་གྱི་ཕུ༷ང་པོ༷་ད༷ང༌། ཀུན་འབྱུང་མཐའ་དག་སྤངས་པས་དེ༷འི་རྒྱུ༷་མ་རིག་བག་ཆགས་ཀྱི་སའི་ཉོན་མོངས་པ་དང༌། ཟག་པ་མེད་པའི་ལས་ཐམས་ཅད་ཀྱང་ལོ༷ག་ཅིང་ཟད་པའི་ཕྱི༷ར་བདེ༷་བ༷འི་ཕ་རོལ་ཏུ་ཕྱིན་པ་ཉི༷ད་ཡིན་ནོ། །དེ་བཞིན་དུ་སྲིད་པ་འཁོ༷ར་བ༷་ད༷ང་ནི༷་ཞི་བ་མྱ༷་ང༷ན་ལས་འད༷ས་པ་དག་མཐར་ཐུག་པའི་དོན་དུ་ན་རང་བཞིན་མཉ༷མ་པ༷་ཉི༷ད་དུ༷་རྟོ༷གས་པའི་ཕྱི༷ར་དོན་གཉིས་རྒྱུན་མི་འཆད་ཅིང་རྟ༷ག་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་ཡང་དོན་དམ་པའི་དབྱིངས་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། འཁོར་བ་མི་རྟག་པའི་སྐྱོན་དབྲི་བར་བྱ་བ་ཅུང་ཟད་ཀྱང་མེད་པས་ཆད་པའི་མཐར་མ་ལྷུང་ཞིང༌། གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། མྱ་ངན་ལས་འདས་པ་རྟག་པའི་ཡོན་ཏན་བསྣན་པར་བྱ་བ་ཅུང་ཟད་ཀྱང་མེད་པས་རྟག་པའི་མཐར་མ་ལྷུང་བས། མཐའ་གཉིས་དང་བྲལ་བའི་མྱ་ངན་ལས་འདས་པ་ཉིད་དུ་གྲུབ་བོ། །ཞེས་པའོ། །

མཐའ་གཉིས་ལས་གྲོལ་ཚུལ་ནི། ཕུང་པོ་ལ་བད༷ག་ཏུ་སྲེ༷ད་ཅིང་ཆགས་པ་བག་ལ་ཉལ་དང་བཅས་པ་མ༷་ལུ༷ས་པ་བདག་མེད་རྟོགས་པའི་ཤེ༷ས་ར༷བ་ཀྱི༷ས་བཅ༷ད་དེ༷། སྤངས་པའི་ཕྱིར་འདོད་ཆེན་པ་བཞིན་དུ་སྲིད་པའི་མཐར་ལྷུང་བ་མ་ཡིན་ལ། སྙིང་རྗེ་ཆེན་པོས་སེ༷མས་ཅ༷ན་ཐམས་ཅད་ལ་སྲེ༷ད་ཅིང་ཆགས་པས་དེ་དག་གི་དོན་སྒྲུབ་པའི་ཕྱི༷ར་བརྩེ༷་ལྡ༷ན་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་དང་རང་སངས་རྒྱས་བཞིན་དུ་སྡུག་བསྔལ་ཞི༷་བ་ཙམ་ཐོ༷བ་པའི་ཐར་ལྷུང་བ་ཡང་མི༷ན་པ་དེ༷་ལྟ༷ར་ན། བདག་མེད་རྟོགས་པའི་ཤེས་རབ་ཀྱི་བློ༷་དང༌། སེམས་ཅན་ལ་དམིགས་པའི་བརྩེ༷་བ་སྙིང་རྗེ་ཆེན་པོ་སྟེ་བླ་ན་མེད་པའི་བྱ༷ང་ཆུ༷བ་ཐོབ་པའི་ཐ༷བས་ཁྱད་པར་ཅན་གཉིས་པོ་དེ་དག་ལ་བརྟེ༷ན་ན༷ས་གོམས་པར་བྱེད་པའི་རྒྱལ་སྲས་འཕ༷གས་པ༷་རྣམས་ནི་སྲིད་པ་འཁོ༷ར་བ༷འམ་ཞི་བ་མྱ༷་ང༷ན་ལས་འད༷ས་པ་གང་རུང་གི་མཐའ་ལ་གནས་པར་མི༷་འགྱུ༷ར་ཞིང་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱེད་དོ། །ཞེས་པའོ། །

ལས་ཀྱི་དོན་ལ། དབྱིངས་མེད་ན་སྤོང་ལེན་མི་རྟོགས་པར་ཐལ་བ་དང༌། རིགས་ཡོད་པས་སྐྱོན་ཡོན་རྟོགས་པའི་བྱེད་ལས་སོ། །དེ་ལ་ཐལ་བ་ནི། ག༷ལ་ཏེ༷་སང༷ས་རྒྱ༷ས་ཀྱི་ཁ༷མས་སམ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་མེ༷ད་ན༷་སེམས་ཅན་རྣམས་འཁོར་བ་སྡུ༷ག་བསྔལ་བའི་ཉེས་དམིགས་མཐོང་བ་ལ༷ས་ཡིད་སྐྱོ༷་བ༷ར་ཡང་མི༷་འགྱུ༷ར་བར་ཐལ་ཞི༷ང་མྱ༷་ང༷ན་ལས་འད༷ས་པ་ལ༷་བདེ་བའི་ཕན་ཡོན་མཐོང་བ་ལས་དེ་ཐོབ་པ་ལ་ཕྱོགས་པའི་འདོ༷ད་པ༷་ད༷ང༌། དེའི་ཐབས་ཚོལ་བའི་དོ༷ན་དུ་གཉེ༷ར་བ་དང༌། དེའི་དོན་ལ་སེམས་མངོན་པར་འདུ་བྱེད་པའི་སྨོ༷ན་པ༷འང་མེ༷ད་པ༷ར་ཐལ་བར་འགྱུ༷ར་ཏེ་དེ་ལྟར་མ་ཡིན་ནོ། །ཞེས་པའོ། །

བྱེད་ལས་ནི། སྲི༷ད་པ་འཁོར་བ་ད༷ང་ཞི་བ་མྱ༷་ང༷ན་ལས་འད༷ས་པ་དག་ལ༷་རིམ་པ་ཇི་ལྟ་བ་བཞིན་དུ་དེ་དང་དེ༷འི་སྡུ༷ག་བསྔལ་བ་དང༌། བདེ༷་བའི༷་སྐྱོ༷ན་དང་ཡོ༷ན་ཏན་དག་མཐོ༷ང་ནས་སྲིད་པ་སྡུག་བསྔལ་གྱི་སྐྱོན་གྱིས་ཡིད་འབྱུང་བ༷་དང༌། མྱ་ངན་ལས་འདས་པའི་བདེ་བའི་ཡོན་ཏན་ལ་སྤྲོ་བ་འདི༷་དག་ནི་སངས་རྒྱས་ཀྱི་རིག༷ས་ཡོ༷ད་པ་ལ༷ས་འབྱུང་བ་ཡི༷ན་ནོ། །

རྒྱུ་མཚན་ནི། ག༷ང་གི་ཕྱི༷ར་ཞེ་ན། བླང་དོར་གྱི་བློ་དེ༷་དག་རེ་ཤིག་རྒྱས་འགྱུར་གྱི་རི༷གས་མེ༷ད་པའི་ལོག་སྲེད་ཅན་ད༷ག་ལ༷་ནི་ཇི་སྲིད་དུ། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང༌། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང༌། །ཡང་དག་སྨོན་ལམ་སྔོན་ཡང་དགེ་བ་བགྱིས། །འཁོར་ལོ་ཆེན་པོ་བཞིན་ནི་ཁྱོད་ལ་མངའ། །ཞེས་པ་ལྟར་ཐེག་པ་གསུམ་ལས་གང་ཡང་རུང་བའི་ཆོས་ལ་མོས་པ་མ་སྐྱེས་པ་དེ་སྲིད་དུ་སྲིད་ཞིའི་སྐྱོན་ཡོན་མཐོང་བ་འདི་མེ༷ད་པའི་ཕྱི༷ར་རོ༷། །ཞེས་པའོ། །

ཡོན་ཏན་གྱི་ཚོགས་དང་ལྡན་པའི་དོན་ལ།

རྒྱུ་འབྲས་ཀྱི་ཡོན་ཏན་ཐུན་མོང་དུ་བསྟན་པ་དང༌། སོ་སོའི་ངོ་བོ་ཁྱད་པར་དུ་བཤད་པའོ། །དེ་ལ་ཐུན་མོང་དུ་བསྟན་པ་ནི། དཔེར་ན། རྒྱ༷་མཚོ༷་ཆེན་པོ་སྣོད་རབ་ཏུ་ཡངས་པར་རིན་པོ་ཆེ༷་དང་ཆུ་དཔག་ཏུ་མེད་པ་འདུ་བ་བཞི༷ན་དུ་ཆོས་ཀྱི་དབྱིངས་ཀྱང་མོས་པའི་སྣོད་རབ་ཏུ་ཡངས་པར་ཤེས་རབ་དང་ཏིང་ངེ་འཛིན་དཔ༷ག་ཏུ་མེ༷ད་པ༷འི་ཡོ༷ན་ཏ༷ན་གྱི་རི༷ན་ཆེ༷ན་དང་ཐུགས་རྗེའི་ཆུ་མི༷་ཟ༷ད་པའི་གན༷ས་སུ་གྱུར་པའི་ཕྱིར་རྒྱུའི་ཡོན་ཏན་དང་ལྡན་པའི་དོན་ཡིན་ལ། མངོན་པར་ཤེས་པ་དང་ཟག་པ་མེད་པའི་ཡེ་ཤེས་དང༌། ཟག་པ་མེད་པའི་སྤངས་པ་རྣམས་རྣམ་པར་དབྱེ༷ར་མེ༷ད་པའི་ཡོ༷ན་ཏ༷ན་ད༷ང་ལྡ༷ན་པ༷འི་ངོ༷་བོ༷་ཉི༷ད་ཡིན་པའི་ཕྱི༷ར་དཔེར་ན་མ༷ར་མེ༷འི་སྣང་བ་དང་དྲོ་བ་དང༌། མདོག་རྣམས་རྣམ་པར་དབྱེར་མེད་པ་བཞི༷ན་དུ་གནས་པ་ནི་ཆོས་ཀྱི་དབྱིངས་འབྲས་བུའི་ཡོན་ཏན་དང་ལྡན་པའི་དོན་ནོ། །ཞེས་པའོ། །

སོ་སོའི་ངོ་བོ་ལ། རྒྱུའི་ཡོན་ཏན་དང་ལྡན་པའི་དོན་དང༌། འབྲས་བུའི་ཡོན་ཏན་དང་ལྡན་པའི་དོན་ནོ། །དེ་ལ་རྒྱུའི་ཡོན་ཏན་ནི། ཆོ༷ས་སྐུ༷་རྣམ་པར་དག་པའི་རྒྱུ་དང༌། རྒྱ༷ལ་བ༷འི་ཡེ༷་ཤེ༷ས་ཐོབ་པའི་རྒྱུ་ད༷ང༌། ཐུ༷གས་རྗེ༷་ཆེན་པོ་འཇུག་པའི་རྒྱུའམ་ཁ༷མས་ནི༷་མ་ལུས་པ་བསྡུ༷ས་ཤིང་གནས་པ༷འི་ཕྱི༷ར་ན། སྣོ༷ད་ཡངས་པ་ད༷ང་རི༷ན་ཆེ༷ན་དང་ཆུ༷་ཡོད་པ་སྟེ། ཆོས་མཐུན་པ་གསུམ་པོ་ཡི༷ས་ཆོས་ཀྱི་དབྱིངས་འདི་རྒྱ༷་མཚོ༷་ཆེན་པོ་ད༷ང་ནི༷་མཚུ༷ངས་པ༷ར་བསྟ༷ན་ཏོ། །ཞེས་པའོ། །

འབྲས་བུའི་ཡོན་ཏན་ནི། རང་བཞིན་གྱིས་དྲི༷་མ་མེ༷ད་པའི་གན༷ས་དེ་བཞིན་གཤེགས་པའི་སྙིང་པོ་ལ༷་ནི་མངོ༷ན་པར་ཤེ༷ས་པ་ལྔ་དང༷༌། ཟག་པ་མེད་པའི་ཡེ༷་ཤེ༷ས་དང་དྲི༷་མ་མེ༷ད་པའི་དེ༷་བཞིན་ཉི༷ད་ད༷ང༌། གནས་མ་ལུས་པར་གྱུར་པའི་སྤངས་པ་རྣམས་རྣ༷མ་པར་དབྱེ༷ར་མེ༷ད་པར་གནས་པའི་ཕྱི༷ར། དཔེར་ན་མ༷ར་མེ༷་ཡི༷་སྣ༷ང་བ་ད༷ང་དྲོ༷་བ་དང་མདོ༷ག་རྣམས་དབྱེར་མེད་པར་གནས་པ་དང་ཆོ༷ས་མཚུ༷ངས་པ་ཅ༷ན་ཡིན་ནོ། །ཞེས་པའོ། །

གང་ཟག་གི་དབྱེ་བས་འཇུག་པའི་དོན་ལ། རྟེན་གསུམ་གྱི་འཇུག་པས་གསུངས་ཚུལ་དང༌། དེ་རྣམས་ཀྱང་རིམ་གྱིས་དག་ཚུལ་ལོ། །

གསུམ་གྱིས་གསུངས་ཚུལ་ནི། སོ༷་སོ༷་སྐྱེ༷་བོའི་དེ་བཞིན་ཉིད་དང༌། འཕ༷གས་པའི་དེ་བཞིན་ཉིད་དང༌། རྫོ༷གས་པའི་སང༷ས་རྒྱས་ཀྱི༷་དེ༷་བཞི༷ན་ཉི༷ད་གསུམ་དུ་རབ་ཏུ་དབྱེ༷་བའི༷་འཇུ༷ག་པ༷་ལ༷ས་བརྩམས་ནས་དེ༷་ཁོ་ན་ཉི༷ད་མངོན་སུམ་དུ་གཟི༷གས་པ་ཐམས་ཅད་མཁྱེན་པ༷ས་གདུལ་བྱར་གྱུར་པའི་སེ༷མས་ཅ༷ན་སྐལ་བ་དང་ལྡན་པ་རྣམས་ལ༷། རྒྱ༷ལ་བ་དེ་བཞིན་གཤེགས་པ༷འི་སྙི༷ང་པོ༷་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་འདི༷་ཤིན་ཏུ་གསལ་བར་བསྟ༷ན་ཏོ༷། །ཞེས་པའོ། །

རིམ་གྱིས་དག་ཚུལ་ནི། བྱིས་པ་སོ༷་སོ༷འི་སྐྱེ༷་བོ༷་རྣམས་འདུ་ཤེས་དང་སེམས་དང་ལྟ་བ་ཕྱི༷ན་ཅི༷་ལོ༷ག་ཏུ་གྱུར་པ་ཡིན་ཞིང༌། བདེ༷ན་པ༷་བཞིའི་ཆོས་ཉིད་དེ་བཞིན་ཉིད་མངོན་སུམ་དུ་མཐོ༷ང་བ༷འི་འཕགས་པ་རྣམས་ནི་དེ་དག་ལས་བཟློ༷ག་པ༷་སྟེ༷། འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་མ་ལོག་ཅིང་ཡང་དག་པ་མཐོང་བ་ཡིན་ལ། དེ༷་བཞི༷ན་གཤེ༷གས་པ༷་ནི་ཆོས་ཐམས་ཅད་ཇི༷་ལྟ༷་བ་བཞི༷ན་དུ་གཟིགས་པ་ཕྱི༷ན་ཅི༷་མ༷་ལོ༷ག་ཅིང་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་བཅོམ་པས་སྤྲོ༷ས་པ་མེ༷ད་པ་ཉི༷ད་ཡིན་ཏེ། དེ་ལྟར་རྟེན་གྱི་གང་ཟག་གསུམ་དུ་རྣམ་པར་དབྱེ་བའི་སྒོ་ནས་བརྟེན་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཀྱང་རྣམ་པ་གསུམ་དུ་འགྱུར་རོ། །ཞེས་པའོ། །

འདི་མན་ཆད་དོན་རྣམ་པ་བཞིས་ནི་འཇུག་པའི་དོན་ཉིད་ཚུལ་གཞན་གྱིས་འཆད་པ་སྟེ། གནས་སྐབས་ཀྱི་མིང་ཙམ་གྱི་དོན་ལ། སྐབས་གསུམ་དུ་མིང་འདོགས་ཚུལ་དང༌། མིང་གསུམ་གྱིས་དོན་དྲུག་བསྡུས་ཚུལ་ལོ། །དེ་ལ་མིང་གསུམ་འདོགས་ཚུལ་ནི། དེ་བཞིན་གཤེགས་པའི་སྙིང་པོ་དེ་གློ་བུར་གྱི་དྲི་མས་མ༷་ད༷ག་པ་དང༌། མ༷་ད༷ག་ད༷ག་པ༷་ད༷ང༌། ཤི༷ན་ཏུ༷་རྣ༷མ་ད༷ག་གི་གནས་སྐབས་གསུམ་ལ་གོ༷་རི༷མ་ཇི་ལྟ་བ་བཞི༷ན་དུ་སེ༷མས་ཅ༷ན་དང་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ད༷ང་དེ༷་བཞི༷ན་གཤེ༷གས་པ༷་ཞེ༷ས་བྱ་བའི་མིང་ཐ་དད་པ་གསུམ་གྱིས་བརྗོ༷ད་ཅིང་བསྟན་ཏོ༷། །ཞེས་པའོ། །

དོན་དྲུག་བསྡུས་ཚུལ་ནི། ངོ༷་བོ༷་ཉི༷ད་ཀྱི་དོན་ལ༷་སོ༷གས་པ༷འི་སྒྲས་རྒྱུའི་དོ༷ན་དང༌། འབྲས་བུའི་དོན་དང་ལས་ཀྱི་དོན་དང་ལྡན་པའི་དོན་དང་འཇུག་པའི་དོན་ཏེ། དོན་འདི༷་དྲུ༷ག་གི༷ས་ནི༷་བསྡུ༷ས་ནས་གོང་དུ་རྒྱས་པར་བཤད་པ༷འི༷་ཁ༷མས་རང་བཞིན་གྱིས་རྣམ་པར་དག་པ་འདི་ནི༷། མ་དག་པ་དང༌། མ་དག་དག་པ་དང༌། ཤིན་ཏུ་རྣམ་དག་གི་གན༷ས་སྐ༷བས་གསུ༷མ་པོ་ད༷ག་ཏུ༷་སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་ཞེས་བྱ་བའི་མི༷ང་གསུ༷མ་གྱི༷ས་ནི༷་བཏགས་ནས་ཐ་དད་པ་ཙམ་དུ་བསྟ༷ན་པ༷་ཉིད་ཡི༷ན་གྱི། དོན་གྱི་ངོ་བོ་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་པའོ། །

ནམ་མཁའ་ལྟར་ཀུན་ཏུ་འགྲོ་བའི་དོན་ལ། རྟོག་མེད་ཀྱིས་ཀུན་ལ་ཁྱབ་ཚུལ། སྤྱི་མཚན་ལ་དབྱེ་བ་མེད་ཚུལ་ལོ། །དེ་ལ་ཁྱབ་ཚུལ་ནི། དཔེ་ཇི༷་ལྟ༷ར་ན་རྟོ༷ག་པ་མེ༷ད་ཅིང་སྒྲིབ་པ་མེད་པའི་བད༷ག་ཉི༷ད་ཅ༷ན་གྱི་ན༷མ་མཁ༷འ་གཟུགས་ཅན་ཐམས་ཅད་ལ་དབྱེར་མེད་པར་ཀུ༷ན་ཏུ༷་རྗེ༷ས་སུ་སོ༷ང་ཞིང་ཁྱབ་པ་ལྟ༷ར། སེ༷མས་ཀྱི༷་ར༷ང་བཞི༷ན་འོད་གསལ་གདོད་མ་ནས་དྲི༷་མ་མེ༷ད་པའི་ཆོས་ཀྱི་དབྱི༷ངས་ཀྱང་དེ༷་བཞི༷ན་དུ་གང་ཟག་གི་གནས་སྐབས་ཐམས་ཅད་ལ་དབྱེར་མེད་ཅིང་ཀུ༷ན་ཏུ༷་འགྲོ༷་བ༷ར་ཁྱབ་པ་ཉི༷ད་དོ། །ཞེས་པའོ། །

དབྱེ་བ་མེད་པའི་ཚུལ་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ༷་ནི་ཆོས་ཐམས་ཅད་ཀྱི་སྤྱི༷འི་མཚ༷ན་ཉི༷ད་དམ་ཆོས་ཉིད་ཡིན་པའི་ཕྱིར་ཉེ༷ས་པ༷་ད༷ང་བཅས་པའི་སོ་སོ་སྐྱེ་བོ་དང་ཡོན་ཏན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དང༌། ཡོ༷ན་ཏ༷ན་མཐ༷ར་ཐུ༷ག་པའི་དེ་བཞིན་གཤེགས་པའི་གནས་སྐབས་ཐམས་ཅད་ལ་མཚུངས་པར་རྗེས་སུ་ཞུགས་ཤིང་ཁྱ༷བ་པ༷་ཡིན་ཏེ༷། དཔེར་ན་གཟུ༷གས་ཀྱི༷་རྣ༷མ་པ༷་དམ༷ན་པ༷་སའི་སྣོད་ད༷ང༌། བ༷ར་མ༷་ཟངས་ཀྱི་སྣོད་དང༌། མཆོ༷ག་གསེར་གྱི་སྣོད་ཐམས་ཅད་ལ༷་ན༷མ་མཁ༷འ་རྗེས་སུ་སོང་ཞིང་ཁྱབ་པ་བཞི༷ན་ནོ། །ཞེས་པའོ། །

དུས་རྟག་ཏུ་འགྱུར་བ་མེད་པའི་དོན་ལ། འགྱུར་མེད་ཀྱི་གནས་སྐབས་བསྟན་པ། དེའི་ཚུལ་རྒྱས་པར་བཤད་པའོ། །དེ་ལ་གནས་སྐབས་བསྟན་པ་ནི། ཆོས་ཀྱི་དབྱིངས་དེ་སྔར་ཉེས་པ་དང་བཅས་པ་ལས། ཕྱིས་ཡོན་ཏན་དང་ལྡན་པར་འགྱུར་བའི་ཕྱིར་འགྱུར་བ་དང་བཅས་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། སྔར་མ་དག་པའི་གནས་སྐབས་ན་ཉོན་མོངས་པ་ལ་སོགས་ཉེ༷ས་པ༷་རྣམས་སྤང་རུང་གློ༷་བུ༷ར་བ་ཉིད་ད༷ང་ལྡ༷ན་པ་ཡིན་གྱིས། རང་བཞིན་དུ་གནས་པ་མ་ཡིན་པའི་ཕྱིར་ད༷ང༌། ཕྱིས་དག་པའི་གནས་སྐབས་ན་སྟོབས་ལ་སོགས་པའི་ཡོ༷ན་ཏ༷ན་མངོན་སུམ་དུ་གྱུར་པ་རྣམས་ར༷ང་བཞི༷ན་དུ་གདོད་མ་ཉི༷ད་ནས་ལྡ༷ན་པ་ཡིན་གྱི་གློ་བུར་དུ་སྐྱེས་པ་མ་ཡིན་པའི་ཕྱི༷ར་ན། ཇི༷་ལྟ༷ར་སྔ༷ར་འཁོར་བའི་ཁམས་སུ་ཡོད་པ་ཇི་ལྟ་བ་བཞི༷ན་ཕྱི༷ས་མྱ་ངན་ལས་འདས་པ་ན་ཡང་དེ༷་བཞི༷ན་དུ་གནས་ཤིང་ནམ་ཡང་འགྱུ༷ར་བ༷་མེ༷ད་པ༷་ནི་ཆོས་ཀྱི་དབྱིངས་འདིའི༷་ཆོ༷ས་ཉི༷ད་དམ་རང་བཞིན་ཉིད་དོ༷། །ཞེས་པའོ། །

རྒྱས་པར་བཤད་པ་ལ་གསུམ་སྟེ། སྒྲིབ་པས་མ་དག་པའི་གནས་སྐབས་ནའང་འགྱུར་བ་མེད་ཚུལ། མ་དག་དག་པའི་གནས་སྐབས་ནའང་འགྱུར་བ་མེད་ཚུལ། ཤིན་ཏུ་རྣམ་དག་གི་གནས་སྐབས་ནའང་འགྱུར་བ་མེད་ཚུལ་ལོ། །

དང་པོ་ནམ་མཁའ་ལ་འགྱུར་བ་མེད་ཚུལ་དང༌། དེ་རྣམས་ཀྱི་ཁྱད་པར་བཤད་པའོ། །འགྱུར་བ་མེད་ཚུལ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་གསུམ་ལས། མདོར་བསྟན་པ་ནི། དཔེ་ཇི༷་ལྟ༷ར་ན་འདུས་མ་བྱས་པའི་ན༷མ་མཁ༷འ་གཟུགས་ཅན་འདུས་བྱས་ཐམས་ཅད་ལ་ཁྱབ་པར་ཀུ༷ན་ཏུ་སོ༷ང་བ༷་ཡིན་ཡང་ཕྲ༷་བ་སྟེ་གཟུགས་ཅན་རགས་པ་མ་ཡིན་པའི་ཕྱི༷ར། གཟུགས་ཀྱི་ཉེས་པ་མི་རྟག་པ་ལ་སོགས་པས་ནམ་ཡང་ཉེ༷་བ༷ར་གོ༷ས་པ༷་མེ༷ད་པ་དེ༷་བཞི༷ན་དུ། སེམ༷ས་ཅ༷ན་ཐ༷མས་ཅ༷ད་ལ༷་སེམས་ཀྱི་རང་བཞིན་དུ་ཁྱབ་པར་གན༷ས་པའི་འོད་གསལ་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་འདི༷་ཡང་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། སེམས་ཅན་གྱི་ཉེས་པ་ཉོན་མོངས་པ་ལ་སོགས་པས་ནམ་ཡང་ཉེ༷་བ༷ར་གོ༷ས་པ༷་མེ༷ད། ཅེས་པའོ། །

རྒྱས་པར་བཤད་པ་ལ་ལྔ་སྟེ། ཆོས་ཅན་ལ་སྐྱེ་འཇིག་སྣང་ཚུལ། ཆོས་ཉིད་ལ་འཇིག་པ་མེད་ཚུལ། དེ་དག་གི་གནས་ལུགས་བསྟན་པ། གློ་བུར་བས་འཁོར་བར་འགྱུར་ཚུལ། རང་བཞིན་ལ་འགྱུར་བ་མེད་ཚུལ་ལོ། །

དེ་ལ་སྐྱེ་འཇིག་སྣང་ཚུལ་ནི།

དཔེ་ཇི༷་ལྟ༷ར་ན་ཕྱི་རོལ་སྣོད་ཀྱི་འཇི༷ག་རྟེ༷ན་འདི་རྣམ་པ་ཐ༷མས་ཅ༷ད་དུ༷་ན༷མ་མཁ༷འ་གོ་ཕྱེ་བ་ལ༷་ནི༷་བརྟེན་ནས། དང་པོར་སྐྱེ༷་ཞི༷ང་འཆགས་ལ། མཐར་འཇི༷ག་ཅིང་འགག་ཀྱང་ནམ་མཁའ་ལ་སྐྱེ་འཇིག་མེད་པ་དེ༷་བཞི༷ན་དུ་རྒྱུ་དང་རྐྱེན་གྱིས་མངོན་པར་འདུ༷ས་མ༷་བྱ༷ས་པ་ཆོས་ཀྱི་དབྱི༷ངས་དེ་བཞིན་གཤེགས་པའི་སྙིང་པོ་འགྱུར་བ་མེད་པ་ལ༷་བརྟེན་ནས། ནང་སེམས་ཅན་གྱི་དབ༷ང་པོ༷་རྣ༷མས་ནི༷་དང་པོ་སྐྱེ༷་ཞི༷ང་འཕེལ་ལ་མཐར་འཇི༷ག་ཅིང་འགག་ཀྱང་ཆོས་ཉིད་ལ་སྐྱེ་འཇིག་ཡོད་པ་མ་ཡིན་ནོ། །ཞེས་པའོ། །

ཆོས་ཉིད་ལ་འཇིག་པ་མེད་ཚུལ་ནི། དཔེ་ཇི༷་ལྟ༷ར་ན་འདུས་བྱས་ཀྱི་དངོས་པོ་རྣམས་དུས་མཐའ་དང་དམྱལ་བ་དང་རང་བཞིན་པའི་མེ་གསུམ་གྱིས་འཚིག་ཀྱང་འདུས་མ་བྱས་པའི་ན༷མ་མཁ༷འ་མེ༷་གསུམ་པོ་རྣ༷མས་ཐམས་ཅད་ཀྱི༷ས་སྔོ༷ན་ཆ༷ད་ན༷མ་ཡ༷ང་ཚི༷ག་པ༷་མེ༷ད་པ་དེ༷་བཞི༷ན་དུ་སེམས་ཅན་རྣམས་འཆི་བ་ལ་སོགས་པའི་མེ་གསུམ་གྱིས་འཚིག་ཀྱང་སྙིང་པོ་ཆོས་ཀྱི་དབྱིངས་འདི༷་ནི༷་འཆི༷་བ༷་དུས་མཐའི་མེ་ད༷ང༌། ན༷་བ་དམྱལ་བའི་མེ་ད༷ང༌། རྒ༷་བ༷་རང་བཞིན་པའི༷་མེ༷་དང་གསུམ་པོ་རྣམས་ཀྱིས་ནམ་ཡང་མི༷་འཚི༷ག་པ་ཉིད་དོ། །ཞེས་པའོ། །

དེ་དག་གི་གནས་ལུགས་བསྟན་པ་ལ། དཔེ་དང༌། དོན་དང༌། དེ་དག་སྦྱར་བའོ། །དེ་ལ་དཔེ་ནི། འཇིག་རྟེན་གྱི་ཁམས་ཆགས་ཤིང་གནས་པ་ན་ས༷འི་དཀྱིལ་འཁོར་ཆེན་པོ་ནི༷་ཆུ༷འི་དཀྱིལ་འཁོར་ལ༷་བརྟེན་ཅིང༌། ཆུ༷་ཡང་རླུ༷ང་གི་དཀྱིལ་འཁོར་ལ༷་བརྟེན་ལ་རླུ༷ང་ནི༷་ནམ་མཁ༷འ་ལ༷་བརྟེན་ནས་ར༷བ་ཏུ༷་གན༷ས་པ་ཉིད་ཡིན་ཡང༌། ནམ་མཁ༷འ་ནི༷་རྒྱུ་དང་རྐྱེན་ལ་ལྟོས་པ་མེད་པའི་ཕྱིར། རླུ༷ང་གི་དཀྱིལ་འཁོར་ད༷ང་ཆུ༷འི་ཕུང་པོ་ད༷ག་ད༷ང་ས༷འི༷་ཁ༷མས་ལ༷་སོགས་པ་འདུས་བྱས་ཀྱི་དངོས་པོ་གང་ལ་ཡང་བརྟེན་ནས་རབ་ཏུ་གན༷ས་པ་ནི་མ༷་ཡི༷ན། ཞེས་བྱའོ། །

དོན་ནི། དཔེ་དེ༷་བཞི༷ན་དུ་ཕུ༷ང་པོ༷་ལྔ་དང༌། ཁ༷མས་བཅོ་བརྒྱད་དང༌། དབ༷ང་པོ་དང༌། ཡུལ་གྱི་སྐྱེ་མཆེད་བཅུ་གཉིས་ཟག་པ་དང་བཅས་པས་བསྡུས་པའི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣ༷མས་ནི། དེ་དག་བསྐྱེད་པའི་རྒྱུ་ལ༷ས་ད༷ང་ཀུན་ནས་ཉོ༷ན་མོ༷ངས་པ་དག༷་ལ༷་གན༷ས་ལ༷ས་ད༷ང་ཉོ༷ན་མོ༷ངས་པ་དང༌། མི་རྟག་པ་ལ་རྟག་པར་འཛིན་པ་ལ་སོགས་པ་ཚུ༷ལ་བཞི༷ན་མི༷ན་པ་ཡི༷ད་ལ༷་བྱེ༷ད་པའི་རྣམ་པར་རྟོག་པ་ལ༷་བརྟེན་ནས་རྟ༷ག་ཏུ༷་གན༷ས་ལ། ཚུ༷ལ་བཞི༷ན་མ༷་ཡི༷ན་པའི་ཡི༷ད་ལ་བྱེ༷ད་པ་ནི༷་སེམ༷ས་ཀྱི༷་རང་བཞིན་འོད་གསལ་བ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་ད༷ག་པ༷་ལ༷་བརྟེན་ནས་ར༷བ་ཏུ་གན༷ས་མོད། འོན་ཀྱང་སེ༷མས་ཀྱི༷་ར༷ང་བཞི༷ན་འོད་གསལ་དོན་དམ་པའི་དེ་བཞིན་ཉིད་ནི་འདུས་མ་བྱས་པ་ཉིད་ཀྱི་ཕྱིར། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གློ་བུར་བའི་ཆོ༷ས་རྣ༷མས་ནི༷་ཐ༷མས་ཅ༷ད་ལ༷་ནམ་ཡ༷ང་བརྟེན་ནས་གན༷ས་པ༷་མེ༷ད་པ་ཉིད་དོ། །ཞེས་པའོ། །དེ་དག་སྦྱར་བ་ནི། ས༷འི་དཀྱིལ་འཁོར་ཆུ་ལ་བརྟེན་ནས་ཆགས་པ་ད༷ང་འ༷དྲ་བ༷ར་ཉེ་བར་ལེན་པ་དང་བཅས་པའི་ཕུ༷ང་པོ༷་ལྔ་ད༷ང༌། སྐྱེ༷་མཆེ༷ད་བཅུ་གཉིས་དང༌། ཁ༷མས་བཅོ་བརྒྱད་པོ་རྣ༷མས་ལས་དང་ཉོན་མོངས་པ་ལ་བརྟེན་ནས་འགྲུབ་པར་ཤེ༷ས་པ༷ར་བྱ༷་ཞིང་ཆུ༷འི་ཁ༷མས་ཀྱིས་སའི་དཀྱིལ་འཁོར་འགྲུབ་པའི་རྐྱེན་བྱེད་པ་ད༷ང་འདྲ༷་བར་ལུ༷ས་ཅ༷ན་རྣམས་ཀྱི༷་ལ༷ས་ཟག་པ་དང་བཅས་པ་ད༷ང༌། ཉོ༷ན་མོ༷ངས་པ་རྣམས་ནི་ཕུང་པོ་དང་སྐྱེ་མཆེད་དང༌། ཁམས་རྣམས་འགྲུབ་པར་བྱེད་པའི་རྐྱེན་དུ་ཤེ༷ས་པར་བྱ༷་སྟེ༷། ཚུ༷ལ་བཞི༷ན་མ༷་ཡི༷ན་པའི་ཡི༷ད་ལ་བྱེ༷ད་པས་ནི༷་ལས་དང་ཉོན་མོངས་པ་ཀུན་ནས་སློང་བའི་ཕྱིར་རླུ༷ང་གི༷་ཁ༷མས་ཀྱིས་ཆུའི་དཀྱིལ་འཁོར་གྱི་རྟེན་བྱེད་པ་ད༷ང་འདྲ༷་བ༷ར་བལྟ༷་ཞིང་རིག་པར་བྱའོ། །སེམས་ཀྱི་ར༷ང་བཞི༷ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་ན༷མ་མཁ༷འི་ཁ༷མས་ཀྱིས་ཐམས་ཅད་ཀྱི་རྟེན་བྱེད་ཀྱང་གང་ལ་ཡང་མི་གནས་པ་བཞི༷ན་དུ༷་གློ་བུར་བ་རྣམས་ཀྱི་རྟེན་བྱེད་ཀྱང་རང་གི་ངོ་བོ་དེ༷་ཉིད་གཞི༷་གང་ལ་ཡང་བརྟེན་པ་ཅ༷ན་མ༷་ཡི༷ན་ཞིང་གང་དུ་ཡང་གན༷ས་པ༷་མེ༷ད་དོ། །ཞེས་པའོ། །

གློ་བུར་བས་འཁོར་བར་འགྱུར་ཚུལ་ནི།

དཔེར་ན་རླུང་གི་དཀྱིལ་འཁོར་ནམ་མཁའ་ལ་གནས་པ་ལྟར་དངོས་པོའི་གནས་ལུགས་དང་མི་མཐུན་པར་འཛིན་པ་ཚུ༷ལ་བཞི༷ན་མ༷་ཡི༷ན་པ་ཡི༷ད་ལ་བྱེ༷ད་པའི་རྣམ་པར་རྟོག་པ་ནི༷། སེ༷མས་ཀྱི༷་ར༷ང་བཞི༷ན་འོད་གསལ་བ་ཆོས་ཀྱི་དབྱིངས་ལ༷་སྒྲིབ་པའི་ཚུལ་གྱིས་རབ་ཏུ་གན༷ས་ཏེ༷་རླུང་གིས་ཆུའི་རྟེན་བྱེད་པ་དང་འདྲ་བར་ཚུ༷ལ་བཞི༷ན་མ༷་ཡི༷ན་པའི་ཡི༷ད་ལ་བྱེ༷ད་པ་རྣམས་ཀྱི༷ས་འཁོར་བར་སྐྱེ་བའི་རྒྱུ་ལ༷ས་ཟག་པ་དང་བཅས་པ་ད༷ང༌། དེ་ལ་སོགས་པ་ཉོ༷ན་མོ༷ངས་པ་འདོད་ཆགས་ལ་སོགས་པ་རྣམས་ཀྱིས་གོ་སྐབས་ར༷བ་ཏུ༷་ཕྱེ༷་ཞིང་འཕེལ་བར་བྱས་ལ། ཆུའི་ཕུང་པོ་བསྲུབས་པ་ལས་ས་གཞི་ཆེན་པོ་འགྲུབ་པ་བཞིན་དུ་ལ༷ས་ད༷ང་ཉོ༷ན་མོ༷ངས་པའི་ཆུ༷་ལ༷ས་ནི༷་ཕུ༷ང་པོ༷་དང༌། སྐྱེ༷་མཆེ༷ད་དང༌། ཁ༷མས་ཟག་པ་དང་བཅས་པ་སྡུག་བསྔལ་གྱིས་བསྡུས་པའི་སྐྱེ་བ་རྣ༷མས་འབྱུ༷ང་ཞིང༌། མདོར་ན་ནམ་མཁའ་འདུས་མ་བྱས་པའི་དབྱིངས་སུ་དུས་ཀྱི་དབང་གིས་སྣོད་ཀྱི་འཇིག་རྟེན་ཏེ། སྔར་ཡོད་གསར་དུ་འཇི༷ག་པ༷་ད༷ང༌། སྔར་མེད་གསར་དུ་ཆག༷ས་པ༷ར་འགྱུར་བ་ལྟ༷ར། ཟག་པ་མེད་པའི་ཆོས་ཀྱི་དབྱིངས་སུའང་སེམས་ཅན་རྣམས་རྣམ་པར་རྟོག་པ་དང་ཀུན་ནས་ཉོན་མོངས་པ་གསུམ་འཁོར་བའི་དབང་གིས་དང་པོར་སྐྱེ༷་བ་ད༷ང༌། མཐར་འཇི༷ག་པ༷ར་འགྱུ༷ར་བ༷་ཡི༷ན་ནོ། །ཞེས་པའོ། །

རང་བཞིན་ལ་འགྱུར་བ་མེད་ཚུལ་ནི།

སེ༷མས་ཀྱི༷་ར༷ང་བཞི༷ན་འོད་གསལ་ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་ན༷མ་མཁ༷འི༷་ཁ༷མས་འདུས་མ་བྱས་པ་ལྟ༷ར་ཉེར་ལེན་གྱི་རྒྱུ༷་ལ་ལྟོས་པ་མེ༷ད་ཅིང༌། ལྷན་ཅིག་བྱེད་པའི་རྐྱེ༷ན་ལ་ལྟོས་པ་མེ༷ད་དེ༷། དེས་ན་དེ་དག་ཚོ༷གས་པ༷་ལའང་ལྟོས་པ་མེ༷ད་ཅི༷ང༌། དེའི་ཕྱིར་དང་པོ་སྐྱེ༷་བ༷་ད༷ང་མཐར་འཇི༷ག་པ་ད༷ང༌། བར་དུ་གན༷ས་པ༷འང༷་ཡོ༷ད་པ་མ༷་ཡི༷ན་པས་འདུས་བྱས་ཀྱི་ཆོས་གསུམ་གྱིས་ནམ་ཡང་འགྱུར་བ་མེད་པ་ཉིད་དོ། །ཞེས་པའོ། །

དོན་བསྡུ་བ་ནི། སེམས་ཅན་ཐམས་ཅད་ཀྱི་སེ༷མས་ཀྱི༷་ར༷ང་བཞི༷ན་འོ༷ད་གས༷ལ་དེ་བཞིན་གཤེགས་པའི་སྙིང་པོ་ག༷ང་ཡི༷ན་པ༷་དེ༷་ནི༷་ན༷མ་མཁ༷འི་རང་བཞིན་སྤྲིན་དང་དུ་བ་ལ་སོགས་པས་མི་འགྱུར་བ་བཞི༷ན་དུ༷། སྒྲིབ་པ་དག་པ་དང་མ་དག་པ་ལ་སོགས་པས་ནམ་ཡང་འགྱུ༷ར་བ་མེ༷ད་པ་ཉིད་དེ༷། ཡ༷ང་ད༷ག་པ་མི༷ན་པར་འཛིན་པའི་རྟོ༷ག་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ༷ས་བྱུ༷ང་བའི་འདོ༷ད་ཆ༷གས་དང་ཞེ་སྡང་དང་གཏི་མུག་ལ་སོག༷ས་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཀྱིས་བསྡུས་པ་སྤང་རུང་གློ༷་བུ༷ར་གྱི་དྲི༷་མ༷་རྣམས་ཀྱིས་ཆོས་ཉིད་དེ༷་གཏན་དུ་ཀུན་ནས་ཉོ༷ན་མོ༷ངས་པར་མི༷་འགྱུ༷ར་ཞིང་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །ཞེས་པའོ། །

དེ་རྣམས་ཀྱི་ཁྱད་པར་བཤད་པ་ལ། འགྱུར་མེད་སྐྱེ་འཇིག་གིས་དབེན་པའི་ཁྱད་པར་དང༌། འགྱུར་བ་མེ་གསུམ་དང་མཐུན་པའི་ཁྱད་པར་རོ། །དེ་ལ་སྐྱེ་འཇིག་གིས་དབེན་པ་ནི། ལ༷ས་ད༷ང་ཉོ༷ན་མོ༷ངས་པ་ཆུ༷འི་ཕུང་པོ་སོ༷གས་དང་འདྲ་བའི་ཚོགས་རྣམས་ཀྱི༷ས་སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་དབྱིངས་འདི༷་ནི༷་སྔར་མེད་པ་གསར་དུ་མངོ༷ན་པ༷ར་བསྐྱེད་ཅིང་འགྲུ༷བ་པ་ཡང་མི༷ན་ཏེ༷། འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཆོས་ཉིད་འདི་འཆི༷་བ་དུས་མཐའི་མེ་ད༷ང༌། ན༷་བ་དམྱལ་བའི་མེ་ད༷ང༌། རྒ༷་བ༷་རང་བཞིན་གྱི་མེ༷་མི༷་ཟ༷ད་ཅིང་ཤིན་ཏུ་དག་པ་མཐའ་ཡས་པ༷ས་ཀྱ༷ང་འཚི༷ག་པའམ་འཇིག་པར་མི༷་འགྱུ༷ར་ཏེ། རང་བཞིན་གཞན་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། །

མེ་གསུམ་དང་མཐུན་པ་ནི། དུ༷ས་ཀྱི་མཐ༷ར་འཇིག་རྟེན་གྱི་ཁམས་འགག་པར་བྱེད་པའི་མེ་དང༌། སེམས་ཅན་དམྱ༷ལ་བ༷་རྣམས་སྲེག་པར་བྱེད་པའི་མེ་དང༌། རང་བཞིན་ཐ༷་མ༷ལ་གྱི་བུད་ཤིང་ལ་བརྟེན་ནས་འབར་བ༷འི་མེ༷་གསུ༷མ་པོ་འདི་རྣམས་ནི་སྲོག་འགྱུར་བ་འཆི༷་བའི་མེ་ད༷ང༌། ཁམས་འགྱུར་བ་ན༷་བ༷འི་མེ་ད༷ང༌། ན་ཚོད་འགྱུར་བ་རྒ༷་བ༷འི་མེ༷་གསུ༷མ་པོ་རྣམས་གོ་རི༷མ་ཇི་ལྟ་བ་བཞི༷ན་དུ༷་སྦྱར་ནས་དེ༷་ད༷ག་དང་ཕན་ཚུན་ཆོས་མཐུན་ཅིང་འདྲ༷་བ༷ར་ཤེ༷ས་པ༷ར་བྱ༷། །

མ་དག་དག་པའི་གནས་སྐབས་ནའང་འགྱུར་བ་མེད་ཚུལ་ལ། སྐྱེ་སོགས་ཀྱིས་མི་འགྱུར་བའི་དོན་དངོས་བསྟན་པ། ས་བཅུར་རྒྱལ་སྲས་ཀྱིས་ཡོན་ཏན་ངོས་བཟུང་བའོ། །

དོན་དངོས་བསྟན་པ་ལ། མི་འགྱུར་ཡང་འགྱུར་བར་སྣང་ཚུལ། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་སྣང་ཚུལ་ནི། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཕུང་པོ་གསར་དུ་གྲུབ་པའི་སྐྱེ༷་བ་དང༌། རྒྱུན་འགགས་པའི་འཆི༷་བ་དང༌། སྡུག་བསྔལ་བསྐྱེད་པའི་ན༷་བ་ད༷ང༌། རྒྱུན་འགྱུར་བའི་རྒ༷་བ༷་རྣམས་ལ༷ས་གྲོ༷ལ་བ༷་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་འདི༷་ཡི༷་ར༷ང་བཞི༷ན་ནམ་གནས་ལུགས་ཇི༷་ལྟ་བ་བཞི༷ན་དུ་དེ་ཁོ་ན་ཉི༷ད་མངོན་སུམ་དུ་རྟོ༷གས་ཏེ༷་གནས་པའི་ཕྱིར་རོ། །ལས་དང་ཉོན་མོངས་པའི་དབང་གིས་སྐྱེ༷་བ་ལ་སོ༷གས་པའི་ཕོ༷ངས་ཤིང་སྡུག་བསྔལ་བ་ད༷ང་བྲ༷ལ་བ་རྣམ་པར་དག་ཅིང་འགྱུར་བ་མེད་པ་ཡ༷ང་ཡིན་ལ། དེ་ལྟར་ན་ཡང་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་རྟོགས་པ་དེ༷འི༷་རྒྱུ༷ས་བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་མ་རྟོགས་པའི་འགྲོ༷་བ་རྣམས་ལ༷་སྡུག་བསྔལ་མཐའ་དག་དང་བྲལ་བར་འདོད་པའི་སྙི༷ང་རྗེ༷་ཆེན་པོ་བསྐྱེ༷ད་དེ་གནས་པའི་ཕྱི༷ར་རོ། །གཞན་དོན་དུ་སྨོན་ལམ་ལ་སོགས་པའི་དབང་གིས་བསམས་བཞིན་དུ་སྲིད་པར་སྐྱེ་བ་དང༌། རྟག་འཛིན་ལས་བཟློག་པའི་ཆེད་དུ་འཆི་བ་དང༌། ན་བ་དང་རྒ་བ་ལ་སོགས་པས་བརྟེ༷ན་ཅིང་འཁོར་བར་གནས་པས། གཞན་སྣང་ལ་མ་དག་ཅིང་འགྱུར་བ་དང་བཅས་པར་ཡང་སྣང་བ་ཉིད་དོ། །ཞེས་པའོ། །

རྒྱས་བཤད་ལ། སྡུག་བསྔལ་གྱིས་འགྱུར་བ་མེད་ཚུལ། སྙིང་རྗེ་ལས་འགྱུར་བར་སྣང་ཚུལ་ལོ། །དེ་ལ་འགྱུར་བ་མེད་ཚུལ་ནི། ཡིད་ཀྱི་རང་བཞིན་གྱི་ལུས་ཐོབ་པའི་བྱང་ཆུབ་སེམས་དཔའ་འཕ༷གས་པའི་ཚོགས་མ་ལུས་པ༷ས་རང་དབང་མེད་པར་འཆི༷་བའི་སྡུག་བསྔལ་ད༷ང༌། ན༷་བ༷འི་སྡུག་བསྔལ་ད༷ང༌། རྒ༷་བ༷འི་སྡུ༷ག་བསྔ༷ལ་རྣམས་རྩ༷་བ་ན༷ས་སྤ༷ངས་པ་ཡིན་ཏེ། དེ་དག་གི་རྒྱུན་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ལ༷ས་ད༷ང་ཉོ༷ན་མོ༷ངས་པ་དང་དེའི་དབ༷ང་གི༷ས་འཁོར་བར་སྐྱེ༷་བ་ཡིན་ལ། བྱང་ཆུབ་སེམས་དཔའ་དེ༷་ལ༷་ནི་རྒྱུ་དེ༷་རྣམས་མེ༷ད་པའི་ཕྱི༷ར་འབྲས་བུ་སྡུག་བསྔལ་གྱིས་འགྱུར་བ་དེ༷་ཡང་མེ༷ད་དོ། །ཞེས་པའོ། །

འགྱུར་བར་སྣང་ཚུལ་ནི། རྒྱལ་སྲས་འཕགས་པ་རྣམས་ཆོས་ཀྱི་དབྱིངས་སྐྱེ་བ་མེད་ཅིང་འགྱུར་བ་མེད་པ་ཇི༷་ལྟ་བ་བཞི༷ན་དུ་ཡ༷ང་ད༷ག་པ་མངོན་སུམ་དུ་མཐོ༷ང་བ༷འི་ཕྱི༷ར། འཁོར་བར་རང་དབང་མེད་པར་སྐྱེ༷་བ་ལ་སོ༷གས་པའི་སྡུག་བསྔལ་རྣ༷མས་ལ༷ས་འད༷ས་ཤིང་རྣམ་པར་གྲོལ་བར་གྱུ༷ར་ཀྱ༷ང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙི༷ང་རྗེ༷་ཆེན་པོའི༷་བད༷ག་ཉི༷ད་དུ་གྱུར་པ་ལས་ནི་བསམས་བཞིན་དུ་སྲིད་པར་སྐྱེ༷་བ༷་ད༷ང༌། འཆི༷་བ་ད༷ང༌། ན༷་བ་ད༷ང༌། རྒ༷་བ་ལ་སོགས་པ་རྣམ་པར་འགྱུར་བ་དུ་མའི་སྣང་བ༷ར་སྟོ༷ན་ཅིང་སྐལ་བ་དང་མཐུན་པར་གདུལ་བྱ་ཡོངས་སུ་སྨིན་པར་མཛད་པ་ཡིན་ནོ། །ཞེས་པའོ། །

ས་བཅུར་རྒྱལ་སྲས་ཀྱི་ཡོན་ཏན་ངོས་བཟུང་བ་ལ་ལྔ་སྟེ། དང་པོ་སེམས་བསྐྱེད་སྐྱེས་པའི་ཡོན་ཏན། སྤྱོད་པ་མཆོག་ལ་ཞུགས་པའི་ཡོན་ཏན། ཕྱིར་མི་ལྡོག་པ་ཐོབ་པའི་ཡོན་ཏན། སྐྱེ་བ་ཐ་མར་གྱུར་པའི་ཡོན་ཏན། དོན་གཉིས་འགྲུབ་པའི་ཁྱད་པར་བསྟན་པའོ། །དེ་ལ་དང་པོ་སེམས་བསྐྱེད་སྐྱེས་པའི་ཡོན་ཏན་བསྟན་པ་ནི། ས་དང་པོ་ལ་གནས་པའི་རྒྱ༷ལ་སྲ༷ས་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་ལ་སོགས་པས་འགྱུ༷ར་བ་མེ༷ད་པའི་སེམས་ཀྱི་ཆོ༷ས་ཉི༷ད་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་འདི༷་མངོན་སུམ་དུ་གསར་དུ་རྟོ༷གས་ན༷ས་རང་ཉིད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མཚན་ཉིད་པ་རྣམས་ལས་གྲོལ་ཡང་མ༷་རི༷ག་པའི་ལིང་ཏོག་གིས་ཤེས་རབ་ཀྱི་མིག་ལྡོ༷ངས་པའི་སེམས་ཅན་གཞན་རྣ༷མས་ཀྱི༷་སྐྱེ༷་བ༷་དང་ལ༷་སོ༷གས་པ་སྟེ། རྒ་བ་དང༌། ན་བ་དང༌། འཆི་བའི་ཚུལ་དག༷་ཏུ༷་ནི༷་མཐོ༷ང་ཞིང་སྣང་བས་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་བྱེད་པ༷་ག༷ང་ཡི༷ན་པ་དེ༷་ངོ་མཚར་ཞིང་རྨ༷ད་དུ་འབྱུང་བ་ཉིད་དོ༷། །

དེ་བཞིན་དུ་སྡིག་ཏོ་མི་དགེ་བའི་ཆོས་ལས་རིང་དུ་འཕ༷གས་པ༷འི་སྤྱོ༷ད་ཡུ༷ལ་ཆོས་ཉིད་མངོན་སུམ་དུ་མཐོང་ཞིང་སྐྱེ་འཆི་ལས་གྲོལ་བའི་གོ་འཕང་ཐོ༷བ་པ༷་ག༷ང་ཡིན་པ་དེ་ཉིད་བྱི༷ས་པ༷་སོ་སོའི༷་སྐྱེ་བོ་སྐྱེ་འཆི་ལས་མ་གྲོལ་བ་རྣམས་ཀྱི་སྤྱོ༷ད་ཡུ༷ལ་དུ་སྐྱེ་བ་ལ་སོགས་པའི་རྣམ་འཕྲུལ་དུ༷་མ་སྟོ༷ན་ཅིང་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་བྱེད་དེ༷། རྒྱུ་མཚན་དེ༷་ཉི༷ད་ཀྱི་ཕྱི༷ར་ན༷་འགྲོ༷་བ༷་མ་ལུས་པའི༷་གཉེ༷ན་ནམ་རྩ་ལག་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྡུ་བའི་དངོས་པོས་གཞན་གྱི༷་དོན་སྒྲུབ་པའི་ཐ༷བས་ལ་མཁས་པ་ད༷ང༌། དེ་ཀུན་ནས་སློང་བའི་སྙི༷ང་རྗེ༷་ཆེན་པོ་ནི་མཆོ༷ག་ཏུ་གྱུར་པ་ཡིན་ནོ། །ཞེས་པའོ། །

སྤྱོད་པ་མཆོག་ལ་ཞུགས་པའི་ཡོན་ཏན་ནི། ས་གཉིས་པ་ནས་བདུན་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ༷་ནི༷། ཤེས་རབ་ཀྱི་སྟོབས་ཀྱིས་འཇི༷ག་རྟེ༷ན་པའི་སྤྱོད་པ་ཐ༷མས་ཅ༷ད་ལ༷ས་ཡང་དག་པར་འད༷ས་ཀྱ༷ང༌། སྙིང་རྗེའི་དབང་གིས་འཇི༷ག་རྟེ༷ན་ལ༷ས་མི༷་གཡོ༷ས་པར་གདུལ་བྱ་འཇི༷ག་རྟེ༷ན་པ་རྣམས་ཡོངས་སུ་སྨིན་པའི་དོན༷་དུ༷་འཇི༷ག་རྟེ༷ན་ན༷་སྐྱེ་བ་ལ་སོགས་པའི་ཚུལ་བཟུང་ནས་འཇི༷ག་རྟེ༷ན་གྱི་ཉེས་པའི་དྲི༷་མ༷ས་ཅུང་ཟད་ཀྱང་མ༷་གོ༷ས་པར་བྱང་ཆུབ་སེམས་དཔའི་སྤྱོ༷ད་པ་རླབས་པོ་ཆེ་རྣམས་སྤྱོད་དེ། དཔེ་ཇི༷་ལྟ༷ར་ན་མེ་ཏོག་པ༷ད་མ༷་རྣམས་ཆུ༷འི་ན༷ང་དུ༷་སྐྱེ༷ས་པ༷་ཡིན་ཀྱང་ཆུ༷འི༷་སྐྱོན་ནམ་དྲི་མ་ལ་སོགས་པས་གོ༷ས་པ༷་མེ༷ད་པ་དེ༷་བཞི༷ན་དུ་རྒྱལ་སྲས་འཕགས་པ་འདི༷་ནི༷་གཞན་དོན་ལ་འཇི༷ག་རྟེ༷ན་དུ༷་སྐྱེ༷ས་ཀྱ༷ང་འཇི༷ག་རྟེ༷ན་པའི་སྐྱོན་གྱི་ཆོ༷ས་ཉོན་མོངས་པ་ལ་སོགས་པ་རྣམས་ཀྱིས་ནམ་ཡང་མི༷་གོ༷ས་པ་ཉིད་དོ། །ཞེས་པའོ། །

ཕྱིར་མི་ལྡོག་པ་ཐོབ་པའི་ཡོན་ཏན་ནི།

ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་བྱ༷་བ༷་བསྒྲུ༷བ་པ་ལ༷་དུས་རྟ༷ག་ཏུ༷་རང་གི་བློ༷་འབད་རྩོལ་མེད་པར་དཔེར་ན་བུད་ཤིང་སྐམ་པོ་ལ་མེ༷་སྟོབས་ལྡན་རང་ཤུགས་ཀྱིས་འབར་བ་བཞི༷ན་དུ༷་ནི༷་འབ༷ར་བའི་ཚུལ་གྱིས་འཇུག་པ༷་ད༷ང༌། དེར་མ་ཟད་དེ་དང་ཅིག་ཅར་དུ་སྤྲོས་པའི་མཚན་མ་ཉེ་བར་ཞི༷་བ༷འི་བས༷མ་གཏ༷ན་ཏིང་ངེ་འཛིན་གྱི་སྙོ༷མས་འཇུ༷ག་ལ༷་དུས་རྟ༷ག་ཏུ༷་རྒྱུན་མི་ཆད་པར་སྙོ༷མས་པ༷ར་ཞུ༷གས་པ༷འང་ཡི༷ན་ནོ། །ཞེས་པའོ། །

སྐྱེ་བ་ཐ་མ་པར་གྱུར་པའི་ཡོན་ཏན་ནི། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སྔོ༷ན་ས་དགུ་པ་མན་ཆད་ཀྱི༷་སྨོན་ལམ་ལ་སོགས་པའི་འཕེ༷ན་པ༷འི་དབ༷ང་གིས་ལྷུན་གྱིས་གྲུབ་པར་འཇུག་པ་ད༷ང་ནི༷། ཀུན་སློང་གི་རྣ༷མ་པར་རྟོ༷ག་པ་ཐ༷མས་ཅ༷ད་གནས་ཡོངས་སུ་གྱུར་པའི་ཚུལ་གྱིས་སྤངས་ཏེ་བྲ༷ལ་བ༷འི་ཕྱི༷ར་ན། སྲིད་པ་ཐ་མ་པ་དེ༷་ནི༷་གདུལ་བྱ་ལུ༷ས་ཅ༷ན་རྣམས་ཡོངས་སུ་སྨི༷ན་པ༷འི༷་དོ༷ན་དུ༷་འབ༷ད་པ༷་དང་རྩོལ་བ་བྱེ༷ད་དགོས་པ་ཡོད་པ་མ༷་ཡི༷ན་ཞིང༌། དེ་ལྟར་ན་ཡང་གསུང་གི་འཕྲིན་ལས་བསམ་པ་དང་མཐུན་པར་ཆོས་བསྟ༷ན་པ་ད༷ང༌། སྐུ་ཡི་འཕྲིན་ལས་སྐལ་བ་དང་མཐུན་པར་གཟུ༷གས་ཀྱི་སྐུ༷འི་སྤྲུལ་པ་རྣམ་པ་དུ་མ་སྟོན་པ་ད༷ག་ད༷ང་ནི༷། གཞན་དོན་གྱི་སྤྱོ༷ད་པ་རླབས་པོ་ཆེ་ད༷ང༌། འཆག་པ་དང༌། བཞེངས་པ་ལ་སོགས་པའི་སྤྱོ༷ད་ལ༷མ་སྣ་ཚོགས་པ་རྣམས་ཀྱི༷ས་ཀྱ༷ང་རུ༷ང་སྟེ། གདུལ་བྱ་ག༷ང་ཞི༷ག་ཚུལ་ཇི༷་ལྟ༷ར་ཐབས་ག༷ང་གི༷ས་འདུ༷ལ་བ་རྣམས་རྒྱལ་སྲས་དེ༷ས་ནི་འཕྲིན་ལས་དེ༷་ཇི་ལྟར་འོས་པ་དེ༷་ལྟ༷་ཉི༷ད་དུ༷་ཡང་དག་པར་རབ་ཏུ་ཤེ༷ས་སོ། །འབད་པ་མེད་ཅིང་སྣ་ཚོགས་པར་འཇུག་པ་དེ༷་ལྟ༷ར་ན་ཡུལ་ན༷མ་མཁ༷འི་མཐ༷ས་ཀླ༷ས་ཀྱི༷་འགྲོ༷་བ་མཐའ་ཡས་པ་རྣམས་ལ༷་དུས་རྟ༷ག་ཏུ༷་ཚུལ་འབད་རྩོལ་མེད་པས་ལྷུ༷ན་གྱིས་གྲུ༷བ་པ༷ར་ཐམས་ཅད་དུ་དོན་ཡོད་ཅིང་ཐོ༷གས་པ་མེ༷ད་པའི་སྒོ་ནས་བྱེད་པ་པོ་བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་དེ༷་ཡི༷་ནི༷། ཆེད་དུ་བྱ་བ་གདུལ་བྱ་སེ༷མས་ཅ༷ན་རྣམས་ཡོངས་སུ་སྨིན་པའི་ཆེད་དུ་རང་གི་ངོ་བོས་དེ་དག་གི་དོ༷ན་སྒྲུབ་པའི་འཕྲིན་ལས་ནི༷་ཡ༷ང་ད༷ག་པར་ཏེ་ཕྱིན་ཅི་མ་ལོག་པར་འཇུ༷ག་པ་ཉིད་དོ། །ཞེས་སོ།།

དོན་གཉིས་འགྲུབ་པའི་ཁྱད་པར་བསྟན་པ་ནི། ས་བཅུ་པ་ལ་གནས་པའི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་འཕྲིན་ལས་འཇུག་པའི་ཚུ༷ལ་འདི༷་ནི༷་རྗེ༷ས་ཐོ༷བ་ཏུ་གཞན་ཡོངས་སུ་སྨིན་པར་བྱེད་པ་ལ་ལྟོས་ནས་སྤངས་རྟོགས་མཐར་ཕྱིན་པ་དེ༷་བཞི༷ན་གཤེ༷གས་པ་རྣ༷མས་ད༷ང༌། ཡང་གདུལ་བྱར་གྱུར་བའི་སེ༷མས་ཅ༷ན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཡ༷ང་ད༷ག་པར་སྒྲོ༷ལ་བ༷་ལ༷་འཇི༷ག་རྟེ༷ན་ན༷་ནི༷་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པས་མཉ༷མ་པ༷་ཉི༷ད་ཡིན་ཏེ། མངོན་པར་ཤེས་པ་དྲུག་དང༌། དབང་བཅུ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་འཐོབ་པའི་ཕྱིར་རོ། །གཞན་དོན་ལ་སངས་རྒྱས་དང་མཚུངས་པ་དེ༷་ལྟ༷་མོ༷ད་ཀྱི༷་རང་དོན་སྤངས་རྟོགས་ཀྱི་ཡོན་ཏན་ལ་ལྟོས་ནས་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། དཔེར་ན་ས༷འི་དཀྱིལ་འཁོར་ཆེན་པོ་དང་རྡུ༷ལ་ཕྲན་གྱི་ཁྱད་པར་ཙམ་ད༷ང༌། རྒྱ༷་མཚོ༷་ཆེན་པོ་དང་བ༷་ལ༷ང་གི་རྨི༷ག་རྗེ༷ས་ཀྱི༷་ཆུའི་ཁྱ༷ད་པ༷ར་ག༷ང་ཡི༷ན་པ་དེ་ཙམ་དུ་རྫོགས་པའི་སང༷ས་རྒྱ༷ས་ཀྱི་མཐར་ཕྱིན་པའི་ཡོན་ཏན་ད༷ང༌། བྱ༷ང་ཆུ༷བ་སེ༷མས་དཔ༷འ་ས་བཅུ་པའི་ལམ་གྱི་ཡོན་ཏན་གྱི་ཁྱ༷ད་པར་ཡང་དེ༷་ཙམ་ཤིན་ཏུ་ཆེ་བ་ཉི༷ད་དོ། །ཞེས་པའོ། །དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མ་རིག་པའི་བག་ཆགས་ཀྱི་ས་ལ་སོགས་པའི་སྒྲིབ་པ་ཤིན་ཏུ་ཕྲ་བ་རྣམས་མ་སྤངས་ཤིང༌། དེ་བཞིན་གཤེགས་པས་ནི་དེ་དག་ཀྱང་སྤངས་པས་ཆོས་ཀྱི་སྐུ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་དང་ལྡན་པ་ཐོབ་པའི་ཕྱིར་རོ། །

ཤིན་ཏུ་རྣམ་དག་གི་གནས་སྐབས་ནའང་འགྱུར་བ་མེད་ཚུལ་ལ།

འགྱུར་མེད་ཀྱི་རྒྱུ་མཚན་མདོར་བསྟན་པ་དང༌། དེའི་དོན་རྒྱས་པར་བཤད་པའོ། །དེ་ལ་མདོར་བསྟན་པ་ནི། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ནི། ལུས་གཞན་དོར་ནས་གཞ༷ན་དུ་འགྱུ༷ར་བ་མི༷ན་པའི་བད༷ག་ཉིད་རྟག་པའི་དོན་ཅན་ཡིན་ཏེ། ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་མི༷་ཟ༷ད་པས་དོན་དམ་པའི་ཡོན་ཏན་གྱི་ཆོ༷ས་ཚད་མེད་པ་རྣམས་དང་ལྡ༷ན་པའི་ཕྱི༷ར་རོ། །དེ་བཞིན་དུ་འགྲོ༷་བ་ཐམས་ཅད་ཀྱི་མི་བསླུ་བའི་སྐྱ༷བས་གནས་མཆོག་ཏུ་གྱུར་པ་བསྟན་པའི་དོན་ཅན་ཡིན་ཏེ། ཕྱི༷་མ༷འི་མཐ༷འ་མེ༷ད་པ་མུ༷ར་ཐུ༷ག་པ་འཁོར་བ་ཇི་སྲིད་པར་སྐྱོབ་པའི་ཡོན་ཏན་རྣམས་དང་ལྡན་པའི་ཕྱི༷ར་རོ། །དྲི་མ་མེད་པའི་ཆོས་དབྱིངས་དེ༷་ནི༷་དུས་རྟ༷ག་ཏུ༷་འཁོར་བ་དང༌། མྱ་ངན་ལས་འདས་པ་གཉི༷ས་སུ་མེ༷ད་པའི་རང་བཞིན་ཞི་བའི་དོན་ཅན་ཡིན་ཏེ། དེ་དག་གི་ཉེས་དམིགས་དང་ཕན་ཡོན་ལ་རྣམ་པར་མི༷་རྟོ༷ག་པའི་ཡོན་ཏན་དང་ལྡན་པའི་ཕྱི༷ར་རོ། །གཏན་ཏུ་འཇི༷ག་པ་མེ༷ད་པའི་ཆོ༷ས་ཉིད་གཡུང་དྲུང་གི་དོན་ཅན་ཉིད་ཀྱ༷ང་ཡིན་ཏེ། ལས་དང་ཉོན་མོངས་པས་མངོན་པར་འདུས་མ༷་བྱ༷ས་པའི་ར༷ང་བཞི༷ན་གྱི་ཡོན་ཏན་དང་ལྡན་པའི་ཕྱི༷ར་རོ། །ཞེས་པའོ། །

རྒྱས་པར་བཤད་པ་ལ་གསུམ་སྟེ། སྐྱེ་སོགས་དང་བྲལ་བའི་དོན། དོན་བསྡུས་ཏེ་མཚམས་སྦྱར་བ། རྟག་སོགས་སུ་འཇོག་པའི་རྒྱུའོ། །སྐྱེ་སོགས་དང་བྲལ་བའི་དོན་ལ་གཉིས་ཏེ། སོ་སོར་བསྟན་པ། སྦྱར་ཏེ་རྒྱས་པར་བཤད་པའོ། །

དེ་ལ་སོ་སོར་བསྟན་པ་ནི། ཤིན་ཏུ་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བའི་སྙིང་པོ་འདི་ནི་དང་པོར་སྐྱེ༷་བ༷་མེ༷ད་ཅི༷ང་མཐར་འཆི༷་བ༷་མེ༷ད་ལ་བར་དུ་ན་བའི་གནོ༷ད་པ་མེ༷ད་པ་དང༌། འགྱུར་བ་དང་རྒ༷་བ༷་མེ༷ད་པ༷་ཉིད་ཡིན་ཏེ༷་དེ༷་ནི༷་གོ་རིམ་ཇི་ལྟ་བ་བཞིན་དུ་རྟ༷ག་པའི་ཕྱིར་ད༷ང་བརྟ༷ན་པའི་ཕྱི༷ར་ད༷ང་ཞི༷་བ༷འི་ཕྱི༷ར་ད༷ང་གཡུ༷ང་དྲུ༷ང་ཡིན་པའི་ཕྱི༷ར། ཞེས་པའོ། །

སྦྱར་ཏེ་བཤད་པ་ནི། དེ་བཞིན་གཤེགས་པའི་ཁམས་དེ༷་ནི༷་ཐོག་མར་ཡི༷ད་ཀྱི༷་ར༷ང་བཞི༷ན་གྱི༷་ལུ༷ས་ཀྱི༷ས་ཀྱང་སྐྱེ༷་བ་མེ༷ད་པ་ཉིད་ཡིན་ཏེ། མི་འགྱུར་ཞིང་རྟ༷ག་པ༷འི་ཕྱི༷ར། དེ་བཞིན་དུ་ཐ་མར་བས༷མ་གྱིས་མི༷་ཁྱ༷བ་པར་ཡོངས་སུ་འགྱུ༷ར་བའི་འཆི༷་འཕོ༷་བ་ཡི༷ས་ཀྱང་དབྱིངས་དེ༷་ནི༷་མི༷་འཆི༷་བ་ཉིད་ཡིན་ཏེ། མི་བསླུ་ཞིང་བརྟ༷ན་པའི༷་ཕྱི༷ར། བར་དུ་མ་རིག་པའི་བ༷ག་ཆ༷གས་ཀྱི་སྒྲིབ་པ་ཕྲ༷་མོ༷འི་ན༷ད་རྣ༷མས་ཀྱི༷ས་ཀྱང་གནོ༷ད་པ་མེ༷ད་པ་ཉིད་ཡིན་ཏེ། གཉིས་འཛིན་ལ་སོགས་ཞི༷་བ༷་ཉི༷ད་ཀྱི༷་ཕྱི༷ར་རོ། །ཟ༷ག་པ་མེ༷ད་པའི་ལས་མངོ༷ན་པ༷ར་འདུ༷་བྱེ༷ད་པ་རྣམས་ཀྱི༷ས་ཀྱང་རྒ༷་བ༷་མེ༷ད་པ་ཉིད་ཡིན་ཏེ། མི་འཇིག་ཅིང་གཡུ༷ང་དྲུ༷ང་ཉིད་ཀྱི་ཕྱི༷ར་ཞེས་པ་སྟེ། དེ་ལྟར་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སྐྱེ་བ་ལ་སོགས་པས་ཀྱང་འགྱུར་བ་མེད་ན། ཐ་མལ་པའི་སྐྱེ་བ་ལ་སོགས་པས་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། ཞེས་པའོ། །

དོན་བསྡུས་ཏེ་མཚམས་སྦྱར་བ་ནི།

རྟག་པ་ལ་སོགས་པའི་རྒྱུ་མཚན་གྱིས་སྐྱེ་བ་མེད་པ་ལ་སོགས་པ་སྒྲུབ་པ་དེ༷་ལ༷། གཞན་འགྱུར་མིན་བདག་ཅེས་པ་ལ་སོགས་པའི་ཚི༷ག་རྐང་རེ་རེས་མདོར་བསྟན་པའི་རྒྱས་བཤད། མི་ཟད་ཅེས་པ་ལ་སོགས་པའི་ཚིག་རྐང་པ་གཉི༷ས་དང༌། དེ༷་བཞི༷ན་དུ་མཐའི་ཞེས་པ་ལ་སོགས་པའི་ཚིག་རྐང་པ་གཉི༷ས་དང༌། རྣམ་པར་ཞེས་པ་ལ་སོགས་པའི་ཚིག་རྐང་པ་གཉི༷ས་ད༷ང༌། མ་བཅོས་ཞེས་པ་ལ་སོགས་པའི་ཚིག་རྐང་པ་གཉི༷ས་ཀྱི༷་གོ༷་རི༷མ་ཇི་ལྟ་བ་བཞི༷ན་དུ་རྒྱུ་རྐྱེན་གྱིས་མངོན་པར་འདུ༷ས་མ༷་བྱ༷ས་པ་ཟག་པ་མེད་པ༷འི་ཆོས་ཀྱི་དབྱི༷ངས་དེ་བཞིན་གཤེགས་པའི་སྙིང་པོ་ལ༷་ནི༷་རྟ༷ག་པ༷འི་དོན་དང༌། ལ༷་སོ༷གས་པ་སྟེ་བརྟན་པའི་དོ༷ན་དང༌། ཞི་བའི་དོན་དང༌། གཡུང་དྲུང་གི་དོན་རྣམས་མདོ་ཇི་ལྟ་བ་བཞིན་དུ་ཤེ༷ས་པར་བྱ༷འོ། །ཞེས་པའོ། །

རྟག་སོགས་སུ་འཇོག་པའི་རྒྱུ་མཚན་ནི། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་མངོན་སུམ་དུ་གྱུར་པའི་ཆོས་སྐུ་དེ་ནི། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་མི༷་ཟ༷ད་པའི་ཡོ༷ན་ཏ༷ན་མཐའ་ཡས་པ་ད༷ང་ལྡ༷ན་པའི་ཕྱི༷ར་ནམ་ཡང་གཞ༷ན་དུ་འགྱུ༷ར་བ་མི༷ན་པའི་བད༷ག་ཉིད་རྟ༷ག་པ༷འི་དོ༷ན་དང་ལྡན་པ་དང༌། འཁོར་བའི་མཐ༷འི༷་མུ༷་ད༷ང་མཚུ༷ངས་པར་རྒྱུན་མི་འཆད་ཅིང་རྗེས་སུ་འཛིན་པ༷འི་ཕྱི༷ར། གཏན་དུ་མི་བསླུ་བའི་སྐྱ༷བས་ཀྱི༷་བད༷ག་ཉི༷ད་བརྟ༷ན་པ༷འི་དོ༷ན་དང་ལྡན་པ་དང༌། མཐའ་གཉིས་སུ་རྣ༷མ་པ༷ར་མི༷་རྟོ༷ག་པའི་རང༷་བཞི༷ན་ཡིན་པའི་ཕྱི༷ར། སྲིད་ཞི་གཉི༷ས་སུ་མེ༷ད་པའི་ཆོ༷ས་ཉི༷ད་ཞི༷་བ༷འི་དོ༷ན་དང༌། རྒྱུ་རྐྱེན་གྱིས་མ༷་བཅོ༷ས་ཤིང་འདུས་མ་བྱས་པའི་ཡོ༷ན་ཏ༷ན་དང་ལྡན་པ་ཉི༷ད་ཀྱི་ཕྱི༷ར་ན༷། གཏན་ཏུ་འཇི༷ག་པ་མེ༷ད་པའི་དོ༷ན་ནི༷་གཡུ༷ང་དྲུ༷ང་གི་དོན་དང་ལྡན་པ་ཉི༷ད་དོ། །ཞེས་པའོ། །

ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་དོན་ལ། མིང་དོན་གྱི་སྒོ་ནས་མདོར་བསྟན། དེ་དག་གི་ངོ་བོ་རྒྱས་པར་བཤད་པའོ། །དེ་ལ་མདོར་བསྟན་ནི། ག༷ང་གི་ཕྱི༷ར་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་དེ༷་ཉིད་ནི༷་སངས་རྒྱས་ཐམས་ཅད་ཀྱི་ཆོ༷ས་ཀྱི་སྐུ༷་ཡིན་ཞྀང༌། དེ་བཞིན་དུ་དེ༷་ནི༷་དེ༷་བཞི༷ན་གཤེ༷གས་པ་ཡང་ཡིན་ལ། དེ༷་ནི༷་འཕ༷གས་པ༷འི་བདེ༷ན་པ༷་དང༌། དོ༷ན་ད༷མ་པའི་མྱ༷་ང༷ན་ལས་འད༷ས་པ་ཡང་ཡིན་པས་དེ་རྣམས་མིང་གི་རྣམ་གྲངས་ཙམ་ཡིན་པ་དེ༷འི་ཕྱི༷ར། དཔེར་ན། ཉི༷་མའི་དཀྱིལ་འཁོར་ད༷ང་འོད་ཟེ༷ར་དག་དབྱེར་མེད་པ་བཞི༷ན་དུ། སྟོབས་བཅུ་ལ་སོགས་པའི་དོན་དམ་པའི་ཡོ༷ན་ཏ༷ན་རྣམས་རྣམ་པར་དབྱེ༷ར་མེ༷ད་པ༷ས་ན་རྫོགས་པའི་སང༷ས་རྒྱ༷ས་ཉི༷ད་ལ༷ས་མ༷་གཏོ༷གས་པའི་མྱ༷་ང༷ན་ལས་འད༷ས་པ༷་མཚན་ཉིད་པ་གཞན་མེ༷ད་པ་ཉིད་དོ། །ཞེས་པའོ། །

རྒྱས་པར་བཤད་པ་ལ་གསུམ་སྟེ། མིང་གི་རྣམ་གྲངས་རྒྱས་པར་བཤད་པ། དོན་གྱི་ངོ་བོ་རྒྱས་པར་བཤད་པ། དེ་དག་དཔེ་ཡིས་ངེས་པར་བྱ་བའོ། །མིང་གི་རྣམ་གྲངས་ལ། དོན་བཞིའི་དབང་གིས་མིང་བཞིར་གསུངས་ཚུལ། དེ་རྣམས་དོན་དང་སྦྱར་ཏེ་བཤད་པའོ། །དེ་ལ་མིང་བཞིར་གསུངས་ཚུལ་ནི། མདོ༷ར་བསྡུ་ན༷་ཟ༷ག་པ་མེ༷ད་པའི་ཆོས་ཀྱི་དབྱི༷ངས་དེ་བཞིན་གཤེགས་པའི་སྙིང་པོ་ལ༷་ནི༷། སངས་རྒྱས་ཀྱི་ཆོས་དབྱེར་མེད་པ་ལ་སོགས་པ་འཆད་པར་འགྱུར་བའི་དོ༷ན་གྱི༷་ཆ་ཐ་དད་པའི་ར༷བ་ཏུ༷་དབྱེ༷་བ༷་རྣམ་པ་བཞི༷ས་དེ་དང་མཐུན་པར་ཆོ༷ས་ཀྱི༷་སྐུ༷་ལ༷་སོ༷གས་པ༷་བཤད་མ་ཐག་པའི༷་མིང་གི་རྣ༷མ་གྲ༷ངས་བཞི༷ར་ནི༷་རི༷ག་པ༷ར་བྱ༷འོ། །ཞེས་པའོ། །

དོན་དང་སྦྱར་བ་ནི། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད། སང༷ས་རྒྱ༷ས་ཀྱི་ཆོ༷ས་སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་དང་རྣམ་པར་དབྱེ༷ར་མེ༷ད་པའི་དོན་དང་ལྡན་པའི་ཆ་ནས་ཆོས་ཀྱི་སྐུ་ཞེས་པ༷་ད༷ང༌། སངས་རྒྱས་དེ༷འི་རི༷གས་ཐོག་མ་མེད་པ་ནས་གནས་པའི་ཆོས་ཉིད་དེ༷་ཇི་ལྟ་བ་བཞི༷ན་མངོན་སུམ་དུ་ཐོ༷བ་པའི་དོན་དང་ལྡན་པའི་ཆ་ནས་དེ་བཞིན་གཤེགས་པ་ཞེས་པ༷་ད༷ང༌། སྙིང་པོ་དེ་ཉིད་ནམ་ཡང་བརྫུ༷ན་པ་མེ༷ད་ཅིང་རྟག་ཏུ་བསླུ༷་བ་མེ༷ད་ལ་གཞན་དུ་མི་འགྱུར་བའི་ཆོ༷ས་ཉི༷ད་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་དོན་དང་ལྡན་པའི་ཆ་ནས་འཕགས་པའི་བདེན་པ་ཞེས་པ་ད༷ང༌། དབྱིངས་དེ་ཉིད་ཡེ་གདོ༷ད་མ་ན༷ས་ར༷ང་བཞི༷ན་གྱིས་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མ་མཐའ་དག་ཉེ་བར་ཞི༷་བ་ཉི༷ད་ཀྱི་དོན་དང་ལྡན་པའི་ཆ་ནས་མྱ་ངན་ལས་འདས་པ་ཉིད་དོ༷། །ཞེས་པའོ། །

དོན་གྱི་ངོ་བོ་རྒྱས་པར་བཤད་པ་ལ་གཉིས་ཏེ། གཉིས་མེད་ཀྱི་དོན་རྒྱས་པར་བཤད་པ་དང༌། མྱང་འདས་ཀྱི་དོན་རྒྱས་པར་བཤད་པའོ། །དེ་ལ་གཉིས་མེད་ཀྱི་དོན་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་ཀྱི་རྣ༷མ་པ་ཀུ༷ན་མངོན་སུམ་དུ་མཁྱེན་པས་མངོ༷ན་པར་རྫོ༷གས་པར་བྱ༷ང་ཆུ༷བ་པ་ལ་ནི་སངས་རྒྱས་ཞེས་བྱ་བ་དང༷༌། གློ་བུར་གྱི་དྲི༷་མ༷་སྒྲིབ་པ་གཉིས་བ༷ག་ཆ༷གས་དང་བཅ༷ས་པ་མ་ལུས་པ་སྤ༷ངས་པ༷་ལ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེ་ལྟར་ན་རྟོགས་པ་མཐར་ཕྱིན་པ་ལ་བརྟགས་པ་རྫོགས་པའི་སང༷ས་རྒྱ༷ས་དང༌། སྦྱངས་པ་མཐར་ཕྱིན་པ་ལ་བརྟགས་པའི་མི་གནས་པའི་མྱ༷་ང༷ན་ལས་འད༷ས་པ༷་དག་ནི༷་མིང་གི་ཐ་དད་པ་ཙམ་དུ་ཟད་ཀྱི། དེ་བཞིན་གཤེགས་པའི་ཁམས་ཀྱི་དོན་གཅིག་ལ་ཡང་དག་པར་འདུ་བའི་ཕྱིར། འཕགས་པའི་ཡེ་ཤེས་ད༷མ་པ༷འི་སྤྱོད་ཡུལ་གྱི་དོ༷ན་དུ༷་ཟག་པ་མེད་པའི་དབྱིངས་སུ་རྣམ་པར་དབྱེར་མེད་ཅིང་བཅད་དུ་མེད་ལ་གཉི༷ས་སུ་མེ༷ད་པ་ཉི༷ད་དོ། །ཞེས་པའོ། །

མྱང་འདས་ཀྱི་དོན་ནི།

རྒྱ་ཆེ་ཞིང་རིགས་མཐའ་དག་མ་ཚང་བ་མེད་པས་རྣ༷མ་པ༷་ཐ༷མས་ཅ༷ད་པའི་ཡོན་ཏན་དང༌། གསལ་བ་མཐའ་ཡས་ཤིང་གཞལ་དུ་མེད་པས་ན་གྲ༷ངས་མེ༷ད་པ༷འི་ཡོན་ཏན་དང༌། ཟབ་ཅིང་གཏིང་དཔག་དཀའ་བས་ན་བས༷མ་དུ་མེ༷ད་པའི་ཡོན་ཏན་དང༌། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་རྣམ་པར་དག་པས་ན་དྲི༷་མ་མེ༷ད་པའི་ཡོ༷ན་ཏ༷ན་རྣམས་ད༷ང༌། ཟག་པ་མེད་པའི་དབྱིངས་སུ་རྣམ་པར་དབྱེ༷་བ་མེ༷ད་པའི་མཚ༷ན་ཉི༷ད་ཅན་གྱི་ཆོས་སྐུ་མངོན་སུམ་དུ་གྱུར་པ་ལ་ནི་ཐ༷ར་པ༷་མྱ་ངན་ལས་འདས་པ་མཐར་ཕྱིན་པ་ཞེས་བྱ་སྟེ༷། ཐ༷ར་པ༷་མཚན་ཉིད་པ་གང༷་ཡིན་པ་དེ༷་ནི་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་དེ༷་བཞི༷ན་གཤེ༷གས་པ་ཉིད་ཀྱང་ཡིན་ནོ། །ཞེས་པའོ། །

དེ་དག་དཔེ་ཡིས་ངེས་པར་བྱ་བ་ལ། རི་མོའི་དཔེས་ངེས་པར་བྱ་བ་དང༌། ཉི་མའི་དཔེས་ངེས་པར་བྱ་བའོ། །དེ་ལ་རི་མོའི་དཔེ་ནི། དཔེ་ཇི༷་ལྟ༷ར་ན་ལྷ་ལ་སོགས་པའི་རི༷་མོ༷་འབྲི༷་བར་བྱེ༷ད་པའི་མཁན་པོ་མགོ་དང་ལག་པ༷་ལ་སོགས་པའི་ཡན་ལག་གཞ༷ན་ད༷ང་གཞ༷ན་གྱི་བྱེ་བྲག་རེ་རེ་ཁོ་ན་ལ༷་མཁ༷ས་པ༷་ད༷ག་ལས་རི་མོ་མཁན་ག༷ང་ཞི༷ག་མགོ་བོ་ལྟ་བུའི་ཡ༷ན་ལ༷ག་ག༷ང་རུང་གཅིག་ཤེ༷ས་པ༷་དེ༷་གཞ༷ན་དུ་སོང་ན། དེའི་སྐལ་བ་ངེ༷ས་པར་འཛི༷ན་ཞིང་འབྲི་བ་མེད༷་པ༷ར་འགྱུ༷ར་རོ། །ཞེས་སྤྱིར་བསྟན་ཏེ། དེ༷་ན༷ས་རེ་ཤིག་ཅིག་ནས་རས་གཞི་འདི༷་ལ༷་རི་མོ་མཁན་ཁྱེ༷ད་ཀུ༷ན་གྱི༷ས་རྒྱལ་པོ་ང༷༷འི༷་གཟུ༷གས་ནི༷་རྫོགས་པར་བྲི༷ས་ཤི༷ག་ཅེ༷ས་པའི་མང༷འ་བད༷ག་རྒྱ༷ལ་པོ་ཆེན་པོ༷ས་རི་མོ་མཁན་དེ༷་ད༷ག་ལ༷་བཀ༷འ་ཡི༷ས་བསྒོ་ཞིང་ར༷ས་གཞི་ནི༷་བྱི༷ན་པར་གྱུར་པ༷་ད༷ང༌། དེ༷་ན༷ས་བཀའ་ལུང་དེ༷་ནི༷་ཐོ༷ས་པར་གྱུ༷ར་ཏེ༷་རང་རང་གིས་གང་དང་གང་ཤེས་པའི་རི༷་མོ༷་དེ་དང་དེ་འབྲི་བའི༷་ལ༷ས་ལ༷་རབ༷་ཏུ་སྦྱོ༷ར་རོ༷། །རི་མོ་དེ༷་ལ༷་མངོ༷ན་པ༷ར་སྦྱོ༷ར་ཞིང་འབྲི་བ་པོ་རྣ༷མས་ལ༷ས་མགོ་བོ་ལྟ་བུ་ཤེས་པ་གཅི༷ག་ཅི༷ག་གནས་དེ་ནས་ཡུ༷ལ་གཞ༷ན་དུ་སོ༷ང་བར་གྱུ༷ར་ན་མགོ་བོ་འབྲི་བ༷་པོ་དེ༷་ནི༷་ཡུ༷ལ་གཞ༷ན་དུ་སོ༷ང་བ༷ས་ན༷་རི་མོ་མཁན་གཅིག་པུ་དེ༷་མ༷་ཚ༷ང་བའི་ཕྱི༷ར་རྒྱལ་པོའི་གཟུགས་ཀྱི་རི༷་མོ༷་དེ༷་མགོ་བོ་ལ་སོགས་པ་ཡ༷ན་ལ༷ག་ཐ༷མས་ཅ༷ད་ཡོ༷ངས་སུ་རྫོ༷གས་པ༷ར་མི༷་འགྱུ༷ར་བ་བཞི༷ན་དུ་ཞེ༷ས་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། དོན་འདི་མཚོན་པའི་དཔེ༷ར་བྱ༷ས་སོ༷། །ཡན་ལག་དེ༷་རྣ༷མས་ཐམས་ཅད་རྫོགས་པར་འབྲི༷་བར་བྱེ༷ད་པ་པོ་རི་མོ་མཁན་མང་པོས་ཉེ་བར་མཚོན་པའི་དོན་ག༷ང་དག་ཡི༷ན་པ༷་ནི་གང་ལ་ཡང་ཆགས་པ་མེད་པའི་སྦྱི༷ན་པ་ད༷ང༌། ཉེས་པའི་དྲི་མ་མེད་པའི་ཚུ༷ལ་ཁྲི༷མས་དང༌། ནམ་དུ་ཡང་འཁྲུག་པ་མེད་པའི་བཟོ༷ད་པ་དང༌། ལ༷་སོ༷གས་པའི་སྒྲས་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང༌། དམིགས་པ་ལ་རྩེ་གཅིག་པའི་བསམ་གཏན་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་སྟེ། ཐབས་ཀྱི་རྣ༷མ་པ༷་ཀུ༷ན་གྱི༷་མཆོ༷ག་དང་ལྡ༷ན་པ༷འི་སྟོ༷ང་པ༷་ཉི༷ད་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་ནི༷་ལེགས་པར་རི་མོ་བྲིས་པའི་རྒྱལ་པོའི་གཟུ༷གས་ཡོངས་སུ༷་རྫོགས་པ་ལྟ་བུར་བརྗོ༷ད་དོ། །ཞེས་པའོ། །མདོར་ན་འབྲི་བ་པོ་གཅིག་མ་ཚང་ཡང་རི་མོ་ཡོངས་སུ་རྫོགས་པར་མི་འགྱུར་ཞིང༌། ཐམས་ཅད་ཚང་བ་ལས་རྫོགས་པར་འགྲུབ་པ་དེ་བཞིན་དུ་ཐབས་ཀྱི་རྣམ་པ་གཅིག་མ་ཚང་ནའང་ཡོན་ཏན་ཡོངས་སུ་མི་རྫོགས་ཤིང༌། ཐམས་ཅད་ཚང་བ་ལས་ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས་པར་འགྲུབ་ལ། དེ་དག་དང་དབྱེར་མེད་པའི་ཐར་པ་མྱ་ངན་ལས་འདས་པ་ནི་མཐར་ཕྱིན་པའི་འབྲས་བུར་ཐམས་ཅད་ལ་མཚུངས་པ་ཉིད་དོ། །ཞེས་པའོ། །

ཉི་མའི་དཔེ་ལ། ཆོས་མཐུན་བཞིན་ཉི་མ་དང་མཚུངས་པར་བསྟན་པ་དང༌། སངས་རྒྱས་ལས་གཞན་པའི་མྱང་འདས་མེད་ཚུལ་ལོ། །དེ་ལ་ཉི་མ་དང་མཚུངས་པ་ནི། ཡོན་ཏན་རྣམ་པ་བཞི་དང་དབྱེར་མེད་པའི་ཤེ༷ས་ར༷བ་གང་ཡིན་པ་དང༌། ཡེ༷་ཤེ༷ས་གང་ཡིན་པ་དང༌། རྣ༷མ་པར་གྲོ༷ལ་བ་གང་ཡིན་པ་རྣ༷མས་ནི་གོ་རིམ་ཇི་ལྟ་བར་གས༷ལ་བར་བྱེད་པ་ད༷ང༌། འཕྲོ༷་བར་བྱེད་པ་ད༷ང༌། ད༷ག་པར་བྱེད་པའི་ཕྱི༷ར་དང༷་གསུམ་ག་ཡང་ཐ༷་ད༷ད་པ་མེ༷ད་པའི་ཕྱི༷ར་ན་འོ༷ད་གསལ་བ་ད༷ང༌། ཟེ༷ར་འཕྲོ་བ་དང༌། ཉི༷་མ༷འི་དཀྱི༷ལ་འཁོ༷ར་དག་པ་དང༌། དེ་གསུམ་ཐ་དད་མེད་པ་རྣ༷མས་ད༷ང་ཆོས་མཚུ༷ངས་སོ། །ཞེས་པའོ། །

སངས་རྒྱས་ལས་གཞན་པའི་མྱང་འདས་མེད་ཚུལ་ནི།

ཐོག་མ་མེད་པ་ནས་ཉེ་བར་གནས་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་ཐམས་ཅད་དབྱེར་མེད་ཅིང༌། དེ་མངོན་དུ་གྱུར་པ་ནི་ཐར་པ་མཐར་ཐུག་པ་ཡིན་པ་དེ༷ས་ན༷་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པའི་ཡེ་ཤེས་གཟིགས་པ་མངའ་བ་རྫོགས་པའི་སང༷ས་རྒྱ༷ས་ཉིད་མ༷་ཐོ༷བ་པ༷ར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་མྱ༷་ང༷ན་ལས་འད༷ས་པ༷་མཐར་ཕྱིན་པ་མི༷་ཐོ༷བ་སྟེ༷། དཔེར་ན། འོ༷ད་གསལ་བ་ད༷ང་འོ༷ད་ཟེ༷ར་འཕྲོ་བཞིན་པ་སྤ༷ངས་ན༷ས་ནི༷་ཉི༷་མ༷འི་དཀྱིལ་འཁོར་རྣམ་པར་དག་པ་ལྟ༷་བ༷ར་མི༷་ནུ༷ས་པ་བཞི༷ན། ཞེས་པའོ། །

བཤད་པའི་དོན་བསྡུས་ཏེ་མཚམས་སྦྱར་བ་ནི། གོང་དུ་རྒྱས་པར་བསྟན་པའི་ཚུལ་དེ༷་ལྟ༷ར་ན་ཕྱི་མའི་མཐའི་མུ་དང་མཚུངས་པར་རྟག་པའི་ཆོས་ཉིད་རྒྱ༷ལ་བ༷་དེ་བཞིན་གཤེགས་པའི༷་སྙི༷ང་པོ༷་ཆོས་ཀྱི་དབྱིངས་དེ་ནི༷་གཏན་ལ་འབེབས་པའི་ཚུལ་ལམ་རྣ༷མ་པར་བཞ༷ག་པ་ནི་ངོ་བོའི་དོན་ནས་ཡོན་ཏན་དབྱེར་མེད་པའི་དོན་གྱི་བར་རྣ༷མ་པ༷་བཅུ༷་ཞེ༷ས་བྱ་བས་ལེགས་པར་བརྗོ༷ད་ཅིང་གསལ་བར་བྱས་སོ། །ཞེས་པ་ནི་བཤད་ཟིན་པ་རྣམས་ཀྱི་དོན་བསྡུ་བ་ཡིན་ལ། ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་ཀྱང་མ་འབྲེལ་བའི་རང་བཞིན་གློ་བུར་གྱི་དྲི་མ་ཉོ༷ན་མོ༷ངས་པའི་སྦུ༷བས་བྱེ་བ་མཐའ་ཡས་པས་བསྟུམས་པའི་ན༷ང་ན་གན༷ས་པ༷་ཐོག་མ་མེད་པ་ནས་ཉེ་བར་གནས་ཤིང་འབྲེལ་བའི་རང་བཞིན་དག་པའི་ཆོས་ཉིད་སྙིང་པོ་དེ༷་རྣམ་པ་གསལ་བར་མཚོན་པར་བྱེད་པའི་དཔེ༷་དགུ་པོ་དེ་ད༷ག་གི༷ས་ནི༷། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཇི་ལྟ་བ་བཞིན་དུ་ཤེ༷ས་པ༷ར་བྱ༷འོ། །ཞེས་པ་ནི། འཆད་པར་འགྱུར་བ་རྣམས་ཀྱི་མཚམས་སྦྱར་བའོ། །

མཚམས་སྦྱར་ལྟར་དཔེ་ཡིས་བསྟན་པ་ལ། དྲི་བཅས་ཀྱི་དེ་བཞིན་ཉིད་ཐུན་མོང་གི་ཆོས་མཐུན་སྦྱར་བ་དང༌། དྲི་མ་དང་སྙིང་པོ་གཉིས་སོ་སོའི་ཆོས་མཐུན་སྦྱར་བའོ། །ཐུན་མོང་གི་ཆོས་མཐུན་ལ། འགྲོ་བ་ལ་དབྱིངས་ཀྱིས་ཁྱབ་ཚུལ་མདོར་བསྟན་པ། དེའི་དཔེ་དོན་རྒྱས་པར་བཤད་པ། བསྡུས་ཏེ་ཐོག་མ་མེད་ཚུལ་བསྟན་པའོ། །

མདོར་བསྟན་པ་ནི། སང༷ས་རྒྱ༷ས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་མེ་ཏོག་པ༷ད་མ་མདོག་ང༷ན་ཞིང་ཁ་ཟུམ་པ་རྣམས་ཀྱི་ནང་ན་ཡོད་པ་ཇི་ལྟ་བ་བཞིན་དུ་གློ་བུར་གྱི་དྲི་མ་ཉོན་མོངས་པས་བསྒྲིབས་པའི་སེམས་ཅན་ལ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་འདི་གནས་ཤིང༌། དེ་བཞིན་དུ་སྦྱར་ཏེ་སྦྲ༷ང་རྩི༷་རོ་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པ་སྦྲ༷ང་མ༷འི་ཚོགས་དུ་མས་བསྐོར་བའི་དབུས་ན་ཡོད་པ་དང༌། གྲ་མ་དང་སྦུ༷ན་པའི་དབུས་ལ༷་སཱ་ལུ་ལ་སོགས་པའི་འབྲུའི་སྙི༷ང་པོ༷་མ་ཉམས་པ་ཡོད་པ་དང༌། མི༷་གཙ༷ང་བའི་འདམ་རྫབ་ཆེན་པོའི་ན༷ང་ན༷་གསེ༷ར་སྦྲམ་བཟང་པོ་མི་འགྱུར་བ་ཡོད་པ་དང༌། ས༷་མང་པོས་གཡོགས་པའི་འོག་ལ༷་རིན་པོ་ཆེའི་གཏེ༷ར་ཆེན་པོ་མི་ཟད་པ་ཡོད་པ་ད༷ང༌། ལྗོན་ཤིང་གི་མྱུ༷་གུ་ལ་སོ༷གས་པ་རིམ་གྱིས་སྐྱེ་བའི་ནུས་པ་འབྲ༷ས་ཆུ༷ང་ས་བོན་དང་ཤུན་པའི་ནང་ན་ཡོད་པ་ད༷ང༌། གོ༷ས་ཧྲུ༷ལ་དྲི་མ་ཅན་གྱིས་བསྟུམས་པའི་ན༷ང་ན༷་རིན་པོ་ཆེ་ལས་གྲུབ་པའི་རྒྱ༷ལ་བ༷འི་སྐུ༷་གཟུགས་ཡོད་པ་ད༷ང་ནི༷། དེ་བཞིན་དུ་བུ༷ད་མེ༷ད་མདོག་དང་ཆ་ལུགས་ལ་སོགས་པ་ང༷ན་མ༷འི་ལྟོ༷་བའམ་མངལ་ན༷་མི༷འི་བད༷ག་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོད་པ་ད༷ང༌། ལུགས་གཏོང་བའི་དུས་ཀྱི་ས༷་འདམ་ནག་པོའི་ནང་ལ༷་རི༷ན་ཆེ༷ན་གསེར་ལས་བྱས་པའི་གཟུ༷གས་བརྙན་ཡོ༷ད་པ་ཇི༷་ལྟ༷་བ༷ར་གློ༷་བུ༷ར་གྱི་ཉོ༷ན་མོ༷ངས་པའི་དྲི༷་མ༷ས་བསྒྲི༷བས་པ༷འི༷་སེ༷མས་ཅ༷ན་རྣ༷མས་ལ༷་དེ༷་བཞི༷ན་དུ་སངས་རྒྱས་ཀྱི་ཁ༷མས་སམ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་འདི༷་ངེས་པར་གན༷ས་སོ། །ཞེས་པའོ། །

སྦྱར་ཏེ་བཤད་པ་ནི། རང་བཞིན་གྱིས་རྣམ་པར་དག་པ་ལ་སྒྲུབ་པར་བྱེད་པ་གློ་བུར་གྱི་དྲི༷་མ༷་ཉོན་མོངས་པ་རྣམས་ནི་མེ་ཏོག་པ༷ད་མ༷་དང་སྲོ༷ག་ཆ༷གས་སྦྲང་མ་དང་གྲ་མ་ལས་གོས་པའི་སྦུ༷ན་པ༷་དང༌། མི༷་གཙ༷ང་བའི་རྫབ་དང༌། ས༷འི་ཕུང་པོ་དང༌། འབྲ༷ས་ཤུན་དང༌། གོ༷ས་ཧྲུ༷ལ་པོ་ད༷ང༌། མགོན་མེད་པ་ལ་སོགས་པའི་སྡུ༷ག་བསྔ༷ལ་འབ༷ར་བ༷ས་མངོ༷ན་པ༷ར་གདུ༷ང་བ༷འི་བུ༷ད་མེ༷ད་ངན་མ་དང༌། ས༷་འདམ་ནག་པོའི༷་ཁ༷མས་རྣམས་ད༷ང་མཚུ༷ངས་ལ། སང༷ས་རྒྱ༷ས་ཀྱི་སྐུ་དང་སྤྲ༷ང་རྩི༷་དང༌། འབྲུའི་སྙི༷ང་པོ༷་དང༌། གསེ༷ར་སྦྲམ་ད༷ང༌། རིན་པོ་ཆེའི་གཏེ༷ར་ད༷ང༌། ནྱ༷་གྲོ༷་དྷ་ལ་སོགས་པའི་ལྗོན་ཤིང་དང༌། རི༷ན་ཆེ༷ན་ལས་བྱས་པའི་སྐུ༷་གཟུགས་དང༌། གླི༷ང་བཞིའི་བད༷ག་པོ་འཁོར་ལོས་སྒྱུར་བའི་མཆོ༷ག་ད༷ང༌། རི༷ན་ཆེ༷ན་གསེར་གྱི་གཟུ༷གས་བརྙན་རྣམས་ད༷ང༌། དྲི༷་མ་མེ༷ད་ཅིང་རྣམ་པར་དག་པའི་ཁ༷མས་མཆོ༷ག་ཏུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་མཚུ༷ངས་པ༷་ཉི༷ད་དོ། །ཞེས་པའོ། །

དེའི་དཔེ་དོན་རྒྱས་པར་བཤད་པ་ལ་དགུ་སྟེ། པད་ངན་ལ་སངས་རྒྱས་དང༌། སྦྲང་མ་ལ་སྦྲང་རྩི་དང༌། སྦུན་པ་ལ་སྙིང་པོ་དང༌། མི་གཙང་བ་ལ་གསེར་སྦྲམ་དང༌། ས་གཞི་ལ་གཏེར་ཆེན་དང༌། ཤུན་པ་ལ་མྱུ་གུ་དང༌། གོས་ཧྲུལ་ལ་སྐུ་གཟུགས་དང༌། བུད་མེད་ལ་རྒྱལ་པོ་དང༌། ས་འདམ་ལ་གསེར་གཟུགས་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་ལོ། །ཐམས་ཅད་ལ་ཡང་དབྱིངས་ཀྱི་དྲི་མ་སྦྱོང་ཚུལ་རྒྱས་པར་བཤད་པ་དང༌། སླར་ཡང་ལེགས་པར་སྦྱར་ཏེ་གསལ་བར་བྱ་བའོ། །སྔ་མ་ལ་དང་མཚོན་པར་བྱེད་པའི་དཔེ་དང༌། མཚོན་པར་བྱ་བའི་དོན་ནོ། །དེ་ལ་པད་ངན་ལ་སངས་རྒྱས་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི། ཇི༷་ལྟ༷ར་ན་མདོ༷ག་ང༷ན་པ་ཅན་གྱི་པ༷ད་མ༷འི་འདབ་མ་རྣམས་ཀྱིས་བཏུམས་པའི་ཁོ༷ང་ན་གན༷ས་པ༷་མཚ༷ན་དང་དཔེ་བྱད་གཟི་བརྗིད་སྟོ༷ང་ཕྲག་མང་པོ་དག་གི༷ས་འབ༷ར་ཞིང་གསལ་བའི་དེ༷་བཞི༷ན་གཤེ༷གས་པ༷འི་སྐུ་ནི༷་དྲི༷་མ་མེ༷ད་པའི་ལྷ༷འི༷་མི༷ག་དང་ལྡ༷ན་པའི་མངོན་ཤེས་ཅན་གྱིས་མི༷ས་ལེགས་པར་མཐོ༷ང་ན༷ས་གཞན་དག་ལ་ཡང་བསྟན་པའི་ཆེད་དུ་ཆུ༷་སྐྱེ༷ས་ཀྱི་འད༷བ་མ༷འི་སྦུ༷བས་ན༷ས་སངས་རྒྱས་ཀྱི་སྐུ་དེ་འབྱི༷ན་པར་བྱེ༷ད་པ༷་ལྟར་རོ། །ཞེས་པའོ། །

དེས་མཚོན་པའི་དོན་ནི། དེ༷་བཞི༷ན་དུ་བདེ༷་བར་གཤེ༷གས་པའི་ཆོས་ཀྱི་སྐུ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཀྱང་ཐ་ན་མན༷ར་མེ༷ད་པའི་སེམས་ཅན་དམྱལ་བར་གན༷ས་པ་རྣ༷མས་ལ༷འ༷ང་ཁྱབ་པའི་ཚུལ་དུ་སང༷ས་རྒྱ༷ས་ཀྱི་ཡེ་ཤེས་ཀྱི་སྤྱ༷ན་གྱི༷ས་ར༷ང་གཞན་ཐམས་ཅད་ཀྱི་ཆོ༷ས་ཉི༷ད་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་གཟི༷གས་ཏེ༷་ཤིན་ཏུ་སྒྲི༷བ་པ་མེ༷ད་ཅིང་ཕྱི༷་མའི་མཐ༷ར་འཁོར་བ་ཇི་སྲིད་དུ་མཚུངས་པའི༷་མུ༷ར་གན༷ས་ནས་སེམས་ཅན་གྱི་དོན་མཛད་པར་བཞེད་པའི་སྙིང་རྗེ༷་ཆེན་པོའི༷་བད༷ག་ཉིད་ཅན་རྣམས་གཞན་དག་ལ་ཡང་ཆོས་ཀྱི་དབྱིངས་གསལ་བར་སྟོན་པའི་ཆེད་དུ་སྒྲི༷བ་པ༷་གློ་བུར་གྱི་དྲི་མ་རྣམས་ལ༷ས་ནི༷་གདུལ་བྱར་གྱུར་པ་རྣམས་རིམ་གྱིས་གྲོ༷ལ་བ༷ར་བྱེད་པ་ཉིད་དོ། །ཞེས་པའོ། །

སླར་ཡང་བཤད་པ་ནི། ཇི༷་ལྟ༷ར་ན་ཁ་དོག་མི༷་སྡུ༷ག་པའི་མེ་ཏོག་པད༷་མ༷་རྣམས་ཁ་ཟུ༷མ་པ་ལ༷་ཡོད་པའི་བདེ༷་བ༷ར་གཤེ༷གས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༷་ནི༷་པད་མ་དེ༷འི༷་ཁོ༷ང་ན་གན༷ས་པར་ལྷ༷འི་མི༷ག་གི་མངོན་པར་ཤེས་པ་དང་ལྡན་པ་དག་གིས་དེ་མཐོ༷ང་ན༷ས་སྐུ་དེ་གསལ་བར་བྱ་བའི་ཆེད་དུ་སྒྲུབ་བྱེད་འད༷བ་མ༷འི་སྦུབས་རྣམས་ངེས་པར་གཅོ༷ད་ཅིང་སེལ་བར་བྱེ༷ད་པ་ལྟ༷ར་ཉོན་མོངས་པ་འདོད་ཆ༷གས་དང་ཞེ་སྡ༷ང་ལ་སོ༷གས་པ་གློ་བུར་གྱི་དྲི༷་མའི་སྦུ༷བས་མཐའ་ཡས་པ་རྣམས་ཀྱིས་བསྒྲི༷བས་པའི་རྫོ༷གས་པའི་སང༷ས་རྒྱས་ཀྱི་སྙི༷ང་པོ༷་ཆོས་ཀྱི་དབྱིངས་འགྲོ༷་བ་མཐའ་དག་ལ་ཡོད་པར་གཟི༷གས་ཏེ༷་དེ་མ་རྟོགས་པ་རྣམས་ལ་ཚད་མེད་པའི་ཐུ༷གས་རྗེ༷ས་ཐུ༷བ་པ༷འི་དབང་པོ་ཡང་སྐུའི་སྒྲུབ་བྱེད་པད་མའི་འདབ་མ་སེལ་བ་དེ༷་བཞི༷ན་དུ་སེམས་ཅན་རྣམས་ཀྱི་སྒྲི༷བ་པ༷་གློ་བུར་གྱི་དྲི་མ་ཉོན་མོངས་པ་དེ༷་ནི༷་ངེས་པར་འཇོ༷མས་པའི་ཆེད་དུ་འཕྲིན་ལས་འཇུག་པ༷ར་མཛ༷ད་དོ། །ཞེས་པའོ། །

སྦྲང་མ་ལ་སྦྲང་རྩི་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་ལའང༌། དཔེ་ནི། ཇི༷་ལྟ༷ར་ན་སྲོ༷ག་ཆ༷གས་སྦྲང་མའི་ཚོ༷གས་ཀྱིས་ཡོངས་སུ་བསྐོ༷ར་ཞིང་བསྲུང་བར་འགྱུར་བའི་སྦྲ༷ང་རྩི༷་རོ་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པ་ནི༷་སྐྱེ༷ས་བུ༷་སྦྲང་རྩི་བརྟག་པ་ལ་མཁ༷ས་པ༷་སྦྲང་རྩི་དེ༷་དོ༷ན་དུ་གཉེ༷ར་བ༷་ཡི༷ས། སྦྲང་མས་གཡོགས་པའི་དབུས་ན་ཡོད་པར་མཐོ༷ང་ན༷ས་དུ་བ་གཏོང་བ་ལ་སོགས་པའི་ཐ༷བས་རྣམ་པ་སྣ་ཚོགས་ཀྱི༷ས་སྦྲང་རྩི་དེ༷་ད༷ང་སྲོ༷ག་ཆ༷གས་སྦྲང་མའི་ཚོ༷གས་ཀུ༷ན་ན༷ས་ར༷བ་ཏུ༷་བྲ༷ལ་བ༷ར་བྱས་ཏེ། སྦྲང་རྩི་ཐོབ་པར་བྱེ༷ད་པ༷་ལྟར། ཞེས་པའོ། །

དེའི་དོན་ནི། དྲ༷ང་སྲོ༷ང་ཆེ༷ན་པོ༷་རྫོགས་པའི་སངས་རྒྱས་ཀྱིས་ཤེས་བྱའི་རྣམ་པ་ཀུ༷ན་མངོན་སུམ་དུ་མཁྱེ༷ན་པ་སངས་རྒྱས་ཀྱི་སྤྱ༷ན་གྱི༷ས་དེ་བཞིན་གཤེགས་པའི་ཁ༷མས་སོ་སོ་རང་གིས་རི༷ག་པར་བྱ་བའི་ཡེ་ཤེས་སྦྲ༷ང་རྩི༷་ད༷ང་འདྲ༷་བ་འདི༷་ཐམས་ཅད་ལ་ཁྱབ་པར་གཟི༷གས་ན༷ས་དབྱིངས་དེ༷འི༷་སྒྲི༷བ་པ༷་གློ་བུར་གྱི་དྲི་མ་སྦྲ༷ང་མ༷་དང༷་འདྲ༷་བ༷་རྣམས་ས་བོན་དང་བཅས་པ་གཏ༷ན་ན༷ས་ར༷བ་ཏུ༷་སྤོ༷ང་བའི་ལམ་སྟོན་ཞིང་ཆོས་ཀྱི་སྐུ་མངོན་སུམ་དུ་འགྱུར་བ༷ར་མཛ༷ད་པ༷་ཡི༷ན་ནོ། །ཞེས་པའོ། །

སླར་ཡང་བཤད་པ་ནི། ཇི༷་ལྟ༷ར་ན་སྦྲ༷ང་རྩི༷་ཕུན་སུམ་ཚོགས་པ་སྲོ༷ག་ཆ༷གས་སྦྲང་མ་བྱེ༷་བ༷་ཁྲ༷ག་ཁྲི༷ག་སྟོ༷ང་ཕྲག་མང་པོས་བསྒྲི༷བས་པ་ཞིག་སྦྲ༷ང་རྩི༷་དོ༷ན་དུ་གཉེ༷ར་བའི་མི༷ས་མཐོང་ནས་ཕྱི་རོལ་གྱི་སྦྲ༷ང་མ༷་དེ༷་ད༷ག་ཐབས་སྣ་ཚོགས་ཀྱིས་བས༷ལ་ཏེ༷། རང་ཇི༷་ལྟ༷ར་འདོ༷ད་པ༷་བཞི༷ན་དུ༷་སྨན་དང་ཟ་བ་ལ་སོགས་པ་སྦྲ༷ང་རྩི༷འི་བྱ༷་བ་བྱེ༷ད་པ༷་དེ༷་བཞི༷ན་དུ་ལུ༷ས་ཅ༷ན་རྣ༷༷མས་ཀྱི༷་སེམས་ཀྱི་རང་བཞིན་ཟ༷ག་པ༷་མེ༷ད་པ༷འི་ཡེ་ཤེ༷ས་དེ་བཞིན་གཤེགས་པ༷འི་སྙིང་པོ་ནི་སྦྲ༷ང་མ༷འི་རྩི༷་ད༷ང་འདྲ༷་ལ། གློ་བུར་གྱི་དྲི་མ་ཉོ༷ན་མོ༷ངས་པ་སྦྲ༷ང་མ༷་ད༷ང་འདྲ༷་བ་དེ༷་རྣམས་འཇོ༷མས་ཤིང་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་པ༷འི་ཐབས་ལ༷་མཁ༷ས་པ༷་རྒྱ༷ལ་བ༷་རྫོགས་པའི་སངས་རྒྱས་ནི་སྦྲང་རྩི་ལེན་པའི་སྐྱེ༷ས་བུ༷་ཇི་ལྟ་བ་བཞི༷ན། ཞེས་པའོ། །

སྦུན་པ་ལ་སྙིང་པོ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི།

ཇི༷་ལྟ༷ར་ན་ཕྱིའི་སྦུ༷ན་པ་དང་ལྡ༷ན་པའི་སཱ་ལུ་ལ་སོགས་པ་འབྲུ༷འི༷་སྙི༷ང་པོ༷་ནི༷་ཇི་སྲིད་དུ་སྦུན་པ་ལས་མ་གྲོལ་བ་དེ་སྲིད་དུ་མི༷་རྣ༷མས་ཀྱི༷ས་ནི༷་ཡོངས་སུ་ལོངས་སྤྱ༷ད་པར་བྱ༷་བའི་དངོས་པོ་བཟང་པོར༷་མི༷་འགྱུ༷ར་ཞིང་སྦུན་པ་དང་བྲལ་ན་བཟའ་བ༷་ལ་སོགས་པའི་མཆོག་ཏུ་འགྱུར་བས་ན། ལོངས་སྤྱད་པར་བྱ་བ་ཟ༷ས་དང་སྐོམ་ལ་སོ༷གས་པ་དོ༷ན་དུ༷་གཉེ༷ར་བ༷འི་མི་ག༷ང་ཡི༷ན་པ༷་དེ༷་ད༷ག་གི༷ས་ནི༷་ཕྱི་རོལ་སྦུ༷ན་པའི་ནང་ན༷ས་འབྲུའི་སྙིང་པོ་དེ༷་འབྱི༷ན་པར་བྱེད་པ་ལྟ༷ར། ཞེས་པའོ། །

དེའི་དོན་ནི། དེ༷་བཞི༷ན་དུ་སེ༷མས་ཅ༷ན་རྣ༷མས་ཀྱི༷་ཉོ༷ན་མོ༷ངས་ཀྱི༷་དྲི༷་མ༷་གློ་བུར་བ་རྣམས་ད༷ང་འདྲེ༷ས་པ་རྒྱ༷ལ་བ༷་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་པའང༷་ཇི༷་སྲི༷ད་དུ༷་སྒྲིབ་པ་ཉོ༷ན་མོ༷ངས་པའི་དྲི༷་མ༷་དང་འདྲེ༷ས་པ་ལ༷ས་མ༷་གྲོ༷ལ་བ༷་དེ༷་སྲི༷ད་དུ། རྒྱ༷ལ་བ་དེ་བཞིན་གཤེགས་པའི་མཛ༷ད་པ་འཕྲིན་ལས་མཐའ་ཡས་པ་རྣམས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲི༷ད་པ་གསུ༷མ་དུ༷་སྟོན་པར་མི༷་བྱེ༷ད་ཅིང་སྒྲིབ་པ་དང་བྲལ་བ་ལས་ནི་སངས་རྒྱས་ཀྱི་འཕྲིན་ལས་ཀྱང་སྤྲོ་བ་ཉིད་དོ། །ཞེས་པའོ། །

སླར་ཡང་བཤད་པ་ནི། ཇི༷་ལྟ༷ར་ན། འབྲུའི་གྲ༷་མ༷་དང་བཅས་པའི་འབྲས་སཱ༷་ལུ༷་དང་བྲ༷་བོ༷་ན༷ས་འབྲ༷ས་ལ་སོགས་པ་རྣམས་རང་རང་གི་སྦུ༷ན་པ་ལ༷ས་ནི་མ༷་བྱུ༷ང་ཞིང་ལོངས་སྤྱད་དུ་རུང་བར་ལེ༷གས་པ༷ར་མ༷་བསྒྲུ༷བས་པའི་སྙིང་པོ་རྣམས་ནི་མི༷་རྣ༷མས་ཀྱི༷ས་ནི༷་ལོངས་སྤྱ༷ད་པར་བྱ༷་བའི་བཟ༷འ་བ༷་ལ་སོགས་པ་རོ་ཞི༷མ་པོ༷་དང་ལྡན་པའི་དངོས་པོར༷་མི༷་འགྱུ༷ར་བ་ལྟ༷ར། དེ༷་བཞི༷ན་དུ་སེ༷མས་ཅ༷ན་རྣམས་ཀྱི་རང་བཞིན་དུ་ཁྱབ་པར༷་ཡོ༷ད་པ་ཆོ༷ས་ཐམས་ཅད་ཀྱི༷་དབ༷ང་ཕྱུ༷ག་དེ་བཞིན་གཤེགས་པའི་སྙིང་པོ་ཉོ༷ན་མོ༷ངས་པའི་སྦུ༷ན་པ་དང་འདྲ་བ་ལ༷ས་མ༷་གྲོ༷ལ་ལུ༷ས་སམ་སྐུ་ཡང་ཉོ༷ན་མོ༷ངས་པ་བཀྲེ༷ས་པ་དང་འདྲ་བའི་གདུང་བ་མཐའ་ཡས་པ༷་ཡིས༷་ཉེ༷ན་ཅིང་གདུངས་པ༷འི་འགྲོ༷་བ་རྣམས་ལ༷་དམ་པའི་ཆོ༷ས་ཀྱི༷་དག༷འ་བ་དང༌། བདེ་བ༷འི་རོ༷་ཆེན་པོ་སྟེ༷ར་བར་འགྱུ༷ར་བ༷་མི༷ན་ལ། ཉོན་མོངས་པ་སྤངས་པ་ལས་ནི་ཆོས་རྒྱ་ཆེན་པོ་སྟོན་པ་ཉིད་དོ། །ཞེས་པའོ། །

མི་གཙང་བ་ལ་གསེར་སྦྲམ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི།

ཇི༷་ལྟ༷ར་ན་ཕན་ཚུན་ལམ་སྲང་དུ་རབ༷་ཏུ༷་རྒྱུ༷་ཞིང་འགྲོ་བའི་ཚེ༷་མི༷༷འི༷་སྐྱེས་བུ་འགའ་ཞིག་གིས་ནོར་གྱི་དངོས་པོ་གསེ༷ར་སྦྲམ་ཆེན་པོ་ཞིག་ཡོད་ལ། བརྗེད་ངས་པ་ལ་སོགས་པའི་དབང་གིས་མི་གཙང་བའི་ལྗ༷ན་ལྗི༷ན་རུ༷ལ་པ་མང་པོས་གང་བ༷འི་གན༷ས་སུ༷་ལྷུ༷ང་ཞིང་སྟོར་བར་གྱུ༷ར་པ༷་ལས་རང་བཞིན་གཞན་དུ་མི་འགྱུར་བས་མི༷་འཇི༷ག་པའི་ཆོ༷ས་ཅ༷ན་གྱི་གསེར་བཟང་པོ་དེ༷་ནི༷་གནས་དེ༷ར་སྔ་མ་ཇི་ལྟ་བ་དེ༷་བཞི༷ན་དུ། ལོ༷་བརྒྱ༷་ཕྲག་མ༷ང་པོ༷་དག༷་ཏུ༷་གན༷ས་པ༷་ན་རེ་ཤིག་ལྷ༷འི་མི༷ག་རྣ༷མ་པར་ད༷ག་པ་ད༷ང་ལྡ༷ན་པའི་ལྷ༷་ཡི༷ས་གནས་དེ༷ར་ནི་གསེར་དེ་ཡོད་པ་མཐོ༷ང་ན༷ས་ཕན་པའི་བསམ་པས་མི༷་འགའ་ཞིག་ལ༷་མི་གཙང་བའི་གནས་འདི༷་ན༷་ཡོ༷ད་པ༷འི་གསེ༷ར་བཟང་པོ་རི༷ན་ཆེ༷ན་གྱི་མཆོ༷ག་ཏུ་གྱུར་པ་འདི༷་ལོངས་ལ་ཕྱི་རོལ་གྱི་འདམ་རྫབ་རྣམས་རྣམ་པར་སྦྱ༷ངས་ཏེ༷་རི༷ན་ཆེ༷ན་གྱི༷ས་བསྒྲུ༷བ་པ༷ར་བྱ༷་བ༷་སྐུ་གཟུགས་དང་རྒྱན་ལ་སོགས་པ་རྣམས་ཇི་ལྟར་འདོད་པ་བཞིན་དུ་གྱི༷ས་ཤིག་ཅེ༷ས་སྨྲ༷་བ༷་ལྟ༷ར། ཞེས་པའོ། །

དེའི་དོན་ནི། དེ༷་བཞི༷ན་དུ་རྒྱལ་བའི་དབང་པོ་ཐུ༷བ་པ༷ས་ཀྱང་མི༷་གཙ༷ང་བ་ད༷ང་འདྲ༷་བའི༷་གློ་བུར་གྱི་དྲི་མ་ཉོ༷ན་མོ༷ངས་པ་རྣམས་སུ༷་བྱི༷ང་བའི་སེ༷མས་ཅ༷ན་རྣམས་ལ་ཡོད་པའི་ཡོ༷ན་ཏ༷ན་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་གསེར་བཟང་པོ་ལྟ་བུ་ནི༷་ཐམས་ཅད་ལ་ཁྱབ་པར་གཟི༷གས་ན༷ས་ཉོན་མོ༷ངས་པ་འད༷མ་རྫབ་དང་འདྲ་བ་དེ༷་རྣམས་ད༷ག་པར་བྱ༷་བའི༷་ཕྱི༷ར་དུ་གདུལ་བྱར་གྱུར་པའི་སྐྱེ༷་དགུ༷་རྣ༷མས་ལ༷་ད༷མ་པའི་ཆོ༷ས་ཆུ༷འི་ཆ༷ར་པ་དང་འདྲ་བ་རབ་ཏུ་འབེ༷བས་ཤིང་སྟོན་པར་མཛད་དོ། །ཞེས་པའོ། །

སླར་ཡང་བཤད་པ་ནི། ཇི༷་ལྟ༷ར་ན་མི་གཙང་བའི་ལྗ༷ན་ལྗི༷ན་རུ༷ལ་བ༷འི་ན༷ང་དུ༷་ལྷུ༷ང་ཞིང་སྟོར་བ༷འི་གསེ༷ར་བཟང་པོ་ནི༷་དུས་ཕྱིས་ལྷ༷་ཡི༷ས་མཐོ༷ང་བར་གྱུ༷ར་པས་མི་གཙང་བའི་འདམ་དེ་ཀུ༷ན་ཏུ༷་ད༷ག་པ༷ར་བྱ༷་བའི་ཕྱི༷ར་མཐོང་ནས་མཆོ༷ག་ཏུ༷་མཛེ༷ས་པ༷འི་གསེར་དེ་མི༷་ལ༷་ན༷ན་གྱི༷ས་སྟོ༷ན་པ༷་ལྟ༷ར། དེ༷་བཞི༷ན་དུ་རྫོགས་པའི་སངས་རྒྱས་རྒྱ༷ལ་བ༷ས་ཀྱང་ཉོ༷ན་མོ༷ངས་པ་མི༷་གཙ༷ང་བའི་འདམ་རྫབ་ཆེ༷ན་པོ་དང་འདྲ་བ་མང་པོ༷ར་ལྷུ༷ང་བར་གྱུ༷ར་པ་རྫོ༷གས་པའི་སང༷ས་རྒྱས་ཀྱི་སྙིང་པོ་དེ་བཞིན་ཉིད་རི༷ན་པོ༷་ཆེ༷་དང་འདྲ་བ་སེ༷མས་ཅ༷ན་རྣ༷མས་ལ༷་ཁྱབ་པར་གཟི༷གས་ན༷ས་དབྱིངས་དེ༷འི་གློ་བུར་གྱི་དྲི་མ་ཉོན་མོངས་པ་རྣམས་ད༷ག་པར་བྱ༷་བའི་ཕྱི༷ར་གདུལ་བྱར་གྱུར་པའི་ལུ༷ས་ཅ༷ན་རྣ༷མས་ལ༷་སྐལ་བ་དང་འཚམས་པར་དམ་པའི་ཆོ༷ས་སྟོ༷ན་པར་མཛད་དོ༷། །ཞེས་པའོ། །

ས་གཞི་ལ་གཏེར་ཆེན་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི།

ཇི༷་ལྟ༷ར་ན་བཀྲེས་ཤིང་ཕོངས་པས་ཉེན་པའི་མི༷་དབུ༷ལ་པོ་འགའ་ཞིག་གི་རང་གི་ཁྱི༷མ་གྱི་ན༷ང་ས༷་མང་པོས་ནོན་པའི་འོ༷ག་ན༷་ཅི་འདོད་པའི་ལོངས་སྤྱོད་མི༷་ཟ༷ད་པ་དང་ལྡན་པ༷འི༷་རིན་པོ་ཆེའི་གཏེ༷ར་ཆེན་པོ་ནི༷་ཡོ༷ད་པར་གྱུ༷ར་ལ༷། དེ་ལྟ་ནའང་མི༷་དབུལ་པོ་དེ༷ས་གཏེར་ཆེན་པོ་དེ༷་རང་གི་ཁང་པ་ན་ཡོད་པར་མི༷་ཤེ༷ས་ཏེ༷། གཏེ༷ར་དེ༷་ཡ༷ང་མི་དེ༷་ལ༷་ང༷་ས་འོག་འདི༷ར་ཡོ༷ད་ཀྱིས་ཐོན་ལ་ཅི་དགའ་བར་སྤྱོད་ཅིག་ཅེ༷ས་མི༷་སྨྲ༷་བས་རིན་པོ་ཆེའི་གཏེར་ཡོད་བཞིན་དུ་དབུལ་བའི་སྡུག་བསྔལ་མྱོང་བ་ལྟ༷ར། ཞེས་པའོ། །

དེའི་དོན་ནི། དེ༷་བཞི༷ན་དུ་སེམས་ཅན་རྣམས་ཀྱི་ཡི༷ད་ཀྱི༷་ན༷ང་དུ་ཆུ༷ད་པར་འགྱུར་བའི་རི༷ན་ཆེ༷ན་གྱི་གཏེ༷ར་ལྟ་བུ་རང་བཞིན་གྱིས་རྣམ་པར་དག་ཅིང་དྲི༷་མ་མེ༷ད་པས་དོན་དམ་པའི་ཡོན་ཏན་གསར་དུ་བཞ༷ག་པར་བྱ་བ་ད༷ང༌། སྐྱོན་སྔར་ཡོད་བས༷ལ་བར་བྱ་བ་མེ༷ད་པའི་ཆོ༷ས་ཉི༷ད་རང་བཞིན་དུ་གནས་པའི་རིགས་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱ༷ང་གློ་བུར་གྱི་དྲི་མས་བསྒྲིབས་པའི་ཕྱིར་རང་གི་རང་བཞིན་དུ་ཡོད་པར་མ༷་རྟོ༷གས་པ༷ས་ན༷། ཟག་པ་མེད་པའི་ཡོན་ཏན་གྱི་འབྱོར་པས་དབུ༷ལ་བ༷་སྲིད་པའི༷་སྡུ༷ག་བསྔ༷ལ་ནི༷་རྣ༷མ་པ་མ༷ང་པོ་མཐའ་ཡས་པ་རྣམས་སུ་དུས་རྒྱུ༷ན་མི་འཆད་པ་ཉིད་དུ༷་སྐྱེ༷་དགུ༷་མང་པོ་འདི༷ས་ཉམས་སུ་མྱོ༷ང་ངོ༷༌། །ཞེས་པའོ། །

སླར་ཡང་བཤད་པ་ནི། ཇི༷་ལྟ༷ར་ན་མི་དབུ༷ལ་པོ༷འི་ཁྱི༷མ་གྱི་ན༷ང་སའི་འོག་ཏུ༷་ནི༷་རི༷ན་ཆེ༷ན་ཟད་མི་ཤེས་པའི་གཏེ༷ར་ཆེན་པོ་ཆུ༷ད་པར་གྱུ༷ར་པ༷་ལས་མི༷་དབུལ་པོ་དེ་ལ༷་ནི༷་རི༷ན་ཆེ༷ན་གྱི་གཏེ༷ར་གྱིས་ཀྱང་བད༷ག་འདི་ན་ཡོ༷ད་ཅེ༷ས་རྗོ༷ད་པ༷ར་མི༷་བྱེ༷ད་ཅིང་གཏེར་དེ༷་ནི༷་རང་གི་ཁྱིམ་ན་ཡོད་པར་མི༷་དེ་ཡི༷ས་ཀྱང་ཤེ༷ས་པ་མི༷ན་པས་དབུལ་བའི་སྡུག་བསྔལ་ལས་མི་ཐར་བ་ལྟ༷ར། དེ༷་བཞི༷ན་དུ་ཟག་པ་མེད་པའི་ཡོན་ཏན་མཐའ་ཡས་པ་དང་ལྡན་པའི་ཆོ༷ས་ཀྱི་དབྱིངས་ཀྱི་གཏེ༷ར་རང་གི་ཡི༷ད་ཀྱི༷་ཁྱི༷མ་ན་གན༷ས་ཀྱང༌། དེ་ལྟར་མ་ཤེས་པའི་སེ༷མས་ཅ༷ན་རྣ༷མས་ནི༷་གཏེར་ཡོད་ཀྱང་མ་རྙེད་པའི་དབུ༷ལ་པོ༷་ལྟ༷་བུ༷་སྟེ༷་སྐྱེས་བུ་མཁས་པ་འགའ་ཞིག་གིས་གཏེར་འདོན་པའི་ཐབས་སློབ་པ་དང་འདྲ་བར་གདུལ་བྱར་གྱུར་པའི་སེམས་ཅན་དེ༷་ད༷ག་རྣ༷མས་ཀྱི༷ས་ཆོས་ཀྱི་དབྱིངས་ཀྱི་གཏེར་དེ༷་གློ་བུར་གྱི་དྲི་མའི་ས་འོག་ནས་བཏོན་ནས་དག་པ་གཉིས་ལྡན་གྱི་ཆོས་སྐུ་མངོན་སུམ་དུ་ཐོ༷བ་པར་བྱ༷་བའི་ཕྱི༷ར་འཇི༷ག་རྟེ༷ན་གྱི་ཁམས་མཐའ་ཡས་པ་དག་ཏུ༷་ནི༷་དྲ༷ང་སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་ཡ༷ང་ད༷ག་པར་བལྟ༷མས་ནས་དམ་པའི་ཆོས་སྟོན་པར་མཛད་དོ། །ཞེས་པའོ། །

ཤུན་པ་ལ་མྱུ་གུ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི།

ཇི༷་ལྟ༷ར་ན། ཨ༷་མྲ༷་དང་ཏཱ་ལ་ལ༷་སོ༷གས་པའི་ཤི༷ང་གི་འབྲ༷ས་ཤུན་རྣམས་ཀྱི་ནང་ལ༷་ཡོ༷ད་པ༷འི་ས༷་བོ༷ན་རྐྱེན་དང་ཕྲད་ན་མྱུ༷་གུ༷་འབྱུང་ལ་གེགས་ཀྱིས་འཇི༷ག་པ་མེ༷ད་པའི་ཆོ༷ས་ཅན་རྣམས་ཀྱིས་ས༷་གཤིན་པོ་རྨོ༷ས་ལེགས་པ་དང་ཆུ༷་དུས་སུ་ཐོངས་པ་དང༌། ལུད་མང་བ་ལ་སོ༷གས་པ་མཐུན་པའི་རྐྱེན་རྣམས་དང་ལྡ༷ན་པ༷་ལས་ལྗོ༷ན་ཤི༷ང་གི༷་རྒྱལ༷་པོ༷། ཕུན་སུམ་ཚོགས་པའི༷་དངོ༷ས་པོ༷་དང་ལྡན་པའི་དངོས་པོར་རི༷མ་གྱི༷ས་འགྲུ༷བ་པ༷་ལྟ༷ར། ཞེས་པའོ། །

དེའི་དོན་ནི། སེ༷མས་ཅ༷ན་རྣ༷མས་ཀྱི༷་མ༷་རི༷ག་པ་ལ་སོ༷གས་པའི་ཉོན་མོངས་པ་གློ་བུར་གྱི་དྲི་མ་འབྲ༷ས་ཤུན་གྱི༷་པ༷གས་པའི་སྦུ༷བས་དང་འདྲ་བའི་ན༷ང་དུ་ཆུ༷ད་པའི་ཆོ༷ས་ཀྱི་དབྱིངས་སམ་ཁ༷མས་དགེ༷་བ༷་དེ་བཞིན་གཤེགས་པའི་སྙིང་པོ་ཡ༷ང་རྐྱེན་ཚང་བ་ལས་ལྗོན་ཤིང་རིམ་གྱིས་གྲུབ་པ་དེ༷་བཞི༷ན་དུ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་འགྲུབ་པའི་དགེ༷་བ༷་དེ༷་དང་དེ༷་ལ༷་དེ་བརྟེ༷ན་ན༷ས་ས་དང་ལམ་རྣམས་རི༷མ་གྱི༷ས་བགྲོད་དེ་ཐུ༷བ་པ༷འི་རྒྱ༷ལ་པོ༷་རྫོགས་པའི༷་སངས་རྒྱས་ཀྱི་དངོ༷ས་པོ༷ར་འགྱུ༷ར། ཞེས་པའོ། །

སླར་ཡང་བཤད་པ་ནི། དཔེར་ན། རླན་པར་བྱེད་པ་ཆུ༷་ད༷ང༌། སྨིན་པར་བྱེད་པ་ཉི༷་མ༷འི་འོ༷ད་ད༷ང༌། མི་འདྲུལ་བར་བྱེད་པ་རླུ༷ང་ད༷ང༌། འཛིན་པར་བྱེད་པ་ས༷་དང༌། སོས་ཀ་ལ་སོགས་དྲོ་བའི་དུ༷ས་དང༌། གོ་སྐབས་འབྱེད་པ་ན༷མ་མཁ༷འ་ལ་སོགས་པའི་རྐྱེ༷ན་རྣ༷མས་ཀྱི༷ས་ཏཱ༷་ལ༷་ད༷ང་ནི༷་ཨ༷་མྲ༷་ལ་སོགས་པའི་འབྲ༷ས་ཤུན་གྱི་སྦུ༷བས་ཀྱི་གསེ༷བ་ན༷ས་འབྲས་བུ་ཤི༷ང་གི་དངོས་པོར་རིམ་གྱིས་སྐྱེ༷་བ་ཇི༷་ལྟ༷་བ༷ར་སེ༷མས་ཅ༷ན་རྣམས་ཀྱི་ཉོ༷ན་མོ༷ངས་པ་གློ་བུར་བ་འབྲ༷ས་ཤུན་གྱི་པ༷གས་པ་དང་འདྲ་བའི་ན༷ང་དུ་ཆུ༷ད་པའི་རྫོ༷གས་པའི་སང༷ས་རྒྱས་ཀྱི་སྙིང་པོ་ས༷་བོ༷ན་གྱི་མྱུ༷་གུ༷་དང་འདྲ་བ་ཡ༷ང་རྐྱེན་ཚོགས་པ་ལས་ཤིང་སྐྱེ་བ་དེ༷་བཞི༷ན་དུ་ཐར་པའི་རྒྱུར་གྱུར་པའི་ཚོགས་གཉིས་ཀྱི་དགེ༷་བའི་རྐྱེ༷ན་དེ༷་ད༷ང་དེ༷་ལ༷ས་ཆོ༷ས་ཀྱི་དབྱིངས་མངོན་སུམ་དུ་མཐོ༷ང་བ་རིམ་གྱིས་འཕེ༷ལ་ནས་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པ༷ར་འགྱུ༷ར་བ༷་ཡི༷ན་ནོ། །ཞེས་པའོ། །

གོས་རུལ་ལ་སྐུ་གཟུགས་ལྟར་སེམས་ཅན་ལ་ཆོས་ཀྱི་དབྱིངས་གནས་ཚུལ་གྱི་དཔེ་ནི།

ཇི༷་ལྟ༷ར་ན་རི༷ན་ཆེ༷ན་སྣ་ཚོགས་ལ༷ས་བྱ༷ས་པའི་རྒྱ༷ལ་བ༷་དེ་བཞིན་གཤེགས་པའི༷་སྐུ་གཟུ༷གས་མཆོག་ཏུ་གྱུར་པ་ཞིག་གོ༷ས་རུ༷ལ་བའི་དྲི༷་མ་ང༷ན་པ་རྣམས་ཀྱི༷ས་ནི༷་བསྟུ༷མས་པར་གྱུ༷ར་པ༷་དེ་ལ༷མ་གྱི་བཞི་མདོར་གན༷ས་ཀྱང་མི་རྣམས་ཀྱིས་མ་མཐོང་བ་ལས་རེ་ཤིག་གཅིག་ན་ལྷ༷་ཡི༷ས་དེ་མཐོ༷ང་བར་གྱུར་ན༷ས་སྒྲིབ་བྱེད་ངན་པ་དེ་ལས་གྲོ༷ལ་བར་བྱ༷་བའི༷་ཕྱི༷ར་དུ་ལ༷མ་གྱི་དབུས་ན་གན༷ས་པའི་སྐུ་གཟུགས་ཀྱི་དོ༷ན་དེ༷་མི་དེ༷་དག་ལ༷་སྨྲ༷་ཞིང་སྟོན་པར་བྱེད་པ༷་ལྟ༷ར། ཞེས་པའོ། །

དེའི་དོན་ནི། ཤེས་བྱ་ཐམས་ཅད་ལ་ཐོ༷གས་པ་མེ༷ད་པར་གཟིགས་པ་སངས་རྒྱས་ཡེ་ཤེས་ཀྱི་སྤྱ༷ན་མང༷འ་བས་ཀྱང་འདོད་ཆགས་ལ་སོགས་པ་རྣ༷མ་པ༷་སྣ༷་ཚོ༷གས་ཀྱི༷ས་ཉོ༷ན་མོ༷ངས་པ་གློ་བུར་བ་རྣམས་ཀྱི༷ས་བསྟུ༷མས་པའི་བདེ༷་བར་གཤེ༷གས་པའི་སྙིང་པོའི་དངོ༷ས་པོ༷་ཉི༷ད་ནི། ཐ་ན་བཤང་བའི་སྲིན་བུ་ལ་སོགས་པ་དུ༷ད་འགྲོ༷ར་གྱུར་པ་རྣམས་ལ༷་ཡ༷ང་ཁྱབ་པར་གཟི༷གས་ན༷ས་སྐུ་གཟུགས་ཀྱི་སྒྲིབ་བྱེད་སེལ་བ་དེ༷་བཞི༷ན་དུ་ཆོས་ཀྱི་དབྱིངས་དེ༷་གློ་བུར་གྱི་དྲི་མ་ལས་ཐ༷ར་བ༷ར་བྱ༷་བ༷འི་དོ༷ན་དུ༷། ལམ་ཉམས་སུ་ལེན་པའི་ཐ༷བས་དམ་པའི་ཆོས་ཀྱི་སྒོ་མཐའ་ཡས་པ་རྣམས་སྟོ༷ན་པར་མཛ༷ད་དོ། །ཞེས་པའོ། །

སླར་ཡང་བཤད་པ་ནི། ཇི༷་ལྟ༷ར་ན་རི༷ན་ཆེ༷ན་གྱི་ར༷ང་བཞི༷ན་ལས་གྲུབ་པའི་དེ༷་བཞི༷ན་གཤེ༷གས་པའི་སྐུ༷་གཟུགས་མཛེས་པ་ཞིག་དྲི༷་མ་ང༷ན་པ་ཅན་གྱི་གོ༷ས་རུལ་བ་རྣམས་ཀྱིས་བསྟུ༷མས་པར་གྱུར་པ༷་ལ༷མ་གྱི་བཞི་མདོ་དག་ན་གན༷ས་པ་ལས་ལྷ༷འི༷་མི༷ག་རྣམ་པར་དག་པ་དང་ལྡན་པའི་ལྷ་འགའ་ཞིག་གི༷ས་དེ་མཐོ༷ང་ན༷ས་སྒྲིབ་བྱེད་ངན་པ་དེ་ལས་ཐ༷ར་བར་བྱ་བའི་ཕྱི༷ར་དུ་མི༷་རྣམས་ལ༷་གསལ་བར་སྟོ༷ན་པ༷་ལྟ༷ར། དེ༷་བཞི༷ན་དུ་ཉོ༷ན་མོ༷ངས་པ་གོ༷ས་རུ༷ལ་བ་དང་འདྲ་བའི་སྒྲིབ་པ་རྣམས་ཀྱི༷ས་བསྟུ༷མས་ཤིང་སྲིད་པ་འཁོ༷ར་བ༷འི་ལ༷མ་ན༷་གན༷ས་པ༷འི་ཁ༷མས་དེ་བཞིན་གཤེགས་པའི་སྙིང་པོ་ནི། ཐ་ན་དུ༷ད་འགྲོ༷་ལ༷་སོགས་པ་དམན་པ་རྣམས་ལའ༷ང་ཡོད་པར་གཟི༷གས་ན༷ས་གློ་བུར་གྱི་དྲི་མ་ལས་ཐ༷ར་བ༷ར་བྱ༷་བའི་ཕྱི༷ར་དུ་རྒྱ༷ལ་བ༷་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་སྐལ་བ་དང་མཐུན་པར་དམ་པའི་ཆོ༷ས་སྟོ༷ན་པར་མཛད་དོ༷། །ཞེས་པའོ། །

བུད་མེད་ལ་རྒྱལ་པོ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི།

ཇི༷་ལྟ༷ར་ན་མི༷་མོ༷་གཟུ༷གས་བྱད་ང༷ན་ཞིང་མགོ༷ན་དང་སྐྱབས་མེ༷ད་པ་འག༷འ་ཞིག་མགོ༷ན་མེ༷ད་པ་རྣམས་ཀྱི་འདུ༷ག་གན༷ས་མགྲོན་ཁང་དང་བཞི་མདོ་ལ་སོགས་པ་རྣམས་སུ༷་ནི༷་འདུ༷ག་པར་གྱུ༷ར་ལ༷་རང་གི་མང༷ལ་གྱི༷་འཁོར་ལོས་སྒྱུར་བའི་རྒྱ༷ལ་པོ༷འི་དཔ༷ལ་དང་ལྡན་པར་གྱུར་པའི་ཁྱེའུ་མཚན་དང་ལྡན་པ་ནི༷་འཛི༷ན་པར་བྱེ༷ད་པ༷ས་ཀྱང་མངལ་སྦུབས་ཀྱིས་བསྒྲིབས་པའི་ཕྱིར་ར༷ང་ཉིད་ཀྱི་ལྟོ༷་བ་ན༷་ཡོ༷ད་པའི་སེམས་ཅན་དེ་མི༷འི་བད༷ག་ཡིན་པར་མི༷་ཤེ༷ས་པས་གཞན་གྱིས་བརྙས་པ་ལ་སོགས་པའི་འཇིགས་པ་དང་བཅས་ཤིང་སྡུག་བསྔལ་བར་གྱུར་པ་ལྟ༷ར། ཞེས་པའོ། །

དེའི་དོན་ནི། སྲི༷ད་པ་འཁོར་བའི་གནས་རྣམ་པ་སྣ་ཚོགས་པ༷ར་སྐྱེ༷་བ༷་རྣམས་སྡུག་བསྔལ་དང་བཅས་པའི་ཕྱིར། མགོ༷ན་དང་སྐྱབས་མེ༷ད་པའི་ཁྱི༷མ་ན་གནས་པ་ཇི་ལྟ་བ་བཞི༷ན་ཏེ༷་གློ་བུར་གྱི་ཉོན་མོངས་པ་མ༷་ད༷ག་པའི་སེ༷མས་ཅ༷ན་རྣམས་ནི་མགོན་སྐྱབས་ཡོད་ཀྱང་མ་ཤེས་པའི་ཕྱིར། མང༷ལ་ན་རྒྱལ་པོ་དང་ལྡ༷ན་པའི་ཕྱིར་བུ༷ད་མེ༷ད་ཇི་ལྟ་བ་བཞི༷ན་ཡིན་ཞིང༌། བུད་མེད་དེ༷་ལ༷་རྒྱལ་པོ་ག༷ང་ཞི༷ག་ཡོ༷ད་པ༷ས་མགོ༷ན་དང་བཅ༷ས་པར་འགྱུར་བ་ལྟར། སེམས་ཅན་དེ་ལ་ཆོས་ཉིད་གང་ཞིག་ཡོད་པས་མགོན་གྱི་མཆོག་དང་བཅས་པར་གྱུར་པ༷་རང་བཞིན་གྱིས་རྣམ་པར་དག་ཅིང་དྲི༷་མ་མེ༷ད་པའི་ཁ༷མས་དེ་བཞིན་གཤེགས་པའི་སྙིང་པོ་ནི༷་མངོན་སུམ་དུ་གྱུར་པས་ན་འཇིགས་པ་ཐམས་ཅད་ལས་སྐྱོབ་པའི་ཕྱིར་བུད་མེད་དེ༷འི༷་མང༷ལ་ན་གན༷ས་པའི་རྒྱལ་པོ་ཇི་ལྟ་བ་བཞི༷ན་ནོ། །ཞེས་པའོ། །

སླར་ཡང་བཤད་པ་ནི། ཇི༷་ལྟ༷ར་ན་བུ༷ད་མེ༷ད་ལུ༷ས་ལ༷་དྲི༷་མ་དང་བཅ༷ས་པའི་གོ༷ས་རུལ་པ་གྱོ༷ན་ཅིང་ཁ་དོག་དང་དབྱིབས་ལ་སོགས་པ་མི༷་སྡུ༷ག་པའི་གཟུ༷གས་དང་ལྡ༷ན་པ༷་འགའ་ཞིག་ས༷འི་བད༷ག་པོར་གྱུར་པའི་ཁྱེའུ་མང༷ལ་གྱི་ནང་ན༷་གན༷ས་ཀྱ༷ང་དེ་མ་རྟོགས་པའི་ཕྱིར་མགོ༷ན་དང་སྐྱབས་མེ༷ད་པའི་ཁ༷ང་པ༷ར་གནས་ཏེ་གཞན་གྱིས་བརྙས་པ་ལ་སོགས་པའི་སྡུ༷ག་བསྔ༷ལ་མཆོ༷ག་ཏུ་མང་པོ་མྱོ༷ང་བ་ལྟ༷ར། དེ༷་བཞི༷ན་དུ་བད༷ག་ར༷ང་གི་ན༷ང་ན་སེམས་ཀྱི་རང་བཞིན་འོད་གསལ་དུ་གན༷ས་པའི་མགོ༷ན་སངས་རྒྱས་ཉིད་ཡོ༷ད་པར་གྱུ༷ར་ཀྱ༷ང་དེ་མ་རྟོགས་པའི་ཕྱིར་མགོ༷ན་དང་སྐྱབས་མེ༷ད་པའོ་སྙམ་པའི་བློ༷་དང་ལྡ༷ན་པ༷འི་འགྲོ༷་བ༷་རྣམས་ནི་ཉོ༷ན་མོ༷ངས་པ་གློ་བུར་པ་རྣམས་ཀྱི་དབ༷ང་གི༷ས་ཡི༷ད་རབ་ཏུ་མ༷་ཞི༷་བ༷ས་ལས་ཟག་པ་དང་བཅས་པ་སྤྱོད་ཅིང༌། དེའི་རྒྱུས་འཁོར་བར་འཇིགས་པ་ལ་སོགས་པའི་སྡུ༷ག་བསྔ༷ལ་མྱོང་བའི་གཞི༷་ལ༷་གན༷ས་པ་ཡིན་ནོ། །ཞེས་པའོ། །

ས་འདམ་ལ་གསེར་གཟུགས་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་ལའང༌།

དབྱིངས་ཀྱི་དྲི་མ་སྦྱོང་ཚུལ་རྒྱས་པར་བཤད་པ་ལ་གཉིས་ཏེ། མཚོན་པར་བྱེད་པའི་དཔེ་དང༌། དེས་མཚོན་པར་བྱ་བའི་དོན་ནོ། །དེ་ལ་དང་པོ་མཚོན་པར་བྱེད་པའི་དཔེ་ནི། ཇི༷་ལྟ༷ར་ན་ས་འདམ་གྱི་ན༷ང་གི༷་གསེ༷ར་ཞུ༷ན་མ་ལས་བྱས་པའི་གཟུ༷གས་བརྙན་ཚད་དང་མཚན་ཉིད་རྒྱ༷ས་ཤིང་མཛེས་པ༷། རང་གི་ངོ་བོ་དྲི་མ་ཉེ་བར་ཞི༷་བ༷ས་རྣམ་པར་དག་པ་ཡིན་ཡང་ཕྱི༷་རོ༷ལ་ནས་ལུགས་ཀྱི་ས༷་འདམ་ནག་པོས་གཡོགས་པའི༷་ར༷ང་བཞི༷ན་ཅ༷ན་དག་ཤེས་ལྡན་འགའ་ཞིག་གིས་མཐོ༷ང་ན༷ས། དེ༷་ལྟར་ཤེ༷ས་པ༷འི་སྐྱེ་བོ་ད༷ག་ན༷ང་གི༷་གསེ༷ར་བཟང་པོ་དེའི་དྲི་མ་སྦྱ༷ང་ཞིང་དག་པར་བྱ་བའི་ཕྱི༷ར་ཏུ་ཕྱི༷་རོ༷ལ་གྱི་ས་འདམ་ནག་པོ་ལ་སོགས་པའི་སྒྲི༷བ་པ༷་རྣམས་སེ༷ལ་བར་བྱེ༷ད་པ་ལ་ཐབས་སྣ་ཚོགས་བྱེད་པ་ལྟ༷ར། ཞེས་པའོ། །

དེས་མཚོན་པར་བྱ་བའི་དོན་ནི། སེམས་ཀྱི་ར༷ང་བཞི༷ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་གདོད་མ་ནས་འོ༷ད་གས༷ལ་ཞིང་རྣམ་པར་དག་པ་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དྲི༷་མ༷་རྣ༷མས་ཀྱ༷ང་ནི༷་སྤང་དུ་རུང་བའི་གློ༷་བུ༷ར་བ་ཡིན་པ༷ར་ནི༷་རྣ༷མ་པ༷ར་གཟི༷གས་པར་གྱུ༷ར་ན༷ས། རི༷ན་ཆེ༷ན་གསེར་བཟང་པོ་ལ་བྱས་པའི་གཟུགས་བརྙན་འབྱུ༷ང་བའི་གན༷ས་ས་འདམ་གྱིས་གཡོགས་པའི་གོང་བུ་ལྟ༷་བུ༷འི་སེ༷མས་ཅ༷ན་རྣ༷མས་ཆོས་ཀྱི་དབྱིངས་མཐོང་བའི་སྒྲི༷བ་པ༷་གློ་བུར་གྱི་དྲི་མ་ད༷ག་ལ༷ས་རྣམ་པར་སྦྱོ༷ང་བར་བྱེད་པའི་ཐབས་དམ་པའི་ཆོས་སྟོན་པར་མཛ༷ད་པ་ནི་བྱ༷ང་ཆུ༷བ་མཆོ༷ག་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །ཞེས་པའོ། །

སླར་ཡང་ལེགས་པར་སྦྱར་ཏེ་གསལ་བར་བྱ་བ་ནི། ཇི༷་ལྟ༷ར་ན་རང་བཞིན་གྱིས་དྲི༷་མ་མེ༷ད་ཅིང་རྣམ་པར་དག་པའི་གསེ༷ར་བཟང་པོ་འོད་རབ་ཏུ་འབ༷ར་བ་ལ༷ས་བྱ༷ས་ཤིང་ལུགས་གཏོང་བའི་དུས་ཀྱི་ས༷་འདམ་ནག་པོའི༷་ན༷ང་དུ༷་ཆུ༷ད་པར་གྱུ༷ར་པའི་གཟུ༷གས་བརྙན་གྱི་རང་གི་ངོ་བོ་དྲི་མ་ཉེ་བར་ཞི༷་བ་དེ༷འི་ར༷ང་བཞི༷ན་རིན་ཆེན་གྱི་གཟུགས་བརྙན་རྟོག་པ་ལ་མཁ༷ས་པའི་སྐྱེས་བུ་བློ་དང་ལྡན་པ༷ས་རི༷ག་ན༷ས་སྒྲིབ་བྱེད་ས༷་འདམ་ལ་སོགས་པའི་དྲི་མ་ད༷ག་རིམ་གྱིས་སེ༷ལ་བ༷ར་བྱེ༷ད་པའི་ཐབས་རྡེག་སྤྱད་དལ་བུས་བསྣུན་པ་ལ་སོགས་པ་བྱེད་པ༷་ལྟ༷ར། དེ༷་བཞི༷ན་དུ་ཤེས་བྱའི་རྣམ་པར་ཀུ༷ན་མངོན་སུམ་དུ་མཁྱེ༷ན་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་དྲི་མ་རང་བཞིན་གྱིས་ད༷ག་པ༷འི་གསེ༷ར་བཟང་པོའི་གཟུགས་བརྙན་དང་འདྲ༷་བར་ཉོན་མོངས་པ་གདོད་མ་ནས་ཞི༷་བ༷འི་ཡི༷ད་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ནི༷་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཉིད་དུ་མཁྱེ༷ན་པར་གྱུ༷ར་ན༷ས་རང་རང་གི་སྐལ་བ་དང་མཐུན་པར་ཆོ༷ས་འཆ༷ད་པའི་ཚུ༷ལ་གྱི༷ས་ཐབས་ས་འདམ་སེལ་བའི་རྡེ༷ག་སྤྱ༷ད་དང་འདྲ་བ་སྒྲུ༷བ་པ༷ས་རང་བཞིན་མངོན་སུམ་དུ་འགྱུར་བའི་སྒྲི༷བ་པ༷་གློ་བུར་གྱི་དྲི་མ་ད༷ག་ནི༷་སེ༷ལ་བ༷ར་མཛ༷ད་པ་ཉིད་དོ། །ཞེས་པའོ། །

བསྡུས་ཏེ་ཐོག་མ་མེད་ཚུལ་བསྟན་པ་ནི།

པ༷དྨ༷་མདོག་ངན་པ་ཅན་དང་སྲོ༷ག་ཆ༷གས་བུ༷ང་བ༷་ད༷ང༌། འབྲུའི་སྦུ༷ན་པ༷་ད༷ང་ནི༷་མི༷་གཙ༷ང་བའི་འདམ་དང༌། ས༷་གཞི་དང༌། ཤིང་གི་འབྲ༷ས་ཤུ༷ན་དང༌། གོ༷ས་རུ༷ལ་དྲི་མ་ཅན་དང༌། བུ༷ད་མེད༷་ཀྱི༷་མང༷ལ་ད༷ང༌། ས༷་འདམ་ནག་པོའི༷་སྦུ༷བས་ན༷་ཡ༷ང་ཞེས་པ་རྣམས་དྲི་མ་མཚོན་པའི་དཔེ་ཡིན་ཞིང༌། མཚན་དཔེས་བརྒྱན་པའི་སང༷ས་རྒྱ༷ས་ཇི་ལྟ་བ་བཞིན་དང༌། རོ་བཅུད་དང་ལྡན་པའི་སྦྲ༷ང་རྩི༷་ཇི་ལྟ་བ་དང༌། འབྲས་ལ་སོགས་པའི་སྙི༷ང་པོ༷་ཇི་ལྟ་བ་བཞི༷ན་དང༌། གཞན་དུ་མི་འགྱུར་བའི་གསེ༷ར་སྦྲམ་ཇི་ལྟ་བ་བཞི༷ན་དང༌། ཟད་མི་ཤེས་པའི་གཏེ༷ར་ཆེན་པོ་ཇི་ལྟ་བ་བཞི༷ན་དང༌། འབྲས་བུ་དང་བཅས་པའི་ལྗོ༷ན་ཤིང་ཇི་ལྟ་བ༷་བཞི༷ན་དང༌། རི༷ན་ཆེ༷ན་གྱི་སྐུ༷་གཟུགས་མཛེས་པ་ཇི་ལྟ་བ་བཞིན་དང༷༌། འཁོ༷ར་ལོ༷་ཡི༷ས་དབང་བསྒྱུ༷ར་བའི་རྒྱལ་པོ་ཇི་ལྟ་བ༷་བཞི༷ན་ད༷ང༌། གསེ༷ར་བཟང་པོའི་གཟུ༷གས་བརྙན་ཇི་ལྟ་བ་བཞི༷ན་དུ་ཞེས་པ་རྣམས་སྙིང་པོ་མཚོན་པའི་དཔེ་ཡིན་ལ། དེ་དག་གིས་ཉེ་བར་མཚོན་པའི་དཔེ་ནི། སེ༷མས་ཅ༷ན་གྱི་ཁ༷མས་དེ་བཞིན་ཉིད་ཀྱི༷་སྒྲིབ་བྱེད་ཉོ༷ན་མོང༷ས་པའི་སྦུ༷བས་རྣམས་ནི་རང་བཞིན་ལ་མ༷་འབྲེ༷ལ་པས་ན་གློ་བུར་པ་ཡིན་ཡང་ཆོས་ཀྱི་དབྱིངས་དང་ལྷན་ཅིག་ཐོ༷ག་མ༷་མེ༷ད་པ༷་ནས། ཉེ་བར་གནས་པ་ཡང་ཡིན་ལ། དེ་རྣམས་གང་ན་ཡོད་པ་དེ་ན༷་སེམས་ཅན་གྱི་སེ༷མས་ཀྱི༷་ར༷ང་བཞི༷ན་དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ནས་དྲི༷་མ་མེ༷ད་པ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི༷་ཐོ༷ག་མ༷་མེ༷ད་པ༷་ནས་ཉེ་བར་གནས་པ་ཡི༷ན་པ༷ར་བརྗོ༷ད་དོ། །ཞེས་པའོ། །

དྲི་མ་དང་སྙིང་པོ་གཉིས་སོ་སོའི་ཆོས་མཐུན་སྦྱར་བ་ལ་གཉིས་ཏེ། གློ་བུར་དྲི་མ་ཁྱད་པར་དུ་མཚོན་ཚུལ། རང་བཞིན་ཆོས་དབྱིངས་ཁྱད་པར་དུ་མཚོན་ཚུལ་ལོ། །དྲི་མ་མཚོན་ཚུལ་ལ་བཞི་སྟེ། སྒྲིབ་བྱེད་དྲི་མའི་རྣམ་པར་དབྱེ་བ། དེས་འགྲོ་བའི་དབྱིངས་ལ་སྒྲིབ་ཚུལ། སོ་སོའི་དཔེ་དོན་རྒྱས་པར་སྦྱར་བ། སླར་ཡང་དེ་རྣམས་སྤྱིའི་དོན་བསྡུ་བའོ། །

དེ་ལ་སྒྲིབ་བྱེད་དྲི་མའི་དབྱེ་བ་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་སྒྲིབ་པར་བྱེད་པའི་གློ་བུར་གྱི་དྲི་མ་རྣམས་ནི། རིགས་ཀྱི་སྒོ་ནས་མདོར་བསྡུ་ན་རྣམ་པ་དགུ་སྟེ། དེ་ཡང་འཇིག་རྟེན་པའི་འདོད་ཆ༷གས་ད༷ང་བྲལ་བའི་རྒྱུ་ལ་ཡོད་པའི་མི་གཡོ་བའི་འདུ་བྱེད་ཀྱི་རྒྱུ་གཟུགས་དང་གཟུགས་མེད་པའི་ཁམས་སྒྲུབ་པར་བྱེད་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་འདོད་ཆགས་ཀྱི་བག་ལ་ཉལ་དང༌། ཞེ་སྡ༷ང་གི་བག་ལ་ཉལ་ད༷ང༌། རྨོ༷ངས་པ་གཏི་མུག་གི་བག་ལ་ཉལ་ཏེ་དེ་དག་གི་གནས་ངན་ལེན་ནམ། ས་བོན་གསུམ་པོ་རེ་རེར་བགྲངས་པ་ད༷ང༌། འདོད་ཆགས་ལ་སོགས་པ་དང་མ་བྲལ་བའི་རྒྱུད་ལ་ཡོད་པའི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་འདུ་བྱེད་ཀྱི་རྒྱུ་འདོད་པའི་ཁམས་འབའ་ཞིག་སྒྲུབ་པར་བྱེད་པ། མི་སྡུག་པ་ལ་སོགས་པ་སྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ༷འི་ཀུ༷ན་ནས་ལྡ༷ང་བ་དྲ༷ག་པོ་སྟེ། དུག་གསུམ་མངོན་གྱུར་རྣམས་གཅིག་ཏུ་བྱས་པ་ད༷ང༌། དགྲ་བཅོམ་པ་རྣམས་ཀྱི་རྒྱུད་ལ་ཡོད་པ་ཟག་པ་མེད་པའི་ལས་ལ་འཇུག་པའི་རྒྱུ། ཡིད་ཀྱི་རང་བཞིན་གྱི་ལུས་སྒྲུབ་པར་བྱེད་པ་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི་མ་རིག་བ༷ག་ཆ༷གས་ཀྱི་སས་བསྡུས་པ་ད༷ང༌། ཐུན་མོང་དུ་སོ་སོའི་སྐྱེ་བོ་སློབ་པའི་རྒྱུད་ལ་ཡོད་པའི་ཆོས་ཉིད་བདེན་པ་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི་མཐོ༷ང་བས་སྤང་བར་བྱ་བ་དང༌། འཕགས་པས་སློབ་པའི་རྒྱུད་ལ་ཡོད་པའི་ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་སྒོ༷མ་པའི་ལ༷མ་གྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི་སྒོམ་པས་སྤ༷ང་བར་བྱ་བ་དང༌། ཁྱད་པར་དུ་མཐར་ཕྱིན་པ་མ་ཡིན་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ་ས་དང་པོ་ནས་བདུན་པའི་བར་གྱི་མི་མཐུན་ཕྱོགས་དག་པ་ས་གསུམ་སྒོམ་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི་མ༷་ད༷ག་པའི་ས་ལ་བརྟེན་པའི་སྤང་བར་བྱ་བ་ད༷ང༌། མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པའི་དག་པ་ས་གསུམ་གྱི་མི་མཐུན་ཕྱོགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི་དག༷་པ༷འི་ས༷་ལ༷་བརྟེ༷ན་པ༷འི༷་སྤང་བར་བྱ་བ་རྣམས་སོ། །དེ་ལྟར་ན་རགས་པ་རྟོགས་སླ་བའི་དབང་དུ་བྱས་ནས་འདོད་ཆགས་ལ་སོགས་པའི་དྲི༷་མ༷་རྣ༷མ་དགུ༷་ནི་པ༷ད་མ༷འི༷་སྦུ༷བས་དང་སྦྲང་མ་ལ་སོ༷གས་པའི་དཔེ༷་རྣམ་པ་དགུ་པོ་ཡིས་གོ་རིམ་ཇི་ལྟ་བར་མཚོན་ཞིང་གསལ་བར་ར༷བ་ཏུ་བསྟ༷ན་ཏེ༷། དེ་བཞིན་གཤེགས་པའི་སྙིང་པོ་དེ་ལ་སྒྲིབ་པར་བྱེད་པ་ཉེ༷་བ༷འི་ཉོ༷ན་མོ༷ངས་པའི་སྦུ༷བས་ཀྱི༷ས་ནི༷་རྫས་ཀྱི་དབྱེ་བས་རབ་ཏུ་ཕྱེ་ན་བརྒྱད་ཁྲི་བཞི་སྟོང་དང༌། དབྱེ༷་བ༷་བྱེ༷་བ༷་མཐ༷འ་ཡས་པ་ལ༷ས་འད༷ས་པ་ལ་སོགས་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དབྱེ་བ་མཐའ་ཡས་པ་བཞིན་ནོ། །

དེ་ཡིས་དབྱིངས་ལ་སྒྲིབ་ཚུལ་ནི། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི༷་མ༷་རྣམ་པ་དགུ༷་པོ༷་འདི༷་དག་གིས་སྒྲིབ་པར་བྱ་བ་སེམས་ཅན་གྱི་རིས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་དགྲ་བཅོམ་པ་རྣམས་དང༌། ཐུན་མོང་དུ་སློབ་པའི་ལམ་ལ་གནས་པ་རྣམས་དང་ཁྱད་པར་དུ་བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས་རྣམ་པར་མ་དག་པ་ཉིད་དེ། དེ་ཡང་མདོ༷ར་བསྡུ༷ས་ན༷ས་ནི༷་གོང་ལྟར་གོ༷་རི༷མ་ཇི་ལྟ་བ་བཞི༷ན་དུ། དཔེ་པ༷ད་མ༷འི་སྦུ༷བས་དང༌། བུང་བ། སྦུན་པ། མི་གཙང་ས་ལ༷་སོ༷གས་པ༷་ཡི༷། དཔེ༷་དགུ༷་ད༷ག་གི༷ས་སངས་རྒྱས་སྦྲང་རྩི་སྙིང་པོ། གསེར་སོགས་ཀྱིས་ཆོས་ཀྱི་དབྱིངས་ཡ༷ང་ད༷ག་པ་བསྟ༷ན། སྒྲིབ་པ་དང་པོ་བཞིའི་དུག་གསུམ་གྱི་དྲི༷་མ་བག་ལ་ཉལ་རྣམས་ཀྱིས་ཁམས་གོང་མ་འདི༷་ད༷ག་གི༷ས་བྱི༷ས་པ་རྣ༷མས་མ་དག་ཅིང༌། དེ་དག་ཀུན་ནས་ལྡང་བ་དྲག་པོས་འདོད་ཁམས་ཀྱི་བྱིས་པ་རྣམས་མ་དག་པ་ད༷ང༌། དགྲ༷་བཅོ༷མ་སློ༷བ་པ༷་བློ༷་གྲོས་དང་ལྡ༷ན་པ་རྣ༷མས་ཀྱིས་གོ་རི༷མ་བཞི༷ན་མ་དག་པ་བཞི༷་ད༷ང༌། དེ་ཡང་གོ་རིམ་ཇི་ལྟ་བ་བཞིན་དུ་སྒྲིབ་པ་དང་པོ་བཞིའི་དུག་གསུམ་གྱི་བག་ལ་ཉལ་རྣམས་ཀྱིས་ཁམས་གོང་མའི་བྱིས་པ་རྣམས་མ་དག་ཅིང༌། དེ་དག་ཀུན་ནས་ལྡང་བ་དྲག་པོས་འདོད་ཁམས་ཀྱི་བྱིས་པ་རྣམས་མ་དག་པ་དང༌། མ་རིག་བག་ཆགས་ཀྱིས་གཅི༷ག་གིས་དགྲ་བཅོམ་པ་རྣམས་མ་དག་པ་ད༷ང་ནི༷། དེ་བཞིན་མཐོང་བས་སྤང་བར་བྱ་བ་རྣམས་དང༌། སྒོམ་པས་སྤང་བར་བྱ་བ་གཉི༷ས་ཀྱིས་སོ་སོའི་སྐྱེ་བོ་སློབ་པ་ད༷ང༌། འཕགས་པ་སློབ་པ་གཉིས་མ་དག་པ་དང༌། མ་དག་པའི་ས་བདུན་ལ་བརྟེན་པའི་དྲི་མ་དང༌། དག་པ་ས་གསུམ་ལ་བརྟེན་པའི་དྲི་མ་གཉི༷ས་ཀྱི༷ས་མཐར་མ་ཕྱིན་པ་དང་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་མ༷་ད༷ག་ཅིང༌། གང་ཟག་དེ་དང་དེ་ལ་སྤང་བྱ་དེ་དང་དེ་གཙོ་ཆེ་བར་ལྡན་པས། ཆོས་ཀྱི་དབྱིངས་མཐར་ཐུག་པ་མངོན་སུམ་དུ་འགྱུར་བའི་གེགས་བྱས་པ་ཉི༷ད་ཀྱི་ཕྱིར་རོ། །ཞེས་པའོ། །

སོ་སོའི་དཔེ་དོན་རྒྱས་པར་སྦྱར་བ་ནི།

ཇི༷་ལྟ༷ར་ན་མེ་ཏོག་པ༷ད་མ༷་འད༷བ་རྫབ་ལས་གསར་དུ་སྐྱེ༷ས་ཏེ༷་ལྟ་བ་པོའི་མདུ༷ན་དུ༷་གྱུ༷ར་མ་ཐག་ན༷་ཡི༷ད་རབ་ཏུ་དག༷འ་བར་བྱེད་པ་ད༷ང༌། ཕྱི༷་ན༷ས་རིང་པོ་མི་ཐོགས་པར་བརྙིངས་ཤིང་དག༷འ་བ༷་མེ༷ད་པར་གྱུ༷ར་པ༷་ལྟར་ཉོན་མོངས་པ་འདོ༷ད་ཆག༷ས་ཀྱི་བག་ལ་ཉལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེས་པའི་ཆགས་པ་མངོན་སུམ་དུ་གྱུར་པ་ན་དགའ་བ་དང༌། ཕྱི་ནས་འགགས་པ་ན་དགའ་བ་མེད་པའི་ཕྱིར་པད་མ་མཐོང་བའི་དག༷འ་བ༷འང་དེ༷་བཞི༷ན་ནོ༷། །ཞེས་པས་འདོད་ཆགས་ཀྱི་བག་ལ་ཉལ་ནི་པད་མ་ལྟ་བུ་དང༌། དེ་བཞིན་དུ་སྦྱར་ཏེ་ཇི༷་ལྟ༷ར་ན་སྦྲང་རྩི་ལ་ཆགས་པའི་སྲོ༷ག་ཆ༷གས་སྦྲ༷ང་མ༷་ནི༷་གཞན་གྱིས་སྦྲང་རྩི་བླངས་པ་ན་ཡིད་ཞེ་སྡང་གིས་ཤི༷ན་ཏུ༷་འཁྲུ༷གས་ཏེ༷་མདུ༷ང་བརྡེ༷ག་ཅིང་ཟུག་རྔུ་བསྐྱེད་པ་ལྟ༷ར། དེ༷་བཞི༷ན་དུ་ཉོན་མོངས་པ་ཞེ༷་སྡ༷ང་གི་བག་ལ་ཉལ་འཕེལ་བ་ལས་ཁོང་ཁྲོ་མངོན་དུ་སྐྱེ༷ས་པ༷ས་ན༷་ཡང༌། རང་གཞན་གྱི་སྙི༷ང་ལ༷་སྡུ༷ག་བསྔ༷ལ་ཟུག་རྔུ་སྐྱེ༷ད་པ༷ར་བྱེ༷ད་དོ། །ཞེས་པས་ཞེ་སྡང་གི་བག་ལ་ཉལ་ནི་སྦྲང་མ་ལྟ་བུ་དང༌། ཇི༷་ལྟ༷ར་ན་འབྲ༷ས་ལ་སོ༷གས་པ་འབྲུའི་སྙི༷ང་པོ༷་ནི༷་ཕྱི༷་རོ༷ལ་གྱི་གྲ་མ་དང་གོངས་མ་ལ་སོགས་པ་སྦུ༷ན་པ༷ས་བསྒྲི༷བས་པ༷ས་མི་མཐོང་བ་ལྟ༷ར། དེ༷་བཞི༷ན་དུ་དེ་བཞིན་གཤེགས་པའི་སྙི༷ང་པོ༷་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་དོ༷ན་མཐོ༷ང་བ༷་ཡང་མ༷་རི༷ག་པ་གཏི་མུག་གི་བག་ལ་ཉལ་ལ་སོགས་པ་སྒོ༷་ང༷འི་སྦུ༷བས་དང་འདྲ་བ་རྣམས་ཀྱི༷ས་བསྒྲི༷བས་པས་མི་མཐོང་བར་བྱས་སོ། །ཞེས་པ་གཏི་མུག་གི་བག་ལ་ཉལ་ནི་སྦུན་པ་ལྟ་བུ། ཇི༷་ལྟ༷ར་ན་མི༷་གཙ༷ང་བའི་དངོས་པོ་ནི་ཡིད་དུ་འོང་བའི་མི༷་མཐུ༷ན་པའི་ཕྱོགས་ཉམ་ང་བའི་གནས་ཡིན་པ༷་དེ༷་བཞི༷ན་དུ་འདོད་པའི་ཁམས་ལ་ཆ༷གས་པ་ད༷ང་བཅ༷ས་པ་རྣ༷མས་ཀྱི༷ས་འདོ༷ད་པ༷འི་ཡོན་ཏན་བརྟེ༷ན་པ༷་ལ་སོགས་པ་ཉེས་སྤྱོད་མང་པོའི༷་རྒྱུ༷་ཡི༷ན་པའི་ཕྱི༷ར། ཉོན་མོངས་པ་དུག་གསུམ་གྱིས་ཀུ༷ན་ན༷ས་ལྡ༷ང་བ༷་སྟེ་མངོན་གྱུར་དྲག་པོ་རྣམས་ནི་མི༷་གཙ༷ང་བའི་ཕུང་པོ་ཆེན་པོ་དང་འདྲ༷་བར་ཉོན་མོངས་ཤིང་ཡིད་འབྱུང་བར་བྱ་བའི་གནས་ཡིན་ནོ། །ཞེས་པས་དུག་གསུམ་མངོན་གྱུར་ནི་མི་གཙང་བ་ལྟ་བུ་དང༌། ཇི༷་ལྟ༷ར་ན་ནོ༷ར་ཟད་མི་ཤེས་པའི་གཏེར་ཆེན་པོ་ནི༷་ས་མང་པོས་བསྒྲི༷བས་ཤིང་སྦས་པ༷་ན༷་དབུལ་པོ་རྣམས་ཀྱིས་ནོར་ཡོད་པར་མི༷་ཤེ༷ས་ཤིང༌། གཏེ༷ར་དེ་ནི་མི༷་ཐོ༷བ་པ༷་ལྟ༷ར། དེ༷་བཞི༷ན་དུ་དབུལ་པོ་དང་འདྲ་བའི་སྐྱེ༷་བོ་རྣམས་ལ༷་ཡོན་ཏན་ཟད་མི་ཤེས་པ་དང་ལྡན་པའི་རང༷་འབྱུ༷ང་གི་ཡེ་ཤེས་མཐོང་བ་ཉི༷ད་མ༷་རི༷ག་བ༷ག་ཆ༷གས་ཀྱི་ས༷་ཡི༷ས་བསྒྲི༷བས་པས་མི་མཐོང་བ་ལྟར་རོ། །ཞེས་པས་མ་རིག་བག་ཆགས་ཀྱིས་བསྡུས་པ་ནི་ས་ལྟ་བུ་དང༌། ཇི༷་ལྟ༷ར་ན་ལྗོན་ཤིང་གི་མྱུ༷་གུ་དང་སྡོང་བུ་དང་ཡལ་ག་ལ་སོ༷གས་པ་རི༷མ་གྱིས་སྐྱེ༷་བ༷ས་ས༷་བོ༷ན་གྱི་ཤུ༷ན་པ༷་རྣམས་རིམ་གྱིས་གཅོ༷ད་པར་བྱེད་པ༷་ལྟ༷ར། དེ༷་བཞི༷ན་དུ་ཆོས་ཀྱི་དབྱིངས་དོན་དམ་པའི་དེ༷་ཁོ་ན་ཉི༷ད་རིམ་གྱིས་མཐོ༷ང་བ༷་ཡི༷ས། མཐོ༷ང་བས་སྤ༷ང་བར་བྱ་བའི་ཉོན་མོངས་པ་རྣ༷མས་ནི༷་རིམ་གྱིས་ལྡོ༷ག་པ༷ར་འགྱུ༷ར་རོ་ཞེས་པས་མཐོང་སྤངས་རྣམས་ནི་འབྲས་ཤུན་ལྟ་བུ་དང༌། འཕ༷གས་པ༷འི་ལ༷མ་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ད༷ང་འབྲེ༷ལ་བ༷་ལ༷ས་ཕུང་པོ་ལྔ་བདག་དང་བདག་གིར་འཛིན་པའི་འཇི༷ག་ཚོ༷གས་སུ་ལྟ་བ་ལ་སོགས་པའི་སྤང་བྱའི་སྙི༷ང་པོ༷འམ་གཙོ་བོ་མཐོང་སྤངས་སྤང་བར་བྱ་བ་དགྲ་བཅོ༷མ་པ་རྣ༷མས་ཀྱི་རྒྱུད་ལ་ཡོད་པ་ཆོས་ཉིད་མངོན་སུམ་གྱི༷ས་མཐོང་ཟིན་སྒོ༷མ་པའི་ལ༷མ་ཡེ༷་ཤེ༷ས་ཀྱིས་སྤ༷ང་བར་བྱ༷་བ་རྣ༷མས་ནི། རགས་པ་ཟད་པའི་ལྷག་མ་ཡིན་པའམ་དྲི་མ་དང་བཅས་པའི་གོ༷ས་རུ༷ལ་བ་ད༷ག་ད༷ང་མཚུ༷ངས་པ༷ར་བསྟ༷ན་ཏོ། །ཞེས་པས་སྒོམ་སྤངས་རྣམས་ནི་གོས་རུལ་ལྟ་བུ་དང་མ་དག་པའི་ས༷་བདུ༷ན་ལ༷་བརྟེ༷ན་པའི་དྲི༷་མ༷་རྣམས་ནི༷་མཐོང་བྱ་ལ་སྒྲིབ་ཅིང་འབད་རྩོལ་དང་བཅས་པས་མང༷ལ་སྦུ༷བས་ཀྱི་དྲི༷་མ༷་ད༷ག་ད༷ང་མཚུ༷ངས་ལ། མང༷ལ་སྦུ༷བས་བྲ༷ལ་བ་དང་འདྲ༷་བར་དྲི་མ་དེ་དག་ལས་རྣམ་པར་གྲོལ་བ་ལས་ས་བརྒྱད་པ་ལ་སོགས་པར་འབད་རྩོལ་མེད་ཅིང༌། ལྷུན་གྱིས་གྲུབ་པར་རྣམ་པར་མི༷་རྟོ༷ག་པ༷འི་ཡེ༷་ཤེ༷ས་མངོན་སུམ་དུ་གྱུར་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣ༷མ་པ༷ར་སྨི༷ན་ཞིང་སྐྱེས་པ༷་ཇི་ལྟ་བ་བཞི༷ན་ནོ། །ཞེས་པས་ས་བདུན་ལ་བརྟེན་པའི་དྲི་མ་ནི་མངལ་སྦུབས་ལྟ་བུ་དང༌། དག་པ་ས༷་གསུ༷མ་ལ་རྗེ༷ས་སུ་འབྲེ༷ལ་པའི་དྲི༷་མ༷་ཕྲ་མོ་རྣ༷མས་ནི་འབད་རྩོལ་མེད་པར་སྤང་བར་ནུས་པས་གསེར་གྱི་གཟུགས་ས༷་འད༷མ་ཅུང་ཟད་ཀྱིས་གོ༷ས་པ་བཞི༷ན་དུ་ཤེ༷ས་པར་བྱ༷་སྟེ༷། དེ་ཡང་གཉེན་པོ་བད༷ག་ཉི༷ད་ཆེ༷ན་པོ༷་རྣམས་ཀྱི་རྡོ༷་རྗེ༷་ལྟ༷་བུའི༷་ཏི༷ང་ངེ༷་འཛི༷ན་གྱི༷ས་གཞོ༷མ་པར་བྱ༷་བ་ཡི༷ན་ནོ། །ཞེས་ས་གསུམ་ལ་འབྲེལ་པའི་དྲི་མ་ནི་ས་འདམ་ལྟ་བུར་སྟོན་པའོ། །

སླར་ཡང་སྤྱིའི་དོན་བསྡུ་བ་ནི། གོང་དུ་ཆོས་མཐུན་རྒྱས་པར་སྦྱར་བའི་ཚུལ་དེ༷་ལྟ༷ར་ན་འདོད་ཆ༷གས་དང་ཞེ་སྡང་ལ་སོ༷གས་པ་ཆོས་ཀྱི་དབྱིངས་ལ་སྒྲིབ་བྱེད་གློ་བུར་གྱི་དྲི༷་མ༷་རྣམ་པ་དགུ༷་ནི། གོ་རིམ་ཇི་ལྟ་བ་བཞིན་དུ་པ༷ད་མ༷་དང་སྤྲང་མ་ལ༷་སོ༷གས་པའི་དཔེ་དགུ་པོ་གང་ད༷ག་ད༷ང་ཆོས་མཚུ༷ངས་པ་ཉིད་དོ། །ཞེས་པའི་དོན་ནོ། །

རང་བཞིན་ཆོས་དབྱིངས་ཁྱད་པར་དུ་མཚོན་ཚུལ་ལ་གསུམ་སྟེ། ཆོས་གསུམ་དཔེ་དགུས་མཚོན་ཚུལ་མདོར་བསྟན་པ། དེའི་དོན་སོ་སོར་དབྱེ་བ། ཕྱེ་བའི་ངོ་བོ་རྒྱས་པར་བཤད་པའོ། །

དེ་ལ་མདོར་བསྟན་པ་ནི། འཆད་པར་འགྱུར་བའི་ར༷ང་བཞི༷ན་རྣམ་པ་གསུ༷མ་གྱི༷ས་བསྡུ༷ས་པ༷འི་ཁ༷མས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སང༷ས་རྒྱ༷ས་ཀྱི་སྐུ་དང་སྤྲང་རྩི་ལ་སོ༷གས་པ་སྙིང་པོ་མཚོན་པར་བྱེད་པའི་དཔེ་དགུ་པོ་རྣམས་ད༷ང་ཆོ༷ས་མཚུ༷ངས་སོ༷། །ཞེས་པའོ། །

དབྱེ་བ་ནི། རང་བཞིན་གསུམ་གང་ཞེ་ན། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་འདི༷འི༷་ར༷ང་བཞི༷ན་ནི་རང་བྱུང་གི་ཡེ་ཤེས་ཆོ༷ས་ཀྱི་སྐུ༷་ད༷ང་གཞན་དུ་མི་འགྱུར་བ་དེ༷་བཞི༷ན་ཉི༷ད་ད༷ང༌། སངས་རྒྱས་འགྲུབ་པའི་རི༷གས་ཀྱ༷ང་སྟེ༷་རྣམ་པ་གསུམ་མོ། །དེ་རྣམས་དཔེ་དགུས་ཇི་ལྟར་མཚོན་སྙམ་ན། རང་བཞིན་གསུམ་པོ་དེ༷་ནི༷་གོ་རིམ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྐུ་དང༌། སྦྲང་རྩི་དང་འབྲུའི་སྙིང་པོའི་དཔེ༷་གསུ༷མ་གྱིས་དབྱིངས་དེ་ཆོས་ཀྱི་སྐུའི་རང་བཞིན་ཅན་དུ་ཤེས་པར་བྱ་ཞིང༌། གསེར་གྱི་དཔེ་གཅི༷ག་གིས་དེ་བཞིན་ཉིད་ཀྱི་རང་བཞིན་ཅན་དུ་ཤེས་པར་བྱ་བ་ད༷ང་ནི༷། དེ་བཞིན་དུ་གཏེར་དང་ཤིང་ལྗོན་པ་དང༌། རིན་པོ་ཆེའི་སྐུ་དང༌། འཁོར་ལོས་སྒྱུར་བ་དང༌། གསེར་གྱི་གཟུགས་ཀྱི་དཔེ་ལྔ༷་རྣ༷མས་ཀྱི༷ས་ནི༷་སྐུ་གསུམ་འགྲུབ་པའི་རིགས་ཀྱི་རང་བཞིན་དུ་ཤེ༷ས་པ༷ར་བྱ༷འོ། །ཞེས་སོ། །

རྒྱས་བཤད་ལ་གསུམ་སྟེ། ཆོས་སྐུའི་དཔེ་དོན་རྒྱས་པར་བཤད་པ། དེ་བཞིན་ཉིད་ཀྱི་དཔེ་དོན་བསྟན་པ། རིགས་ཀྱི་དཔེ་དོན་རྒྱས་པར་བཤད་པའོ། །ཆོས་སྐུའི་དཔེ་དོན་ལ་གཉིས། ཆོས་སྐུའི་རྣམ་དབྱེ་བསྟན་པ། དེ་དག་དཔེ་དང་སྦྱར་བའོ། །

དེ་ལ་དབྱེ་བ་ནི། རང་བཞིན་ཆོ༷ས་སྐུ༷་དེ་ཡང་དངོས་དང་བཏགས་བའི་དབྱེ་བས་རྣ༷མ་པ་གཉི༷ས་སུ་ཤེ༷ས་པར་བྱ༷་སྟེ༷། ཆོ༷ས་ཀྱི་དབྱི༷ངས་དེ་བཞིན་གཤེགས་པའི་སྙིང་པོ་ཤི༷ན་ཏུ༷་དྲི༷་མ་མེ༷ད་ཅིང་རང་བཞིན་གྱིས་འོད་གསལ་བ་ཉིད་སངས་རྒྱས་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་མཚན་ཉིད་པ་རྟོགས་པ་ཆོས་སྐུ་ད༷ང༌། དེ༷་རྟོགས་པའམ་ཐོབ་པའི༷་རྒྱུ༷་མཐུ༷ན་པ་གདུལ་བྱའི་སྐལ་བ་ཇི་ལྟ་བར་རྣམ་པར་རིག་པ་འབྱུང་བའི་ལུང་གི་ཆོས་རྣམས་ནི་བཏགས་པ་བསྟན་པ་ཆོས་སྐུའོ། །དེ་དག་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའམ་འབྲས་བུ་དང་རྒྱུའི་དབྱེ་བས་ཀྱང་རབ་ཏུ་ཕྱེ་བར་བལྟའོ། །བསྟན་པ་ཆོས་སྐུ་ཡང་རྣམ་པ་གཉིས། དེ་ཁོ་ན་ཉིད་དོན་དམ་པའི་བདེན་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བརྩམས་ཏེ། ཟ༷བ་པའི་ཆོས་ཀྱི་ཚུལ་སྟོན་པ༷་ད༷ང༌། སེམས་ཅན་སྣ༷་ཚོ༷གས་པའི་བསམ་པ་དང་མཐུན་པར་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ནས་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ལས་བརྩམས་ཏེ་རྒྱ་ཆེ་བ་སྣ་ཚོགས་པའི་ཚུ༷ལ་ནི༷་སྟོ༷ན་པ༷འོ༷། །ཞེས་པའོ། །

དཔེ་དང་སྦྱར་བ་ནི། རྟོགས་པར་བྱ་བ་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་སྐུ་དེ་ནི་འཇི༷ག་རྟེ༷ན་གྱི་ཆོས་ཐམས་ཅད་ལས་ཡང་དག་པར་འད༷ས་པ་ཡིན་པའི་ཕྱི༷ར་འཇི༷ག་རྟེ༷ན་ན༷་ཆོས་ཀྱི་སྐུ་འདི༷་ལ༷་མཚོན་པར་ནུས་པའི་དཔེ༷་ནི༷་འགའ་ཡང་མི༷་དམི༷གས་པ༷ས་པད་མའི་ནང་ན་གནས་པའི་དེ༷་བཞི༷ན་གཤེ༷གས་པ༷་རང་འབྱུང་གི་སྐུ་ཉི༷ད་ད༷ང་ཁ༷མས་རང་བཞིན་གྱིས་རྣམ་པར་དག་པ་གཉིས་པོ་ཕྱོགས་རེ་ཙམ་འདྲ༷་བ༷་ཉི༷ད་དུ༷་བསྟ༷ན་པ༷་ཡི༷ན་ལ། དེ་རྟོགས་པའི་རྒྱུ་མཐུན་པ་གཏིང་དཔག་དཀའ་ཞིང་ཕན་ཡོན་དང་ལྡན་པས་ཕྲ༷་མོ༷་ཟ༷བ་མོ༷་དོན་དམ་པའི༷་ཚུ༷ལ་བསྟ༷ན་པ་ནི༷་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་སྟོན་པའི་ཕྱིར་སྦྲ༷ང་རྩི༷་རྣམས་མངར་ཞིང་ཞིམ་པ་ཉིད་དུ་རོ༷་གཅི༷ག་པ༷་ཇི་ལྟ་བ་བཞི༷ན་ཏེ༷་རྒྱ་ཆེ་བ་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་ཐབས་ཀྱི་རྣ༷མ་པ༷་སྣ༷་ཚོ༷གས་པའི་ཚུ༷ལ་བསྟ༷ན་པ་ནི༷་སྙིང་པོའི་དོན་རྟོགས་པའི་ཆེད་དུ་རིམ་གྱིས་དྲང་བའི་དོན་སྣ༷་ཚོ༷གས་དང་འབྲེལ་བའི་ཕྱིར། ཤུན་པ་སྣ་ཚོགས་པའི་སྦུ༷བས་ན་ཉེ་བར་སྤྱད་བྱ་འབྲུའི་སྙི༷ང་པོ་གནས་པ་ཇི་ལྟ་བ་བཞི༷ན་དུ་ཤེ༷ས་པར་བྱ༷འོ། །ཞེས་པའོ། །

དེ་བཞིན་ཉིད་ཀྱི་དཔེ་དོན་བསྟན་པ་ནི།

དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང༌། མ་བྱོན་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པའོ། །ཞེས་གསུངས་པ་ལྟར། སེམས་ཀྱི་ར༷ང་བཞི༷ན་གང་ཡིན་པ་དེ་ནི་ཉོན་མོངས་པས་སྡུག་བསྔལ་བ་མཐའ་ཡས་པ་རྗེས་སུ་འབྲེལ་བ་ན་ཡང་རྣམ་པར་དག་ཅིང་འོད་གསལ་བ་འགྱུར་བ་མེད་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་ཞིང༌། དེ་ཉིད་གསེར་བཟང་པོ་མི་འགྱུར་བ་དང་འདྲ་བར་གནས་སྐབས་ཐམས་ཅད་དུ་རང་བཞིན་གཞན་དུ་འགྱུ༷ར་བ༷་མེ༷ད་པ༷་ད༷ང་གསེར་མཛེས་པ་དང་འདྲ་བར་རང་གཞིན་གྱིས་དགེ༷་ཞིང་མཆོག་ཏུ་གྱུར་པ་ད༷ང༌། གསེར་དྲི་མ་མེད་པ་དང་འདྲ་བར་གདོད་མ་ནས་ཉོན་མོངས་པ་མེད་ཅིང་རྣ༷མ་པ༷ར་ད༷ག་པ༷འི་ཕྱི༷ར་ན་ཆོས་ཀྱི་དབྱིངས་དེ༷་བཞི༷ན་ཉི༷ད་འདི༷་གསེ༷ར་བཟང་པོ་རྣམས་ཀྱི༷་ནི༷་གཟུ༷གས་ད༷ང་ཆོས་མཚུ༷ངས་པ༷ར་བརྗོ༷ད་པ༷་ཡི༷ན། ཞེས་པའོ། །

རིགས་ཀྱི་དཔེ་དོན་རྒྱས་པར་བཤད་པ་ལ་གསུམ་སྟེ། རིགས་གཉིས་དཔེ་ཡིས་བསྟན་པ་དང༌། དེ་ལས་སྐུ་གསུམ་འཐོབ་ཚུལ། དེ་རྣམས་དཔེ་དང་སྦྱར་བའོ། །

དེ་ལ་རིགས་གཉིས་དཔེས་བསྟན་པ་ནི། དཔེར་ན་འབད་རྩོལ་གྱིས་གསར་དུ་མ་བསྒྲུབས་ཤིང་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པའི་གཏེ༷ར་ཆེན་པོ་སའི་འོག་ན་རང་བཞིན་གྱིས་གནས་པ་ད༷ང༌། འབད་རྩོལ་གྱིས་བསྒྲུབས་པས་འབྲ༷ས་བུ༷་དང་བཅས་པའི༷་ཤི༷ང་ལྗོན་པ་སྐྱེད་མོས་ཚལ་དུ་རིམ་གྱིས་སྐྱེ་བ་ཇི་ལྟ་བ་བཞི༷ན་དུ༷་སྐུ་གསུམ་འབྱུང་དུ་རུང་བའི་སངས་རྒྱས་ཀྱི་རི༷གས་དེ༷་ཡང་རྣ༷མ་པ་གཉི༷ས་སུ་ཤེ༷ས་པར་བྱ༷་སྟེ༷། ཐོ༷ག་མ་མེ༷ད་པའི་དུས་ནས་སེམས་ཀྱི་ར༷ང་བཞི༷ན་དུ་ཉེ་བར་གན༷ས་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ༷་རང་བཞིན་གྱི་རིགས་ད༷ང༌། དེ་ལ་དམིགས་ཏེ་ཐོས་པ་ལ་སོགས་པ་བྱས་པས་འབད་རྩོལ་གྱིས་གསར་དུ་ཡ༷ང་ད༷ག་པར་བླ༷ངས་པ༷་ལས་བྱུང་བའི་དགེ་བ་ཐར་པའི་ཆ་དང་མཐུན་པས་མཆོ༷ག་ཏུ་གྱུར་པ་རྒྱས་འགྱུར་གྱི་རིགས་ཉི༷ད་དོ༷། །ཞེས་པའོ། །

སྐུ་གསུམ་འཐོབ་ཚུལ་ནི། རྒྱུ་རང་བཞིན་དང་རྒྱས་པའི་རི༷གས་འདི༷་གཉི༷ས་ལ༷ས་འབྲས་བུ་རྫོགས་པའི་སང༷ས་རྒྱ༷ས་ཀྱི༷་སྐུ༷་གསུ༷མ་ཐོ༷བ་པ༷ར་འདོ༷ད་པ༷་ཡི༷ན་ལ། དེ་ཡང་ད༷ང་པོ༷ར་རང་བཞིན་དུ་གནས་པའི་རིགས་དེ་ཉིད་ཡེ་ཤེས་ཀྱི་ཚོགས་མང་པོས་མཐར་ཕྱིན་པར་བྱས་ནས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ལས་སྐུ༷་ནི༷་ད༷ང་པོ༷་དག་པ་གཉིས་ལྡན་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་ནི་འཐོབ་པ་སྟེ༷། གཉི༷ས་པ༷་རྒྱས་འགྱུར་གྱི་རིགས་འཕེལ་བ་ལས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ཡི༷ས་ནི༷་སྐུ་ཕྱི༷་མ༷་གདུལ་བྱ་ཉེ་བ་དང་རིང་བ་ལ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་གཉི༷ས་པོ་ཐོབ་བོ། །ཞེས་པའོ། །

དཔེ་དང་སྦྱར་བ་ནི། དོན་དམ་པའི་ངོ༷་བོ༷་ཉི༷ད་ཀྱི་སྐུ༷་རང་བཞིན་གྱིས་འོད་གསལ་ཞིང་ཡོན་ཏན་གྱི་དཔལ་གྱིས་མཆོག་ཏུ་མཛེ༷ས་པ༷་ནི༷་རི༷ན་ཆེ༷ན་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ༷་དང་འདྲ༷་བར༷་ཤེ༷ས་པར་བྱ༷་སྟེ༷། གདོད་མ་ནས་ར༷ང་བཞི༷ན་གྱི༷ས་ནི༷་གྲུབ་པ་ཡིན་ཞིང་འབད་རྩོལ་གྱིས་གསར་དུ་བྱ༷ས་པ་མི༷ན་པའི་ཕྱིར་ད༷ང༌། སྟོབས་ལ་སོགས་པའི་ཡོ༷ན་ཏ༷ན་གྱི་རི༷ན་ཆེ༷ན་ཟད་མི་ཤེས་པ་རྣམས་ཀྱི་གཏེ༷ར་ལྟ་བུ་ཡི༷ན་པའི་ཕྱིར༷་རོ། །ཟབ་པ་དང་རྒྱ་ཆེ་བའི་ཆོ༷ས་ཐེག་པ་ཆེ༷ན་པོའི་རྒྱ༷ལ་སྲི༷ད་ཀྱི་དཔལ་འབྱོར་ཆེ༷ན་པོ་དང་ལྡ༷ན་པའི་ཕྱི༷ར་དག་པ་ལ་སྣང་བ་ལོ༷ངས་སྤྱོད་རྫོ༷གས་པའི་སྐུ་ནི་འཁོ༷ར་ལོ༷ས་སྒྱུ༷ར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་གླིང་བཞི་ལ་སོགས་པའི་འབྱོར་བ་ལ་ལོངས་སྤྱོད་པ་ཇི་ལྟ་བ་བཞི༷ན་ནོ༷། །དོན་དམ་པའི་སྐུ་མངོན་སུམ་དུ་གྱུར་པའི་ནུས་པ་ལ་བརྟེན་ནས་གདུལ་བྱའི་བློ་ངོར་གང་ལ་གང་འདུལ་གྱི་གཟུ༷གས་བརྙ༷ན་གྱི༷་ནི༷་རྣམ་པ་ཙམ་ཤར་བའི་ར༷ང་བཞི༷ན་ཡིན་པའི་ཕྱི༷ར། ཐུན་མོང་དུ་སྣང་བ་སྤྲུ༷ལ་པ༷འི་སྐུ་ནི་གསེ༷ར་གྱི༷་གཟུག༷ས་བརྙན་ལྟ༷་བུ༷འོ། །ཞེས་པའོ།།

བསྟན་པའི་དོན་དད་པས་རྟོགས་ཚུལ་ནི།

གདོད་མ་ནས་ལྷུན་གྱིས་གྲུབ་ཅིང་རྐྱེན་གཞན་དག་ལས་གསར་དུ་སྐྱེས་པ་མ་ཡིན་པ་ར༷ང་བྱུ༷ང་རྫོགས་པའི་སངས་རྒྱས་རྣ༷མས་ཀྱི༷་ཆོས་ཉིད་དོ༷ན་ད༷མ་པའི་བདེན་པ་དེ་བཞིན་གཤེགས་པའི་སྙིང་པོ་དེ༷་ནི། སོ་སོའི་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ངེས་པའི་དོན་གྱི་གསུང་རབ་དང་དེ་དག་གི་དགོངས་འགྲེལ་འདི་ལྟ་བུ་ལ་བརྟེན་ནས། ད༷ད་ཅིང་མོས་ལ་ཡིད་ཆེས་པ༷་ཉི༷ད་ཀྱི༷ས་སྤྱིའི་ཚུལ་དུ་རྟོ༷གས་པར་བྱ༷་བ་ཡི༷ན་གྱིས། ཟབ་མོའི་དེ་ཁོ་ན་ཉིད་ལྟ་བ་ལ་མིག་དང་མི་ལྡན་པའི་ཕྱིར། ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་པ་ནི་མ་ཡིན་ཏེ། དཔེར་ན་ཉི༷་མ༷འི་དཀྱི༷ལ་འཁོ༷ར་དག་ཅིང་གསལ་ལ་འོ༷ད་ཟེར་རབ་ཏུ་འབ༷ར་བཞིན་པ༷་དེ་སྐྱེ་བོ་མི༷ག་མེ༷ད་པར་གྱུར་པ༷ས་ནི༷་མངོན་སུམ་དུ་མཐོ༷ང་བ༷་མེ༷ད་པ་ཇི་ལྟ་བ་བཞིན་ནོ། །ཞེས་པའོ། །

རྟོགས་བྱའི་དོན་སྟོང་ཉིད་ངོས་གཟུང་བ་ནི། མཐའ་གཉིས་དང་བྲལ་བའི་སྟོང་པ་ཉིད་ཀྱི་ཚུལ་གང་ཞེ་ན། རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་དོན་དམ་པའི་བདེན་པ་དེ་བཞིན་ཉིད་འདི༷་ལ༷་སྔར་ཡོད་བས༷ལ་བར་བྱ༷་བ་ཀུན་ནས་ཉོན་མོངས་པའི་སྐྱོན་ཅི༷་ཡང༷་མེ༷ད་དེ། གདོད་མ་ནས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་བྱང་བའི་ཡོན་ཏན་སྔར་མེད་བཞ༷ག་པ༷ར་བྱ༷་བ༷འང་ཅུ༷ང་ཟ༷ད་མེ༷ད་དེ། སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་གདོད་མ་ནས་ལྷུན་གྱིས་གྲུབ་ཅིང་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡུལ་མཐའ་གཉིས་དང་བྲལ་བ་ཡ༷ང་ད༷ག་པའི་དོན་ཆོས་ཀྱི་དབྱིངས་དེ་བཞིན་ཉི༷ད་ལ༷་ཡུལ་ཅན་དོན་དམ་ཤེས་པའི་ཤེས་རབ་ཡ༷ང་ད༷ག་པ་ཉིད་ཀྱིས་མངོན་སུམ་དུ་བལྟ༷ས་ཤིང་མཉམ་པར་བཞག་པ་ལས་གོམས་པ་རབ་ཏུ་གྱུར་པ་དང༌། ཡ༷ང་ད༷ག་པའི་ཆོས་ཉིད་ཇི་ལྟ་བའི་དོན་མངོན་སུམ་དུ་མཐོ༷ང་བའི་ཡེ་ཤེས་རིམ་གྱིས་སྐྱེས་ན༷ས་སྤང་བྱ་གློ་བུར་གྱི་དྲི་མ་ལས་རྣ༷མ་པ༷ར་གྲོ༷ལ་བ་ཐོབ་སྟེ། དེ་ཡང་མཐོང་ལམ་དུ་མཐོང་སྤང་གི་དྲི་མ་ལས་རྣམ་པར་གྲོལ་བ་དང༌། སྒོམ་ལམ་དུ་སྒོམ་སྤང་གི་དྲི་མ་ལས་རྣམ་པར་གྲོལ་བ་དང༌། མཐར་ཕྱིན་པའི་ལམ་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མཐའ་དག་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེའི་ཕྱིར་ཆོས་ཉིད་ལས་ཐ་དད་དུ་རྣ༷མ་པར་དབྱེ༷་བ་དང་བཅ༷ས་པ་སོ་སོར་འབྲལ་ཤེས་པ༷འི་མཚ༷ན་ཉི༷ད་ཅ༷ན་སྤང་རུང་གློ༷་བུ༷ར་གྱི་དྲི་མ་འདུས་བྱས་ཀུན་རྫོབ་ཀྱི་ཆོས་རྣམས་ད༷ག་གི༷ས་ཁ༷མས་དེ་བཞིན་གཤེགས་པའི་སྙིང་པོ་སྟོ༷ང་པའི་ཕྱིར་ཡོད་པའི་མཐའ་དང་བྲལ་བར་མཐོང་གི༷ །ཆོས་ཉིད་ལས་ཐ་དད་དུ་རྣ༷མ་པར་དབྱེ༷ར་མེ༷ད་ཅིང་སོ་སོར་འབྲལ་མི་ཤེས་པ༷འི་མཚ༷ན་ཉི༷ད་ཅ༷ན་སྤང་དུ་མི་རུང་བའི་རང་བཞིན་དོན་དམ་བླ༷་ན་མེ༷ད་པ་སངས་རྒྱས་ཀྱི་ཆོ༷ས་སྟོབས་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་རྣམས་ཀྱི༷ས་ནི་ཆོས་ཀྱི་དབྱིངས་སྟོ༷ང་པ་མ༷་ཡི༷ན་པའི་ཕྱིར་མེད་པའི་མཐའ་དང་ཡང་བྲལ་བ་ཡིན་ལ། ཕན་ཚུན་འགལ་བའི་ཕྱིར་ཡོད་མེད་གཉིས་ཡིན་གྱི་མཐའ་ལས་ཀྱང་གྲོལ་ཞིང༌། དེ་ཉིད་ཀྱི་ཕྱིར་དེ་དཀག་པའི་གཉིས་མ་ཡིན་གྱི་མཐའ་ལས་ཀྱང་གྲོལ་བས། མཐའ་གཉིས་སམ་མུ་བཞི་ལས་རྣམ་པར་གྲོལ་བའི་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པའི་ཚུལ་ནི་འདི་ཁོ་ནའོ། །ཞེས་པའོ། །

དེ་རྣམས་ཀྱིས་བཤད་པའི་དགོས་པ་བསྟན་པ་ལ་གཉིས་ཏེ། དྲིས་ལན་གྱི་དགོས་པ་མདོར་བསྟན་པ་དང༌། དེའི་དོན་རྒྱས་པར་བཤད་པའོ། །མདོར་བསྟན་པ་དྲི་བ་ནི། དཔེར་ན་མི་བརྟན་ཞིང་རང་བཞིན་མེད་པ་སྤྲི༷ན་གྱི་རྣམ་པ་ཇི་ལྟ་བ་བཞིན་ད༷ང༌། ལོངས་སྤྱོད་ཅིང་ཉམས་སུ་མྱོང་ཡང་རང་བཞིན་མེད་པ་རྨི༷་ལམ༷་གྱི་སྣང་བ་ཅི་ལྟ་བ་བཞིན་དུ། སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པ་སྒྱུ༷་མའི་གཟུགས་བརྙན་ཇི་ལྟ་བ་བཞི༷ན་དུ། བཀའ་བར་པ་མཚན་ཉིད་མེད་པ་སྟོན་པའི་མདོ་སྡེ་རྒྱལ་བའི་ཡུམ་རྒྱས་འབྲིང་ལ་སོགས་པ་དེ༷་ད༷ང་དེ༷ར་ཤེ༷ས་པར་བྱ༷་བ་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐ༷མས་ཅ༷ད་སྣང་ཡང་རྣ༷མ་པ་མ་ལུས་པ་ཀུ༷ན་ཏུ་སྟོ༷ང་ཞིང་རང་བཞིན་མེད་པ༷འོ། །ཞེ༷ས་རྒྱ་ཆེར་གསུ༷ངས་ན༷ས་སླར་ཡ༷ང་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་གསུང་རབ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་རབ་ཏུ་མང་པོ་འདི༷ར་རྒྱ༷ལ་བ་རྫོགས་པའི་སངས་རྒྱས་བདེན་པ་གསུང་བ་རྣ༷མས་སེ༷མས་ཅ༷ན་ཐམས་ཅད་ལ༷་སང༷ས་རྒྱ༷ས་ཀྱི་སྙི༷ང་པོ༷་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་གདོད་མ་ནས་ལྷུན་གྱིས་གྲུབ་པར་ཡོད༷་དོ་ཞེ༷ས་ཅི༷་སྟེ༷་གསུ༷ངས། སྔར་མེད་པར་གསུངས་པ་དང་འདིར་ཡོད་པར་གསུངས་པ་དག་འགལ་བ་མ་ཡིན་ནམ་ཞེ་ན། ལན་ནི། འགལ་བའི་སྐྱོན་ཡོད་པ་མ་ཡིན་ཏེ། སྔར་མེད་པར་གསུངས་པ་ནི་བདེན་དངོས་སུ་འཛིན་པ་དགག་པའི་ཆེད་དུ་གློ་བུར་གྱི་དྲི་མ་མེད་པར་བསྟན་པ་ཡིན་ལ། འདིར་ཡོད་པར་གསུངས་པ་ནི་དགོས་པ་ཁྱད་པར་ཅན་ལྔའི་ཆེད་དུ་ཆོས་ཀྱི་དབྱིངས་ཡོད་པར་བསྟན་པའོ། །ཞེས་འཆད་པ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་མ་བསྟན་ན། སེམས་ཅན་རྣམས་དོན་དམ་པའི་སངས་རྒྱས་དེ་ཉིད་རང་ལ་ཡོད་པར་མ་ཤེས་པས་བདག་ལྟ་བུས་བྱང་ཆུབ་སྒྲུབ་པར་མི་ནུས་སྙམ་དུ་སེ༷མས་ཞུ༷མ་ཞིང༌། ལམ་ལ་འཇུག་པར་མི་སྤྲོ་བའི་ཉེས་པ་དང༌། གཞན་ལ་ཡོད་པར་མ་ཤེས་པས་སེ༷མས་ཅ༷ན་འདི་དག་ནི་དམ༷ན་པའོ་སྙམ་དུ་བསམས་ནས་དེ་དག་ལ༷་བརྙ༷ས་པ་བྱེད་ཅིང་མི་གུས་པའི་ཉེས་པ༷་ད༷ང༌། རང་གཞན་ཐམས་ཅད་ལ་ཡོད་པར་མ་ཤེས་པས་ཡ༷ང་ད༷ག་པ་མི༷ན་པ་བཅོས་མ་གློ་བུར་གྱི་དྲི་མ་རྣམས་རང་བཞིན་དུ་བདེན་པ་མེད་པ་ལ་ཡོད་དམ་སྙམ་དུ་འཛི༷ན་ཅིང་སྒྲོ་འདོགས་པའི་ཉེས་པ་དང༌། ཡ༷ང་ད༷ག་པའི་ཡོན་ཏན་རྣམས་དང་དབྱེར་མེད་པའི་ཆོ༷ས་ཀྱི་དབྱིངས་གདོད་མ་ནས་ཐམས་ཅད་ལ༷་ཁྱབ་པར་ཡོད་པ་ལ་མེད་དམ་སྙམ་དུ་འཛིན་ཅིང༌། སྐུ༷ར་པ་འདེབས་པའི་ཉེས་པ་དང༌། བད༷ག་གཞན་གྱི་རང་བཞིན་ཆོས་ཀྱི་དབྱིངས་སུ་མཉམ་པར་མ་ཤེས་པས་བདག་ཉིད་ལ་ཆ༷གས་པ་ལྷ༷ག་པར་འཕེལ་བ༷འི་ཉེས་པ་སྟེ་སྐྱོ༷ན་ནམ་ཉེས་དམིགས་ལྔ༷་པོ་འདི་རྣམས་གང་ཟག་གི་རིགས་ག༷ང་ད༷ག་ལ༷་ཤས་ཆེར་ཡོ༷ད་པ༷་དེ༷་ད༷ག་དེ༷་རྣམས་སྤ༷ངས་ནས་བྱང་ཆུབ་ཐོབ་པར་འདོད་པའི་སྤྲོ་བ་དང༌། སེམས་ཅན་ཐམས་ཅད་ལ་གུས་པ་དང༌། གློ་བུར་བ་མེད་པར་རྟོགས་པའི་ཤེས་རབ་དང༌། རང་བཞིན་ཡོད་པར་རྟོགས་པའི་ཡེ་ཤེས་དང༌། བདག་གཞན་མཚུངས་པར་ཤེས་པའི་བྱམས་པ་ཆེན་པོ་རྣམས་བསྐྱེད་པའི་དོ༷ན་དུ༷་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཉིད་དེ་བཞིན་ཉིད་ཐམས་ཅད་ལ་ཁྱབ་པར་ཡོད་པར་གསུ༷ངས། ཞེས་པའོ། །

རྒྱས་བཤད་ལ་གཉིས། གཞན་དུ་སྟོང་ཉིད་གསུངས་པའི་དགོངས་པ་བཤད་པ། རྒྱུད་འདིར་ཆོས་དབྱིངས་གསུངས་པའི་ཕན་ཡོན་བསྟན་པའོ། །དེ་ལ་དགོངས་པ་བཤད་པ་ནི། དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཉིད་ངེས་པའི་དོན་ཡིན་ན། རྒྱལ་བའི་ཡུམ་ལ་སོགས་པ་ལས། ཆོས་ཐམས་ཅད་སྟོང་པ་ཉིད་དེ། སྤྲིན་དང་རྨི་ལམ་དང་སྒྱུ་མ་བཞིན་དུ་སྣང་ཡང་རང་བཞིན་མེད་པའོ། །ཞེས་གསུངས་པའི་དགོངས་པ་གང་ཡིན་ཞེ་ན། ཕྱིན་ཅི་ལོག་མེད་པའི་དམིགས་པ་ཡ༷ང་ད༷ག་པའི་མཐ༷འ་དོན་དམ་ཆོས་ཀྱི་དབྱིངས་འདུས་མ་བྱས་པ་ནི༷་ཀུན་རྫོབ་འདུ༷ས་བྱ༷ས་གློ་བུར་གྱི༷་དྲི་མ་སྐྱེ་བ་དང་འཇིག་པ་དང་གནས་པའི་རྣ༷མ་པ༷ར་སྣང་བ་ཐ༷མས་ཅ༷ད་ཀྱིས་དབེ༷ན་ཞིང་སྟོང་པ་ལ་དགོངས་ནས་རང་བཞིན་མེད་པར་གསུངས་པ༷་སྟེ༷། གང་གིས་སྟོང་པའི་གློ་བུར་གྱི་དྲི་མ་འདུས་བྱས་རྣམས་ཀྱང་གང་ཡིན་སྙམ་ན། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ཉོ༷ན་མོ༷ངས་པ་དང༌། མི་དགེ་བ་ལ་སོགས་པ་ལ༷ས་ཀྱི་ཀུན་ནས་ཉོན་མོངས་པ་ད༷ང༌། དེ་དག་གི་རྣ༷མ་པར་སྨི༷ན་པ་ཕུང་པོ་ལ་སོགས་པའི་དོ༷ན་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཡིན་ལ། དེ་རྣམས་ཀྱང་རིམ་པ་ལྟར་སྤྲི༷ན་ལ༷་སོ༷གས་པ༷འི་དཔེ་གསུམ་པོ་རྣམས་ཇི་ལྟ་བ་བཞི༷ན་དུ༷་མཚུངས་པར་བརྗོ༷ད་དོ། །དེ་ལ་ཉོ༷ན་མོ༷ངས་པ་ནི་སེམས་ཅན་གྱི་རང་བཞིན་ནམ་མཁའ་ལྟ་བུ་ལ་ཁྱབ་པར་སྒྲིབ་པ་གློ་བུར་བ་ཡིན་པའི་ཕྱིར་སྤྲྀ༷ན་དང་འདྲ༷་ཞིང་དེས་ཀུན་ནས་བསླངས་པ་བྱ༷་བ༷འི༷་ལ༷ས་ཟག་པ་དང་བཅས་པ་ནི༷། ཕྱིན་ཅི་ལོག་གི་བློས་བསྐྱེད་ཅིང་འཁྲུལ་པའི་ཡུལ་ཡིན་པའི་ཕྱིར་རྨི༷་ལ༷མ་གྱི་ལོ༷ངས་སྤྱོ༷ད་ཇི་ལྟ་བ་བཞི༷ན་ཡིན་ལ། ཉོ༷ན་མོ༷ངས་པ་དང་ལ༷ས་དང་ཟག་བཅས་ཀྱི༷་འབྲས་བུ་རྣ༷མ་པ༷ར་སྨི༷ན་པ་ཕུ༷ང་པོ༷་ལ་སོགས་པའི་དོན་ནི་རྐྱེན་ལ་ལྟོས་ནས་སྣ་ཚོགས་སུ་སྣང་ཡང་དཔྱད་ན་རང་བཞིན་བདེན་པ་མེད་པའི་ཕྱིར་སྒྱུ༷་མ༷་དང་སྤྲུ༷ལ་པ༷་ལ་སོགས་པ་བཞི༷ན་ནོ། །ཞེས་པའོ། །

ཕན་ཡོན་བསྟན་པ་ལ་གསུམ་སྟེ།

ཉེས་པ་སྤང་བའི་དོན་དུ་ཆོས་དབྱིངས་གསུངས་ཚུལ། སྤང་བྱ་ཉེས་པ་ལྔ་པོ་ཇི་ལྟར་འབྱུང་ཚུལ། ཉེས་པ་སྤངས་པས་ཕན་ཡོན་མྱུར་དུ་འཐོབ་ཚུལ་ལོ། །དེ་ལ་ཆོས་དབྱིངས་གནས་ཚུལ་ནི། གདུལ་བྱ་རྣམས་རིམ་གྱིས་དྲང་བའི་ཕྱིར། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འགའ་ཞིག་གཟུགས་སོགས་བདེན་པར་ཡོད་དམ་སྙམ་དུ་མངོན་པར་ཞེན་ན་དེ་སྤང་བའི་ཆེད་དུ་སྔ༷ར་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ་ནི༷་ཆོས་ཐམས་ཅད་སྟོང་པ་ཉིད་དང་སྣང་ཡང་རང་བཞིན་མེད་པ་སྤྲིན་དང་རྨི་ལམ་དང་སྒྱུ་མ་ལྟ་བུའོ་ཞེས་དེ༷་ལྟ༷ར། ངོ་བོ་ཉིད་མེད་པ་གཙོ་ཆེར་སྟོན་པའི་རྣ༷མ་གཞ༷ག་མཛད་ན༷ས། དེ་ཙམ་གྱིས་བརྩོན་པ་མི་འདོར་བར་སླ༷ར་ཡ༷ང་མཆོག་ཏུ་ཟབ་པ་སྟོན་པས་ན། བླ༷་མ༷འམ་འཁོར་ལོ་གསུམ་ལས་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་སྟོན་པས་ན་ཕྱི་མ་སྟེ། ཆོས་ཀྱི་དབྱིངས་རྒྱུན་མི་འཆད་པ་སྟོན་པས་ན་རྒྱུ༷ད་དང་འདྲ་བར་མཐར་ཐུག་པའི་དོན་འཆད་པའི་སྐབས་འདི༷ར་ནི༷་རང་གི་སེམས་ཞུམ་པའི་འདུ་ཤེས་དང༌། གཞན་དག་ལ་བརྙས་པར་བྱེད་པ་དང༌། དྲི་མ་ཡོད་པར་འཛིན་པ་དང༌། ཆོས་ཀྱི་དབྱིངས་མེད་པར་འཛིན་པ་དང༌། བདག་ལ་ཆགས་པ་ལྷག་པ་སྟེ་སྐྱོན་ནམ་ཉེ༷ས་པ༷་ལྔ༷་པོ་འདི་ད༷ག་སྤ༷ངས་ནས་སྤྲོ་བ་ལ་སོགས་པ༷འི་ཡོན་ཏན་རྣམས་ཐོབ་པར་བྱ་བའི་ཕྱི༷ར་ཁ༷མས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཐམས་ཅད་ལ་ཁྱབ་པར་ཡོ༷ད་པ་ཉི༷ད་དོ་ཞེ༷ས་དཔེ་དང་རྒྱུ་མཚན་ལ་སོགས་པ་རྣམ་པ་མང་པོས་ཤིན་ཏུ་གསལ་བར་བསྟ༷ན་པ༷་ཡི༷ན་ནོ། །ཞེས་པའོ། །

ཉེས་པ་ཇི་ལྟར་འབྱུང་ཚུལ་ནི། འདི༷་ལྟ༷ར་སངས་རྒྱས་ཀྱི་སྙིང་པོ་དེ༷་ནི༷་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་དོ། །ཞེས་བྱ་བར་མ་བསྟན་ན་ཐོས་པར་ཡང་མི་འགྱུར་ལ། དེ་ལྟར་མ༷་ཐོ༷ས་པ༷ར་བད༷ག་ལྟ་བུས་བླ་ན་མེད་པའི་བྱང་ཆུབ་གང་ལས་ཐོབ་སྙམ་དུ་རང་ལ༷་བརྙ༷ས་ཤིང་སྒྱིད་ལུག་པ༷འི་ཉེ༷ས་པ༷་ཡི༷ས་སེ༷མས་ནི༷་ཞུ༷མ་ཞིང་ཡི་ཆད་པ༷་འག༷འ་ཞི༷ག་ལ༷་རང་གི་རང་བཞིན་དོན་དམ་པའི་སངས་རྒྱས་མངོན་སུམ་དུ་འགྱུར་བར་བྱའོ་སྙམ་པའི་བྱ༷ང་ཆུ༷བ་ཀྱི་སེ༷མས་ཁྱད་པར་ཅན་ནི༷་སྐྱེ༷་བར་མི༷་འགྱུ༷ར་བའི་ཉེས་པ་འབྱུང་ཞིང༌། ཡང་ག༷ང་ལ༷་ལ་ཞིག་ལ་གཞན་དོན་དུ་སངས་རྒྱས་བསྒྲུབ་པར་བྱའོ་སྙམ་དུ་བྱ༷ང་ཆུ༷བ་ཀྱི་སེ༷མས་ཅུང་ཟད་ཙམ་སྐྱེ༷ས་པ༷ས་ཀྱང༌། བད༷ག་ནི༷་ཐེག་པ་ཆེན་པོ་ལ་གནས་པས་མཆོ༷ག་གམ་རབ་ཅེ༷ས་བྱ་བར་རློ༷མ་ཞིང་སེམས་ཁེངས་པ༷་ན༷། གཞན་བྱ༷ང་ཆུ༷བ་ཏུ་སེ༷མས་མ༷་བསྐྱེ༷ད་པ༷་རྣམས་ལ༷་དེ་བཞིན་ཉིད་ཡོད་པར་མ་ཤེས་པས་འདི་དག་ནི་དམ༷ན་པའོ་ཉམས་པ༷འི་འདུ༷་ཤེ༷ས་རབ༷་ཏུ༷་འཇུ༷ག་པའི་ཉེས་པ་འབྱུང་ལ། དེ༷་ལྟ༷ར་སངས་རྒྱས་ཀྱི་སྙིང་པོ་མེད་པར་སེ༷མས་པ༷འི་གང་ཟག་དེ༷་ལ༷་ནི༷་སྒྲོ་འདོགས་སྐུར་འདེབས་དང་བྲལ་བ་ཡ༷ང་ད༷ག་པའི་ཤེ༷ས་པ༷་མི༷་སྐྱེ༷་བ༷་དེ༷ས་ན༷་ཡ༷ང་ད༷ག་པ་མི༷ན་པ་ཀུན་རྫོབ་གློ་བུར་གྱི་དྲི་མ་རྣམས་བདེན་པར་ཡོད་པར་འཛི༷ན་ཅི༷ང་སྒྲོ་འདོགས་པའི་ཉེས་པ་དང༌། ཡང༷་ད༷ག་པའི་དོ༷ན་ཆོས་ཀྱི་དབྱིངས་དོན་དམ་པའི་ཡོན་ཏན་དང་བཅས་པ་ལྷུན་གྱིས་གྲུབ་པར་གནས་པ་ནི༷་རི༷ག་པར་མི༷་འགྱུ༷ར་ཞིང་སྐུར་བ་འདེབས་པའི་ཉེས་པའང་འབྱུང་སྟེ། ལེགས་པར་སྤྱད་ན་རྒྱུ་དང་རྐྱེན་གྱི་བཅོ༷ས་མ༷་དང་སྤང་རུང་གློ༷་བུ༷ར་བ༷་ཉི༷ད་ཡིན་པའི་ཕྱི༷ར་སེ༷མས་ཅ༷ན་གྱི་སྐྱོ༷ན་གློ་བུར་གྱི་དྲི་མ་དེ༷་ཡ༷ང་ད༷ག་པར་ཡོད་པ་ཉིད་མི༷ན་ཞིང་ཡ༷ང་ད༷ག་པར་ན་ཉེ༷ས་པ་གློ་བུར་བ་དེ༷་གང་ཟག་དང་ཆོས་ཀྱི་བད༷ག་གཉིས་སུ་མེ༷ད་པའི་ཕྱིར་སྟོབས་ལ་སོགས་པ༷་དོན་དམ་པའི་ཡོ༷ན་ཏ༷ན་རྣམས་ར༷ང་བཞི༷ན་གྱིས་རྣམ་པར་ད༷ག་པར་ཡོད་པ༷་ཉིད་ཡི༷ན་ནོ། །དེ་ལྟར་ཡ༷ང་ད༷ག་པ་མི༷ན་པ༷འི་ཉེ༷ས་པ་གློ་བུར་བ་རྣམས་རང་བཞིན་དུ་ཡོད་པར་འཛི༷ན་ཅི༷ང་སྒྲོ་འདོགས་ལ། ཡ༷ང་ད༷ག་པའི་ཡོ༷ན་ཏ༷ན་དང་བཅས་པའི་ཆོས་ཀྱི་དབྱིངས་གདོད་མ་ནས་ལྷུན་གྱིས་གྲུབ་པར་གནས་པ་ལ་མེད་དོ། །ཞེས་སྐུ༷ར་བ་འདེ༷བས་པ༷ས་ན་བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་རྣམས་བད༷ག་ཉིད་ད༷ང་སེ༷མས་ཅ༷ན་ནི་རང་བཞིན་དོན་དམ་པའི་སངས་རྒྱས་སུ་མཚུ༷ངས་པར་མཐོ༷ང་བའི་བྱ༷མས་པ༷་ཆེན་པོ་ཐོ༷བ་པར་མི༷་འགྱུ༷ར་ཞིང༌། བདག་ལ་ཆགས་པ་ལྷག་པའི་ཉེས་པ་རྣམས་འབྱུང་ངོ༌། །ཞེས་པ་སྟེ། དེ་བས་ན་ཉེས་པ་དེ་དག་སྤང་བའི་དོན་དུ་ཆོས་ཀྱི་དབྱིངས་གསལ་བར་བསྟན་ཏོ། །ཞེས་པའོ། །

སྤངས་པས་ཕན་ཡོན་ཐོབ་ཚུལ་ནི།

འདི༷་ལྟ༷ར་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་དེ༷་ནི༷་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་དོ་ཞེས་བྱ་བར་ངེས་པའི་དོན་གྱི་གསུང་རབ་རྣམས་ལས་བསྟན་ཅིང་གདུལ་བྱར་གྱུར་པ་རྣམས་ཀྱིས་ལེགས་པར་ཐོ༷ས་པ༷་ལ༷ས། རང་གི་རང་བཞིན་མངོན་སུམ་དུ་གྱུར་པ་ནི་བྱང་ཆུབ་ཆེན་པོའོ་སྙམ་པས་ལམ་གྱི་དཀའ་སྤྱད་ལ་སྤྲོ༷་བ་ད༷ང༌། གཞན་གྱི་རང་བཞིན་ཡང་སངས་རྒྱས་སུ་ཤེས་པས་སྟོ༷ན་པ༷་ཇི་ལྟ་བ་བཞི༷ན་དུ་གུ༷ས་པ་ད༷ང༌། ཀུན་རྫོབ་གློ་བུར་གྱི་དྲི་མ་བདག་གཉིས་སུ་མེད་པ་ལ་མེད་པར་ཤེས་པའི་ཤེ༷ས་ར༷བ་དང༌། དོན་དམ་ཆོས་ཀྱི་དབྱིངས་རང་བཞིན་དུ་ཡོད་པ་ལ་ཡོད་པར་ཤེས་པའི་ཡེ༷་ཤེ༷ས་དང༌། བདག་གཞན་གྱི་རང་བཞིན་སངས་རྒྱས་སུ་མཚུངས་པར་མཐོང་བ་ལས་གཞན་ལ་ཕན་པར་འདོད་པའི་བྱ༷མས་པ་ཆེ༷ན་པོ་རྣམས་སྐྱེ༷་ཞིང༌། དེ་ལྟར་ཡོན་ཏན་གྱི་ཆོ༷ས་ལྔ༷་སྐྱེ༷ས་པའི་ཕྱི༷ར་ཕན་ཡོན་དེ༷་དག་ལ༷ས་ནི༷་སེམས་ཞུམ་པ་ལ་སོགས་པ་ཁ༷་ན༷་མ༷་ཐོ༷་བ་མེ༷ད་ཅིང་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མཚུ༷ངས་པར་ལྟ༷་སྟེ། སྐྱོ༷ན་གློ་བུར་གྱི་དྲི་མ་རྣམས་མེ༷ད་ཅིང་ཡོ༷ན་ཏ༷ན་རང་བཞིན་གྱིས་དག་པ་དང་ལྡ༷ན་པ༷་རྣམས་ཡོད་པར་རྟོགས་པ་ད༷ང༌། བད༷ག་ཉིད་ད༷ང་སེ༷མས་ཅ༷ན་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཚུ༷ངས་པར་མཐོང་བའི་བྱ༷མས་པ་ཆེན་པོ་དེ་ལ༷ས་ལམ་རིམ་གྱིས་བསྒྲུབས་པས་འབྲས་བུ་དོན་གཉིས་མཐར་ཕྱིན་པ་བླ་ན་མེད་པའི་སང༷ས་རྒྱ༷ས་ཉི༷ད་ནི༷་གདོན་མི་ཟ་བར་མྱུ༷ར་དུ༷་ཐོ༷བ་པར་འགྱུར་རོ། །ཞེས་པའོ། །

ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་བླ༷་མ༷འི་བསྟ༷ན་བཅོ༷ས་དཀོ༷ན་མཆོ༷ག་གི༷་རི༷གས་རྣ༷མ་པ༷ར་དབྱེ༷་བ༷་ལ༷ས། དེ༷་བཞི༷ན་གཤེ༷གས་པ༷འི་སྙི༷ང་པོ༷འི་སྐ༷བས་ཏེ༷། ལེའུ་ད༷ང་པོ༷འི་རྣམ་པར་བཤད་པའོ༷།། །།

ལེའུ་གཉིས་པ། བྱང་ཆུབ་ཀྱི་སྐབས།

༈ ད་ནི་ཆོས་ཀྱི་དབྱིངས་དེ་དྲི་མ་མཐའ་དག་དང་བྲལ་བ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་ལ་གནས་མ་ལུས་པ་ཡོངས་སུ་གྱུར་པའི་འབྲས་བུའི་དབང་དུ་བྱས་ནས། རྟོགས་པའི་ངོ་བོ་བྱང་ཆུབ་ཀྱི་དོན་ལ་གསུམ་སྟེ། བཤད་བྱ་དོན་གྱི་རྣམ་དབྱེ་མདོར་བསྟན་པ། འཆད་ཚུལ་སྡོམ་དུ་བསྡུས་ཏེ་བསྟན་པ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། །

དེ་ལ་དོན་གྱི་རྣམ་དབྱེ་ནི། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དྲི་མ་མེད་པའི་དེ་བཞིན་ཉིད་མཐར་ཕྱིན་པའི་འབྲས་བུ་བྱང་ཆུབ་ཆེན་པོ་ཉིད་ཡོངས་སུ་ཤེས་པར་བྱ་བའི་དོན་རྣམ་པ་བརྒྱད་ལས་བརྩམས་ཏེ་འཆད་པའོ། །དེའང་སྔར་བཤད་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གང་ཡིན་པ་དེ་གློ་བུར་གྱི་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་ནས་ད༷ག་པ་གཉིས་ལྡན་དུ་གནས་ཡོངས་སུ་གྱུར་པ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། དག་པ་གཉིས་ལྡན་དེ་ཐོ༷བ་པར་བྱེད་པའི་ཐབས་མཉམ་གཞག་རྣམ་པར་མི་རྟོག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང༌། རྗེས་ཐོབ་འཇིག་རྟེན་པའི་ཡེ་ཤེས་གཉིས་ཟུང་དུ་འབྲེལ་བར་བསྒོམ་པ་ནི་རྒྱུའི་དོན་ནོ། །ཡེ་ཤེས་དེ་དག་གོམས་པ་མཐར་ཕྱིན་པ་ལས། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པའི་དྲི་མ་མཐའ་དག་དང་བྲ༷ལ་བ༷་ནི་འབྲས་བུའི་དོན་ནོ། །ཉོན་མོངས་པའི་སྒྲིབ་པ་དང་བྲལ་བས་ཟག་པ་དང་བཅས་པའི་རྒུད་ཐམས་ཅད་ལས་འདས་ཏེ། ཟག་པ་མེད་པའི་འབྱོར་བ་མཐའ་ཡས་པ་ཐོབ་པས་ར༷ང་གི་དོན་ཕུན་སུམ་ཚོགས་པ་འགྲུབ་ཅིང༌། ཤེས་བྱའི་སྒྲིབ་པ་དང་བྲལ་བས་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པའི་གཞ༷ན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་ནི་ལས་ཀྱི་དོ༷ན་ནོ། །དོན་གཉིས་ཕུན་སུམ་ཚོགས་པ་དེ༷་དག་འགྲུབ་པར་བྱེད་པའི་རྟེ༷ན་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཚད་མེད་པ་རྣམས་དང་ལྡན་པ་ནི་ལྡན་པའི་དོན་ནོ། །ཡོན་ཏན་དང་ལྡན་པའི་བྱང་ཆུབ་དེ་ཉིད་གཏིང་དཔག་དཀའ་བས་ན་ཟ༷བ་པ་ཆོས་ཀྱི་སྐུ་ད༷ང༌། མཐུ་ལ་སོགས་པའི་ཡོན་ཏན་མང་པོ་མངའ་བས་ན། རྒྱ༷་ཆེ༷་བ་ལོངས་སྤྱོད་རྫོགས་པའི་སྐུ་ད༷ང༌། སྐལ་བ་དང་མཐུན་པར་གཞན་གྱི་དོན་འབའ་ཞིག་མཛད་པས་ན་བད༷ག་ཉི༷ད་ཆེ༷ན་པོ༷་སྤྲུལ་པའི་སྐུ་སྟེ། རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ནི་འཇུག་པའི་དོན་ནོ། །སྐུ་གསུམ་པོ་དེ༷་ཡ༷ང་ནི༷་ནམ་མཁའ་ཇི་སྲིད་པ་དང་འགྲོ་བ་ཇི༷་སྲི༷ད་པའི་དུ༷ས་ད༷ང་མཚུངས་པར་འཇུག་ཅིང་གནས་པ་ནི་རྟག་པའི་དོན་ནོ། །དེ་དག་གི་ཇི༷་ལྟ༷་བ་ཉི༷ད་ཀྱི་ཚུལ་ཡང་སངས་རྒྱས་ལས་གཞན་པའི་སྤྱོད་ཡུལ་མ་ཡིན་ཞིང༌། རྟོགས་པར་དཀའ་བ་ནི་བསམ་གྱིས་མི་ཁྱབ་པའི་དོན་ཏེ། དེ་ལྟར་དོན་རྣམ་པ་བརྒྱད་ཀྱིས་བཤད་པར་བྱའོ། །ཞེས་པའོ། །

སྡོམ་དུ་བསྡུ་བ་ནི།

དེ་ལྟར་ན་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལས་སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བ་དག་པ་གཉིས་ལྡན་ངོ༷་བོ༷་ཉིད་ཀྱི་དོན་དང༌། དེ་ཐོབ་པར་བྱེད་པ་མཉམ་གཞག་དང་རྗེས་ཐོབ་གྱི་ལམ་ཉམས་སུ་ལེན་པ་རྒྱུ༷འི་དོན་ད༷ང༌། ལམ་བསྒོམས་པ་ལས་སྒྲིབ་པ་གཉིས་ཀྱི་དྲི་མ་དང་བྲལ་བ་འབྲ༷ས་བུ༷འི་དོན་ད༷ང༌། སྒྲིབ་པ་སྤངས་པ་ལས་རང་གཞན་གྱི་དོན་གཉིས་འགྲུབ་པར་བྱེད་པ་ལ༷ས་ཀྱི་དོན་ད༷ང༌། དེ་དག་གི་རྟེན་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་དང་ལྡ༷ན་པའི་དོན་དང༌། དེ་ཡང་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ་སྐུ་གསུམ་གྱི་རབ་ཏུ་དབྱེ་བས་འཇུ༷ག་པ༷འི་དོན་ད༷ང༌། དེ༷་རྣམས་ཀྱང་འགྲོ་བ་དང་ནམ་མཁའ་ཇི་སྲིད་པར་རྟ༷ག་པའི་དོན་དང༌། མཐར་ཕྱིན་པ་ཇི་ལྟ་བའི་ཚུལ་ནི། ཕལ་པ་རྣམས་ཀྱིས་བས༷མ་གྱིས་མི༷་ཁྱ༷བ་པའི་དོན་ཏེ། དོན་བརྒྱད་པོ་རྣམས་ཉི༷ད་ཀྱི༷ས་འབྲས་བུ་མཐར་ཐུག་པ་སང༷ས་རྒྱ༷ས་ཀྱི་ས༷ར་ནི༷་རྣ༷མ་པ༷ར་བཞ༷ག་པ་ཡིན་ནོ། །ཞེས་པའོ། །

རྒྱས་པར་བཤད་པ་ལ་བརྒྱད་ཡོད་ཀྱང༌། དང་པོ་གཉིས་ལྷན་ཅིག་ཏུ་འཆད་པས་རེ་ཤིག་དོན་རྣམ་པ་བདུན་ཏེ། དག་ཐོབ་ལས་ངོ་བོ་རྒྱུའི་དོན། དྲི་མ་དང་བྲལ་བ་འབྲས་བུའི་དོན། རང་གཞན་གྱི་དོན་གཉིས་ལས་ཀྱི་དོན། དེའི་རྟེན་ཡོན་ཏན་དང་ལྡན་པའི་དོན། སྐུ་གསུམ་གྱི་དབྱེ་བས་འཇུག་པའི་དོན། ཇི་སྲིད་དུ་དེ་དག་རྟག་པའི་དོན། ཇི་ལྟ་བ་བཞིན་བསམ་གྱིས་མི་ཁྱབ་པའི་དོན་ནོ། །

ངོ་བོ་དང་རྒྱུའི་དོན་ལ་གཉིས། དག་པ་འཐོབ་ཚུལ་མདོར་བསྟན་པ། དེ་ཉིད་རྒྱས་པར་བཤད་པའོ། །དེ་ལ་མདོར་བསྟན་ནི། སེམས་ཀྱི་ར༷ང་བཞི༷ན་གདོད་མ་ནས་འོད༷་གས༷ལ་བའོ། །ཞེ༷ས་ངེས་པའི་དོན་གྱི་གསུང་རབ་རྣམས་ལས་བརྗོ༷ད་པ་ག༷ང་ཡི༷ན་པ་དེ་ཉིད་ཉི༷་མ་བཞིན་དུ་ཤེས་པར་བྱ་བའི་དེ་ཁོ་ན་ཉིད་གསལ་བའི་རྟོགས་པ་ད༷ང་ནམ་མཁ༷འ་བཞི༷ན་དུ་རང་བཞིན་གྱིས་རྣམ་པར་དག་པའི་སྤངས་པ་གཉིས་དང་ལྡན་པ་ཡིན་ལ། དེ་ཡང་སྔར་སེམས་ཅན་གྱི་གནས་སྐབས་སུ་གློ༷་བུ༷ར་གྱི༷་དྲི་མ་ཉོ༷ན་མོ༷ངས་པའི་སྒྲིབ་པ་དང༌། ཤེ༷ས་བྱ༷འི་སྒྲིབ་པ་སྤྲི༷ན་ཚོ༷གས་སྟུ༷ག་པོ༷་དང་འདྲ་བའི༷་སྒྲི༷བ་པ༷་ཡི༷ས་ནི༷་བསྒྲི༷བས་པར་གྱུ༷ར་པ༷་ལས་མཐར་ཡང་དག་པའི་ལམ་གྱིས་དྲི༷་མ་མཐའ་དག་མེ༷ད་པར་བྱས་ཏེ་སྤངས་པ་དང་སང༷ས་རྒྱ༷ས་ཀྱི་ཡོ༷ན་ཏ༷ན་སྟོབས་ལ་སོགས་པ་མ་ལུས་པ་ཀུ༷ན་དང་དབྱེར་མི་ཕྱེད་པར་ལྡ༷ན་ཞིང༌། སྐྱེ་བ་དང་རྒ་བ་དང་འཆི་བ་རྣམས་ལས་གྲོལ་བས་རྟ༷ག་ཅིང་བརྟ༷ན་ལ་གཡུ༷ང་དྲུ༷ང་གི་ངོ་བོར་གྱུར་པའི་སང༷ས་རྒྱ༷ས་ཉི༷ད་ཐོབ་པ་ནི་དག་པ་གཉིས་ལྡན་ངོ་བོའི་དོན་ཡིན་ཞིང༌། དེ་ལྟ་བུའི་བྱང་ཆུབ་དེ༷་ནི༷་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་གཞག་ཏུ་ཆོ༷ས་ཉིད་ཇི་ལྟ་བའི་དོན་ལ༷་དམིགས་ཏེ་རྣམ་པར་མི༷་རྟོ༷ག་པའི་ཡེ་ཤེས་དང༌། རྗེས་ཐོབ་ཏུ་ཆོས་ཅན་ཇི་སྙེད་པའི་དོན་ལ་དམིགས་ཏེ་རབ་ཏུ་རྣ༷མ་པར་འབྱེ༷ད་པའི་ཡེ༷་ཤེ༷ས་ད༷ག་ལ༷་བརྟེ༷ན་ན༷ས་ལམ་ཉམས་སུ་བླངས་པ་ལས་རིམ་གྱིས་འཐོ༷བ་པར་འགྱུར་བའི་རྒྱུའི་དོན་ཡིན་ནོ། །ཞེས་པའོ། །

རྒྱས་བཤད་ལ་གཉིས། དག་པ་གཉིས་ལྡན་ངོ་བོའི་དོན་དང༌། འཐོབ་བྱེད་ཡེ་ཤེས་རྒྱུའི་དོན་ནོ། །ངོ་བོའི་དོན་ལ་གཉིས། དངོས་དང༌། ཁྱད་པར་རོ། །དེ་ལ་དངོས་ནི། དོན་དམ་པའི་སང༷ས་རྒྱ༷ས་ཉི༷ད་ནི༷་རང་བཞིན་རྣམ་པར་དག་པའི་ངོ་བོ་ཐམས་ཅད་དབྱེ༷ར་མེ༷ད་པ༷ར་གནས་པ་ལས་མཐར་གློ་བུར་གྱི་དྲི་མ་དང་ཡང་བྲལ་ནས་ད༷ག་པ༷་གཉིས་དང་ལྡན་པའི༷་ཆོ༷ས་ཀྱི༷ས་ར༷བ་ཏུ་ཕྱེ༷་བ༷་ཡིན་ལ། དེ་ཡང་ཉི༷་མ༷་རང་བཞིན་གྱིས་འོད་གསལ་བ་དང༌། ནམ་མཁ༷འ་རང་བཞི༷ན་གྱིས་རྣམ་པར་དག་པ་ཇི་ལྟ་བ་བཞིན་དུ་ཡེ༷་ཤེ༷ས་ཀྱི་འོད་གསལ་བའི་རྟོགས་པ་ད༷ང་སྒྲིབ་པ་གཉིས་རྣམ་པར་དག་པའི་སྤ༷ངས་པ༷་སྟེ། སྤངས་རྟོགས་ཕུན་སུམ་ཚོགས་པ་གཉི༷ས་ཀྱི༷་མཚ༷ན་ཉི༷ད་དང་ལྡན་པ་ཉིད་དོ༷། །ཞེས་པའོ། །

ཁྱད་པར་ལ་གཉིས་ལས། རང་བཞིན་འོད་གསལ་གྱི་ཁྱད་པར་ནི། ཟག་པ་མེད་པའི་དབྱིངས་རང་བཞིན་གྱིས་འོ༷ད་གས༷ལ་བའི་ཆོས་སྐུ་དེ་ནི་རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་བྱ༷ས་པ་མི༷ན་ཞིང༌། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་དུ་དབྱེ༷ར་མེ༷ད་པ༷ར་འཇུ༷ག་པ་ཅ༷ན་ཡང་ཡིན་ལ། དེ་ཉིད་ཆུ་བོ་ག༷ང་གཱ༷འི་ཀླུ༷ང་གི༷་ནི༷་རྡུ༷ལ་གྱི་གྲངས་ལ༷ས་ཀྱང་འད༷ས་ཤིང་ཚད་མེད་པ༷འི་སང༷ས་རྒྱ༷ས་ཀྱི༷་ཡོན་ཏན་སྟོབས་ལ་སོགས་པའི་ཆོ༷ས་རྣ༷མས་ཀུ༷ན་ད༷ང་གདོད་མ་ནས་ལྷུན་གྱིས་གྲུབ་པར་ལྡ༷ན་པ༷་ཉི༷ད་ཡིན་ནོ། །ཞེས་པའོ། །

གློ་བུར་དྲི་བྲལ་གྱི་ཁྱད་པར་ནི།

དྲི་མ་རྣམས་ར༷ང་བཞི༷ན་གྱི༷ས་ནི༷་གདོད་མ་ནས་བདེན་པར་མ༷་གྲུ༷བ་པའི་ཕྱིར་ད༷ང༌། མ་དག་པའི་གནས་སྐབས་ཐམས་ཅད་ལ་ཁྱ༷བ་པར་བྱེད་པའི་ཕྱིར་ད༷ང༌། སྤང་དུ་རུང་བས་གློ༷་བུ༷ར་བ༷་ཉི༷ད་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་གསུམ་པོ་རྣམས་ཀྱི༷ས་ཐར་པའི་གེགས་ཉོ༷ན་མོ༷ངས་པའི་སྒྲིབ་པ་དང༌། ཐམས་ཅད་མཁྱེན་པའི་གེགས་ཤེ༷ས་བྱ༷འི་སྒྲི༷བ་པ༷་གཉིས་པོ་དག་སེམས་ཅན་གྱི་གནས་སྐབས་དེ༷ར་སྤྲི༷ན་གྱིས་ཉི་མ་ད༷ང་ནམ་མཁའ་ལ་སྒྲིབ་པ་དང་འདྲ༷་བ༷ར་རང་བཞིན་འོད་གསལ་ལ་སྒྲིབ་པར་བརྗོ༷ད་པ༷་ཡི༷ན་ལ། སྒྲིབ་པ་དེ་དག་སྤངས་པ་ལས་ནི་དག་པ་གཉིས་ལྡན་དུ་འགྱུར་བ་ཉིད་དོ། །ཞེས་པའོ། །

འཐོབ་བྱེད་ཡེ་ཤེས་རྒྱུའི་དོན་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲི༷བ་པ༷་གཉི༷ས་པོ་ད༷ང་བྲ༷ལ་བ༷་ཡི༷ས་འབྲས་བུ་རྣམ་པར་གྲོལ་བ་དང༌། ཆོས་ཀྱི་སྐུ་མངོན་སུམ་དུ་བྱེད་པའི་རྒྱུ༷་ནི༷་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཡེ༷་ཤེ༷ས་གཉི༷ས་ཟུང་དུ་འབྲེལ་བར་བསྒོམས་པ་ཡི༷ན་ཏེ༷། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་གཞག་ཏུ་ཁམས་གསུམ་པའི་གཉེན་པོ་རྣམ་པར་མི༷་རྟོ༷ག་པའི་ཡེ་ཤེས་བསྒོམས་པས་གཙོ་ཆེར་ཉོན་མོངས་པའི་སྒྲིབ་པ༷་སྦྱོང་བ་ད༷ང༌། དེ༷་ཡི༷་ནི༷་རྗེ༷ས་ཐོ༷བ་ཏུ་ཟབ་པ་དང་རྒྱ་ཆེ་བ་ལ་སོགས་པ་ཤེས་བྱ་ཇི་སྙེད་པའི་དོན་རྣམ་པར་འབྱེད་པའི་ཡེ་ཤེས་བསྒོམས་པས་གཙོ་ཆེར་ཤེས་བྱའི་སྒྲིབ་པ་སྦྱོང་བས་དེ༷་དག་ནི༷་ཡེ༷་ཤེ༷ས་གཉིས་ཡིན་པར་འདོ༷ད་ཅིང༌། དེ་དང་རྗེས་སུ་འབྲེལ་བའི་ལམ་སྒྲུབ་པ་ལ་འབད་པར་བྱའོ། །ཞེས་པའོ། །

དྲི་མ་དང་བྲལ་བ་འབྲས་བུའི་དོན་ལ་གཉིས། དྲི་མེད་དཔེ་ཡིས་མདོར་བསྟན་པ་དང༌། རྒྱུ་མཚན་རྒྱས་པར་བཤད་པའོ། །དེ་ལ་མདོར་བསྟན་ནི། དཔེར་ན་རྙོག་པའི་དྲི༷་མ་མེ༷ད་ཅིང་ཆུ༷་མང་པོ་དང་ལྡ༷ན་ལ་རི༷མ་གྱིས་རྒྱ༷ས་པའི་མེ་ཏོག་པ༷ད་མ༷ས་ཁྱབ་པར་ཁེ༷བས་པ༷འི་མཚོ༷་མཛེས་པ་ཇི་ལྟ་བ་བཞི༷ན་དུ་ཉོན་མོངས་པ་འདོད་ཆགས་ལས་རྣམ་པར་གྲོལ་བ་ད༷ང༌། གཟའ་སྒྲ༷་གཅ༷ན་གྱི་ཁ༷་ནང་ན༷ས་ཐ༷ར་པ༷འི་ཟླ༷་བ༷་ཡོངས་སུ་རྫོགས་ཤིང་ཉ༷་གང་བ༷་ལྟ༷་བུ༷་ཉོན་མོངས་པ་ཞེ་སྡང་ལས་གྲོལ་བ་ད༷ང༌། སྤྲི༷ན་གྱི་ཚོ༷གས་སྟུག་པོ་དང་འདྲ་བའི་ཉོ༷ན་མོ༷ངས་པ་གཏི་མུག་ད༷ག་ལ༷ས་རྣམ་པར་གྲོ༷ལ་བ༷འི་རྒྱུ་མཚན་གྱིས་ཉི༷་མ༷འི་དཀྱིལ་འཁོར་འོད་གསལ་བ་ལྟ༷་བུ༷ར་ནི༷་གློ་བུར་གྱི་དྲི༷་མ་མེ༷ད་ཅིང་སྤངས་རྟོགས་ཕུན་སུམ་ཚོགས་པའི་ཡོ༷ན་ཏ༷ན་མཐར་ཐུག་པ་རྣམས་དང་ལྡ༷ན་པའི་ཕྱི༷ར་ཇི་ལྟ་བ་དང་ཇི་སྙེད་པ་གཟིགས་པའི་འོ༷ད་ཟེ༷ར་གྱི་སྣ༷ང་བ་དང་ལྡ༷ན་པའི་རྫོགས་པའི་སངས་རྒྱས་དེ༷་ཉི༷ད་དོ༷། །ཞེས་པ་དང༌།

ཡང་ཇི་ལྟར་ན་པད་མའི་སྦུབས་ལས་གྲོལ་བ་ཐུ༷བ་པ༷་ཁྱུ༷་མཆོ༷ག་སངས་རྒྱས་ཀྱི་སྐུ་ལྟ་བུ་ནི། གློ་བུར་གྱི་དྲི་མ་ལས་གྲོལ་བའི་རྒྱལ་བ་ཉིད་ཡིན་ལ། དེ་བཞིན་དུ་སྦྱར་ཏེ། སྦྲང་མ་དང་བྲལ་བའི་སྦྲ༷ང་རྩི༷་ལྟ་བུ་དང༌། སྦུན་པ་ལས་བྱུང་བའི་འབྲུའི་སྙི༷ང་པོ༷་ལྟ་བུ་ད༷ང༌། མི་གཙང་བའི་འདམ་རྫབ་དང་བྲལ་བའི་རི༷ན་ཆེ༷ན་གསེ༷ར་བཟང་པོ་ལྟ་བུ་ད༷ང༌། ས་འོག་ནས་ཕྱུང་བའི་རིན་པོ་ཆེའི་གཏེ༷ར་ཆེན་པོ་ལྟ་བུ་ད༷ང༌། ས་བོན་ལས་འཁྲུངས་ཤིང་འབྲས་བུ་དང་ལྡན་པའི་ཤིང་ལྗོ༷ན་པ༷་ཇི་ལྟ་བ་བཞི༷ན་དང༌། གོས་རུལ་དང་བྲལ་ཞིང་དྲི༷་མ་མེ༷ད་པའི་རི༷ན་ཆེ༷ན་ལས་གྲུབ་པའི་བདེ༷་བར་གཤེ༷གས་པའི་སྐུ༷་གཟུགས་ལྟ་བུ་ད༷ང་ནི༷། དེ་བཞིན་དུ་མངལ་ནས་འཁྲུངས་པའི་ས༷་བད༷ག་འཁོར་ལོས་སྒྱུར་བ་ལྟ་བུ་དང༌། ས་འདམ་ནག་པོ་དང་བྲལ་བའི་གསེ༷ར་གྱི༷་གཟུ༷གས་བརྙན་དང་འདྲ༷་བར་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་བ་ནི་མི་མཐུན་པའི་ཕྱོགས་ལས་རྒྱ༷ལ་བ༷་རྫོགས་པའི་སངས་རྒྱས་ཉི༷ད་ཡིན་ནོ། །ཞེས་པའོ། །

རྒྱས་པར་བཤད་པ་ལ་གསུམ་ལས། ཡེ་ཤེས་ལ་སྐུ་གཉིས་འབྱུང་ཚུལ་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཆུ༷་མཚོ༷་རྙོག་པས་དག་པ་དང༌། སོ༷གས་པའི་སྒྲས་ཟླ་བ་སྒྲ་གཅན་ལས་ཐར་བ་དང༌། ཉི་མ་སྤྲིན་ལས་གྲོལ་བ་བཞི༷ན་དུ་སྡུག་པ་ལ་འདོ༷ད་ཆ༷གས་པ་དང༌། སོ༷གས་པའི་སྒྲས་མི་སྡུག་པ་ལ་ཞེ་སྡང་བ་དང༌། བར་པ་ལ་གཏི་མུག་པ་སྟེ་གློ༷་བུ༷ར་གྱི་དྲི་མས་ཉོ༷ན་མོ༷ངས་པ་དུག་གསུམ་ལས་ཀྱང་ད༷ག་ནས་སྤངས་པ༷་ཕུན་སུམ་ཚོགས་པ་དང་ལྡན་པ་རྣམ་པར་གྲོལ་བའི་སྐུ་ཐོབ་པ་ནི༷་རྒྱུ་མང་པོ་ཡོད་ཀྱང་མདོ༷ར་བསྡུ་ན༷་མཉམ་གཞག་འཇིག་རྟེན་ལས་འདས་པ་རྣམ་པར་མི༷་རྟོ༷ག་པའི་ཡེ༷་ཤེ༷ས་བསྒོམས་པ་ཉིད་ཀྱི༷ས་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བའི་འབྲ༷ས་བུ༷་མངོན་སུམ་དུ་གྱུར་པ་ཡི༷ན་པ༷ར་ར༷བ་ཏུ༷་བརྗོ༷ད་ཅིང༌། དེ་བཞིན་དུ་རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་རྟེན་སྟོང་པ་ཉིད་འོད་གསལ་རྣ༷མ་པ༷་ཀུ༷ན་གྱི༷་མཆོ༷ག་དང་ལྡ༷ན་པ༷འི་སང༷ས་རྒྱ༷ས་ཀྱི་སྐུ༷་ནི༷་སྐལ་བ་དང་མཐུན་པར་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ངེ༷ས་པར་ཐོ༷བ་པ༷་དེ༷་ནི༷་རྗེ༷ས་ལ༷ས་ཐོབ༷་པ༷འི༷་འཇིག་རྟེན་པའི་ཡེ༷་ཤེ༷ས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་ཐོས་པ་ལ་སོགས་པ་གོམས་པར་བྱས་པས་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་འབྲ༷ས་བུ༷་མངོན་སུམ་དུ་གྱུར་པ་ཡི༷ན་པ༷ར་ཡང་བསྟ༷ན་ཏོ། །ཞེས་པའོ། །

དུག་གསུམ་སྤངས་པས་དོན་གཉིས་འགྲུབ་ཚུལ་ནི།

རང་གི་རྒྱུད་ལ་ཁམས་གསུམ་པའི་རྗེས་སུ་ཆགས་པའི་འདོ༷ད་ཆ༷གས་སེམས་རྙོག་པར་བྱེད་པའི་རྡུ༷ལ་དང་འདྲ་བ་རྣམས་ནི༷། མ་ལུས་པར་སྤ༷ངས་པའི་ཕྱི༷ར་ད༷ང༌། གདུ༷ལ་བྱ༷་གཞན་མང་པོ་ཡི༷་ནི༷་རྒྱུད་མེ་ཏོག་པ༷ད་མ༷་དང་འདྲ་བ་ལ༷་ཆོས་བསྟན་པས་བས༷མ་གཏ༷ན་ཏིང་ངེ་འཛིན་གྱི་ཆུ༷་ནི༷་འབ༷བ་ཅིང་ཞི་གནས་ལྷག་མཐོང་གིས་བརླན་པར་བྱེད་པའི་ཕྱི༷ར་དང༌། དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་དེ༷་ནི་ཆུ༷་ད༷ག་པས་ཡོངས་སུ་གང་ཞིང་པད་མ་མང་པོས་ཁེབས་པའི་རྫི༷ང་བུ་ཡིད་དུ་འོང་བ་ད༷ང་མཚུ༷ངས་པ༷་ཉི༷ད་ཡིན་ལ། དེ་བཞིན་དུ་སྦྱར་ཏེ། རང་གི་རྒྱུད་ཡིད་དུ་མི་འོང་བ་ལ་ཀུན་ནས་མནར་སེམས་པའི་ཞེ༷་སྡ༷ང་གདུག་པ་ཅན་སྒྲ༷་གཅ༷ན་ལྟ་བུའི་སྒྲིབ་པ་ལ༷ས་རྣམ་པར་གྲོ༷ལ་བ༷ས་གཞན་རྒྱུད་ལ་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙི༷ང་རྗེ༷་ཆེན་པོ་དང༌། ཕན་པ་དང་ཕྲད་པར་འདོད་པའི་བྱ༷མས་པ་ཆེ༷ན་པོ་འོ༷ད་ཟེ༷ར་དང་འདྲ་བ་རྣམས་ཀྱི༷ས་གདུལ་བྱའི་འགྲོ༷་བ༷་མཐའ་དག་ལ་ཁྱ༷བ་པར་མཛད་དེ་རྗེས་སུ་འཛིན་པ༷འི་ཕྱི༷ར་ན༷་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་དེ༷་ནི་དྲི༷་མ་མེ༷ད་པའི་ཟླ༷་བ༷་ཉ༷་གང་བ༷་གཟའ་ལས་ཐར་བ་ཇི་ལྟ་བ་བཞི༷ན་ཡིན་ཞིང༌། རང་གི་རྒྱུད་ཁམས་གསུམ་པའི་མི་ཤེས་པ་གཏི༷་མུ༷ག་སྤྲི༷ན་གྱི་ཚོགས་སྟུག་པོ་དང་འདྲ་བའི་སྒྲིབ་པ་ལ༷ས་རྣ༷མ་པར་གྲོ༷ལ་བ༷ས་གདུལ་བྱའི་འགྲོ༷་བ་ཤིན་ཏུ་མང་བ༷ར་དེ་དག་གི་རྒྱུད་དང་མཐུན་པར་ཆོས་བསྟན་པས་ཡེ༷་ཤེ༷ས་ཀྱི་འོ༷ད་ཟེ༷ར་རྣམས་ཀྱི༷ས་མི་ཤེས་པའི་མུ༷ན་པ༷་མཐའ་དག་སེ༷ལ་བར་མཛད་པའི་ཕྱི༷ར། དོན་གཉིས་མཐར་ཕྱིན་པའི་སང༷ས་རྒྱ༷ས་ཉི༷ད་དེ༷་ནི༷་དྲི༷་མ་མེ༷ད་ཅིང་འོད་གསལ་བའི་ཉི༷་མ༷་སྤྲིན་ལས་གྲོལ་བ་ཇི་ལྟ་བ་བཞི༷ན་ཡིན་ནོ། །ཞེས་པའོ། །

དྲི་མ་དག་པས་སྙིང་པོ་འཐོབ་ཚུལ་ནི།

གཞན་གང་དང་ཡང་མི༷་མཉ༷མ་ཞིང་སངས་རྒྱས་ཁོ་ན་དང་མཉ༷མ་པ༷འི་ཡོན་ཏན་གྱི་ཆོ༷ས་དང་ལྡན་པའི་ཕྱི༷ར་དང༷་ད༷མ་པའི་ཆོ༷ས་ཟབ་མོའི་རོ༷་བཅུད་ཕུན་སུམ་ཚོགས་པ་ནི༷་གདུལ་བྱའི་སྐྱེ་བོ་ལ་སྦྱི༷ན་པར་མཛ༷ད་པའི་ཕྱིར་ད༷ང༌། སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་ཤུ༷ན་པ༷་ད༷ང་ནི་བྲ༷ལ་བའི་ཕྱི༷ར་དང༌། མཐར་ཕྱིན་པའི་སངས་རྒྱས་དེ༷་ནི་གོ་རིམ་བཞིན་དུ་པད་མ་ལས་འཐོན་པའི་བདེ༷་བར་གཤེ༷གས་པ་དང༌། སྦྲང་མ་དང་བྲལ་བའི་སྦྲ༷ང་རྩི༷་དང༌། སྦུན་པ་ལས་བྱུང་བའི་འབྲུའི་སྙི༷ང་པོ༷་ཇི་ལྟ་བ་བཞི༷ན་ནོ། །དེ་བཞིན་དུ་སྦྱར་ཏེ། རང་བཞིན་གྱིས་དྲི་མ་མེད་ཅིང་གློ་བུར་བའི་སྐྱོན་ལས་ཀྱང་རྣམ་པར་ད༷ག་པའི་ཕྱི༷ར་དང༌། ཡོ༷ན་ཏ༷ན་གྱི་ནོར་རྫ༷ས་ཟད་མི་ཤེས་པ་རྣམས་ཀྱི༷ས་ནི༷་གདུལ་བྱའི་དབུ༷ལ་བ༷་དང་ཕོངས་པ་མཐའ་དག་སེ༷ལ་བ༷ར་བྱེ༷ད་པའི་ཕྱི༷ར་ད༷ང༌། གདུལ་བྱ་རྣམས་ལ་སྡུག་བསྔལ་ལས་རྣ༷མ་པར་གྲོ༷ལ་བའི་བདེ་ཆེན་གྱི་འབྲ༷ས་བུ༷་སྦྱི༷ན་པར་བྱེ༷ད་པའི་ཕྱི༷ར་ན། སྒྲིབ་པ་ལས་གྲོལ་བའི་སངས་རྒྱས་དེ་ནི། མི་གཙང་བས་དག་པའི་གསེ༷ར་བཟང་པོ་ད༷ང༌། སའི་སྦུབས་ནས་འཐོན་པའི་གཏེ༷ར་ཆེན་པོ་ད༷ང༌། འབྲས་བུ་དང་བཅས་པའི་ཤིང་ལྗོ༷ན་པ༷་ཇི་ལྟ་བ་བཞི༷ན་ཡིན་ལ། དགོས་འདོད་འབྱུང་བའི་རི༷ན་ཆེ༷ན་ལྟ་བུར་ཡོན་ཏན་ཚད་མེད་པ་དང་ལྡན་པའི་ཆོ༷ས་ཀྱི༷་སྐུ༷་མངོན་སུམ་དུ་གྱུར་པའི་ཕྱི༷ར་ད༷ང་གདུལ་བྱའི་གཙོ་བོ་རྐ༷ང་གཉི༷ས་པ་རྣམས་ཀྱི་བད༷ག་པོ༷འམ་འདྲེན་པ་མཆོ༷ག་ཏུ་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པའི་ཕྱི༷ར་ད༷ང༌། རི༷ན་ཆེ༷ན་གསེར་ལས་བྱས་པའི་གཟུ༷གས་བརྙན་གྱི༷་རྣ༷མ་པ་ལྟ་བུར་རྣམ་འཕྲུལ་སྣ་ཚོགས་པ༷འི་སྤྲུལ་པའི་སྐུ་སྟོན་པའི་ཕྱི༷ར་ན་སྐུ་གསུམ་ཡོངས་སུ་རྫོགས་པའི་སངས་རྒྱས་དེ༷་ནི༷་གོས་རུལ་དང་བྲལ་བའི་རི༷ན་ཆེ༷ན་གྱི་སྐུ་དང༌། མངལ་སྦུབས་དང་བྲལ་བའི་འཁོར་ལོས་སྒྱུར་བའི་རྒྱ༷ལ་པོ་དང༌། ས་འདམ་དང་བྲལ་བའི་གསེ༷ར་གྱི་གཟུགས་བརྙན་ཇི་ལྟ་བ་བཞི༷ན་ཡིན་ནོ། །ཞེས་པའོ། །

རང་གཞན་གྱི་དོན་ལ་གཉིས། དོན་གཉིས་འགྲུབ་ཚུལ་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། །དེ་ལ་མདོར་བསྟན་ནི། ཟ༷ག་པ༷་བག་ཆགས་དང་བཅས་པ་ཅུང་ཟད་ཀྱང་མེ༷ད་པའི་སྤངས་པ་མཐར་ཕྱིན་པ་དང༌། ཤེས་བྱ་ཇི་ལྟ་བ་དང༌། ཇི་སྙེད་པ་མཐའ་དག་ལ་ཁྱ༷བ་པའི་རྟོགས་པ་མཐར་ཕྱིན་པ་སྟེ། སྤངས་རྟོགས་ཕུན་སུམ་ཚོགས་པ་དང་ལྡན་པའི་དོན་དམ་པའི་སངས་རྒྱས་དེ་ནི་གཏན་དུ་འཇི༷ག་པ་མེ༷ད་ཅིང་འདུས་མ་བྱས་པའི་ཆོ༷ས་ཅ༷ན་ཡིན་ཏེ༷། རྒ་བ་མེད་པས་བརྟ༷ན་པ་དང༌། ན་བ་མེད་པས་ཞི༷་བ་དང༌། སྐྱེ་བ་མེད་པས་རྟ༷ག་པ༷་དང༌། འཆི་བ་མེད་པས་འཕོ༷་བ་མེ༷ད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་སངས་རྒྱས་ཐོབ་པ་ནི། རང་གི་དོན་མཐར་ཕྱིན་པར་བྱེད་ལ། དེ་ཉིད་དཀར་པོའི་ཆོས་ཐམས་ཅད་ཀྱི་གན༷ས་ཡི༷ན་པས། གཞན་གྱི་དོན་མཐར་ཕྱིན་པ་བྱེད་དེ། ཆོས་ཉིད་དེ༷་བཞི༷ན་ཉིད་ཀྱི་ངང་དུ་གཤེ༷གས་པ༷འི་སངས་རྒྱས་ནི་འདུས་མ་བྱས་ནམ་མཁ༷འ་ཡིས་གོ་སྐབས་ཕྱེ་བས་གཟུགས་མཐོང་བ་ལ་སོགས་པའི་བྱ་བ་འཇུག་པ་ཇི་ལྟ་བ་བཞི༷ན་དུ་སྐལ་བ་དང་ལྡན་པའི་སྐྱེ་བོ་ད༷མ་པ༷་ཡི༷་དབ༷ང་པོ༷་དྲུ༷ག་མཆོག་ཏུ་གྱུར་པ་ལ་སོ་སོ་དང་མཐུན་པའི་སྤྱོད་ལམ་གྱི་དོ༷ན་ཉ༷མས་སུ༷་མྱོ༷ང་ཞིང་རྟོགས་པར་འགྱུར་བ༷འི་རྒྱུ༷་མཛད་པའི་ཕྱིར་རོ། །དེ་ཡང་འདི་ལྟར་གདུལ་བྱ་རྣམས་ཀྱི་མིག་གི་དབང་པོ་མཆོག་ཏུ་གྱུར་པས་འབྱུ༷ང་བ་བཞི་ལས་གྱུར་ཅིང་རྡུལ་ཕྲ་རབ་བསགས་པ་མ་ཡིན་ལ། དབང་འབྱོར་པའི་སངས་རྒྱས་ཀྱི་གཟུ༷གས་རྣམ་པ་སྣ་ཚོགས་པའི་དོ༷ན་ལ་ལྟ༷་བ་ད༷ང༌། རྣ་བའི་དབང་པོ་མཆོག་ཏུ་གྱུར་པས་རྟག་ཏུ་མཚན་མ་མེ༷ད་ཅིང་ཡང་དག་པའི་དམ་པའི་ཆོས་ཀྱི་གཏ༷མ་བཟ༷ང་པོ་ནི༷་འཇིག་རྟེན་པའི་ཆོས་དང་མ་འདྲེས་པ་གཙ༷ང་མ༷འི་དོན་ལ་ཉ༷ན་པ་ད༷ང༌། སྣའི་དབང་པོ་མཆོག་ཏུ་གྱུར་པས་བདེ༷་བར་གཤེ༷གས་པའི་ཚུ༷ལ་ཁྲི༷མས་ཀྱི༷་དྲི་ཡིད་དུ་འོང་བ་ནམ་ཡང་ཉེས་པའི་དྲི༷་མས་མ་གོས་པ་གཙ༷ང་བའི་དོན་ལ་སྣོ༷མ་པ་ད༷ང༌། ལྕེའི་དབང་པོ་མཆོག་ཏུ་གྱུར་པས་འཕ༷གས་པ་ཆེ༷ན་པོ་རྣམས་ཀྱིས་ལོངས་སྤྱད་པར་བྱ་བ་ད༷མ་པའི་ཆོ༷ས་ཀྱི་རོ༷་མཆོག་བདུད་རྩི་ལྟ་བུའི་དོན་ལ་མྱོ༷ང་བ་ད༷ང༌། ལུས་ཀྱི་དབང་པོ་མཆོག་ཏུ་གྱུར་པས་ཏི༷ང་ངེ་འཛི༷ན་ཤིན་ཏུ་སྦྱངས་པ་ལས་འབྱུང་བ་ཡང་དག་པའི་རེ༷ག་བྱའི་བདེ༷་བ་ཆེན་པོ་ཟག་པ་མེད་པའི་དོན་ཉ༷མས་སུ་མྱོ༷ང་བ་ད༷ང༌། ཡིད་ཀྱི་དབང་པོ་མཆོག་ཏུ་གྱུར་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་གདོད་མ་ནས་ར༷ང་གི༷་ངོ༷་བོ༷་ཉི༷ད་ཀྱི༷ས་ཟ༷བ་ཅིང་རྟོགས་པར་དཀའ་བ༷འི་ཚུ༷ལ་བདག་མེད་པའི་དོན་ལ་རྟོ༷གས་པ༷་ཁྱད་པར་ཅན་སྐྱེ་བའི༷་རྒྱུ༷ར་གྱུ༷ར་པ་སྟེ། དེ་ཡང་ཆོས་ཉིད་ཀྱི་རིགས་པ་ལ་བརྟེན་ནས་ཞི༷བ་མོ༷ར་བས༷མས་ཤིང་རྣམ་པར་དཔྱད་པ༷་ན༷། གཞན་དོན་མཐར་ཐུག་པའང་དོ༷ན་ད༷མ་ཟག་པ་མེད་པའི་བདེ༷་བ་ཆེན་པོ་ཉམས་སུ་མྱོང་བར་མཛ༷ད་པ་ཉིད་ཡིན་ཏེ། དོན་དམ་པའི་དེ༷་བཞི༷ན་གཤེ༷གས་པ༷་ནི༷་འདུས་མ་བྱས་ན༷མ་མཁ༷འ་ཇི་ལྟ་བ་བཞི༷ན་དུ༷་སྐྱེ་བ་དང་འཇིག་པ་དང་གནས་པ་ལ་སོགས་པ་འདུས་བྱས་ཀྱི་རྒྱུ༷་མཚ༷ན་རྣ༷མས་ད༷ང་བྲ༷ལ་ཞིང༌། འགྱུར་བ་མེད་པ་ལྷུན་གྱིས་གྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་པའོ། །

རྒྱས་བཤད་ལ་གསུམ་ལས། དོན་གཉིས་འགྲུབ་ཚུལ་རྣམ་དབྱེ་དང་བཅས་པ་སྤྱིར་བསྟན་པ་ནི། བྱེད་ལས་མང་པོ་ཡོད་ཀྱང་མདོ༷ར་བསྡུ་ན༷་སློབ་ལམ་དུ་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཡེ༷་ཤེ༷ས་གཉི༷ས་པོ༷་ཟུང་དུ་འབྲེལ་བར་བསྒོམས་པའི་བྱ་བའི༷་ལ༷ས་སུ༷་སྐུ་གཉིས་པོ་འདི༷་ནི༷་འགྲུབ་པར་ཤེ༷ས་པར་བྱ༷་སྟེ༷། དེ་ཡང་མཉམ་གཞག་ཏུ་ཆོས་ཉིད་ཇི་ལྟ་བའི་དོན་ལ་རྣམ་པར་མི་རྟོགས་པའི་ཡེ་ཤེས་གོམས་པ་ལས། གློ་བུར་གྱི་དྲི་མ་ལས་རྣམ་པར་གྲོ༷ལ་བ༷འི་སྐུ༷་སྤངས་པ་མཐར་ཕྱིན་པ་ནི༷་ཡོངས་སུ་རྫོ༷གས་པར་ཐོབ་པ༷་ད༷ང༌། རྗེས་ཐོབ་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་སོགས་པ་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་གོམས་པ་ལས་སྟོབས་ལ་སོགས་པ་ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཆོ༷ས་ཀྱི༷་སྐུ༷་རྟོགས་པ་མཐར་ཕྱིན་པ་ནི༷་དྲི་མ་ཡོངས་སུ་སྦྱོ༷ང་ཞིང༌། སྦྱངས་པ་ལྟར་དྲི་མ་མེད་པ་མངོན་སུམ་དུ་ཐོབ་པར་འགྱུར་བ༷འོ༷། །དེ་ལ་སྒྲིབ་པ་ལས་རྣ༷མ་པར་གྲོ༷ལ་བའི་སྐུ་དང་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཆོ༷ས་ཀྱི༷་སྐུ༷་ད༷ག་ནི༷་སོ་སོར་ཟག་པ་མེད་པ་དང་ཁྱབ་པའི་རྣ༷མ་པ་གཉི༷ས་པོ་རེ་རེ་དང་ལྡན་ཞིང༌། ཐུན་མོང་དུ་འདུས་མ་བྱས་པའི་རྣ༷མ་པ་གཅི༷ག་དང་ལྡན་པར་ཤེ༷ས་པར་བྱ༷་སྟེ༷། འདི་ལྟར་རྣམ་པར་གྲོལ་བའི་སྐུ་ནི་ཟ༷ག་པ༷་ཅུང་ཟད་ཀྱང་མེ༷ད་པའི་སྤངས་པ་དང་ལྡན་པའི་ཕྱི༷ར་དང༌། ཆོས་ཀྱི་སྐུ་ནི་ཤེས་བྱ་མཐའ་དག་ལ་ཁྱ༷བ་པ༷འི་རྟོགས་པ་དང་ལྡན་པའི་ཕྱི༷ར་དང༌། གཉིས་ཀ་རྒྱུ་རྐྱེན་གྱིས་མངོན་པར་འདུ༷ས་མ༷་བྱ༷ས་པའི་རང་བཞིན་ཅན་ཡིན་པའི་ཕྱི༷ར་རོ། །དེ་དག་གིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཅིང༌། དེ་ཉིད་དཀར་པོའི་ཆོས་ཐམས་ཅད་ཀྱི་གན༷ས་ཉི༷ད་ཡིན་པའི་ཕྱི༷ར། གཞན་གྱི་དོན་ཕུན་སུམ་ཚོགས་པའང་བྱེད་དོ། །ཞེས་པའོ། །

རང་དོན་ཕུན་ཚོགས་ཁྱད་པར་དུ་བཤད་པ་ནི།

གློ་བུར་གྱི་ཉོ༷ན་མོ༷ངས་པ་རྣ༷མས་ནི༷་བ༷ག་ཆ༷གས་ད༷ང་བཅ༷ས་པ༷་མ་ལུས་པ་རྩ་བ་ནས་འག༷གས་ཤིང་སྤངས་པའི་ཕྱི༷ར་རྣམ་པར་གྲོལ་བའི་སྐུ་ནི་ཟ༷ག་པ་མེ༷ད་པའི་རྣམ་པ་དང་ལྡན་པ་ཡིན་ཏེ། དེ༷་བཞིན་དུ་ཇི་ལྟ་བ་མཁྱེན་པ་ནི་ཕྱིན་ཅི་ལོག་ཟད་པས་ཡུལ་ལ་ཆ༷གས་པ་མེ༷ད་པའི་ཕྱིར་དང༌། ཇི་སྙེད་པ་མཁྱེན་པ་ནི་རྣམ་པ་ཐམས་ཅད་མངོན་སུམ་དུ་གྱུར་པས་ཡུལ་ལ་ཐོ༷གས་པ༷་མེ༷ད་པ༷འི་ཕྱི༷ར་ན་ཆོས་ཀྱི་སྐུ་ནི་ཡེ༷་ཤེ༷ས་ཀྱི་རྟོགས་པས་ཤེས་བྱ་མཐའ་དག་ལ་ཁྱ༷བ་པའི་རྣམ་པ༷་དང་ལྡན་པ་ཉི༷ད་དུ༷་འདོ༷ད་ཅིང་གཉིས་ཀའང་གཏ༷ན་དུ༷་འཇི༷ག་པ༷འམ་འགྱུར་བ་མེད༷་པ༷འི༷་ར༷ང་བཞི༷ན་ཅན་ཡི༷ན་པའི་ཕྱི༷ར། རྒྱུ་རྐྱེན་གྱི་མངོན་པར་འདུ༷ས་མ༷་བྱ༷ས་པའི་རྣམ་པ་དང་ལྡན་པ་ཡིན་ནོ། །དེ་ལ་འཇི༷ག་པ་མེ༷ད་པ་ཉི༷ད་ནི༷་འདུས་མ་བྱས་ཀྱི་རྒྱུ་མཚན་མདོར་བསྟ༷ན་པ༷་སྟེ༷། བརྟ༷ན་པ་དང་སོ༷གས་པའི་སྒྲས་ཞི་བ་རྟག་པ་དང་འཕོ་བ་མེད་པ་རྣ༷མས་ཀྱི༷ས་ནི་འཇིག་པ་མེད་དེ༷་རྒྱས་པར་བཤ༷ད་པ་ཉིད་དོ༷། །དེའང་ལྡོག་ཕྱོགས་ངོས་བཟུང་ནས་འཆད་པས་འདུས་བྱས་ཀྱི་དངོས་པོ་རྣམས་ལ་འཇི༷ག་པ༷འི་ཚུལ་རྣ༷མ་པ་བཞི༷ར་ཤེ༷ས་པར་བྱ༷་སྟེ༷། བརྟ༷ན་པ་ལས་བཟློག་སྟེ་མི་བརྟན་པ་དང༌། སོ༷གས་པའི་སྒྲས་ཞི་བ་ལས་བཟློག་སྟེ་མ་ཞི་བ་དང༌། རྟག་པ་ལས་བཟློག་སྟེ་མི་རྟག་པ་དང༌། འཕོ་མེད་ད༷ག་ལ༷ས་ཟློ༷ག་སྟེ་འཕོ་བ་རྣམས་ཡོད་པའི་ཕྱི༷ར་རོ༷། །བཞི་པོ་གང་ཞེ་ན། འདུ་བྱེད་རྣམས་ཡོངས་སུ་སྨིན་ཏེ་རུལ་ནས་མྱ༷གས་པའི་རྒ་བ་ད༷ང༌། ཁམས་རྣ༷མ་པར་འགྱུ༷ར་བ་སྡུག་བསྔལ་བའི་ན་བ་དང༌། སྲིད་པ་སྔ་མ་རྒྱུན་ཆ༷ད་ཅིང་ཕྱི་མ་འགྲུབ་པའི་སྐྱེ་བ༷་ད༷ང༌། བས༷མ་གྱིས་མི༷་ཁྱ༷བ་ཅིང་རྣམ་པ་སྣ་ཚོགས་པར་འགྱུ༷ར་བའི་འཆི་འཕོ༷་སྟེ༷་བཞིའོ། །རྣམ་པར་གྲོལ་བ་དང་ཆོས་ཀྱི་སྐུ་ལ་ནི་འཇིག་པ་བཞི་པོ་དེ༷་རྣམས་མེ༷ད་པའི་ཕྱི༷ར་ན། རིམ་པ་ལྟར་རྒ་བ་མེད་པས་བརྟ༷ན་པ་ད༷ང༌། ན་བ་མེད་པས་ཞི༷་བ་ད༷ང༌། སྐྱེ་བ་མེད་པས་རྟ༷ག་པ་ད༷ང༌། འཆི་བ་མེད་པས་འཕོ༷་བ་མེ༷ད་པར་ཤེ༷ས་པ༷ར་བྱ༷འོ། །ཞེས་པའོ། །

གཞན་དོན་ཕུན་ཚོགས་ཁྱད་པར་དུ་བཤད་པ་ནི།

དེ་ལྟར་དྲི༷་མ་མེ༷ད་པའི་སྤངས་པ་དང་ཡེ་ཤེ༷ས་མངོན་སུམ་དུ་གྱུར་པའི་རྟོགས་པ་དེ༷་དག་ནི་གདུལ་བྱའི་སྐལ་བ་དང་མཐུན་པ་རྣམས་ཀྱི་རྒྱུད་ལ་དཀ༷ར་པོ༷་དགེ་བའི༷་ཆོ༷ས་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི༷་འབྱུང་བའི་རྟེ༷ན་ནམ་གཞི་ཡི༷ན་པའི་ཕྱི༷ར་ན༷་གཞན་དོན་ཕུན་སུམ་ཚོགས་པའི་གན༷ས་ཀྱང་ཡིན་ནོ། །དེ་ཡང་དཔེ་ཇི༷་ལྟ༷ར་སྐྱེད་བྱེད་ཀྱི་རྒྱུ༷་མི༷ན་ཞིང་གཟུགས་སོགས་ཀྱི་མཚན་མ་མེད་པའི་ན༷མ་མཁ༷འ་ནི༷་མིག་གི་དབང་པོས་གཟུ༷གས་མཐོ༷ང་བ༷་ད༷ང༌། སྒྲ༷་ད༷ང་དྲི༷་དང་རོ༷་ད༷ང་རེ༷ག་བྱ་ད༷ང་ཆོ༷ས་རྣ༷མས་ནི༷། རིམ་པ་བཞིན་རྣ་བས་ཐོ༷ས་པ་དང་ལ༷་སོ༷གས་པ༷འི་སྒྲས་སྣས་དྲི་ཚོར་བ་དང༌། ལྕེས་མྱོང་བ་དང༌། ལུས་གྱིས་རེག་པ་དང༌། ཡིད་ཀྱིས་རྟོགས་པའི་གོ་འབྱེད་པའི་སྒོ་ནས་རྒྱུ༷་ཡི༷ན་པར་འཇོག་པ་ལྟ༷ར། དོན་དེ༷་བཞི༷ན་དུ་སངས་རྒྱས་ཀྱི་སྐུ༷་གཉི༷ས་པོ་མཐོང་བ་ལ་སྒྲི༷བ་པ་མེ༷ད་པ༷ར་འགྱུར་བའི་སྦྱོ༷ར་བ༷་ལམ་ཉམས་སུ་བླངས་པ་ལས༷་བརྟ༷ན་པ༷་རྒྱལ་བའི༷་སྲས་སྐལ་བ་དང་ལྡན་པ་རྣམས་ཀྱི་དབ༷ང་པོ་དྲུག་མཆོག་ཏུ་གྱུར་པའི་སྤྱོད་ཡུལ་གྱི་དོ༷ན་ལ༷་ཀུན་རྫོབ་ཏུ་གཟུགས་ཀྱི་སྐུ་མཐོང་བ་ལ་སོགས་པའི་དབང་གིས་མཚན་དང་དཔེ་བྱད་ལ་སོགས་པ་ཟ༷ག་པ༷་མེ༷ད་པ༷འི་ཡོ༷ན་ཏ༷ན་སྐྱེ་བའི་རྒྱུ་བྱེད་ཅིང༌། དོན་དམ་དུ་ཆོས་སྐུ་མཐོང་བ་ལ་སོགས་པས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཟག་པ་མེད་པའི་ཡོན་ཏན་མཐའ་ཡས་པ་ད༷ག་མངོན་སུམ་དུ་སྐྱེ༷་བ༷་ཡི༷་ནི༷་རྒྱུ༷་བྱེད་པ་ཡི༷ན་ནོ༷། །ཞེས་པའོ། །

དེའི་རྟེན་ཡོན་ཏན་དང་ལྡན་པའི་དོན་ལ་གཉིས། མིང་གི་རྣམ་གྲངས་མདོར་བསྟན་པ་དང༌། རྒྱུ་མཚན་རྒྱས་པར་བཤད་པའོ། །དེ་ལ་མདོར་བསྟན་ནི། ཐོས་པ་ལ་སོགས་བས༷མ་དུ་མེ༷ད་པ་ཉིད་དང༌། སྐྱེ་བ་མེད་པས་རྟ༷ག་པ་དང༌། རྒ་བ་མེད་པས་བརྟ༷ན་པ་དང༌། ན་བ་མེད་པས་ཞི༷་བ༷་དང༌། འཆི་བ་མེད་པས་གཡུ༷ང་དྲུ༷ང་ཉི༷ད་དང༌། སྡུག་བསྔལ་མེད་པས་རབ༷་ཏུ༷་ཞི༷་བ་དང༌། ཇི་སྙེད་པ་མཁྱེན་པས་ཤེས་བྱ་ལ་ཁྱ༷བ་པ་དང༌། ཇི་ལྟ་བ་མཁྱེན་པས་རྟོ༷ག་པ་དང་བྲ༷ལ་བ་དག་དང༌། ཉོན་མོངས་པའི་སྒྲིབ་པ་སྤངས་པས་ན༷མ་མཁ༷འ་བཞི༷ན་དུ་ཆ༷གས་པ་མེ༷ད་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་པས་ཡུལ་དུས་ཀུ༷ན་ཏུ༷་ཐོ༷གས་པ་མེ༷ད་པ་དང༌། སྙོམས་འཇུག་གི་སྒྲིབ་པ་སྤངས་པས་རྩུ༷བ་པའི་རེ༷ག་བྱ་སྤ༷ངས་པ་ཉིད་དང༌། གཟུགས་དང་བྲལ་བས་བལྟ༷ར་མེད་པ་དང༌། མཚན་མ་དང་བྲལ་བས་གཟུ༷ང་དུ་མེ༷ད་པ་དང༌། རང་བཞིན་གྱིས་དག་པས་དགེ༷་བ་དང༌། གློ་བུར་གྱི་དྲི་མས་དག་པས་དྲི༷་མ༷་མེ༷ད་པ་ཉིད་དེ། དོན་དམ་པའི་ཡོན་ཏན་གྱི་རྣམ་གྲངས་བཅོ་ལྔ་དང་ལྡན་པ་དེ་ནི་བྱང་ཆུབ་ཆེན་པོ་ཐོབ་པའི་སང༷ས་རྒྱ༷ས་ཉིད་ཡིན་ནོ། །ཞེས་པའོ། །

རྒྱས་པར་བཤད་པ་ལ་གཉིས། ཡོན་ཏན་དེ་དག་གང་ལ་ལྡན་ཚུལ། ལྡན་པའི་ཡོན་ཏན་ངེས་པར་བྱ་བའོ། །དེ་ལ་ལྡན་ཚུལ་ནི། སྤངས་པ་དང་རྟོགས་པའི་བདག་ཉིད་རྣ༷མ་པར་གྲོ༷ལ་བའི་སྐུ་དང༌། ཆོ༷ས་ཀྱི༷་སྐུ༷་གཉིས་པོ་ད༷ག་གི༷ས་ར༷ང་གི་དོན་ད༷ང་གཞ༷ན་གྱི༷་དོ༷ན་ཕུན་སུམ་ཚོགས་པ་འགྲུབ་པ་བསྟ༷ན་ཏེ༷། སྤང་བྱའི་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་བ་རང་གི་དོན་འགྲུབ་ཅིང༌། རྟོགས་པའི་ཆོས་སྐུའི་ཡོན་ཏན་ལ་བརྟེན་པའི་འཕྲིན་ལས་ཀྱིས་གཞན་དོན་འགྲུབ་པའི་ཕྱིར་རོ། །དེ་ལྟར་ར༷ང་གི་དོན་དང་གཞ༷ན་གྱི་དོ༷ན་གཉིས་ཀ་འགྲུབ་པའི་རྟེ༷ན་དུ་གྱུར་པའི་སྐུ་གཉིས་པོ་དེ༷་ལ༷་ནི༷་བློས་བས༷མ་གྱིས་མི༷་ཁྱ༷བ་པ་ལ་སོ༷གས་པའི་ཡོ༷ན་ཏ༷ན་གྱི་ཆོས་བཅོ་ལྔ་དང་ལྡ༷ན་པར་ཤེས་པར་བྱའོ། །ཞེས་པའོ། །

ལྡན་པའི་ཡོན་ཏན་ངེས་པར་བྱ་བ་ལ་གཉིས། ཟབ་པའི་རྒྱུ་མཚན་རྒྱས་པར་བཤད་པ་དང༌། ཕྱི་མ་རྣམས་ཀྱི་རྒྱུ་མཚན་བཤད་པའོ། །

ཟབ་པ་ལ་གསུམ་ལས། བསམ་མི་ཁྱབ་ཚུལ་སྤྱིར་བསྟན་པ་ནི། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སྟེ། ཐ༷མས་ཅ༷ད་མཁྱེ༷ན་པ༷འི་ཡེ༷་ཤེ༷ས་ཁོ་ནའི་སྤྱོད་ཡུ༷ལ་དུ་གྱུར་པ་ཡིན་ཞིང༌། དོན་དམ་པའི་སང༷ས་རྒྱ༷ས་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེ༷ས་རབ་གསུ༷མ་གྱི་སྤྱོད་ཡུ༷ལ་དུ་མི༷ན་པའི་ཕྱི༷ར་ན་མཐར་ཐུག་པ་ཡེ༷་ཤེ༷ས་ཀྱི་སྐུ་དེ་སངས་རྒྱས་ལས་གཞན་པའི་ལུ༷ས་ཅ༷ན་རྣ༷མས་ཀྱི༷ས་ནི༷་འདིའོ་ཞེས་ཇི་ལྟ་བ་བཞིན་དུ་བས༷མ་གྱིས་མི༷་ཁྱ༷བ་པའི་ཡོན་ཏན་དང་ལྡན་པ༷ར་རྟོ༷གས་པ༷ར་བྱ༷འོ། །ཞེས་པའོ། །

ཁྱད་པར་རྒྱས་པར་བཤད་པ་ནི།

ཤེས་རབ་གསུམ་གྱིས་སྤྱོད་ཡུལ་མ་ཡིན་པའི་ཚུལ་ཇི་ལྟར་ཞེ་ན། དོན་དམ་པའི་སངས་རྒྱས་དེ་ནི་ཤིན་ཏུ་ཆེས་ཕྲ༷་ཞིང་རྟོགས་པར་དཀའ་བའི་ཕྱི༷ར་ན་ཐོ༷ས་པ༷་ལས་བྱུང་བའི༷་ཤེས་རབ་ཀྱི་སྤྱོད་ཡུ༷ལ་དུ་གྱུར་པ་མི༷ན་ཏེ༷། དེ་བཞིན་དུ་དོ༷ན་ད༷མ་པའི་བདེན་པ་སོ་སོ་རང་རིག་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡི༷ན་པའི་ཕྱི༷ར་ན། བས༷མ་པ་ལས་བྱུང་བའི་ཤེས་རབ་ཀྱི་སྤྱོད་ཡུལ་མི༷ན་ཞིང༌། ཆོ༷ས་ཉི༷ད་དེ་བཞིན་ཉིད་ཟ༷བ་ཅིང་གཏིང་དཔག་དཀའ་བས་མཐར་ཐུག་པ་ཡིན་པའི་ཕྱི༷ར་ན། འཇི༷ག་རྟེ༷ན་པ༷འི་སྒོ༷མ་པ༷་ལས་བྱུང་བའི་ཤེས་རབ་ལ༷་སོ༷གས་པ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་སྤྱོད་ཡུ༷ལ་དུ་གྱུར་པ་མ༷་ཡི༷ན་ནོ། །ཞེས་པའོ། །

རྒྱུ་མཚན་དཔེ་དང་སྦྱར་བ་ནི། དེ་ལྟར་སངས་རྒྱས་དེ་ཕལ་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་རྒྱུ་མཚན་ག༷ང་གི་ཕྱི༷ར་སྙམ་ན། ཁ་དོག་དང་དབྱིབས་ལ་སོགས་པའི་གཟུ༷གས་སྣ་ཚོགས་པ་ལ༷་དམུ༷ས་ལོ༷ང་རྣམས་ཀྱིས་སྔར་ཅུང་ཟད་ཀྱང་མཐོང་མ་མྱོང་བ་ཇི་ལྟ་བ་བཞི༷ན་དུ། བྱི༷ས་པ་སོ་སོའི་སྐྱེ་བོ་མ་ལུས་པས་དྲི་མ་མེད་པ༷འི་དེ་བཞིན་ཉིད་དེ༷་སྔོ༷ན་ཅུང་ཟད་ཀྱང་མངོན་སུམ་དུ་མཐོ༷ང་མ༷་མྱོ༷ང་བའི་ཕྱིར་དང༌། བཙ༷ས་མ་ཐག་པ༷འི་ཁྱི༷མ་ན་གན༷ས་པའི་བུ༷་ཆུ༷ང་གི༷ས་ཉི༷་མ༷འི་འོང་ཟེར་གྱི་གཟུ༷གས་ཅུང་ཟད་མཐོང་ཡང་ཡོངས་སུ་རྫོགས་པར་བལྟ་མི་ནུས་པ་བཞི༷ན་དུ། རྒྱལ་སྲས་འཕ༷གས་པ་ས་བཅུ་པ་ལ་གནས་པ༷ས་ཀྱ༷ང་ཆོས་ཀྱི་སྐུ་ཅུང་ཟད་མངོན་སུམ་དུ་མཐོང་ཡང༌། ཡོངས་སུ་རྫོགས་པར་མངོན་སུམ་དུ་བལྟ་མི་ནུས་པའི་ཕྱིར་རོ། །ཞེས་པའོ། །

ཕྱི་མ་རྣམས་ཀྱི་རྒྱུ་མཚན་ལ་གསུམ་ལས། མི་འགྱུར་བའི་ཡོན་ཏན་ནི། དྲི་མ་མེད་པའི་སངས་རྒྱས་དེ་གདོད་མ་ནས་རྒྱུ་རྐྱེན་ལས་སྐྱེ༷་བ་ད༷ང་བྲ༷ལ་བའི་ཕྱི༷ར་བརྟ༷ག་པའི་ཡོན་ཏན་དང་ལྡན་པ༷་སྟེ༷། གང་ལ་སྐྱེ་བ་མེད་པ་དེ་ལ་འག༷ག་པ་མེ༷ད་པའི་ཕྱི༷ར་ན༷་བརྟ༷ན་པའི་ཡོན་ཏན་དང་ལྡན་པ༷་ཡི༷ན་ཞིང༌། སྐྱེ་བ་དང་འགག་པ་གཉི༷ས་ཀྱིས་མ་ཞི་བར་བྱེད་པ་མེ༷ད་པའི་ཕྱི༷ར་ན་སངས་རྒྱས་དེ༷་ཞི༷་བ༷འི་ཡོན་ཏན་དང་ལྡན་པ་སྟེ༷། དེ་བས་ན་གཡུ༷ང་དྲུ༷ང་གི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཆོ༷ས་ཉི༷ད་རང་བཞིན་གྱིས་མྱ་ངན་ལས་འདས་པ་གདོད་མ་ནས་གན༷ས་ཤིང་འགྱུར་བ་མེད་པ་ཉིད་ཀྱི་ཕྱི༷ར་རོ༷། །ཞེས་པའོ། །

སྤངས་རྟོགས་ཀྱི་ཡོན་ཏན་ནི། སངས་རྒྱས་དེ་སྡུག་བསྔལ་ཐམས་ཅད་ར༷བ་ཏུ་ཞི༷་བའི་བདེ་བ་ཆེན་པོའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། སྤང་བྱ་མ་ལུས་པ་འགགས་པའི་འགོ༷ག་པ༷འི་བདེ༷ན་པ༷་མཐར་ཐུག་པ་མངོན་སུམ་དུ་གྱུར་པའི༷་ཕྱི༷ར་རོ། །དེ་བཞིན་དུ་ཤེས་བྱའི་རྣམ་པ་ཐ༷མས་ཅ༷ད་མངོན་སུམ་དུ་རྟོ༷གས་པའི་ཕྱི༷ར་ན་ཇི་སྙེད་པ་མཁྱེན་པའི་ཤེས་བྱ་མཐའ་དག་ལ་ཁྱ༷བ་པའི་ཡོན་ཏན་དང་ལྡན་པ༷་ཉི༷ད་ཡིན་ཞིང༌། དམིགས་པ་དང་མཚན་མ་གང་ལ་ཡང་གན༷ས་པ༷་མེ༷ད་པའི་ཕྱི༷ར་ན་ཇི་ལྟ་བ་མཁྱེན་པ་རྟོ༷ག་པ་མེ༷ད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེ༷་དག་གི་བདེ་བ་དང་རྟོགས་པའི་ཁྱད་པར་རོ། །གཞན་ཐར་པའི་གེགས་ཉོ༷ན་མོ༷ངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤ༷ངས་པའི་ཕྱི༷ར་ཇི་ལྟ་བའི་དོན་ལ་ཆ༷གས་པ༷་མེ༷ད་པའི་ཡོན་ཏན་དང༌། ཐམས་ཅད་མཁྱེན་པའི་གེགས་ཤེ༷ས་བྱ༷འི་སྒྲི༷བ་པ་ཀུ༷ན་མ་ལུས་པ་རྣམ་པར་ད༷ག་པ༷འི་ཕྱི༷ར་ཇི་སྙེད་པའི་དོན་ལ་ཐ༷མས་ཅ༷ད་དུ༷་ནི༷་ཐོ༷གས་པ༷་མེ༷ད་པའི་ཡོན་ཏན་དང༌། བྱིང་རྒོད་གཉི༷ས་ལ་སོགས་པའི་སྙོམས་འཇུག་གི་སྒྲིབ་པ་མེ༷ད་པས་ལུ༷ས་སེམས་འཇམ་ཞིང་ཏིང་ངེ་འཛིན་ལས་སུ༷་རུ༷ང་བ༷འི་ཕྱི༷ར་རྩུ༷བ་པ༷འི་རེ༷ག་བྱ་ད༷ང་བྲལ༷་བ༷འི་ཡོན་ཏན་དང་ལྡན་པ་ཡི༷ན་ཏེ། དེ་དག་ནི་སྤངས་པའི་ཁྱད་པར་རོ། །ཞེས་པའོ། །

དག་པའི་ཡོན་ཏན་ནི། དོན་དམ་པའི་སངས་རྒྱས་དེ༷་རྡུལ་ཕྲ་རབ་བསགས་པའི་གཟུ༷གས་མེ༷ད་ཅིང་འདུས་བྱས་ཀྱི་ཆོས་ལས་རྣམ་པར་འདས་པའི་ཕྱི༷ར་ཐ་མལ་བའི་དབང་པོས་བལྟ༷ར་མེ༷ད་པ་ནི་སྟོབས་དང་ལྡན་པ་ཉིད་ཡིན་ཏེ། དེ༷་བཞིན་དུ་གཏན་ཚིགས་ལ་སོགས་པའི་མཚ༷ན་མ༷་མེ༷ད་ཅིང་རྣམ་ཤེས་ཀྱི་ཆོས་ལས་རྣམ་པར་དག་པའི་ཕྱི༷ར། ཐ་མལ་བའི་བློས་གཟུ༷ང་དུ༷་མེ༷ད་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། དོན་དམ་པའི་དགེ༷་བ༷འི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ར༷ང་བཞི༷ན་གྱིས་རྣམ་པར་ད༷ག་པ་དང་ལྡན་པ༷འི་ཕྱི༷ར་དང༌། ཤིན་ཏུ་དྲི༷་མ་མེ༷ད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། གློ་བུར་གྱི་དྲི༷་མ༷་བག་ཆགས་དང་བཅས་པ་མ་ལུས་པ་སྤ༷ངས་ནས་རྣམ་པར་དག་པའི་ཕྱི༷ར་རོ༷། །ཞེས་པའོ། །

སྐུ་གསུམ་གྱི་དབྱེ་བས་འཇུག་པའི་དོན་ལ་གཉིས། མཚན་ཉིད་ཀྱི་རྣམ་གྲངས་མདོར་བསྟན་པ། དེའི་དོན་རྒྱས་པར་བཤད་པའོ། །

མདོར་བསྟན་པ་ལ་གསུམ་ལས། ངོ་བོ་ཉིད་ཀྱི་སྐུ་མཚན་ཉིད་ལྔ་དང་ལྡན་པ་ཡིན་ཏེ། དེའང་ཐོ༷ག་མ༷་སྐྱེ་བ་དང་དབུ༷ས་གནས་མཐ༷ར་འཇིག་པ་སྟེ་འདུས་བྱས་ཀྱི་མཚན་ཉིད་གསུམ་མེ༷ད་ཅིང༷་མངོན་པར་འདུས་མ་བྱས་པའི་མཚན་ཉིད་དང༌། ཟག་པ་མེད་པའི་ཆོས་དབྱིངས་དང༌། མཐར་ཕྱིན་པའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་འདྲེས་པས་རྣ༷མ་པར་དབྱེ༷ར་མེ༷ད་པའི་མཚན་ཉིད་དང༌། ཡོད་པ་དང་མེད་པ་ལས་རྣམ་པར་གྲོལ་བས་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་གཉི༷ས་སུ་ལྷུང་བ་མེ༷ད་པའི་མཚན་ཉིད་དང༌། ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་གསུ༷མ་དང་བྲ༷ལ་བའི་མཚན་ཉིད་དང༌། ཉོན་མོངས་པའི་དྲི༷་མ་མེ༷ད་ཅིང་རྣ༷མ་པར་རྟོ༷ག་པའི་སྤྱོད་ཡུལ་དུ་བྱར་མེ༷ད་པའི་ཆོ༷ས་ཀྱི་དབྱི༷ངས་ར༷ང་བཞི༷ན་གྱིས་རྣམ་པར་དག་པ་ག༷ང་ཡི༷ན་པ་དེ༷་ཉིད་རྟོ༷གས་པ༷་དུས་རྟག་ཏུ་ཆོས་ཉིད་ལ་མཉ༷མ་པ༷ར་བཞ༷ག་པ༷འི་རྣ༷ལ་འབྱོ༷ར་པ་དེ་བཞིན་གཤེགས་པ༷་ཡི༷ས་མངོན་སུམ་དུ་མཐོ༷ང་བ་འོད་གསལ་བའི་མཚན་ཉིད་ཅན་ནོ། །དེ་བཞིན་དུ་དེ་ནི་ཡོན་ཏན་ལྔ་དང་ལྡན་པར་རིག་པར་བྱ་སྟེ། ངོ་བོ་རྒྱ་ཆེ་བས་རྟགས་ཀྱིས་གཞ༷ལ་དུ་མེ༷ད་པའི་ཡོན་ཏན་དང་གྲངས་ཀྱི་ཚད་བཟུང་བར་མི་ནུས་པ་ཆུ་བོ་ག༷ང་གཱ༷འི་ཀླུང་གི་བྱེ༷་མ༷འི་གྲངས་ལ༷ས་ཀྱང་འད༷ས་པ༷འི་ཡོན་ཏན་དང༌། རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་བློས་བས༷མ་དུ་མེ༷ད་པའི་ཡོན་ཏན་དང༌། གཞན་དང་ཐུན་མོང་མ་ཡིན་ཞིང་རབ་ཀྱི་མཐར་ཐུག་པས་མཉ༷མ་པ་མེ༷ད་པའི་ཡོན་ཏན་ཏེ། རྟོགས་པ་ཕུན་སུམ་ཚོགས་པའི་ཡོ༷ན་ཏ༷ན་རྣ༷མས་ད༷ང་ལྡ༷ན་ཞིང༌། དེ༷་བཞི༷ན་གཤེ༷གས་པ༷འི་ཤིན་ཏུ་དྲི༷་མ་མེ༷ད་པའི་ཆོས་ཀྱི་དབྱི༷ངས་མངོན་སུམ་དུ་གྱུར་པ་དེ༷་ནི༷་སྒྲིབ་གཉིས་བ༷ག་ཆ༷གས་དང་བཅ༷ས་པ༷འི་ཉེ༷ས་པ༷་རྣ༷མས་མ་ལུས་པར་སྤ༷ངས་པས་སྤངས་པ༷་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པའོ༷། །ཞེས་པའོ། །

ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཁྱད་པར་ལྔ་དང་ལྡན་ཏེ། དེ་ཡང་ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་སྣ༷་ཚོ༷གས་པའི་ད༷མ་པའི་ཆོ༷ས་ཀྱི་འོ༷ད་ཟེ༷ར་གྱི་སྣང་བ་འགྱེད་པས་གསུང་གི་བརྗོད་པ་རྒྱུན་མི་འཆད་པ་དང༌། དམ་པའི་ཆོས་ཀྱི་འོད་ཟེར་རམ་མཚན་དང་དཔེ་བྱད་བཟང་པོའི་འོད་ཟེར་མཐའ་ཡས་པ་མང༷འ་བ༷འི་སྐུ༷ས་སྣང་བ་སྣ་ཚོགས་པ་བསྟན་པ་རྒྱུན་མི་འཆད་པ་དང༌། གདུལ་བྱའི་འགྲོ༷་བ༷༷་མཆོག་ཏུ་གྱུར་པ་མང་པོའི༷་ཆེད་དུ་རྣ༷མ་པར་གྲོ༷ལ་བའི་དོ༷ན་སྒྲུ༷བ་པ་ལ༷་བརྩོ༷ན་པར་མཛད་པའི་འཕྲིན་ལས་རྒྱུན་མི་འཆད་པ༷་དང༌། དེ་ལྟར་མཛ༷ད་པ༷་ལའང་ཡི༷ད་བཞི༷ན་གྱི་ནོར༷་བུ༷འི་རྒྱ༷ལ་པོས་རེ་འདོད་སྐོང་བ་ཇི་ལྟ་བ་བཞི༷ན་ཏེ༷། རྟོག་པ་དང་རྩོལ་བས་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། གདུལ་བྱ་རྣམས་ཀྱི་བསམ་པའི་དབང་གིས་ཁ་དོག་དང་ཚད་ལ་སོགས་པ་སྣ༷་ཚོ༷གས་པའི་དངོ༷ས་པོར་སྟོན་ཀྱ༷ང་དེ༷འི༷་ར༷ང་བཞི༷ན་དུ་བདེན་པ་མི༷ན་པའི་ཁྱད་པར་རྣམས་དང་ལྡན་པའོ། །ཞེས་པའོ། །

སྤྲུལ་པའི་སྐུ་ནི་ཆོས་གསུམ་དང་ལྡན་པ་སྟེ། དེའང་འཇི༷ག་རྟེ༷ན་ཐ་མལ་པ་ལམ་ལ་མ་ཞུགས་པ་རྣམས་སྲིད་པ་གསུམ་ལ་སྐྱོ་བ་བསྐྱེད་ནས་ཞི༷་བ་མྱ་ངན་ལས་འདས་པའི༷་ལ༷མ་ལ༷་འཇུ༷ག་པར་མཛད་པ༷་ད༷ང༌། ཐར་པའི་ལམ་ལ་ཞུགས་པ་རྣམས་ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་ལ་བཀོད་ནས་རབ༷་ཏུ༷་སྨི༷ན་པར་མཛད་པ་ད༷ང༌། ཐེག་ཆེན་གྱིས་རབ་ཏུ་སྨིན་པ་རྣམ་པར་དག་པའི་ས་ལ་རིམ་གྱིས་བཀོད་ནས་རྣམ་པར་གྲོལ་བར་ལུ༷ང་སྟོ༷ན་པར་མཛད་པ་རྣམས་ཡིན་ལ། དེ་ལྟར་འཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུ༷༷ར་གྱུར་ཅིང་གདུལ་བྱའི་དབང་གིས་སྣ་ཚོགས་སུ་སྣང་བའི༷་གཟུ༷གས་སྤྲུལ་པའི་སྐུ་ག༷ང་ཡི༷ན་པ་དེ༷་ཡ༷ང་སྐུ་སྔ་མར་མ་ཟད་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་དབྱིངས་འདི༷ར་ནི༷་འཁོར་བ་ཇི་སྲིད་པར་རྟ༷ག་ཏུ་རྒྱུན་མི་འཆད་པར་གན༷ས་ཏེ༷། དཔེར་ན་འདུས་མ་བྱས་ན༷མ་མཁ༷འི་ཁམ༷ས་སུ༷་འདུས་བྱས་གཟུ༷གས་ཀྱི༷་ཁ༷མས་རྣམས་ཀྱི་སྐྱེ་འཇིག་རྒྱུན་མི་འཆད་པ་ཇི་ལྟ་བ་བཞི༷ན་ནོ༷། །ཞེས་པའོ། །

རྒྱས་བཤད་ལ་གསུམ་སྟེ། ཐུན་མོང་གི་དབྱེ་བ། སོ་སོའི་རྣམ་གཞག །དེ་དག་གི་དོན་བསྡུ་བའོ། །དེ་ཡང་དབྱེ་བ་ནི། གཞན་གྱི་རྐྱེན་ལ་རག་མ་ལས་པས་ན་ར༷ང་བྱུ༷ང་རྣ༷མས་ཀྱི༷་ཤེས་བྱ་ཐ༷མས་ཅ༷ད་མཁྱེ༷ན་པ་ནི་ཡེ་ཤེས་དང་ལྡན་པ་ལ་སྤངས་རྟོགས་མཐར་ཕྱིན་པའི་ཆ་ནས་སང༷ས་རྒྱ༷ས་ཉི༷ད་ཅེ༷ས་ག༷ང་བརྗོ༷ད་པ༷ར་བྱ་བ་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པས་མཆོ༷ག་ཏུ༷་མྱ༷་ང༷ན་ལས་འད༷ས་ཤིང༌། རྟོག་གེའི་སྤྱོད་ཡུལ་ལས་འདས་པས་བས༷མ་དུ་མེ༷ད་པ་དང༌། འཁོར་བའི་གཡུལ་ལས་རྒྱལ་བས་དགྲ༷་བཅོ༷མ་པ་སོ༷་སོ༷་རང་གིས་རིག་པའི༷་བད༷ག་ཉིད་དུ་གྱུ༷ར་པ༷འི་བྱང་ཆུབ་ཆེན་པོ་དེ༷་ལ་དབྱེ༷་བ་བྱས་ནས། རྟོགས་པར་དཀའ་བས་ཟ༷བ་པའི་ཡོན་ཏན་ད༷ང༌། མཐུ་དང་ལྡན་པས་རྒྱ༷་ཆེ༷་བའི་ཡོན་ཏན་ད༷ང༌། སྐལ་བ་དང་མཐུན་པས་བད༷ག་ཉི༷ད་ཆེ༷ན་པོ༷འི་ཡོ༷ན་ཏ༷ན་གྱི༷་ཆོ༷ས་གསུམ་པོ་རྣམས་ཀྱི༷ས་ར༷བ་ཏུ་ཕྱེ༷་བའི་ཕྱིར་གོ་རིམ་བཞིན་དུ་ཟབ་པ་ར༷ང་བཞི༷ན་ནམ་ངོ་བོ་ཉིད་ཀྱི་སྐུ་དང༌། ལ༷་སོ༷གས་པ༷འི་སྒྲས་རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུ༷་དང༌། བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་སྟེ་སྐུ་གསུ༷མ་པོ་ད༷ག་གི༷ས་རང་གཞན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འཇུ༷ག་གོ། ཞེས་པའོ། །

རྣམ་གཞག་ལ་གསུམ་སྟེ། ངོ་བོ་ཉིད་སྐུའི་རྣམ་བཞག །ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་བཞག །སྤྲུལ་པ་སྐུའི་རྣམ་བཞག་གོ །ངོ་བོ་ཉིད་སྐུའི་རྣམ་བཞག་ལ་གཉིས་ཏེ། མཚན་ཉིད་དང་ཡོན་ཏན་མདོར་བསྟན་པ་དང༌། དེ་དག་གི་ངོ་བོ་རྒྱས་པར་བཤད་པའོ། །

མདོར་བསྟན་ནི། དེ་ལྟར་མཐར་ཕྱིན་པའི་བྱང་ཆུབ་ལ་དབྱེ་བ་བྱས་ནས། སྐུ་གསུམ་ཡོད་པ་དེ༷་ལ༷་སང༷ས་རྒྱ༷ས་རྣ༷མས་ཀྱི༷་ནི༷་རང་དོན་ཕུན་སུམ་ཚོགས་པ་ངོ༷་བོ༷་ཉི༷ད་ཀྱི་སྐུ༷་དེ་འདུས་མ་བྱས་པ་ལ་སོགས་པའི་མཚ༷ན་ཉི༷ད་དམ་ཁྱད་པར་ལྔ༷་དང་ལྡན་ཞིང་ཡོན་ཏན་ཤིན་ཏུ་མང་ཡང་མདོ༷ར་བསྡུ་ན༷་གཞལ་དུ་མེད་པ་ལ་སོགས་པའི་ཡོ༷ན་ཏ༷ན་རྣམ་པ་ལྔ༷་ད༷ང་ནི༷་དབྱེར་མེད་པར་ལྡ༷ན་པ༷་ཉི༷ད་དུ༷་རི༷ག་པ༷ར་བྱ༷འོ། །ཞེས་པའོ།།

རྒྱས་པར་བཤད་པ་ལ་གཉིས་ལས། མཚན་ཉིད་རྒྱས་པར་བཤད་པ་ནི། དོན་དམ་པ་ངོ་བོ་ཉིད་ཀྱི་སྐུ་དེ་འདུས་བྱས་ཀྱི་ཆོས་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ཀྱིས་དབེན་པས་འདུ༷ས་མ༷་བྱ༷ས་ཤི༷ང་འགྱུར་བ་མེད་པའི་མཚན་ཉིད་དང༌། ཟག་པ་མེད་པའི་ཆོས་དབྱིངས་དང༌། མཐར་ཕྱིན་པའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་འདྲེས་པས་རྣ༷མ་པར་དབྱེ༷ར་མེ༷ད་པའི་མཚན་ཉིད་དང༌། ཀུན་རྫོབ་ཀྱི་ངོ་བོར་མེད་ཅིང་དོན་དམ་པའི་ངོ་བོར་ཡོད་པས་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐ༷འ་གཉི༷ས་པོ་ད༷ག་ནི༷་རྣ༷མ་པ༷ར་སྤ༷ངས་པའི་མཚན་ཉིད་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་དང༌། ཉོ༷ན་མོ༷ངས་པ་ཅན་མ་ཡིན་ཡང་ཤེ༷ས་བྱ༷་ཤེས་པའི་གེགས་སུ་གྱུར་པ་ཤེས་བྱའི་སྒྲིབ་པ་དང༌། དེའི་ཁྱད་པར་ཏིང་ངེ་འཛིན་ལ་ཇི་ལྟ་བར་འདོད་པ་བཞིན་སྙོ༷མས་པར་འཇུ༷ག་པ་མི་ཤེས་པ་སྙོམས་འཇུག་གི༷་སྒྲི༷བ་པ་གསུ༷མ་ལ༷ས་ནི༷་ངེ༷ས་པར་གྲོ༷ལ་ཏེ༷། སྒྲིབ་པ་མེད་པའི་མཚན་ཉིད་དང༌། ཉོན་མོངས་པའི་དྲི༷་མ་མེ༷ད་ཅིང་རྣ༷མ་པ༷ར་རྟོ༷ག་པའི་སྤྱོད་ཡུལ་དུ་དབྱེར་མེ༷ད་པ་ད༷ང༌། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ལ་རྟག་ཏུ་སྙོམས་པར་འཇུག་པའི་རྣ༷ལ་འབྱོ༷ར་པ་མཐར་ཕྱིན་པ་རྣ༷མས་ཀྱི༷་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུ༷ལ་ཡི༷ན་པའི་ཕྱི༷ར། ཟབ་པའི་ཆོ༷ས་ཀྱི་དབྱི༷ངས་གདོད་མ་ནས་ངོ༷་བོ༷་ཉི༷ད་ཀྱི༷ས་ནི༷་རྣམ་པར་ད༷ག་པ༷འི་ཕྱི༷ར་ན༷་རང་བཞིན་གྱིས་འོ༷ད་གས༷ལ་བ༷འི་མཚན་ཉིད་དེ་ཁྱད་པར་ལྔ་དང་ལྡན་པའོ། །ཞེས་པའོ། །

ཡོན་ཏན་རྒྱས་པར་བཤད་པ་ནི། རྟགས་ཀྱིས་གཞ༷ལ་དུ་མེ༷ད་པའི་ཡོན་ཏན་དང༌། གྲ༷ངས་ཀྱིས་བགྲང་དུ་མེ༷ད་པའི་ཡོན་ཏན་དང༌། བློས་བས༷མ་དུ་མེ༷ད་པ༷འི་ཡོན་ཏན་དང༌། གཞན་ཡང་མཉ༷མ་པ་མེ༷ད་པའི་ཡོན་ཏན་དང༌། རྣམ་པར་ད༷༷ག་པ༷་མཐ༷ར་ཐུ༷ག་པ༷འི་ཡོ༷ན་ཏ༷ན་རྣ༷མས་ད༷ང་ཡ༷ང་ད༷ག་པ༷ར་ན། ངོ༷་བོ༷་ཉི༷ད་ཀྱི༷་སྐུ༷་དེ་དབྱེར་མེད་པར་ལྡ༷ན་པ་ཡིན་ཏེ༷། དེ་ཡང་ངོ་བོ་ནམ་མཁའ་ལྟར་རྒྱ༷་ཆེ༷་བའི༷་ཕྱི༷ར་ད༷ང་གྲ༷ངས་འདིའོ་ཞེས་ཡོངས་སུ་ཆད་པ་མེ༷ད་པའི་ཕྱི༷ར་དང༌། རྣམ་པ་ཐམས་ཅད་དུ་རྟོ༷ག་གེ༷འི་སྤྱོད་ཡུ༷ལ་ནི༷་མི༷ན་པའི་ཕྱི༷ར་ད༷ང༌། སངས་རྒྱས་འབ༷འ་ཞི༷ག་ལ་མངའ་བའི་ཡོན་ཏན་ཡིན་པའི་ཕྱིར་དང༌། སྒྲིབ་པ་གཉིས་བ༷ག་ཆ༷གས་དང་བཅ༷ས་པ་མ་ལུས་པར་སྤ༷ངས་པའི་ཕྱི༷ར་རོ། །དེ་བས་ན་གཞ༷ལ་དུ་མེ༷ད་པ་ལ༷་སོ༷གས་པའི་ཡོན་ཏན་རྣམས་གོ༷་རི༷མ་ཇི་ལྟ་བ་བཞི༷ན་དུ་རྒྱ་ཆེ་བ་ལ་སོགས་པའི་རྒྱུ་མཚན་ལྔ་དང་སྦྱར་ཏེ་རིག་པར་བྱའོ། །ཞེས་པའོ། །

ལོངས་སྤྱོད་རྫོགས་པའི་སྐུ་ལ་གསུམ་ལས། རྣམ་བཞག་རྒྱས་པར་བཤད་པ་ནི། ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་སྣ༷་ཚོ༷གས་པའི་ཆོ༷ས་ཀྱི་འབྱོར་བ་ལ༷་རྫོ༷གས་པར་ལོ༷ངས་སྤྱོ༷ད་ཅིང་གནས་པའི་ཕྱིར་གསུང་གི་གདམས་ངག་བརྗོད་པ་རྒྱུན་མི་འཆད་པ་དང༌། གཟུགས་ཀྱི་སྐུའི་ར༷ང་བཞི༷ན་མཚན་དང་དཔེ་བྱད་ལ་སོགས་པའི་ཆོ༷ས་དང་ལྡན་པ་ནི༷་སྐལ་བ་དང་ལྡན་པ་རྣམས་ལ་རྟག་ཏུ་སྣ༷ང་བའི་ཕྱི༷ར། སྐུའི་སྣང་བ་སྟོན་པ་རྒྱུན་མི་འཆད་པ་ད༷ང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུ༷གས་རྗེ༷་ཆེན་པོ་རྣམ་པར་ད༷ག་པ༷འི་རྒྱུ༷་མཐུ༷ན་པ༷འི་འབྲས་བུ་སྐལ་བ་དང་ལྡན་པའི་འགྲོ༷་དོ༷ན་རྒྱུ༷ན་མི༷་འཆ༷ད་པའི་ཕྱི༷ར་ཐུགས་རྗེས་འཕྲིན་ལས་མཛད་པ་རྒྱུན་མི་འཆད་པ་ད༷ང༌། དེ་དག་ཀྱང་རྣ༷མ་པ༷ར་རྟོ༷ག་པ་དང་འབད་རྩོལ་མེ༷ད་ཅིང་རང་གིས་ངང་གི་ལྷུ༷ན་གྱིས་གྲུ༷བ་པ༷ར་གདུལ་བྱ་རྣམས་ཀྱི་འདོ༷ད་པ༷་ཇི༷་ལྟ་བ་བཞི༷ན་དུ་རེ་བ་ཡོ༷ངས་སུ་སྐོ༷ང་བའི་ཕྱི༷ར་མངོན་པར་འདུ་བྱེད་པ་དང༌། གཞིའི་ཁ་དོག་གི་དབང་གིས་ཡི༷ད་བཞི༷ན་གྱི་ནོ༷ར་བུ༷་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོ་མ་ཡིན་པ་ལྟ་བུར་གདུལ་བྱ་མཐའ་ཡས་པའི་ཁམས་དང༌། བསམ་པ་མོས་པའི་དབང་གིས་ཁ་དོག་དང་ཚད་ལ་སོགས་པ་རྫུ༷་འཕྲུ༷ལ་སྣ་ཚོགས་པའི་རྣམ་པར་སྣང་ཡང་དེའི་ངོ་བོ་མ་ཡིན་པ་སྟོན་པ་སྟེ། དེ་ལྟར་ཁྱད་པར་ལྔ་དང་ལྡན་པའི་ཚུལ་གྱི༷ས་ཐེག་པ་ཆེན་པོའི་ཆོས་ལ་རྫོ༷གས་པ༷ར་ལོ༷ངས་སྤྱོ༷ད་པའི་སྐུར་རྣ༷མ་པ༷ར་གན༷ས་པ་ཡིན་ནོ། །ཞེས་པའོ། །

སླར་ཡང་བསྡུས་ཏེ་བསྟན་པ་ནི།

དེ་ལྟར་གསུང་གི་གདམས་ངག་བརྗོ༷ད་པ་རྒྱུན་མི་འཆད་པ་དང༌། སྐུའི་སྣང་བ་སྟོ༷ན་པ་རྒྱན་མི་འཆད་པ་དང༌། ཐུགས་རྗེས་འཕྲིན་ལས་མཛ༷ད་པ་རྒྱུ༷ན་མི༷་འཆ༷ད་པ་ད༷ང༌། དེ་དག་ལ་འབད་རྩོལ་གྱིས་མངོ༷ན་པ༷ར་འདུ༷་བྱེ༷ད་པ་མེ༷ད་ཅིང་ལྷུན་གྱིས་གྲུབ་པ༷་ད༷ང༌། སྐལ་བའི་དབང་གིས་སྣ་ཚོགས་སུ་སྣང་ཡང་དེ༷འི༷་ངོ༷་བོ༷་ཉིད་མི༷ན་པ་སྟོ༷ན་པ་སྟེ། ཆོས་ལྔ་པོ་དེ་དག་ལ༷་ལོངས་སྤྱོད་རྫོགས་པའི་སྐུ་འཆད་པའི་སྐབས་འདི༷ར་ནི༷་སྣ༷་ཚོ༷གས་པ་ལ་སོགས་པའི་ཁྱད་པར་རྣ༷མ་པ་ལྔ༷ར་བརྗོད་པར་བྱའོ། །ཞེས་པའོ། །

ཁྱད་པར་རྐྱེན་ལས་སྣང་ཚུལ་ནི། དཔེ་ཇི༷་ལྟ༷ར་ན་འོག་གཞིའི་རས་ཀྱི་ཚོ༷ན་ནི༷་ཁ་དོག་སྣ༷་ཚོ༷གས་པའི་རྐྱེན་གྱི༷ས་སྟེང་གི་ནོ༷ར་བུ༷་རིན་པོ་ཆེ་ཁ་དོག་སྣ་ཚོགས་པ་དེ༷འི་དངོ༷ས་པོ་མི༷ན་ཡང༌། དང་བའི་དབང་གིས་སྣ་ཚོགས་སུ་སྣ༷ང་བ་ལྟ༷ར། དོན་དེ༷་བཞི༷ན་དུ་གདུལ་བྱའི་འགྲོ༷་བ་རྣམས་ཀྱི་ཁམས་དང་བསམ་པ་དང་མོས་པ་ལ་སོགས་པའི་རྐྱེ༷ན་སྣ༷་ཚོ༷གས་པ༷ས་ཐུགས་རྗེ་ཆེན་པོས་སྐྱེ་དགུ་ལ་ཁྱ༷བ་པའི་བད༷ག་ཉིད་རྫོགས་པའི་སངས་རྒྱས་རྣམས་ཀྱང་སྣ་ཚོགས་པ་དེ༷འི་དངོ༷ས་པོ་མི༷ན་ཡང་ཁ་དོག་དང་ཚད་ལ་སོགས་པའི་རྣམ་འཕྲུལ་བ༷ར་སྣ༷ང་ངོ༌། །ཞེས་པའོ། །

སྤྲུལ་པའི་སྐུ་ལ་གཉིས། མཆོག་གི་སྤྲུལ་སྐུས་མཛད་པ་བཅུ་གཉིས་སྟོན་ཚུལ། དེའི་བྱེད་ལས་གདུལ་བྱ་རིམ་གྱིས་འདྲེན་ཚུལ་ལོ། །

དེ་ལ་མཛད་པ་བཅུ་གཉིས་སྟོན་ཚུལ་ནི། སྟོན་ཅེས་འོག་ནས་འབྱུང་བ་གསལ་བྱེད་དུ་སྦྱར་ཏེ་བཤད་པར་བྱའོ། །དེ་ཡང་རྒྱུ་གང་ལ་སྟོན་ན། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པའི་ཐུ༷གས་རྗེ༷་ཆེན༷་པོ༷ས་རྗེས་སུ་གཟུང་བར་བཞེད་པའི་རྒྱུ་ལ་སོགས་ཚུལ་ཇི་ལྟ་བར་སྟོན་པ་འཇི༷ག་རྟེ༷ན་གྱི་ཁམས་ཇི་སྙེད་པ་མཁྱེ༷ན་པའི་ཡེ་ཤེས་ཀྱིས་གདུལ་བྱར་གྱུར་པའི་འཇི༷ག་རྟེ༷ན་མ་ལུས་པ་ཀུ༷ན་ལ༷་ལེགས་པར་གཟི༷གས་ན༷ས་ནི༷་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོ༷ས་ཀྱི༷་སྐུ༷་འགྱུར་བ་མེད་པའི་ངང་དུ་མཉམ་པར་བཞག་པ་ལ༷ས་ནམ་ཡང་མ༷་གཡོ༷ས་པ༷ར་རོ། །དོན་གང་དག་སྟོན་ན། སྤྲུ༷ལ་པ༷འི་ར༷ང་བཞི༷ན་རྣམ་པ་སྣ༷་ཚོ༷གས་པ་རྣམས་ཀྱི༷ས་རྨད་དུ་བྱུང་བའི་མཛད་པ་བཅུ་གཉིས་ཡང་དག་པར་སྟོན་པ་སྟེ། དེ་ཡང་ཤཱཀྱའི་རྒྱལ་པོ་ལྟ་བུ་ལ་ཉེ་བར་མཚོན་ནས་བདག་ཉིད་ཆེན་པོ་དེས་དགའ་ལྡན་པའི་ལྷའི་སྐྱེ༷་བ༷་དམ་པ་ཏོག་དཀར་ཞེས་བྱ་བར་མངོ༷ན་པ༷ར་སྐྱེ༷་བ༷འི་ཚུལ་བསྟན་ནས་ལྷའི་ཚོགས་རབ་ཏུ་མང་པོ་སྨིན་གྲོལ་ལ་བཀོད་པ་ད༷ང༌། དག༷འ་ལྡ༷ན་གྱི་གན༷ས་ན༷ས་འཛམ་བུའི་གླིང་དུ་འཕོ༷་བ༷འི་མཛད་པ་ད༷ང༌། ཡུམ་གྱི་ལྷུ༷མས་སུ༷་འཇུ༷ག་པའི་མཛད་པ་ད༷ང༌། ལྷུམས་ནས་བལྟ༷མས་པའི་མཛད་པ༷་ད༷ང༌། བཟོ༷འི༷་གན༷ས་ལ༷་མཁ༷ས་པ༷འི་མཛད་པ་ད༷ང༌། བཙུ༷ན་མོ༷འི་འཁོ༷ར་གྱི་ནང་དུ་དགྱེ༷ས་པར་རོ༷ལ་བའི་མཛད་པ༷་ད༷ང༌། བཙུན་མོ་དང་བཅས་པའི་ཁབ་ནས་ངེ༷ས་པར་འབྱུ༷ང་བའི་མཛད་པ་དང༌། དཀ༷འ་བ༷་སྤྱ༷ད་པའི་མཛད་པ༷་ད༷ང༌། བྱ༷ང་ཆུ༷བ་ཀྱི་སྙི༷ང་པོ༷་རྡོ་རྗེའི་གདན་དུ་གཤེ༷གས་པའི་མཛད་པ༷་ད༷ང༌། བདུ༷ད་ཀྱི་སྡེ༷་དཔུང་དང་བཅས་པ་བྱམས་པའི་ཤུགས་ཀྱིས་འཇོ༷མས་པའི་མཛད་པ་ད༷ང༌། མངོན་པར་རྫོ༷གས་པ༷ར་ནི༷་བྱ༷ང་ཆུ༷བ་ཆེན་པོ་བརྙེས་པའི་མཛད་པ་དང༌། ཆོ༷ས་ཀྱི༷་འཁོ༷ར་ལོ༷་རིམ་པ་གསུམ་དུ་བསྐོར་བའི་མཛད་པ་ད༷ང༌། ཡོངས་སུ་མྱ༷་ང༷ན་ལས་འད༷ས་པ༷ར་གཤེ༷གས་པའི་མཛ༷ད་པ་རྣ༷མས་སོ། །གནས་གང་དུ་སྟོན་ན། ཡོ༷ངས་སུ༷་མ༷་ད༷ག་པའི་ཞི༷ང་མི་མཇེད་འཇིག་རྟེན་གྱི་ཁམས་ལ་སོགས་པ་མཐའ་ཡས་པ་རྣ༷མས་སུ༷འོ། །དུས་ཇི་སྲིད་སྟོན་ན། གདུལ་བྱ་འཁོར་བའི་སྲི༷ད་པ༷་ཇི༷་སྲི༷ད་མ་སྟོངས་པར་གན༷ས་པའི་བར་དེ་སྲིད་དུ་རྒྱུན་མི་འཆད་པའི་ལྷུན་གྱིས་གྲུབ་པ༷ར་སྟོ༷ན་ཏོ། །ཞེས་པའོ། །

གདུལ་བྱ་རིམ་གྱིས་འདྲེན་པ་ལ་གསུམ་སྟེ། ཕལ་པ་ཐེག་དམན་ལ་འཇུག་ཚུལ། ཐེག་དམན་ཐེག་ཆེན་གྱིས་སྨིན་ཚུལ། ཐེག་ཆེན་རྣམ་གྲོལ་ལ་སྦྱོར་ཚུལ་ལོ། །དེ་ལ་ཐེག་དམན་ལ་འཇུག་ཚུལ་ནི། འདུས་བྱས་ཐམས་ཅད་མི༷་རྟ༷ག་པ་དང༌། ཟག་པ་དང་བཅས་པ་ཐམས་ཅད་སྡུ༷ག་བསྔ༷ལ་བ་དང༌། ཆོས་ཐམས་ཅད་བད༷ག་མེ༷ད་པ་ད༷ང༌། མྱ་ངན་ལས་འདས་པ་ནི་མཆོག་ཏུ་ཞི༷་ཞིང་བདེ་བའོ་ཞེས་པ་ལ་སོགས་པ་ཆོས་རྣམས་ཀྱི་སྡོམ་ཆེན་པོ་རྣམས་སྟོན་པ༷འི་སྒྲ༷་ཡི༷ས་གདུལ་བྱ་འདུལ་བའི་ཐ༷བས་མཁྱེ༷ན་པ༷་སངས་རྒྱས་རྣམས་ཀྱིས༷་གདུལ་བྱའི་སེ༷མས་ཅ༷ན་འཁོར་བ་ལ་ཆགས་པ་རྣམས་ལ་སྲི༷ད་པ་གསུ༷མ་གྱི་ཉེས་དམིགས་མང་དུ་གསུངས་ཤིང༌། སྐྱོ༷་བ་བསྐྱེ༷ད་ན༷ས་རེ་ཤིག་དང་པོ་འཁོར་བའི་སྐྱོན་ཉེ་བར་ཞི་བ་ཙམ་གྱིས་མྱ༷་ང༷ན་ལས་འད༷ས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལ༷་ཡང་ར༷བ་ཏུ་འཇུ༷ག་པར་མཛ༷ད། ཅེས་པའོ། །

ཐེག་ཆེན་གྱིས་སྨིན་ཚུལ་ནི།

རང་ཉིད་ཀྱི་འཁོར་བའི་སྡུག་བསྔལ་ཉེ་བར་ཞི༷་བ༷ར་བྱེད་པའི༷་ཐབས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལ༷མ་ལ༷་རབ༷་ཏུ་ཞུ༷གས་པ༷་ལས་དགྲ་བཅོམ་པ་དང་རང་བྱང་ཆུབ་ཐོབ་པ་ན། མཐར་ཕྱིན་པའི་གོ་འཕང་མ་ཐོབ་ཀྱང་མྱ༷་ང༷ན་ལས་འད༷ས་པ་ཐོ༷བ་བོ་སྙམ་པའི་འདུ༷་ཤེ༷ས་ཅ༷ན་རྣམས་ལ། ད༷མ་པའི་ཆོ༷ས་པ༷ད་མ༷་དཀ༷ར་པོའི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ༷་སོ༷གས་པ་རྣམས་ལས་ཆོ༷ས་ཐམས་ཅད་ཀྱི༷་དེ༷་ཁོ་ན་ཉི༷ད་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པར་སྟོན་པའི་ཐེག་པ་ནི་གཅིག་ཁོ་ན་ཡིན་ལ། དེ་བགྲོད་པའི་མྱ་ངན་ལས་འདས་པའང་གཅིག་ཁོ་ནའོ་ཞེས་པར་བསྟ༷ན་པ༷་ཡི༷ས་ཉན་ཐོས་དང་རང་སངས་རྒྱས་དེ༷་ད༷ག་སྔ༷ར་མྱ་ངན་ལས་འདས་པ་མཐར་ཐུག་པ་མ་ཐོབ་པ་ལ་ཐོབ་པར་འཛི༷ན་པ་དེ་ལ༷ས་བཟློ༷ག་སྟེ༷་ཐ༷བས་སེམས་ཅན་ཐམས་ཅད་ལ་སྒྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་ད༷ང་ཤེ༷ས་ར༷བ་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་ལ་བརྟེན་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོ༷ངས་སུ་གཟུ༷ང་བ༷ས་ཐེ༷ག་པ༷་གསུམ་ལས་མཆོ༷ག་ཏུ་གྱུར་པ་ཐེག་པ་ཆེན་པོ་ལ༷་སྨི༷ན་པར་མཛ༷ད་དེ༷་ཡང་དག་པའི་ལམ་ལ་བཀོད་པར་མཛད་དོ། །ཞེས་པའོ། །

རྣམ་གྲོལ་ལ་སྦྱོར་ཚུལ་ནི། དེ་ལྟར་ཐེག་པ་ཆེན་པོའི་ལམ་ལ་རིམ་གྱིས་སྨིན་པར་མཛད་ནས་ས་བརྒྱད་པ་ལ་སོགས་པ་ཐོབ་པ་དང༌། ཞིང་ཁམས་འདི་ཞེས་བྱ་བར་མིང་འདི་ཞེས་བྱ་བ་དང་ལྡན་པས་དུས་འདི་ཙམ་ཞིག་ན། བསྐལ་པ་འདི་ཞེས་བྱ་བ་ལ་འཚང་རྒྱ་ཞིང༌། འཁོར་འདི་སྙེད་དང་བཅས་ཤིང་དམ་པའི་ཆོས་ཀྱང་འདི་སྲིད་དུ་གནས་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་རྣམ་པར་གྲོལ་བའི་བྱ༷ང་ཆུ༷བ་གསུམ་ལས་མཆོ༷ག་ཏུ༷་གྱུར་པ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་ལུ༷ང་སྟོ༷ན་པར་མཛད་དོ༷། །ཞེས་པ་སྟེ། དེ་ཡང་ཞིང་དང་མིང་དང་ནི། །དུས་དང་བསྐལ་པའི་མིང་དང་ནི། །འཁོར་དང་དམ་པའི་ཆོས་དག་ཀྱང༌། །གནས་པའི་སྒོ་ནས་དེར་འདོད་དོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །

དོན་བསྡུ་བ་ལ་གཉིས་ལས། རྒྱུ་མཚན་དང་སྦྱར་ཏེ་གསུམ་དུ་བསྡུ་བ་ནི། ཕྲ་ཞིང་རྟོགས་པར་དཀའ་བས་ན་ཟ༷བ་པའི་ཕྱིར་ད༷ང་གཞན་གྱི་དོན་སྒྲུབ་པའི་མཐུ༷་ནི༷་ཕུ༷ན་སུམ་ཚོ༷གས་པ་ད༷ང་ལྡན་པའི་ཕྱིར་དང༌། བྱི༷ས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་བསམ་པ༷འི་དོ༷ན་དང་མཐུ༷ན་པར་བསྟན་པས་འཁོར་བ་ལས་རབ༷་ཏུ་འདྲེ༷ན་པའི་ཕྱི༷ར་ན། སྐུ་གསུམ་པོ་འདི༷་ད༷ག་གྲ༷ངས་ཅི་ལྟ་བ་བཞི༷ན་དུ་སྦྱར་ཏེ་ཟ༷བ་པ༷་ངོ་བོ་ཉིད་ཀྱི་སྐུ་ད༷ང༌། རྒྱ༷་ཆེ༷་བ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། བད༷ག་ཉི༷ད་ཆེ༷ན་པོ་སྤྲུལ་པའི་སྐུ་རྣམས་སུ་ཤེས་པར་བྱ༷འོ། །ཞེས་པའོ། །

གནས་ཚུལ་དང་སྦྱར་ཏེ་གཉིས་སུ་བསྡུ་བ་ནི། སངས་རྒྱས་ཀྱི་སྐུ་འཆད་པའི་སྐབས་འདི༷ར་ནི༷་ད༷ང་པོ༷་ཟབ་པའི་སྐུ་དེ་ཆོ༷ས་ཀྱི་སྐུ༷ར་ཤེས་པར་བྱ་སྟེ༷། ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཞིང༌། གཞན་རིག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཕྱི༷་མ༷་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་ད༷ག་ནི༷་གཟུ༷གས་ཀྱི༷་སྐུ༷་ཡིན་ཏེ་སྐལ་བ་དང་མཐུན་པར་གདུལ་བྱ་ལ་སྣང་བའི་ཕྱིར་རོ། །དེ་དག་ཀྱང་དཔེར་ན་འདུས་མ་བྱས་ན༷མ་མཁ༷འི་དབྱིངས་ལ༷་ནི༷་འདུས་བྱས་ཀྱི་གཟུ༷གས་སྣ་ཚོགས་གན༷ས་པ་ཇི་ལྟ་བ་བཞི༷ན་དུ། ད༷ང་པོ༷་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་དབྱིངས་ལ༷་ནི༷་ཐ༷་མ༷་གཟུགས་ཀྱི་སྐུ་སྣ་ཚོགས་སུ་སྣང་བ་དག་གན༷ས་པ་ཡིན་ནོ། །ཞེས་པའོ། །

ཇི་སྲིད་དུ་དེ་དག་རྟག་པའི་དོན་ལ་གཉིས། རྟག་པའི་རྒྱུ་མཚན་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། །དེ་ལ་མདོར་བསྟན་ནི། གང་ལ་ཡང་ཆགས་པ་མེད་པར་དམ་པའི་ཆོས་འཛིན་པ་ལ་སོགས་པ་རྒྱུ༷་མཐ༷འ་ཡ༷ས་པ་ལས་གྲུབ་པའི་འབྲས་བུ་ཡིན་པའི་ཕྱིར་ན། གཟུགས་ཀྱི་སྐུས་གཞན་དོན་མཛད་པ་རྟག་ཏུ་རྒྱུན་མི་འཆད་པ་ད༷ང༌། དེ་བཞིན་དུ་སྦྱར་ཏེ། སེམ༷ས་ཅ༷ན་མ་ལུས་པ་འདུལ་བར་ཞལ་གྱིས་བཞེས་ཤིང༌། གདུལ་བྱའི་སེམས་ཅན་ལ་ཟ༷ད་པ་མེ༷ད་པའི་ཕྱིར་ད༷ང༌། གཞན་དོན་གྲུབ་པའི་ཀུན་སློང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ༷་བ་ཆེན་པོ་རྒྱུན་མི་འཆད་པའི་ཕྱིར་ད༷ང༌། གཞན་དོན་སྒྲུབ་པའི་ཐབས་རྫུ་འཕྲུ༷ལ་གྱི་རྐང་པ་ལ་དབང་འབྱོར་བ་ཐོབ་པའི་ཕྱིར་ད༷ང༌། འཁོར་བ་དང་མྱ་ངན་ལས་འདས་པའི་རང་བཞིན་གཉིས་སུ་མེད་པར་མཁྱེ༷ན་པས་ནམ་ཡང་སྐྱེ་བ་མེད་པའི་ཕྱིར་ད༷ང༌། ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་བདེ་བ་ཕུན༷་སུམ་ཚོ༷གས་པ་དང་ལྡ༷ན་པས་སྡུག་བསྔལ་གྱིས་གནོད་པ་མེད་པའི་ཕྱིར་དང༌། ཆོ༷ས་ཐམས་ཅད་ཀྱི༷་དབ༷ང་ཕྱུ༷ག་འཇིག་རྟེན་དུ་ཞུགས་ཀྱང་དེའི་ཉེས་པས་ནམ་ཡང་མི་གོས་པའི་ཕྱིར་ན་གཟུགས་ཀྱི་སྐུས་གཞན་དོན་མཛད་པ་རྟག་ཏུ་རྒྱུན་མི་འཆད་ཅིང༌། འཆི༷་བ༷་མེད་པའི་གོ་འཕང་བརྙེས་པས་འཆི་བའི་བདག་པོའི༷་བདུ༷ད་བཅོ༷མ་པའི་ཕྱིར་ད༷ང༌། གདོད་མ་ནས་འདུས་མ་བྱས་པས་འདུས་བྱས་ཀྱི་ངོ༷་བོ༷ར་མེ༷ད་པའི་ཕྱི༷ར་དང༌། ཕྱི་མའི་མཐར་ཐུག་པར་འཇི༷ག་རྟེ༷ན་ཐམས་ཅད་ཀྱི་སྐྱབས་དང་མགོ༷ན་པོ༷ར་གྱུར་པའི་ཕྱིར་ན། ཆོས་ཀྱི་སྐུ་འགྱུར་བ་མེད་པས༷་རྟ༷ག་པ་ཡིན་ཏེ། མདོར་ན་རྒྱུ་མཚན་རྣམ་པ་བཅུས་དེ་བཞིན་གཤེགས་པའི་སྐུ་གསུམ་པོ་འདི་རྟག་པ་ཉིད་དོ། །ཞེས་པའོ། །

རྒྱས་བཤད་ལ་གསུམ་ལས། གཟུགས་སྐུ་རྟག་པའི་རྒྱུ་མཚན། ཆོས་སྐུ་རྟག་པའི་རྒྱུ་མཚན། དེ་རྣམས་སྤྱིའི་དོན་བསྡུ་བའོ། །

དེ་ལ་གཟུགས་སྐུ་རྟག་པའི་རྒྱུ་མཚན་ནི།

སྔར་སློབ་ལམ་གྱི་གནས་སྐབས་སུ་ལུ༷ས་མགོ་བོ་ལ་སོགས་པ་རྣམས་ད༷ང་སྲོ༷ག་ཚེའི་རྒྱུན་ཉིད་ད༷ང༌། ལོ༷ངས་སྤྱོ༷ད་རིན་པོ་ཆེ་ལ་སོགས་པ་རྣ༷མས་གང་ལ་ཡང་ཆགས་པ་མེད་པར་ཡོངས་སུ་བཏ༷ང་ན༷ས་ད༷མ་པའི་ཆོ༷ས་འཛི༷ན་པ་ལ་སོགས་པ་རྒྱུ་མཐའ་ཡས་པ་ལས་གྲུབ་པའི་ཕྱི༷ར་ན། གཟུགས་ཀྱི་སྐུ་དེ་དག་རྟག་ཏུ་རྒྱུན་མི་འཆད་པ་ད༷ང༌། དེ་བཞིན་དུ་སྦྱར་ཏེ། སེ༷མས་ཅ༷ན་ཇི་སྙེད་པ་ཀུ༷ན་ལ༷་ཕ༷ན་པ༷་རྒྱ་ཆེན་པོ་བསྒྲུབ་པར་བྱ་བའི༷་ཕྱི༷ར་ད༷ང་པོ༷ར་སེམས་ཅན་མ་ལུས་པ་འཁོར་བ་ལས་བསྒྲལ་བར་བྱའོ། །ཞེས་རང་གིས་ཇི་ལྟར་ད༷མ་བཅ༷ས་པའི་དོན་མཐ༷ར་ཕྱི༷ན་པར་མཛད་ཅིང༌། གདུལ་བྱ་ལ་ཟད་པ་མེད་པའི་ཕྱི༷ར་དང༌། རྫོགས་པའི་སང༷ས་རྒྱ༷ས་ཉི༷ད་ལ༷་ཉོན་མོངས་པའི་སྒྲིབ་པས༷་གཙ༷ང་བ༷་ད༷ང༌། ཤེས་བྱའི་སྒྲིབ་པ་རྣམ་པར་ད༷ག་པ༷འི་ཐུ༷གས་རྗེ༷་ཆེན་པོ་རྒྱུན་མི་འཆད་པར་སེམས་ཅན་མཐའ་དག་ལ་ར༷བ་ཏུ་འཇུ༷ག་པ་མངའ་བའི་ཕྱི༷ར་དང༌། གཅིག་ཏུ་བསྒྱུར་ཞིང་མང་པོར་སྤྲུལ་པ་ལ་སོགས་པ་རྫུ༷་འཕྲུ༷ལ་དང་དེའི་རྐ༷ང་པའི་ཏིང་ངེ་འཛིན་རྣམས་ལ་དབང་འབྱོར་བས་སྐལ་བ་དང་འཚམས་པར་གཟུགས་སྐུའི་སྣང་བ་སྟོ༷ན་པ༷་ནི༷་སངས་རྒྱས་དེ༷་ཡི༷ས་འཁོར་བ་ཇི་སྲིད་ཀྱི་བར་དུ་གན༷ས་ཤིང་རྒྱུན་མི་འཆད་པ༷ར་སྤྱོ༷ད་པར་ནུས་པ༷འི་ཕྱི༷ར་དང༌། མཁྱེ༷ན་པའི་ཡེ་ཤེས་རྣམ་པར་དག་པ༷ས་སྲིད་པ་འཁོ༷ར་བ་ད༷ང་ཞི་བ་མྱ༷་ང༷ན་ལས་འད༷ས་པ་དག་རང་བཞིན་གཉི༷ས་སུ༷་འཛི༷ན་པ་ལ༷ས་གྲོ༷ལ་ནས་གཉིས་མེད་དུ་རྟོགས་པས་གཞན་གྱི་དོན་ལ་སྐྱོ་བ་དང་བྲལ་བ༷འི་ཕྱི༷ར་དང༌། དུས་རྟ༷ག་ཏུ༷་བས༷མ་གྱིས་མི་ཁྱབ་ཅིང་མཐའ་ཡ༷ས་པའི་ཏི༷ང་ངེ་འཛི༷ན་ཟག་མེད་ཀྱི༷་བདེ༷་བ༷་ཕུ༷ན་སུ༷མ་ཚོ༷གས་པ་རྣམས་དང་ལྡ༷ན་པས་དཀའ་སྤྱད་ཀྱི་སྡུག་བསྔལ་གྱིས་གནོད་པ་མེད་པའི་ཕྱི༷ར་དང༌། གཞན་དོན་དུ་འཇི༷ག་རྟེ༷ན་ན༷་ནི༷་བཞུགས་ཤིང༌། དེ་དག་གི་སྐལ་བ་དང་མཐུན་པར་སྤྱོ༷ད་པ༷་ནི༷་འཇི༷ག་རྟེ༷ན་པའི་ཆོ༷ས་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་ལ་སོགས་པ་རྣམས་ཀྱི༷ས་གོ༷ས་པ་མེ༷ད་པའི་ཕྱི༷ར་ན། གཟུགས་ཀྱི་རང་བཞིན་སྐུ་གཉིས་ཀྱིས་སེམས་ཅན་ཀྱི་དོན་མཛད་པ་རྟག་ཏུ་རྒྱུན་མི་འཆད་པ་ཉིད་དོ། །ཞེས་པའོ། །

ཆོས་སྐུ་རྟག་པའི་རྒྱུ་མཚན་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་དེ་གཉེན་པོ་མཐར་ཕྱིན་པའི་གོ་ནས་མི་འགྱུར་ཞིང་རྟག་པ་ཡིན་ནོ། །ལས་དང་ཉོན་མོངས་པའི་འཆི༷་འཕོ་བ་མེ༷ད་ཅིང༌། སྐྱེ་འགག་མ་ལུས་པ་ཉེ་བར་ཞི༷་བ༷འི་མྱ་ངན་ལས་འདས་པ་མཆོག་ལ་གན༷ས་པའི་གོ་འཕང་ཐོ༷བ་པ་ལ༷་འཆི༷་བདག་གི་བདུ༷ད་ནམ་ཡང་རྒྱུ༷་བ༷་མེ༷ད་པ༷འི་ཕྱི༷ར་རོ། །དེ་བཞིན་དུ་རང་བཞིན་གྱིས་ཀྱང་རྟག་པ་ཡིན་ཏེ། རྒྱུ་རྐྱེན་གྱིས་མངོན་པར་འདུ༷ས་མ༷་བྱ༷ས་པ༷འི་ར༷ང་བཞི༷ན་ཅན་གྱི༷་ཐུ༷བ་པ༷་ཆོས་ཀྱི་སྐུ་གདོ༷ད་མ་ན༷ས་འདུས་བྱས་ཀྱི་མཚན་ཉིད་ཐམས་ཅད་ར༷བ་ཏུ་ཞི༷་བའི་བདག་ཉིད་ཅན་ཡིན་པའི༷་ཕྱི༷ར་རོ། །མི་བསླུ་བས་ཀྱང་རྟ༷ག་པ༷་ཡིན་ཏེ། རྟག་ཏུ་རྒྱུན་མི་འཆད་པར་སྐྱ༷བས་མེ༷ད་པའི་སེམས་ཅན་མཐའ་ཡས་པ་རྣམ༷ས་ཀྱི༷་ནི༷་སྐྱ༷བས་དང་མགོན་དང་དཔུང་གཉེན་ལ༷་སོ༷གས་པ་མཐར་ཐུག་པ༷ར་འཐ༷ད་པ་ཡིན་པའི་ཕྱི༷ར་རོ༷། །ཞེས་པའོ། །

དེ་རྣམས་སྤྱིའི་དོན་བསྡུ་བ་ནི། རྒྱུ་མཐའ་ཡས་པ་དང་ཞེས་པ་ལ་སོགས་པ་ད༷ང་པོ༷་ཡི༷་ནི༷་རྒྱུ༷་མཚན་རྣམ་པ་བདུ༷ན་གྱི༷ས་གཟུ༷གས་ཀྱི༷་སྐུ༷འི༷་གཞན་དོན་རྟ༷ག་ཏུ་རྒྱུན་མི་འཆད་པ་ཉི༷ད་ཡིན་ཏེ༷། འཆི་བའི་བདུད་བཅོམ་པ་དང༌། ཞེས་པ་ལ་སོགས་པ་རྒྱུ་མཚན་ཕྱི༷་མ༷་གསུ༷མ་གྱི༷ས་སྟོ༷ན་པ༷་སངས་རྒྱས་ཀྱི་ནི༷་ཆོ༷ས་ཀྱི༷་སྐུ༷འི༷་འགྱུར་བ་མེད་ཅིང་རྟ༷ག་པ༷་ཉི༷ད་བསྟན་པ་ཡིན་ནོ། །ཞེས་པའོ། །

ཇི་ལྟ་བ་བཞིན་བསམ་གྱིས་མི་ཁྱབ་པའི་དོན་ལ་གཉིས། བསམ་མི་ཁྱབ་ཚུལ་མདོར་བསྟན་པ་དང༌། རྒྱུ་མཚན་རྒྱས་པར་བཤད་པའོ། །དེ་ལ་མདོར་བསྟན་ནི། གནས་མ་ལུས་པ་ཡོངས་སུ་གྱུར་པས་རབ་ཏུ་ཕྱེ་བ་དྲི་མ་མེད་པའི་དེ་བཞིན་ཉིད་བྱང་ཆུབ་ཆེན་པོ་དེ་སྒྲའི་བརྗོད་བྱ་ལས་འདས་ཤིང༌། ང༷ག་གི་སྤྱོད་ཡུ༷ལ་མི༷ན་པའི་ཕྱི༷ར་དང༌། སོ་སོ་རང་གིས་རིག་པར་བྱ་བ་དོ༷ན་ད༷མ་པའི་བདེན་པ་དག་པ་གཉིས་ལྡན་གྱི༷ས་བསྡུ༷ས་པའི་ཕྱི༷ར་དང༌། རྣམ་པར་རྟོ༷ག་པས་བརྟག་པར་བྱ་བའི་གན༷ས་སམ་ཡུལ་མི༷ན་པའི་ཕྱི༷ར་དང༌། འཇལ་བར་བྱེད་པའི་དཔེ༷་དང་རྟགས་ལ་སོགས་པ་ཐམས་ཅད་ལ༷ས། ཡང་དག་པར་འད༷ས་པ༷འི་ཕྱི༷ར་དང༌། འཇིག་རྟེན་ལས་འདས་པ་རབ་ཀྱི་མཐར་ཕྱིན་པ་བླ༷་ན༷་མེ༷ད་པ་ཡིན་པའི་ཕྱི༷ར་དང༌། སྲི༷ད་པ་འཁོར་བ་དང་ཞི༷་བ་མྱ་ངན་ལས་འདས་པའི་མཐའ་གཉིས་ཀྱིས༷་མ༷་བསྡུ༷ས་པའི་ཕྱི༷ར་ན། རྒྱ༷ལ་བ་རྫོགས་པའི་སངས་རྒྱས་ཁོ་ནའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུ༷ལ་ཡིན་གྱི་འཕ༷གས་པ་ས་ཆེན་པོ་ལ་གནས་རྣ༷མས་ཀྱི༷ས་ཀྱ༷ང༌། ཇི་ལྟ་བ་བཞིན་དུ་བས༷མ་གྱིས་མི༷་ཁྱ༷བ་པ་ཉིད་ན། ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ལྟ་སྨོས་ཀྱང་ཅི་དགོས། ཞེས་པའོ། །

རྒྱས་པར་བཤད་པ་ལ་གསུམ་ལས། རྒྱུ་མཚན་རྣམས་རིམ་པ་ལྟར་བཤད་པ་ནི། སྐུ་གསུམ་ཡོངས་སུ་རྫོགས་པའི་བྱང་ཆུབ་དེ་སངས་རྒྱས་ལས་གཞན་རྣམས་ཀྱིས་འདིའོ་ཞེས་ཇི་ལྟ་བ་བཞིན་དུ་བས༷མ་དུ་མེ༷ད་པ་ཡིན་ཏེ། ངག་གི་ཡུལ་མ་ཡིན་ཞིང་སྒྲས་བརྗོ༷ད་དུ༷་མེ༷ད་པའི་ཕྱི༷ར་རོ། །དེ༷་བཞིན་དུ་ནི་སྒྲས་བརྗོ༷ད་དུ་མེ༷ད་པ་ཉིད་ཡིན་ཏེ། དོ༷ན་ད༷མ་པའི་བདེན་པ་སོ་སོ་རང་གིས་རིག་པར་བྱ་བ་ཡི༷ན་པའི་ཕྱི༷ར་རོ༷། །དེ་ཉིད་དོ༷ན་ད༷མ་པའི་བདེན་པ་ཡིན་ཏེ། རྣམ་པར་རྟོག་པས་བརྟ༷ག་པར་བྱ༷་བའི་ཡུལ་ལམ་གནས་མི༷ན་པའི་ཕྱི༷ར་རོ། །དེ༷་ཉིད་རྟོག་པས་བརྟ༷ག་པར་བྱ་བ་མི༷ན་ཏེ། འཇིག་རྟེན་པའི་དཔེ་དང་གཏན་ཚིགས་ལ་སོགས་པས་རྗེ༷ས་སུ་དཔ༷ག་པར་བྱ༷་བ་མི༷ན་པའི་ཕྱི༷ར་རོ། །དེ་ཉིད་རྗེས་སུ་དཔ༷ག་པར་བྱ་བ་མི༷ན་ཏེ། འཇིག་རྟེན་ལས་འདས་ཤིང་བླ༷་ན༷་མེ༷ད་པ་ཡིན་པ༷འི་ཕྱི༷ར་རོ། །དེ་ཉིད་བླ༷་ན༷་མེད༷་པ༷་ཡིན་ཏེ། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་འདས་པ་དག་གིས་མ༷་བསྡུ༷ས་པའི་ཕྱི༷ར་རོ། །དེ་ཡང་སྲིད་ཞིས་མ༷་བསྡུ༷ས་པ་ཡིན་ཏེ། དེ་དག་གི་མཐའ་གཉིས་ལ་གན༷ས་པ༷་མེ༷ད་པའི་ཕྱི༷ར་རོ། །མི་གནས་པ་ཡང་ཡིན་ཏེ༷། ཞི་བའི་མཐའ་ལ་ཡོ༷ན་ཏ༷ན་དང་སྲིད་པའི་རང་བཞིན་ལ་སྐྱོ༷ན་དུ་རྟོ༷ག་པ་མེ༷ད་པའི་ཕྱི༷ར་རོ༷། །སྐུ་གཉིས་ལ་སྦྱར་ཏེ་བསྡུ་བ་ནི། ངག་ཡུལ་མིན་ཕྱིར་ཞེས་པ་ལ་སོགས་པའི་རྒྱུ༷་མཚན་ལྔ༷་པོ་ད༷ག་གི༷ས་ཤིན་ཏུ་ཕྲ༷་ཞིང་ཟབ་ལ་གཏིང་དཔག་དཀའ་བ༷འི་ཕྱི༷ར་ཆོ༷ས་ཀྱི་སྐུ༷་ཕལ་བ་རྣམས་ཀྱིས་འདིའོ་ཞེས་བས༷མ་གྱིས་མི༷་ཁྱ༷བ་པའི་རྒྱུ་མཚན་བསྟན་པ༷་སྟེ༷། སྲིད་ཞིས་མ་བསྡུས་པའི་ཕྱིར་ཞེས་པའི་རྒྱུ་མཚན་དྲུ༷ག་པ༷ས་སྲིད་ཞིའི་ཆོས་སྐྱེ་འགག་ལ་སོགས་པ་སྣང་ཡང་དེ༷འི༷་དངོ༷ས་པོར་བདེན་པ་མི༷ན་པའི་ཕྱི༷ར་གཟུ༷གས་ཀྱི་སྐུ༷འི་རྣམ་འཕྲུལ་མཐའ་ཡས་པ་རྣམས་བས༷མ་གྱིས་མི༷་ཁྱ༷བ་པའི་རྒྱུ་མཚན་བསྟན་པ༷འོ༷། །ཞེས་པའོ། །

ཡོན་ཏན་ལས་བསམ་མི་ཁྱབ་ཚུལ་ནི། ཤེས་བྱ་ཇི་ལྟ་བ་དང༌། ཇི་སྙེད་པའི་དོན་ཐམས་ཅད་མངོན་སུམ་དུ་རྟོགས་པས་བླ༷་ན་མེ༷ད་པའི་མཁྱེན་པའི་ཡེ༷་ཤེ༷ས་དང་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བཞེད་པས་མཐའ་ཡས་པའི་བརྩེ་བའི་ཐུ༷གས་རྗེ༷་ཆེ༷ན་པོ་འཕྲིན་ལས་ལ་སོ༷གས་པའི་ཡོ༷ན་ཏ༷ན་ཚད་མེད་པ་རྣམས་ཀྱི༷ས་ཡོ༷ན་ཏ༷ན་མཐར་ཕྱིན་པའི་ཕ༷་རོ༷ལ་ཏུ་ཕྱི༷ན་པ༷འི་ཕྱིར། རྒྱ༷ལ་བ༷་རྣམས་ཀྱིས་བྱང་ཆུབ་ཆེན་པོ་བརྙེས་པ་འདི་ནི་སངས་རྒྱས་ལས་གཞན་པ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་བས༷མ་གྱིས་མི༷་ཁྱབ༷་སྟེ། དེ༷ས་ན༷་གཞན་ལ་རག་མ་ལུས་པར་ར༷ང་ཉིད་ཀྱིས་བསྒོམས་པ་ལས་བྱུ༷ང་བ་སངས་རྒྱས་རྣ༷མས་ཀྱང་རྣམ་བཞག་རྣམ་པ་བརྒྱད་ཀྱི༷་ཐ༷་མ༷་བསམ་གྱིས་མི་ཁྱབ་པའི༷་ཚུ༷ལ་ལམ། ཡང་ན་སེམས་དང་པོ་བསྐྱེད་པ་ལ་སོགས་པ་ལ་ལྟོས་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་འདི༷་ནི༷། དྲ༷ང་སྲོ༷ང་བྱང་ཆུབ་སེམས་དཔའ་ཆེ༷ན་པོ༷་དག་པའི་ས་ལ་གནས་ཤིང༌། དབ༷ང་བཅུ་ཐོ༷བ་པ་རྣ༷མས་ཀྱི༷ས་ཀྱ༷ང་མངོན་སུམ་དུ་རི༷ག་པ་མི༷ན་ན་ཕལ་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། རིག་པར་འདོད་པ་རྣམས་ཀྱིས་ནི་སངས་རྒྱས་ཐོབ་པར་བྱའོ། །ཞེས་པའོ། །

ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་བླ༷་མ༷འི་བསྟ༷ན་བཅོ༷ས་དཀོ༷ན་མཆོ༷ག་གི༷་རི༷གས་རྣ༷མ་པ༷ར་དབྱེ༷་བ༷་ལ༷ས། བྱ༷ང་ཆུ༷བ་ཀྱི༷་སྐ༷བས་ཏེ༷། ལེའུ་གཉི༷ས་པ༷འི་རྣམ་པར་བཤད་པའོ༷།། །།

ལེའུ་གསུམ་པ། ཡོན་ཏན་གྱི་སྐབས།

༈ ད་ནི་བྱང་ཆུབ་ཆེན་པོ་ལ་གནས་པ་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུས་བསྡུས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་དབང་དུ་བྱས་ནས། རྟོགས་པའི་ཡན་ལག་ཡོན་ཏན་གྱི་དོན་ལ་གཉིས། སྐུ་གཉིས་དང་སྦྱར་ཏེ་གྲངས་ཀྱི་དབྱེ་བ་དང༌། ཕྱེ་བའི་ཡོན་ཏན་གཏན་ལ་དབབ་པའོ། །

དབྱེ་བ་ལ་གཉིས་ལས། སྐུ་དང་ཡོན་ཏན་ཕྱེ་སྟེ་བསྟན་པ་ནི། སངས་རྒྱས་ཞེས་པའང་ར༷ང་དོ༷ན་ཕུན་སུམ་ཚོགས་པ་དང༌། གཞ༷ན་དོ༷ན་ཕུན་སུམ་ཚོགས་པ་མཐར་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་རྟེན་རང་དོ༷ན་དོན་ད༷མ་པ་ཆོས་ཀྱི་སྐུ༷་ད༷ང་ནི༷། དེ༷་ལ༷་བརྟེ༷ན་པ༷འི་གཞན་དོན་ཀུ༷ན་རྫོ༷བ་གཟུགས་ཀྱི་སྐུ༷་དེ་ཉི༷ད་དེ༷། སྐུ་གཉིས་ཀྱི་བདག་ཉིད་ཅན་ཡིན་ཞིང༌། དེ་དག་ལ་ཡོད་པ་ལ་བརྟེན་པའི་ཡོན་ཏན་ལ་ཕྱེ་ནའང་ཆོས་སྐུ་ལ་ཡོད་པ་བྲ༷ལ་བའི་འབྲས་བུའི་ཡོན་ཏན་སུམ་ཅུ་རྩ་གཉིས་ད༷ང༌། གཟུགས་སྐུ་ལ་ཡོད་པ་རྣ༷མ་པ༷ར་སྨི༷ན་པ༷འི་འབྲ༷ས་བུ༷་ནི༷་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ། གཉིས་ཀ་བསྡོམས་པ་ལས་ཡོ༷ན་ཏ༷ན་གྱི་དབྱེ༷་བ༷་དྲུ༷ག་ཅུ༷་རྩ་བཞི༷་པོ་འདི༷་ད༷ག་ཡིན་ནོ། །ཞེས་པའོ། །

དེ་དག་སོ་སོར་སྦྱོར་བ་ནི། བད༷ག་ཉི༷ད་ཀྱི༷་ནི༷་དོན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱོ༷ར་པ༷འི་ཞིང་ལྷུན་གྱིས་གྲུབ་པའི་གན༷ས་སམ་གཞི་ནི་འཕགས་པའི་ཡེ་ཤེས་ད༷མ་པ༷འི་སྤྱོད་ཡུལ་གྱི་དོ༷ན་དུ་ཆོས་ཀྱི༷་སྐུ༷་མངོན་སུམ་དུ་གྱུར་པ་ཉིད་ཡི༷ན་ཏེ༷། དྲ༷ང་སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་རྣ༷མས་ཀྱི༷་བརྡ༷་ཙམ་ཐ་སྙད་ཙམ་དུ་བསྟན་པའི༷་གཟུགས་ཀྱི་སྐུ༷་ནི་གདུལ་བྱ་ཕ༷་རོ༷ལ་པོ་རྣམས་ཀྱི་དོན་ཕུ༷ན་སུ༷མ་ཚོ༷གས་པ་ཐམས་ཅད་འབྱུང་ཞིང་ལྷུན་གྱིས་གྲུབ་པ༷འི་གན༷ས་སམ་གཞི་ཡིན་ལ། དེ་དག་ལས་ད༷ང་པོ༷ར་གྱུར་པའི་ཆོས་ཀྱི་སྐུ༷་ནི༷་སྟོ༷བས་བཅུ་དང་མི་འཇིགས་པ་བཞི་ལ༷་སོ༷གས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་སྒྲིབ་པ་དང་བྲ༷ལ་བ་ཙམ་གྱིས་རབ་ཏུ་ཕྱེ་བ༷འི་ཡོ༷ན་ཏ༷ན་རྣ༷མས་ད༷ང༌། རྣམ་པར་དབྱེར་མེད་པར་ལྡ༷ན་ཞིང༌། གཉི༷ས་པ༷་གཟུགས་ཀྱི་སྐུ་ནི་སྐྱེ༷ས་བུ༷་ཆེ༷ན་པོ༷འི་མཚ༷ན་སུམ་ཅུ་རྩ་གཉིས་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ལས་རིམ་གྱིས་རྣ༷མ་པར་སྨི༷ན་པའི་ཡོ༷ན་ཏ༷ན་ད༷ག་ད༷ང་ཡང་ལྡ༷ན་པ་ཉིད་དོ། །ཞེས་པའོ། །

ཕྱེ་བའི་ཡོན་ཏན་ལ་བཞི་སྟེ། དཔེ་དོན་སྦྱར་ཏེ་སྡོམ་གྱིས་མདོར་བསྟན། སོ་སོའི་རྣམ་གཞག་རྒྱས་པར་བཤད་པ། དེ་དག་སྟོན་པའི་ལུང་ལས་རྟོགས་ཚུལ། སླར་ཡང་དཔེ་དོན་བསྡུས་ཏེ་བསྟན་པའོ། །

དེ་ལ་མདོར་བསྟན་ནི། རྒྱལ་བའི་སྟོ༷བས་བཅུ་པོ་ཉི༷ད་ཀྱིས་མ་༷རི༷ག་པ་ལ་སོགས་པའི་སྒྲི༷བ་པ་རྣམས་འཇོམས་པ་ལ༷་སྒྲིབ་པས་ནི་སླར་མི་ཕྱེད་པའི་ཕྱིར་རྫས་ཀྱི་དངོས་པོ་རྡོ༷་རྗེ༷ས་དངོས་པོ་གཞན་རྣམས་འཇོམས་ཤིང་དེ་གཞན་གྱིས་མི་ཕྱེད་པ་ཇི་ལྟ་བ་བཞི༷ན་ཡིན་ལ། མི༷་འཇི༷གས་པ་བཞི་པོ་ཉི༷ད་ཀྱིས་ནི༷་འཁོ༷ར་གྱི་ཚོགས་མཐའ་ཡས་པའི་ནང་དུ༷་འཇིགས་པ་དང་བག་ཚ་བ་མེད་པར་ཆོས་སྟོན་པའི་ཕྱིར། སེ༷ང་གེ༷་རི་དྭགས་ཀྱི་ནང་དུ་འཇིགས་པ་མེད་པ་ཇི་ལྟ་བ་བཞི༷ན་ཡིན་ཞིང༌། དེ༷་བཞི༷ན་གཤེ༷གས་པ༷འི་མ༷་འདྲེ༷ས་པའི་ཆོས་བཅོ་བརྒྱད་རྣམས་ནི་གཞན་དང་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ནམ་མཁ༷འ་འབྱུང་བ་བཞི་དང་ཐུན་མོང་མ་ཡིན་པ་ཇི་ལྟ་བ་བཞི༷ན་ཡིན་ཏེ༷། ཐུ༷བ་པ༷འི་གདུལ་བྱ་རྣམས་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བསྟ༷ན་པ༷་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་རྣ༷མ་པ་གཉི༷ས་པོ་ནི་བསྐལ་པའི་དབང་གིས་སྣ་ཚོགས་སུ་སྣང་ཡང་དེ་དག་གི་ངོ་བོར་གྲུབ་པ་མེད་པའི་ཕྱིར་ཆུ༷་དང་ནམ་མཁའ་ལ་ཤར་བའི་ཟླ༷་བ་ཇི་ལྟ་བ་བཞི༷ན་ནོ། །ཞེས་པའོ། །

རྒྱས་པར་བཤད་པ་ལ་གཉིས་ཏེ། རང་དོན་དོན་དམ་ཆོས་སྐུ་ལ་ཡོད་པ་བྲལ་འབྲས་ཀྱི་ཡོན་ཏན་རྒྱས་པར་བཤད་པ་དང༌། གཞན་དོན་ཀུན་རྫོབ་གཟུགས་སྐུ་ལ་ཡོད་པ་སྨིན་འབྲས་གྱི་ཡོན་ཏན་རྒྱས་པར་བཤད་པའོ། །བྲལ་འབྲས་ཀྱི་ཡོན་ཏན་ལ་གསུམ་སྟེ། རྒྱལ་བའི་སྟོབས་བཅུ་བཤད་པ་དང༌། མི་འཇིགས་པ་བཞི་བཤད་པ་དང༌། མ་འདྲེས་པ་བཅོ་བརྒྱད་བཤད་པའོ། །

སྟོབས་བཅུ་ལ་གཉིས། མཚོན་བྱ་དོན་གྱི་ངོ་བོ་ངོས་གཟུང་བ་ནི། སྔོན་སློབ་ལམ་གྱི་སྐབས་སུ་ཐེག་པ་ཆེན་པོའི་ཆོས་ལ་དམ་བཅའ་བ་བསྟན་པོ་བྱས་པ་ལས། མཐར་ཆོས་ཀྱི་སྐུས་སངས་རྒྱས་པ་ན། རང་བྱུང་གཉིས་དང་འཁོར་ལོས་སྒྱུར་བ་དག་སྐྱེས་པའི་རྟེན་ལས་འབྱུང་བ་གནས་ཡིན་གྱི་བུད་མེད་ཀྱི་རྟེན་ལས་འབྱུང་བ་གནས་མ་ཡིན་ནོ། །ཞེས་བྱ་བ་ལྟ་བུ་རྒྱུ་འབྲས་སྲིད་པ་དང་མི་སྲིད་པའི་ཚུལ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་གན༷ས་ད༷ང་གན༷ས་མ༷་ཡི༷ན་པ་མཁྱེན་པའི་སྟོབས་དང༌། དེ་བཞིན་དུ་སྔོན་ཡང་ལས་རྒྱུ་འབྲས་ཀྱི་ཆོས་ལ་ཡིད་བརྟན་པར་བྱས་པ་ལས། ལས་མི་དགེ་བ་ལས་རྣམ་པར་སྨིན་པ་མི་འདོད་པ་འབྱུང་ཞིང༌། ལས་དགེ་བ་ལས་རྣམ་པར་སྨིན་པ་འདོད་པ་འབྱུང་ངོ་ཞེས་བྱ་བ་ལྟ་བུ་རྒྱུ་འབྲས་སོ་སོར་ངེས་པའི་རྣམ་པ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་ལ༷ས་རྣ༷མས་ཀྱི༷་རྣ༷མ་པར་སྨི༷ན་པ་མཁྱེན་པའི་སྟོབས་ད༷ང༌། སྔོན་ཡང་གདུལ་བྱའི་དབ༷ང་པོ༷་བརྟགས་ནས་དེ་ད༷ང་མཐུན་པར་ཆོས་བསྟན་པ་ལས་སེམས་ཅན་རྣམས་ཀྱི་དད་པ་ལ་སོགས་པའི་དབང་པོ་རྣོ་བ་དང་འབྲིང་པོ་དང་རྟུལ་པོའི་དབྱེ་བ་ཐམས་ཅད་ཐོགས་པ་མེད་པ་མངོན་སུམ་དུ་རྟོགས་པ་དབང་པོ་མཆོག་དང༌། མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། སྔོན་ཡང་གདུལ་བྱའི་ཁ༷མས་དང་མཐུན་པར་བཞུགས་པ་ལས་སེམས་ཅན་རྣ༷མས་གནས་སྐབས་སུ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ལ་གནས་པའོ་ཞེས་བྱ་བ་ལྟ་བུ་རིགས་སམ་ཁམས་ཀྱི་ཁྱད་པར་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་ཁམས་རྣམ་པ་སྣ་ཚོགས་མཁྱེན་པའི་སྟོབས་ད༷ང༌། དེ་བཞིན་དུ་ནི༷་སྔོན་ཡང་གདུལ་བྱ་མོ༷ས་པ༷་ད༷ང་མཐུན་པར་ཆོས་བསྟན་པ་ལས། སེམས་ཅན་འདི་དག་ནི་ཐེག་པ་གསུམ་ལས་འདི་ལ་མོས་པའོ་ཞེས་བྱ་བ་ལྟ་བུ་མོས་པའི་བསམ་པ་ཐ་དད་པའི་བྱེ་བྲག་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང༌། སྔོན་ཡང་ཐེག་པ་ཐམས་ཅད་ལ་གོམས་པར་བྱས་པ་ལས་ཁམས་གསུམ་དང་བྱང་ཆུབ་གསུམ་ལ་སོགས་པ་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་དུ་འགྲོ་བའི་ལམ་གྱི་དབྱེ་བ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་ཀུ༷ན་ཏུ་འགྲོ༷་བའི་ལ༷མ་མཁྱེན་པའི་སྟོབས་ད༷ང༌། སྔོན་ཡང་ཏིང་ངེ་འཛིན་མཐའ་ཡས་པ་ལྷུར་བླངས་པ་ལས། གང་ཟག་གཞན་དག་གི་རྒྱུད་ལ་སྐྱེས་པའི་བས༷མ་གཏ༷ན་དང༌། གཟུགས་མེད་པ་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་རྣམས་ཀྱི་ཟག་པ་དང་བཅས་པ་ཀུན་ནས་ཉོ༷ན་མོ༷ངས་པ་དང༌། ཟག་པ་མེད་པ་རྣམ་པར་བྱང་བའི་ཁྱད་པར་ཐམས་ཅད་ཐོགས་པ་མེད་པར་མངོན་དུ་རྟོགས་པ་བསམ་གཏན་ལ་སོགས་པ་ཉོན་མོངས་པ་ཅན་དང་དྲི༷་མ༷་མེ༷ད་པ༷་མཁྱེན་པའི་སྟོབས་ད༷ང༌། སྔོན་ཡང་དགེ་བའི་རྩ་བ་ཆུད་མ་གསན་ཅིང་བག་ཡོད་པར་བྱས་པ་ལས། རང་དང་གཞན་གྱི་ཚེ་རབས་སྔ་མའི་སྤྱོད་པ་ཐམས་ཅད་རྒྱུ་མཚན་དང་བཅས་ཏེ་ཐོགས་པ་མེད་པར་མངོན་དུ་མཁྱེན་པ་སྔོན་གྱི་གན༷ས་ནི༷་རྗེ༷ས་སུ༷་དྲ༷ན་པ༷འི་སྟོབས་ད༷ང༌། སྔོན་ཡང་སེམས་ཅན་གཞན་དཔའ་མི་བསྐོང་ཞིང་དེ་དག་གི་སྣང་བར་གྱུར་པས་དོན་ཇི་ལྟ་བ་བཞིན་ཆོས་བསྟན་པ་ལས་སེམས་ཅན་རྣམས་ཀྱི་གང་ནས་འཆི་འཕོ་བ་དང༌། གང་དུ་སྐྱེ་བའི་ཚུལ་སྲིད་པ་བར་མའི་བཟང་ངན་གྱི་བྱེ་བྲག་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་མཁྱེན་པ་ལྷ༷འི༷་མི༷ག་གི་མངོན་པར་ཤེས་པའི་སྟོབས་ད༷ང༌། སྔོན་ཡང་ཟག་པ་ཟད་པར་བྱ་བའི་ཕྱིར་ཆོས་བསྟན་པ་ལས། རང་གཞན་གྱི་ཉོན་མོངས་པ་ཞི་ཞིང༌། ཟག་པ་ཟད་པའི་རྣམ་པ་ཐམས་ཅད་དུ་ཐོགས་པ་མེད་པར་མངོན་དུ་རྟོགས་པ་ཞི༷་བ༷་ད༷ག་མཁྱེ༷ན་པ༷འི་སྟོབས་ཏེ། དེ་ལྟར་ན་རང་རང་གི་རྒྱུད་དང་རྗེས་སུ་མཐུན་པར་སྤང་བྱ་ལས་རྒྱལ་བའི་སྟོ༷བས་ནི༷་རྣ༷མ་པ༷་བཅུ༷་མངོན་སུམ་དུ་གྱུར་པ་རང་གཞན་གྱི་མི་མཐུན་པའི་ཕྱོགས་བདུད་བཞི་འཇོམས་པར་མཛད་པའོ། །ཞེས་པའོ། །

མཚོན་བྱེད་དཔེ་ཡིས་ངེས་པར་བྱ་བ་ནི།

རྒྱུ་འབྲས་གན༷ས་ད༷ང་གན༷ས་མི༷ན་མཁྱེན་པའི་སྟོབས་དང༌། ལས་དང་རྣ༷མ་པར་སྨི༷ན་པ་བདག་གིར་བྱ་བའི་སྟོབས་དང༌། གདུལ་བྱའི་ཁ༷མས་སམ་རིགས་སྣ་ཚོགས་མཁྱེན་པའི་སྟོབས་ད༷ང༌། འགྲོ༷་བ༷འི་ལམ་ཐ་དད་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། སེམས་ཅན་གྱི་མོ༷ས་པ༷འམ་བསམ་པ་སྣ༷་ཚོ༷གས་པ་མཁྱེན་པའི་སྟོབས་ད༷ང༌། གདུལ་བྱ་རྣམས་ཀྱི་དད་པ་ལ་སོགས་པ་དབ༷ང་པོ༷འི་ཚོ༷གས་མཆོག་ད༷ང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་པ་ཉོ༷ན་མོ༷ངས་པ་ཅན་དང༌། རྣ༷མ་པར་བྱ༷ང་བའི་ཁྱད་པར་མཁྱེན་པའི་སྟོབས་དང༌། སྔོ༷ན་གྱི་གན༷ས་རྗེ༷ས་སུ༷་དྲ༷ན་པ༷འི་མངོན་པར་ཤེས་པའི་སྟོབས་ད༷ང༌། ལྷ༷འི༷་མི༷ག་གིས་འཆི་འཕོ་བ་ད༷ང་སྐྱེ་བ་མཁྱེན་པའི་སྟོབས་དང༌། རང་གཞན་གྱི་ཟ༷ག་པ༷་ཟ༷ད་པའི་ཚུ༷ལ་མཁྱེན་པའི་སྟོབས་རྣམས་ཀྱིས་རང་རང་གི་མི༷་མཐུན་པའི་ཕྱོགས་མི་ཤེ༷ས་པ་ལ་སོགས་པའི་སྒྲིབ་པ་གོ༷་ཆ༷་སྲ་བ་དང༌། རྩི༷ག་པ་བརྟ༷ན་པོ་ད༷ང་ཤི༷ང་ནགས་འཐིབས་པོ་དང་འདྲ་བ་རྣ༷མས་རིམ་པ་ལྟར་འབི༷གས་པར་བྱེད་པ་ད༷ང་འཇི༷ག་པར་བྱེད་པ་ད༷ང་གཅོ༷ད་པའི་ཕྱི༷ར་དང༌། རྒྱལ་པའི་སྟོ༷བས་བཅུ་པོ་ག༷ང་ཡི༷ན་པ༷་དེ་རྣམས་ནི་རྫས་ཀྱི་དངོས་པོ་རྡོ༷་རྗེ༷་ཇི་ལྟ་བ་བཞི༷ན་ནོ་ཞེས་བྱ་སྟེ། དེ་ཡང་འཆད་པར་འགྱུར་བ་ལྟར་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་དང་པོ་དྲུག་གིས་ཤེས་བྱའི་སྒྲིབ་པ་གོ་ཆ་སྲ་བ་དང་འདྲ་བ་རྣམས་འབིགས་པར་བྱེད་པའི་ཕྱིར་རྡོ་རྗེ་དང་མཚུངས་ཤིང༌། བསམ་གཏན་ལ་སོགས་པ་མཁྱེན་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་གི་མངོན་པར་ཤེས་པའི་སྟོབས་གསུམ་གྱིས་སྙོམས་འཇུག་གི་སྒྲིབ་པ་རྩིག་པ་བརྟན་པོ་དང་འདྲ་བ་འཇིག་པར་བྱེད་པའི་ཕྱིར་ན་རྡོ་རྗེ་དང་མཚུངས་ལ། ཟག་པ་ཟད་པ་མཁྱེན་པའི་སྟོབས་གཅིག་གིས་ཉོན་མོངས་པའི་སྒྲིབ་པ་ཤིང་ནགས་འཐིབས་པོ་དང་འདྲ་བ་རྣམས་གཅོད་པར་བྱེད་པའི་ཕྱིར་རྡོ་རྗེ་དང་མཚུངས་སོ། །ཞེས་བྱ་བའོ། །

མི་འཇིགས་པ་ལ་གཉིས་ཏེ། དོན་གྱི་ངོ་བོ་ངོས་བཟུང་བ་དང༌། དཔེ་ཡིས་ངེས་པར་བྱ་བའོ། །དོན་ལ་གཉིས། ངོ་བོ་ནི། སྔོན་ཡང་སེམས་སྙོམས་པའི་སྒོ་ནས་སེར་སྣ་མེད་པར་ཆོས་བསྟན་པ་ལས། རང་དོན་ལས་བརྩམས་ཏེ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཆོ༷ས་མ་ལུས་པ་ཀུན་མངོན་སུམ་དུ་རྟོགས་པའི་ཚུལ་གྱིས་བདག་ཉིད་མངོན་པར་རྫོ༷གས་པ༷ར་བྱ༷ང་ཆུ༷བ་བོ་ཞེས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་ད༷ང༌། སྔོན་ཡང་བར་དུ་གཅོད་པའི་ཆོས་རྣམས་ལ་མ་བརྟེན་པ་ལས་གཞན་དོན་ལས་བརྩམས་ཏེ་ཐར་པ་ཐོབ་པའི་གེ༷གས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ནི༷་འགོ༷ག་པ༷ར་བྱེ༷ད་དགོས་སོ་ཞེས་བར་དུ་གཅོད་པའི་ཆོས་ཐམས་ཅད་སྟོན་པ༷་ལ་མི་འཇིགས་པ་ད༷ང༌། སྔོན་ཡང་དཀར་པོའི་ཆོས་ལ་མོས་པ་རྣམ་པར་བྱ་བའི་ལམ་དུ་ཞུགས་པ་ལས། གཞན་དོན་ལས་བརྩམས་ཏེ་འཁོར་བ་ལ་ངེས་པར་འབྱུང་བའི་ཐེག་པ་གསུམ་གྱི་ལ༷མ་ཐམས་ཅད་སྟོ༷ན་པ༷་ལ་མི་འཇིགས་པ་ད༷ང༌། སྔོན་ཡང་ང་རྒྱལ་མེད་པར་ཆོས་བསྟན་པ་ལས་རང་དོན་ལས་བརྩམས་ཏེ་སྤང་བྱ་མ་ལུས་པ་ཟད་པའི་འགོ༷ག་པ་ཐོབ་ཅེས་ཞལ་གྱིས་བཞེས་པ་ལ༷་མི༷་འཇིག༷ས་པ༷་སྟེ། དེ་ལྟར་དོན་རྣ༷མ་པ༷་བཞི༷་ལས་བརྩམས་ནས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅས། འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲགས། ཚངས་པའི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དཀའ་ཐུབ་དང་རིགས་དང་ལོངས་སྤྱོད་དང་ནུས་པ་དང་ཆགས་བྲལ་གྱིས་ང་རྒྱལ་བའི་དགེ་སྦྱོང་དང་བྲམ་ཟེ་དང་ལྷ་དང་བདུད་དང་ཚངས་པ་ལ་སོགས་པ་སུས་ཀྱང་ཆོས་དང་མཐུན་པའི་སྒོ་ནས་རྒོལ་བའམ་རྒོལ་བའི་མཚན་མ་ཡང་དག་པར་རྗེས་སུ་མཐོང་བས། ལུས་བདེ་བ་དང་ངག་བག་ཚ་བ་མེད་པ་དང༌། སེམས་འཇིགས་པ་མེད་པ་ཐོབ་པའི་ཕྱིར། སངས་རྒྱས་རྣམས་ཀྱི་མི་འཇིགས་པའི་ཡོན་ཏན་ནི་རྣམ་པ་བཞི་ཡིན་ནོ། །ཞེས་པའོ། །

བྱེད་ལས་ནི། མི་འཇིགས་པ་བཞི་བརྙེས་པ་ལ་བརྟེན་ནས་བད༷ག་ཉིད་དང་གཞ༷ན་རྣམས་ཀྱི་དོན་ལས་བརྩམས་ཏེ། ཤེ༷ས་པར་བྱ༷་བའི༷་དངོ༷ས་པོ༷་སྡུག་བསྔལ་ལ་སོགས་པའི་རྣ༷མ་པ་ཀུ༷ན་བདག་ཉིད་ཀྱིས་ཤེ༷ས་སོ་ཞེས་ཞལ་གྱིས་བཞེས་པ་ད༷ང༌། གཞན་དག་གིས་ཀྱང་ཤེས་པར་བྱ་བའི་དོན་དུ་ཤེ༷ས་བྱ་སྡུག་བསྔལ་ལ་སོགས་པའི་ཆོས་ཐམས་ཅད་སྟོན་པར་མཛ༷ད་པའི་ཕྱི༷ར་དང༌། སྤ༷ང་བར་བྱ་བའི་དངོ༷ས་པོ་ལས་དང་ཉོན་མོངས་པ་ལ་སོགས་པའི་ཀུན་འབྱུང་རྣམས་བདག་ཉིད་ཀྱིས་སྤ༷ངས་སོ་ཞེས་ཞལ་གྱིས་བཞེས་པ་ད༷ང༌། གཞན་དག་གིས་ཀྱང་སྤོ༷ང་བར་བྱ་བའི་དོན་དུ་བར་དུ་གཅོད་པ་ཀུན་འབྱུང་གི་ཆོས་ཐམས་ཅད་སྟོན་པར་མཛ༷ད་པའི་ཕྱི༷ར་ད༷ང༌། བསྟེ༷ན་པར་བྱ༷་བ་ལམ་གྱི་བདེན་པའི་རྣམ་པ་ཐམས་ཅད་བདག་ཉིད་ཀྱིས་བསྟེ༷ན་ཏོ། །ཞེས་ཞལ་གྱིས་བཞེས་པ་དང༌། གཞན་དག་གིས་ཀྱང་བསྟེན་པར་བྱ་བའི་དོན་དུ་ངེས་པར་འབྱིན་པའི་ལམ་གྱི་ཆོས་ཐམས་ཅད་སྟོན་པར་མཛད་པ༷འི་ཕྱི༷ར་དང༌། ཐོ༷བ་པར་བྱ༷་བ་བླ༷་ན་མེ༷ད་ཅིང་ཤི༷ན་ཏུ༷་དྲི༷་མ་མེ༷ད་པ་འགོག་པའི་བདེན་པ་དག་པ་གཉིས་ལྡན་བདག་གིས་ཐོ༷བ་བོ་ཞེས་ཞལ་གྱིས་བཞེས་པ་ད༷ང༌། གཞན་དག་གིས་ཀྱང་ཐོ༷བ་པར་བྱ་བའི་དོན་དུ་ཟག་པ་ཟད་པ་འགོག་པའི་ཆོས་སྟོན་པར་མཛ༷ད་པའི་ཕྱི༷ར་ཏེ། དེ་ལྟར་ན་ར༷ང་ཉིད་ཀྱིས་ལེགས་པར་རྟོགས་པ་ཞལ་གྱིས་བཞེས་པ་དང༌། གཞ༷ན་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་རྟོགས་པར་བྱ་བའི་དོ༷ན་དུ། འཕགས་པའི་བདེ༷ན་པ་བཞི་གསུ༷ངས་པ་ལ་ནམ་ཡང་འཇིགས་པ་མེད་པའི་ཕྱི༷ར། དྲ༷ང་སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པའི་དཀྱིལ་འཁོར་ག༷ང་དུ༷འ༷ང་དམ་པའི་ཆོས་གསུང་བ་ལ་ཐོ༷གས་པ༷་མེ༷ད་པར་འཇུག་གོ །ཞེས་པའོ། །

དཔེ་ཡིས་ངེས་པར་བྱ་བ་ནི། ཇི༷་ལྟ༷ར་ན་རི༷་དྭ༷གས་ཀྱི་དབ༷ང་པོ༷་སེང་གེ་ནག༷ས་ཚལ་སྟུག་པོའི་མཐ༷ར་རྟ༷ག་པར་གནས་ཀྱང་རུང་འཇི༷གས་པ་མེ༷ད་ཅིང༌། སྟག་དང་གླང་པོ་ཆེ་ལ་སོགས་པའི་སྟོབས་པོ་ཆེ་དང་ལྡན་པའི་རི༷་དྭ༷གས་རྣ༷མས་ལ༷་སྐྲ༷ག་པ༷་མེ༷ད་པ༷ར་རྒྱུ༷་བ༷་ན། རང་ཉིད་ལེགས་པར་གནས་པ་དང༌། གཞན་ལ་ལྟོས་པ་མེད་པ་དང༌། བློ་བརྟན་པ་དང༌། རྩལ་ཕུན་སུམ་ཚོགས་པ་དང་ལྡན་པ་ལྟ༷ར། དེ༷་བཞི༷ན་དུ་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་ང་རྒྱལ་ཅན་མང་པོ་འདུས་པའི་ཚོ༷གས་ན༷་ཐུ༷བ་པ༷འི་དབ༷ང་པོ༷་མིའི་སེ༷ང་གེ༷་ཡ༷ང་འཇིགས་པ་དང་སྐྲག་པ་མེད་ཅིང་བདག་ཉིད་མཆོག་ཏུ་གྱུར་པས་ལེ༷གས་པར་གན༷ས་པ་དང༌། གཞན་ལ་རག་མ་ལུས་པས་ལྟོ༷ས་པ་མེ༷ད་པ་དང༌། རྟག་ཏུ་མཉམ་པར་བཞག་པས་ཐུགས་བརྟ༷ན་པ་དང༌། སྤང་བྱ་ཤིན་ཏུ་ཕྲ་བ་རྣམས་ཀྱང་སྤངས་པ༷ས་རྩ༷ལ་ཕུན་སུམ་ཚོགས་པ་ད༷ང་ལྡ༷ན་པ༷ར་གན༷ས་སོ། །ཞེས་པའོ། །

མ་འདྲེས་པ་ལ་གཉིས། དོན་དངོས་བསྟན་པ་དང༌། དཔེ་དང་སྦྱར་བའོ། །དོན་དངོས་བསྟན་པ་ལ་གཉིས། མ་འདྲེས་པ་བཅོ་བརྒྱད་སོ་སོའི་དབྱེ་བ་དང༌། སླར་ཡང་བཤད་དེ་བྱེད་ལས་དང་ཐོབ་ཚུལ་ལོ། །དབྱེ་བ་ལ་གཉིས་ཏེ། ཕྱེ་སྟེ་རྒྱས་པར་བཤད་པ་དང༌། བསྡུས་ཏེ་གཞན་ཡང་བསྟན་པའོ། །

རྒྱས་པར་བཤད་པ་ལ་སྡེ་ཚན་བཞི་ལས། སྤྱོད་པས་བསྡུས་པ་དྲུག་ནི། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ལ་ཕྱིན་ཅི་ལོག་མི་མངའ་བ་སྟོན་པའོ། །དེ་ཡང་སྔོན་སློབ་ལམ་གྱི་གནས་སྐབས་སུ་ལམ་སྟོར་བའི་སེམས་ཅན་རྣམས་ལ་ལམ་མ་ནོར་བར་སྟོན་པ་ལ་སོགས་པ་གོམས་པར་བྱས་པས་མཐར་སངས་རྒྱས་པ་ན་མཆོང་བ་དང་རྒྱུག་པ་ལ་སོགས་པ་དུག་གསུམ་གྱིས་ཀུན་ནས་བླང་བའི་འཁྲུ༷ལ་བ་མི་མངའ་བ་སྟེ། སྐུའི་སྤྱོད་པ་ཐུན་མོང་མ་ཡིན་པ་གཅིག་ད༷ང༌། སྔོན་རྩོད་པ་མེད་པ་ལྷུར་བླངས་ཤིང་རྫུན་ཚིག་དང་མུ་ཅོར་སྨྲ་བ་ལ་སོགས་པ་སྤངས་པ་ལས་རྩོད་པ་དང་ཀྱལ་ཀ་ལ་སོགས་པ་ཉོན་མོངས་ལས་ཀུན་ནས་བླངས་པའི་ཅ༷་ཅོ༷་མི༷་མང༷འ་བ་སྟེ༷། གསུང་གི་སྤྱོད་པ་ཐུན་མོང་མ་ཡིན་པ་གཅིག་དང༌། སྔོན་རྗེས་སུ་དྲན་པ་དྲུག་གོམས་པར་བྱས་པ་ལས་སྟོ༷ན་པ་སངས་རྒྱས་ལ༷་འདས་པའི་དོན་རྗེད་པའི་དྲ༷ན་པ༷་ཉ༷མས་པ་མི༷་མང༷འ་བ་དང༌། སྔོན་གཞན་གྱི་སེམས་བསྲུང་བ་ལ་སོགས་པ་གོམས་པར་བྱས་པ་ལས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་ཤིང༌། རྗེས་ཐོབ་རྣམ་པར་གཡེང་བ་ལ་སོགས་པ་མཉ༷མ་པ༷ར་མ༷་བཞ༷ག་པའི་ཐུ༷གས་མི༷་མང༷འ་བ་དང༌། སྔོན་སེམས་དང་འདུ༷་ཤེ༷ས་ཕྱིན་ཅི་ལོག་སྤོང་བ་ལ་སོགས་པ་གོམས་པར་བྱས་པ་ལས་འཁོར་བ་དང༌། མྱ་ངན་ལས་འདས་པ་རང་བཞིན་ཐ་དད་དུ་འཛིན་པའི་འདུ་ཤེས་སྣ༷་ཚོ༷གས་པ་རྣམས་ཀྱ༷ང་མི༷་མང༷འ་བ་དང༌། སྔོན་བདག་གཞན་མཉམ་པ་ཉིད་དང་སྲིད་ཞི་མཉམ་པ་ཉིད་ལ་སོགས་པ་གོམས་པར་བྱས་པ་ལས། གདུལ་བྱ་དུས་ལ་བབ་ཀྱང་སོ་སོར་མ༷་བརྟ༷གས་པའི་སྒོ་ནས་ཡལ་བར་འདོར་བའི་བཏ༷ང་སྙོ༷མས་མི༷་མང༷འ་བ་སྟེ༷། ཐུགས་ཀྱི་སྤྱོད་པ་ཐུན་མོང་མ་ཡིན་པ་བཞིའོ། །

རྟོགས་པས་བསྡུས་པ་དྲུག་ནི།

དེ་བཞིན་གཤེགས་པའི་དབང་པོ་གནས་དང་འབྲས་བུར་བཅས་པ་ལས་མ་ཐོབ་པའི་ཉམས་པ་མི་མངའ་བ་སྟོན་པ་སྟེ། དེ་ཡང་སྔོན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚོལ་བ་ལ་སོགས་པ་གོམས་པར་བྱས་པ་ལས། དཀོན་མཆོག་གི་གདུང་རྒྱུན་མི་འཆད་པ་དང༌། སེམས་ཅན་ལ་ཕན་པ་དོན་དུ་གཉེར་བའི་འདུ༷ན་པ་ཉམས་པ་མི་མངའ་བ་ད༷ང༌། སྔོན་བླ་མ་བསྟེན་པ་དང༌། སེམས་ཅན་སྨིན་པ་ལ་སོགས་པའི་བརྩོ༷ན་འགྲུ༷ས་གོམས་པར་བྱས་པ་ལས། གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་ཉམས་པ་མི་མངའ་བ་དང༌། སྔོན་དྲ༷ན་པ༷་ཉེ་བར་བཞག་པ་ལ་སོགས་པ་གོམས་པར་བྱས་པ་ལས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་གཟིགས་པའི་དྲན་པ་ཉམས་པ་མི་མངའ་བ་ད༷ང༌། སྔོན་ཆོས་ཚོལ་བས་མི་ངོམས་པས་ཤེས་རབ་གསུམ་བསྐྱེད་པས་ཆོས་རྣམ་པར་འབྱེད་པའི་ཤེ༷ས་ར༷བ་ཉམས་པ་མི་མངའ་བ་དང༌། སྔོན་འདུ་འཛི་སྤངས་ཏེ་དབེན་པའི་གནས་སུ་རྣལ་འབྱོར་དང་རྣམ་པར་ཐར་པ་ལ་སོགས་པ་གོམས་པར་བྱས་པ་ལས། སྒྲིབ་པ་དང་བྲལ་བའི་རྣ༷མ་པར་གྲོ༷ལ་བ་ཉམས་པ་མི་མངའ་བ་དང༌། སྔོན་གཞན་གྱིས་རྟོགས་པའི་ཆེད་དུ་ཆོས་སྟོན་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ངང་ཚུལ་ཤེས་པ་ལ་སོགས་པ་གོམས་པར་བྱས་པ་ལས། ཆོས་ཐམས་ཅད་ལ་དབང་འབྱོར་བའི་ཤེས་རབ་སྒྲིབ་པ་ལས་རྣ༷མ་པར་གྲོ༷ལ་བ་ཉིད་ཀྱི༷་ཡེ༷་ཤེ༷ས་ཀྱིས་ཤེས་བྱ་ཐམས་ཅད་གཟི༷གས་པ༷་ཉ༷མས་པ་མི༷་མང༷འ་བ་རྣམས་སོ། །འདིར་ཏིང་ངེ་འཛིན་མ་སྨོས་པ་ནི་རྟག་ཏུ་མཉམ་པར་མ་བཞག་པ་མི་མངའ་བའི་ནང་དུ་འདུས་ལ། ཁ་ཅིག་ཏུ་དྲན་པ་མ་སྨོས་པ་ཡང་བསྙེལ་བ་མི་མངའ་བར་འདུས་ཤིང༌། ལ་ལར་ཐམས་ཅད་ཡོད་པ་ལྟར་ན་འདུན་པ་དང་བརྩོན་འགྲུས་གཅིག་ཏུ་བྱས་པའམ། ཡང་ན་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཅིག་ཏུ་བྱས་པ་ཉིད་དོ།།

མཛད་པས་བསྡུས་པ་གསུམ་ནི། ཐུན་མོང་མ་ཡིན་པའི་འཕྲིན་ལས་མཛད་པ་སྟེ། དེ་ཡང་སྔོན་གཡོ་སྒྱུ་ཚུལ་འཆོས་ལ་སོགས་པ་དང་བྲལ་བའི་ཚངས་པར་སྤྱོད་པ་གོམས་པར་བྱས་པ་ལས། ལུས་ཀྱི་ལ༷ས་རྫུ་འཕྲུལ་ལ་སོགས་པ་ཐམས་ཅད་ཡེ༷་ཤེ༷ས་སྔོ༷ན་དུ་འགྲོ༷་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ད༷ང༌། སྔོན་བརྫུན་དུ་སྨྲ་བ་ལ་སོགས་པ་སྤངས་ཤིང་ཕན་པ་དང་རན་པ་དང་ཆོས་དང་ལྡན་པར་སྨྲ་བ་ཉིད་གོམས་པར་བྱས་པ་ལུས་ངག་གི་ལས་ཆོས་སྟོན་པ་ལ་སོགས་པ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང༌། སྔོན་བརྣབ་སེམས་ལ་སོགས་པ་ཐམས་ཅད་སྤངས་ཤིང་ཡང་དག་པའི་ལྟ་བ་ལ་སོགས་པ་གོམས་པར་བྱས་པ་ལས་ཡིད་ཀྱི་ལས་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བས་ན་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་གསུམ་ག་ཡང་ཡེ་ཤེས་སྔོན་དུ་འགྲོ་བ་དང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཉིད་དོ། །ཞེས་པའོ། །

མཁྱེན་པས་བསྡུས་པ་གསུམ་ནི།

ཡེ་ཤེས་ལ་གནས་པ་ཐུན་མོང་མ་ཡིན་པ་སྟེ། དེ་ཡང་སྔོན་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས་ཆགས་པ་དང་ཐོགས་པ་མེད་པའི་ཡེ་ཤེས་བརྙེས་པ་ལ་ཡིད་གཉིས་མི་ཟ་བར་བདག་ཉིད་ཀྱིས་དེ་ཐོབ་པར་མོས་པ་དང༌། བདག་གཞན་ཀྱང་དེ་ལྟ་བུ་ལ་འཇུག་པ་གོམས་པར་བྱས་པ་ལས། རིམ་པ་ལྟར་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ༷་ཤེ༷ས་གཟིགས་པ་འཇུག་པ་དང༌། མ་འོངས་པའི་དུ༷ས་ལ༷་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང༌། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པས་ན་དུས་གསུམ་ལ་འཇུག་པའི་ཡེ་ཤེས་རྣམས་ཆགས་པ་དང༌། ཐོགས་པའི་སྒྲི༷བ་པ༷་གཉིས་མེ༷ད་པའོ། །ཞེས་པའོ། །

བསྡུ་བ་ནི། དེ༷་ལྟ༷ར་ན་སྤྱོད་པས་བསྡུས་པ་དྲུག །རྟོགས་པས་བསྡུས་པ་དྲུག །མཛད་པས་བསྡུས་པ་གསུམ། མཁྱེན་པས་བསྡུས་པ་གསུམ་སྟེ། བཅོ༷་བརྒྱ༷ད་པོ་འདི༷་རྣམས་ད༷ང༌། གཞ༷ན་ཡང་སྐུ་ཚད་མེད་པ་དང་ཐམས་ཅད་ཟིལ་གྱིས་གནོན་ཅིང་ཁྱད་པར་དུ་འཕགས་པའི་སྤྱི་གཙུག་ལྟར་མི་མངོན་པ་དང༌། རྩི་སྨན་དང་འདྲ་བར་མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་སྐྱོན་ཞི་བར་བྱེད་པ་ལ་སོགས་པ་དག་ཀྱང་སྟོ༷ན་པ༷་སངས་རྒྱས་ཁོ་ནའི༷་ཡིན་པས། གང་ཟག་གཞན་དང་མ༷་འདྲེ༷ས་ཤིང་ཐུན་མོང་མ་ཡིན་པར་གྱུར་པའི་ཡོ༷ན་ཏ༷ན་ཡི༷ན་ནོ། །ཞེས་པའོ། །

སླར་ཡང་བཤད་དེ་བྱེད་ལས་དང་འཐོབ་ཚུལ་ནི།

སྐུའི་སྤྱོད་པ་ལ་འཁྲུ༷ལ་བ་མེད་པ་ད༷ང༌། གསུང་གི་སྤྱོད་པ་ལ་ཅ༷་ཅོ༷་མེད་པ་དང༌། ཐུགས་ཀྱི་སྤྱོད་པ་ལ་དོན་བརྙེ༷ལ་བའི་དྲན་པ་མ་ཉམས་པ་ད༷ང༌། ཐུ༷གས་གཡོ༷་བའི་མཉམ་པར་མ་བཞག་པ་མེད་པ་དང༌། འཁོར་འདས་རང་བཞིན་ཐ༷་ད༷ད་དུ་འཛིན་པ་ལ་སོགས་པ་ཉིད་ཀྱི༷ས་ནི༷་འདུ༷་ཤེ༷ས་སྣ་ཚོགས་མེད་པ་ད༷ང༌། གདུལ་བྱ་མ་བརྟགས་པར་རང་གི་ང༷ང་གི༷ས་བཏ༷ང་སྙོ༷མས་སུ་འཇོག་པ་དྲ༷ང་སྲོ༷ང་སངས་རྒྱས་ལ༷་མེ༷ད་པ་སྟེ། སྤྱོད་པས་བསྡུས་པའི་ཡོན་ཏན་དྲུག་དང༌། གཞན་ཕན་དོན་དུ་གཉེར་བའི་འདུ༷ན་པ༷་ཉམས་པ་མི་མངའ་བ་ད༷ང༌། དེ་བཞིན་དུ་ནི༷་གཞན་དོན་ལ་སྤྲོ་བའི་བརྩོ༷ན་འགྲུ༷ས་ཉམས་པ་མི་མངའ་བ་ད༷ང༌། དོན་ཐམས་ཅད་གཟིགས་པའི་དྲ༷ན་པ༷་རྣ༷མ་པར་ད༷ག་པ་ཉམས་པ་མི་མངའ་བ་དང༌། ཉོན་མོངས་པའི་དྲི༷་མ་མེ༷ད་པའི་ཤེ༷ས་ར༷བ་ཉམས་པ་མི་མངའ་བ་དང༌། དུས་རྟ༷ག་ཏུ༷་སྒྲིབ་པ་ལས་རྣ༷མ་པ༷ར་གྲོ༷ལ་བ༷་ཉམས་པ་མི་མངའ་བ་ད༷ང༌། ཤེ༷ས་བྱ༷་ཇི་ལྟ་བ་དང་ཇི་སྙེད་པའི༷་དོ༷ན་ཀུ༷ན་མ་ལུས་པ་མངོན་སུམ་དུ་གཟི༷གས་པ༷་རྣམ་པར་གྲོ༷ལ་བ༷འི་ཡེ༷་ཤེ༷ས་ལ༷ས་ནི༷་ནམ་ཡང་ཉ༷མས་པ་མི༷་མང༷འ་བ་སྟེ། རྟོགས་པས་བསྡུས་པའི་ཡོན་ཏན་དྲུག་དང༌། སངས་རྒྱས་ག༷ང་གི༷་སྐུ་གསུང་ཐུགས་ཀྱི་འཕྲིན་ལ༷ས་གསུ༷མ་པོ་ཐ༷མས་ཅ༷ད་ཀྱང༌། དང་པོར་ཡེ༷་ཤེ༷ས་སྔོ༷ན་དུ་འགྲོ༷་ཞིང་ཕྱི་ནས་ཡེ་ཤེས་ཀྱིས་རྗེ༷ས་སུ༷་འཇུ༷ག་པ༷ས་ཏེ། མཛད་པས་བསྡུས་པའི་ཡོན་ཏན་གསུམ་ད༷ང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དུ༷ས་གསུ༷མ་གྱིས་བསྡུས་པའི་ཤེས་བྱ་རྣམས་ལ་རྟ༷ག་ཏུ༷་ཆགས་པ་དང་ཐོ༷གས་པ༷་མེ༷ད་པ༷ར་ངེས་པའི་ཡེ་ཤེས་རྒྱ༷་ཆེ༷ན་པོ་འཇུ༷ག་པ༷་མཁྱེ༷ན་པ༷ས་བསྡུས་པའི་ཡོན་ཏན་གསུམ་སྟེ༷། དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་ག༷ང་རྟོ༷གས་ཤིང་མངོན་སུམ་དུ་གྱུར་པ་ལ་བརྟེན་ནས་གདུལ་བྱའི་འགྲོ༷་བ་ཤིན་ཏུ་མང་བ༷ར་འཇི༷གས་པ་དང༌། བག་ཚ་བ་མེ༷ད་པས་ད༷མ་པའི་ཆོ༷ས་ཀྱི་འཁོ༷ར་ལོ༷་རྒྱ་ཆེ༷ན་པོ༷་ར༷བ་ཏུ་བསྐོ༷ར་བ༷ར་མཛད་ལ། དེ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུ༷གས་རྗེ༷་ཆེ༷ན་པོ༷་ད༷ང་ལྡ༷ན་ཞིང་བདུད་བཞི་ལས་རྒྱ༷ལ་བ༷འི་སྟོན་པ་གཅིག་པུ་ཉི༷ད་ཡིན་ཏེ། དེ༷་ཡང་སང༷ས་རྒྱ༷ས་རྣ༷མས་ཀྱི༷ས་སྔོན་སོ་སོ་དང་རྗེས་སུ་མཐུན་པའི་ལམ་བསྒོམས་ཤིང་གློ་བུར་གྱི་དྲི་མ་དང་བྲལ་བ་ལས་མངོན་སུམ་དུ་བརྙེ༷ས་སོ། །ཞེས་པའོ། །

དཔེ་དང་སྦྱར་བ་ནི། ས༷་ལ་སོ༷གས་པ་འབྱུང་བ་བཞི་ལ༷་ཡོ༷ད་པའི་ཆོ༷ས་སའི་མཚན་ཉིད་སྲ་བ་དང༌། ཆུའི་མཚན་ཉིད་གཤེར་བ་དང༌། མེའི་མཚན་ཉིད་དྲོ་བ་དང༌། རླུང་གི་མཚན་ཉིད་གཡོ་བ་ག༷ང་ཡི༷ན་པ༷་ལ་སོགས་པ་འདུས་བྱས་ཀྱི་ཆོ༷ས་ཉི༷ད་དེ༷་ནི༷་འདུས་མ་བྱས་ན༷མ་མཁ༷འི་མཚན་ཉིད་མི༷ན་ཞིང༌། ན༷མ་མཁ༷འི་མཚ༷ན་ཉི༷ད་སྒྲི༷བ་པ་མེ༷ད་པ་དང༌། ཐོགས་པ་མེད་པ་དང༌། འདུས་མ་བྱས་པ་ལ༷་སོ༷གས་པའི་ཡོན་ཏན་གང༷་ཡིན་པ་དེ༷་ཡང་འབྱུང་བ་བཞིའི་གཟུ༷གས་ལ༷་མེ༷ད་པས་ཕན་ཚུན་མ་འདྲེས་པ་དེ་བཞིན་དུ། གང་ཟག་གཞན་ལ་ཡོད་པའི་ཆོས་སྐྱེ་འཇིག་ལ་སོགས་པ་རྣམས་སངས་རྒྱས་ལ་མེད་ཅིང༌། སངས་རྒྱས་ཀྱི་ཡོན་ཏན་མཐར་ཕྱིན་པ་རྣམས་གང་ཟག་གཞན་ལ་མངོན་དུ་གྱུར་པ་མེད་པས་མ་འདྲེས་པའི་ཡོན་ཏན་རྣམས་ནི་ནམ་མཁའ་དང་མཚུངས་པའམ། ཡང་ན་དཔེ་ལས་ཀྱང་ཁྱད་པར་དུ་འཕགས་པ་ཉིད་དེ། ས༷་དང་ཆུ༷་དང་མེ༷་དང་རླུ༷ང་དང༌། ན༷མ་མཁ༷འི་ཁམས་རྣམས་ནི་འབྱུང་བ་ཙམ་ལ་སོགས་པར་མཚུ༷ངས་པ༷འི་ཕྱིར་འཇི༷ག་རྟེ༷ན་དག༷་ན༷་ཐུ༷ན་མོ༷ང་ཡིན་པ་ཡང་སྲིད་དེ༷། སངས་རྒྱས་ཀྱི་ཆོས་མ༷་འདྲེ༷ས་པ་ཉི༷ད་ནི༷་ཐ་ན་རྡུ༷ལ་ཕྲ༷ན་ཙ༷མ་ཡ༷ང་འཇི༷ག་རྟེ༷ན་ད༷ག་ན༷་ཐུ༷ན་མོ༷ང་དུ་གྱུར་པ་མི༷ན་པའི་ཕྱིར་ནམ་མཁས་ཀྱང་ཇི་ལྟ་བ་བཞིན་མཚོན་པར་མི་ནུས་སོ། །ཞེས་པའོ། །

སྨིན་འབྲས་ཀྱི་ཡོན་ཏན་རྒྱས་པར་བཤད་པ་ལ་གཉིས་ལས།

མཚོན་བྱ་མཚན་གྱི་དབྱེ་བ་བཤད་པ་ནི། སྔོན་སློབ་ལམ་གྱི་དུས་སུ་དམ་བཅའ་བ་བརྟན་པར་མཛད་པ་ལས། མཐར་གཟུགས་ཀྱི་སྐུ་སངས་རྒྱས་པ་ན་ཞབས་ཀྱི་མཐིལ་ལེ༷གས་པར་གན༷ས་ཤིང་རུས་སྦལ་གྱི་ལྟོ་བ་ལྟར་མཉམ་པ་ཉིད་དང༌། དེ་བཞིན་དུ་སྔོན་ཡོད་བྱད་སྣ་ཚོགས་སྦྱིན་པར་བཏང་བ་ལས་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོ༷ར་ལོ༷འི་རི་མོ་རྩིབས་སྟོང་དང་ལྡན་པས་མཚ༷ན་པ༷་ཉིད་ད༷ང༌། སྔོན་གཞན་དག་ཁྱད་དུ་མ་བསད་པ་ལས་ཞབས་ཀྱི་རྟིང་པ་ཡང༷ས་ཤི༷ང་ཞ༷བས་ཀྱི་ལོ༷ང་བུ་མི༷་མངོ༷ན་པར་བྱིན་གྱིས་ཟླུམ་པ་ཉིད་ད༷ང༌། སྔོན་སེམས་ཅན་རྣམས་ཆོས་ཀྱིས་བསྐྱབས་པ་ལས་ཕྱག་དང་ཞབས་ཀྱི་སོ༷ར་མོ༷་རྣམས་རི༷ང་བ་ཉིད་ད༷ང༌། སྔོན་གཞན་གྱི་འཁོར་མ་ཕྱེ་བ་ལས་ཕྱ༷ག་དང་ཞ༷བས་ཀྱི་སོར་མོ་རྣམས་གསེར་གྱི་དྲ༷་བ༷་ཡི༷ས་ནི་འབྲེ༷ལ་བ༷་ཉིད་ད༷ང༌། སྔོན་གོས་བཟང་པོ་སྣ་ཚོགས་བྱིན་པ་ལས་པ༷གས་པ་ཤིན་ཏུ་འཇ༷མ་ཞིང་སྐུ་གཞོ༷ན་ཤ༷་ཅ༷ན་དུ་གནས་པས་ལེ༷གས་པ་ཉི༷ད་དང༌། སྔོན་བཟའ་བ་དང་བཏུང་བ་མཆོག་ཏུ་གྱ་ནོམ་པ་བྱིན་པ་ལས་སྐུ༷་ནི༷་ཞབས་ཀྱི་བོལ་གོང་གཉིས་དང༌། ཕྱག་གི་རྒྱབ་གཉིས་དང༌། ཕྲག་པའི་སྟེང་གཉིས་དང༌། ལྟག་པ་སྟེ་བདུ༷ན་ད༷ག་མཐོ༷་ཞིང་ཤས་རྒྱས་པར་སྣང་བ༷་ཉིད་ད༷ང༌། སྔོན་ཡང་སངས་རྒྱས་ཀྱི་ཆོས་ཡོངས་སུ་གཟུང་བ་ལས་བྱི༷ན་པ༷་རི་དྭགས་ཨེ༷་ནྱ༷་ཡ༷་དང་འདྲ༷་བར་ཟླུམ་ཞིང་གྲིམས་ལ་རིམ་གྱིས་ཕྲ་བ་ཉིད་དང༌། སྔོན་གས༷ང་ཚིག་བསྲུངས་ཤིང་འཁྲིག་པ་སྤངས་པ་ལས་གསང་བའི་གནས་གླ༷ང་པོ༷་ཆེའམ་རྟ་ཅང་ཤེས་བཞི༷ན་དུ༷་སྦུ༷བས་སུ༷་ནུ༷བ་པ་ཉིད་དང༌། སྔོན་དགེ་བའི་ལས་རྒྱ་ཆེན་པོ་མཐར་གྱིས་སྤྱད་པ་ལས་སྐུ༷་སྟོ༷ད་སེ༷ང་གེ༷་དང་འདྲ༷་བ༷ར་རྒྱས་པ་ཉིད་ད༷ང༌། སྔོན་དགེ་བའི་ཆོས་ཡང་དག་པར་སྤྱད་པ་ལས་ཕྲག་པ་གཉིས་ཀྱི་ཐ༷ལ་གོ༷ང་བ༷ར་སྟོང་པ་མེ༷ད་ཅིང་ཤ་རྒྱ༷ས་པ༷་ཉིད་ད༷ང༌། སྔོན་གཞན་ལ་མ་འཇིགས་པ་བྱིན་ཞིང་དབུགས་ཕྱུང་བ་ལས་དཔུ༷ང་བའི་མགོ༷་ལེ༷གས་པར་ཟླུ༷མ་ཞིང་ཕྲག་པའི་ལྷུན་མཛེས་པ་ཉིད་དང༌། སྔོན་གཞན་གྱི་གྲོགས་བྱ་བ་ལ་སྤྲོ་བས་ཞུགས་པ་ལས་ཕྱ༷ག་གཉིས་རེག་བྱ་འཇ༷མ་ཞི༷ང་དབྱིབས་ཟླུ༷མ་ལ་སྦོམ་ཕྲ་མཐོ༷་དམ༷ན་མེ༷ད་པ༷་ད༷ང༌། མ་བཏུད་ཀྱང་ཕྱ༷ག་གི་མཐིལ་གྱིས་པུས་མོའི་ལྷ་ངར་བསླེབས་པས་ཕྱག་རི༷ང་བ་ཉིད་དང༌། སྔོན་དགེ་བ་བཅུས་མི་ངོམས་པར་སྤྱད་པ་ལས་དྲི་མས་ཡོ༷ངས་སུ༷་ད༷ག་པ༷འི་སྐུ༷་འོ༷ད་ཀྱི༷་དཀྱི༷ལ་འཁོ༷ར་ད༷ང་ལྡ༷ན་པ་ཉིད་ད༷ང༌། སྔོན་ནད་པ་རྣམས་ལ་སྨན་སྣ་ཚོགས་པ་བྱིན་པ་ལས་མགྲི༷ན་པ༷་དྲི༷་མ་མེ༷ད་པའི་དུ༷ང་རིམ་པ་གསུམ་དང་འདྲ༷་བ་ཉིད་ད༷ང༌། སྔོན་དགེ་བའི་སྦྱོར་བ་ཡོངས་སུ་རྫོགས་པར་བསྒྲུབས་པ་ལས་འགྲ༷མ་པ༷་རི༷་དྭ༷གས་ཀྱི་རྒྱ༷ལ་པོ༷་སེང་གེ་དང་འ༷དྲ་བར་རྒྱས་པ་ཉིད་དང༌། སྔོན་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་བྱས་པ་ལས་ཚེ༷མས་ནི༷་བཞི༷་བཅུ༷་ཐམ་པ་ཚང་ཞིང་སྟེང་འོག་ཉི་ཤུ་ཉི་ཤུ་གྲངས་མཉ༷མ་པ༷་ཉིད་ད༷ང༌། སྔོན་སེམས་ཅན་མི་མཛའ་བ་རྣམས་བསྡུས་པ་ལས་ར༷བ་ཏུ་ད༷ག་ཅིང་བར་མེད་པས་ཚེ༷མས་ཐ༷གས་བཟ༷ང་བ༷་ཉིད་ད༷ང༌། སྔོན་ཡིད་དུ་འོང་བའི་ནོར་བུ་བྱིན་པ་ལས། དྲི་མ་མེད་ཅིང་རྣ༷མ་པར་ད༷ག་པའི་ཚེ༷མས་ནི༷་རིང་ཐུང་དང་སྦོམ་ཕྲ་མེད་བས་མཉ༷མ་པ་ཉི༷ད་ད༷ང༌། སྔོན་སྒོ་གསུམ་གྱི་ལས་ཐམས་ཅད་ཉེས་པའི་དྲི་མས་མ་གོས་པར་སྤྱད་པ་ལས་མཆེ༷་བ༷་ར༷བ་མཆོ༷ག་དུང་ལྟར་དཀ༷ར་བ༷་ཉི༷ད་དང༌། སྔོན་ཐམས་ཅད་དུ་བདེན་པའི་ཚིག་བསྲུངས་པ་ལས་ལྗ༷གས་རི༷ང་ཞིང་སྲབ་པས་ཞལ་གྱི་དཀྱིལ་འཁོར་ཁེབས་པ་ཉིད་དང༌། སྔོན་ཡིད་དུ་འོང་བའི་རོ་བྲོ་བ་བྱིན་པ་ལས་རོ་མི་ཞིམ་པ་རྣམས་ཀྱང་མཐ༷འ་འམ་ཚད་མེ༷ད་ཅིང་གཞན་གྱིས་བས༷མ་དུ་མེ༷ད་པ༷འི་རོ༷་བྲོ༷་བ༷འི༷་མཆོ༷ག་ཉི༷ད་དུ་མཁྱེན་པ་ད༷ང༌། སྔོན་ཚིག་ངན་པ་སྤངས་ཤིང་སྙན་པར་སྨྲས་པ་ལས་རྟོག་པའི་ཀུན་སློང་ལ་མ་ལྟོས་པར་ར༷ང་བྱུ༷ང་གི་གསུང་ཀ༷་ལ༷་པི༷ང་ཀ༷འི༷་སྒྲ༷་ད༷ང་ཚ༷ངས་པ༷འི་དབྱ༷ངས་ལྟར་སྙན་ཅིང་རྒྱང་རིང་པོར་ཐོས་པ་ཉི༷ད་ད༷ང༌། སྔོན་བྱམས་པའི་སྒོ་ནས་གཞན་རྗེས་སུ་བསྐྱངས་པ་ལས་སྤྱ༷ན་བཟ༷ང་པོ་ཨུ༷ཏྤ༷ལའི་འདབ་མ་ལྟར་དཀར་ནག་འབྱེས་ཤིང་དཀྱུས་རིང་བ་ཉིད་དང༌། སྔོན་བསམ་པ་གཡོ་རྒྱུ་མེད་པར་མཛད་པ་ལས་རྫི་མ་ཁྱུ༷་མཆོ༷ག་གི་རྫི༷་མ་དང་འདྲ༷་བར་འཐུག་ཅིང་གནག་ལ་མ་འཛིངས་པ་ཉིད་ད༷ང༌། སྔོན་བསྔགས་པར་འོས་པ་རྣམས་བསྔགས་པ་ལས་ཞ༷ལ་གྱི་དཀྱིལ་འཁོར་མཛེ༷ས་ཤིང་དྲི༷་མ་མེ༷ད་པའི་སྨིན་མཚམས་སུ་མཛོ༷ད་སྤུ༷་དཀ༷ར་པོ་འཐེན་ན་ཁྲུ་གང་དུ་རིང་ཞིང་བཞག་ན་གཡས་ཕྱོགས་སུ་འཁྱིལ་ཏེ་གནས་པ་དང་ལྡ༷ན་པ་ཉིད་ད༷ང༌། སྔོན་བླ་མ་ལ་གུས་ཤིང་འདུད་པ་བྱས་པ་ལས་གཙུ༷ག་ཏོ༷ར་དབུ༷འི་རྩེ་མོར་ལྡ༷ན་པ་སེམས་ཅན་ཐམས་ཅད་ཀྱིས་ལྟར་མི་མངོན་པ་ཉིད་དང༌། སྔོན་སེམས་ལས་སུ་རུང་བར་བྱས་ཤིང་ཡིད་དུ་འོང་བའི་མལ་བསྟན་བྱིན་པ་ལས་དྲི་མས་ད༷ག་ཅི༷ང་མ་འཁུམས་པས་སྲ༷བ་པ༷འི༷་པ༷གས་པ༷་གསེ༷ར་གྱི༷་མདོ༷ག་དང་འདྲ༷་བ་སེ༷མས་ཅ༷ན་རྣམས་ཀྱི་མཆོ༷ག་སངས་རྒྱས་ལ་མངའ་བ་ཉིད་དང༌། སྔོན་འདུ་འཛི་སྤངས་པས་དགེ་བ་སྤེལ་ཏེ་མཁན་པོ་དང་སློབ་དཔོན་ལ་སོགས་པའི་གདམས་ངག་མཐུན་པར་གཟུང་བ་ལས་བ༷་སྤུ༷་རྣམས་ལེ༷གས་པར་ཕྲ༷་ལ་འཇ༷མ་ཞི༷ང་རེ༷་རེ༷་ན༷ས་སྐྱེས་ཏེ་སྐུ༷འི༷་གྱེ༷ན་དུ༷་གཡ༷ས་ཕྱོ༷གས་སུ་འཁྱི༷ལ་བ༷་ཉིད་ད༷ང༌། སྔོན་བརྡེག་པ་དང་མཚོན་ཆ་ལ་སོགས་པ་སྤངས་པ་ལས་དབུ༷་སྐྲ༷་དྲི༷་མ་མེ༷ད་པའི་རི༷ན་ཆེ༷ན་མཐོ༷ན་མཐི༷ང་བཞི༷ན་དུ་གནས་པ་ཉིད་དང༌། སྔོན་རང་གཞན་ཐམས་ཅད་ཏིང་ངེ་འཛིན་ལ་སྦྱར་བ་ལས་སྐུ་ནྱ༷་གྲོ༷་དྷའི་སྡོང་པོ་ཡོངས་སུ་རྫོ༷གས་པ༷འི་ལྗོ༷ན་ཤི༷ང་གི་དཀྱི༷ལ་འཁོ༷ར་དང་འདྲ༷་བར་ཆུ་ཞེང་གབ་པ་ཉིད་དང༌། སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་ཞིག་པ་རྣམས་གསོས་པ་དང༌། སེམས་ཅན་འཇིགས་པ་རྣམས་དབུགས་དབྱུང་བ་ལས་ཀུ༷ན་ཏུ༷་བཟ༷ང་པོ༷་དཔེ༷་མེ༷ད་པའི་དྲ༷ང་སྲོ༷ང་ཆེ༷ན་པོ་སངས་རྒྱས་ནི་སྲི༷ད་མེ༷ད་ཀྱི་བུ༷འི༷་སྟོ༷བས་ལྟ་བུ་མང༷འ་ཞིང་རྡོ་རྗེ་ལྟར་མཁྲེ༷གས་པ༷འི་སྐུ༷་ཆེ་ཞིང་དྲང་ལ་ཀུན་ནས་མཛེས་པ་དང་ལྡན་པ་ཉིད་དེ། དེ་ལྟར་ན་ཐ་མལ་བ་རྣམས་ཀྱིས་བས༷མ་གྱིས་མི༷་ཁྱ༷བ་ཅིང་གཟི་བརྗིད་ཀྱི་དཔལ་རབ་ཏུ་འབ༷ར་བའི་ཡོན་ཏན་སུ༷མ་ཅུ༷་རྩ༷་གཉི༷ས་པོ༷་འདི༷་ད༷ག་ལྷ་དང་མི་རྣམས་ཀྱི་སྟོ༷ན་པ༷་ཐམས་ཅད་མཁྱེན་པ་མི༷འི་དབ༷ང་པོ་སྐྱེས་བུ་ཆེན་པོ་རྣམས་ཀྱི་མཚ༷ན་བཟང་པོའི་ཡོན་ཏན་དུ༷་མདོ་སྡེ་ལས་གསལ་བར་གསུ༷ངས་ཤིང་དེ་རྣམས་འདིར་ཡང་བཀོད་པའོ། །ཞེས་པའོ།།

མཚོན་བྱེད་དཔེ་དང་སྦྱར་ཏེ་བསྡུ་བ་ནི། དཔེ་ཇི༷་ལྟ༷ར་ན་སྤྲི༷ན་མེ༷ད་པའི་དུས་ཀྱི་སྟོན་ཀའི་ཟླ༷་བ༷འི་གཟུ༷གས་ཡོངས་སུ་རྫོགས་པ་ནམ་མཁ༷འི༷་དཀྱིལ་དུ་མཐོང་བ་དང༌། སྟོ༷ན་ཀ༷འི་དུས་ཀྱི་ཆུ༷་སྔོ༷ན་པོ་དྭངས་ཤིང་དྲི་མ་མེད་པའི་མཚོ༷ར་ནི༷་མཐོ༷ང་བ༷་ལྟ༷ར་དོན་དེ༷་བཞི༷ན་དུ་རྒྱ༷ལ་སྲ༷ས་ས་བཅུ་པ་རྣམས་དང་སློབ་མ་ཕལ་པའི་ཚོ༷གས་རྣམས་ཀྱི༷ས། ཁྱ༷བ་བད༷ག་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་པའི་སྐུའི་གཟུ༷གས་གཉིས་པོ་དག་རིམ་པ་ལྟར་རྫོ༷གས་པའི་སང༷ས་རྒྱས་ཀྱི་དཀྱི༷ལ་འཁོ༷ར་དང་འཇིག་རྟེན་པའི་དཀྱིལ་འཁོར་གྱི་ན༷ང་དུ༷་མཐོ༷ང་བ༷ར་འགྱུ༷ར་རོ། །ཞེས་པ་སྟེ། དཔེར་ན་བྱང་ཆུབ་སེམས་དཔས་མཐོང་བ་ལོངས་སྤྱོད་རྫོགས་པའི་སྐུ་ནི་ནམ་མཁའི་ཟླ་བ་དང་འདྲ་ཞིང༌། ཕལ་པ་རྣམས་ཀྱིས་མཐོང་བ་སྤྲུལ་པའི་སྐུ་ནི་ཆུ་ནང་གི་ཟླ་བ་དང་འདྲའོ། །ཞེས་པའོ། །

ལུང་ལས་རྟོགས་ཚུལ་ནི།

དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཏེ། སངས་རྒྱས་ཀྱི་ཡོ༷ན་ཏ༷ན་དྲུ༷ག་ཅུ༷་རྩ༷་བཞི༷་པོ༷་འདི༷་ད༷ག །སོ༷་སོ༷ར་རེ་རེ་ཞིང་ཆོས་སྐུ་ལ་ཡོད་པའི་ཡོན་ཏན་རྣམས་དྲི་མ་དང་བྲལ་བར་བྱེད་པའི་རྒྱུ༷་དང་བཅ༷ས་ཤིང༌། གཟུགས་སྐུ་ལ་ཡོད་པའི་ཡོན་ཏན་རྣམས་རིམ་གྱིས་སྐྱེད་པར་བྱེད་པའི་རྒྱུ་དང་བཅས་ཏེ༷། འདིར་བསྟན་པའི་གྲངས་དང་གོ༷་རི༷མ་ཇི༷་ལྟ་བ་བཞི༷ན་དུ། རི༷ན་ཆེ༷ན་གྱི༷ས་ཞུས་པའི་མདོ༷་ཐེག་ཆེན་པོའི་མན་ངག་ཅེས་བྱ་བའི༷་རྗེ༷ས་སུ་འབྲ༷ངས་ནས་ཇི་ལྟ་བ་བཞིན་དུ་ཤེ༷ས་པ༷ར་བྱ༷འོ། །ཞེས་པའོ། །

སླར་ཡང་བསྟན་པ་ལ་གཉིས། དཔེ་དོན་མཚུངས་པའི་རྒྱུ་མཚན་སྤྱིར་བསྟན་པ། དེ་དག་སྤྱར་ཏེ་སོ་སོར་བཤད་པའོ། །དེ་ལ་སྤྱིར་བསྟན་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་རང་རང་གི་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི༷་ཕྱེ༷ད་པ༷འི་ཕྱིར་ན་རྡོ་རྗེ་ད༷ང་མཚུངས་པ་དང༌། མི༷་འཇིགས་པ་བཞི་ནི་སྤོབས་པ་མི་ཞ༷ན་པའི་ཕྱིར་སེང་གེ་ད༷ང་མཚུ༷ངས་པ༷་དང༌། མ་འདྲེས་པ་བཅོ་བརྒྱད་ནི་ཉན་ཐོས་ལ་སོགས་པ་དང་མཚུངས་པ་མེ༷ད་ཅིང་ཐུན་མོང་མ་ཡིན་པའི་ཕྱི༷ར་ནམ་མཁའ་དང་མཚུངས་པ་དང༌། མཚན་བཟང་པོ་དང་བཅས་པའི་གཟུགས་སྐུ་གཉིས་ནི་ཆོས་སྐུ་ནམ་མཁའ་དང་འདྲ་བ་ལས་གཡོ༷་བ་མེ༷ད་བཞིན་དུ་གདུལ་བྱ་ལ་སྣང་བའི་ཕྱི༷ར་ཟླ་བ་དང་མཚུངས་པས་ན་ཡོན་ཏན་སྡེ་ཚན་བཞི་པོ་རྣམས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་རྫས་ཀྱི་དངོས་པོ་རྡོ༷་རྗེ༷འི་དཔེ་དང༌། རི་དྭགས་གྱི་དབང་པོ་སེ༷ང་གེ༷འི་དཔེ་དང༌། འདུས་མ་བྱས་ནམ་མཁ༷འི་དཔེ་དང༌། དག༷་པ༷འི་ཆུ༷འི༷་ནང་དུ་འཆར་བ་དང་བཅས་པའི་ཟླ༷་བ༷འི་དཔེ༷ས་བསྟ༷ན་པ་ཉིད་དོ༷། །ཞེས་པའོ། །

སོ་སོར་བཤད་པ་ལ་གཉིས། བྲལ་འབྲས་ཆོས་སྐུའི་ཡོན་ཏན་བཤད་པ་དང༌། སྨིན་འབྲས་གཟུགས་སྐུའི་ཡོན་ཏན་བཤད་པའོ། །བྲལ་འབྲས་ལ་གཉིས། ཕྱེ་སྟེ་དཔེ་ཡིས་མཚོན་ཚུལ། བསྡུས་ཏེ་དབྱེ་བ་མེད་ཚུལ་ལོ། །མཚོན་ཚུལ་ལ་གསུམ་སྟེ། སྟོབས་རྣམས་རྡོ་རྗེས་མཚོན་ཚུལ། མི་འཇིགས་པ་སེང་གེས་མཚོན་ཚུལ། མ་འདྲེས་པ་ནམ་མཁས་མཚོན་ཚུལ་ལོ། །

སྟོབས་ཀྱིས་མཚོན་ཚུལ་ལ་གཉིས་ལས། སོ་སོའི་མཚོན་ཚུལ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོ༷བས་ལ་སོ༷གས་པའི་སྟོབས་བཅུ་པོ་རྣ༷མས་ལ༷ས་སྟོ༷བས་དང་པོ་དྲུ༷ག་ད༷ང་བར་མ་གསུ༷མ་ད༷ང་ཕྱི་མ་གཅི༷ག་གི༷ས་རི༷མ་པ༷་ཇི་ལྟ་བ་བཞི༷ན་དུ་ཤེ༷ས་བྱ༷འི་སྒྲིབ་པ་དང་སྙོ༷མས་པ༷ར་འཇུ༷ག་པ༷འི་སྒྲིབ་པ་ད༷ང༌། བ༷ག་ཆ༷གས་དང་བཅ༷ས་པའི་སྒྲིབ་པ༷་ཀུ༷ན་ནས་བས༷ལ་བ༷ས་རྡོ་རྗེ་དང་འདྲ་བ་ཡིན་ཏེ། སྒྲིབ་པ་གསུམ་གོ༷་ཆ༷་དང༌། རྩི༷ག་པ༷་དང༌། ཤི༷ང་བཞི༷ན་དུ༷་གནས་པ་ལས་སྟོབས་རྣམས་ཀྱིས་རིམ་པ་ལྟར་ཕུ༷ག་པ་ད༷ང༌། བཤི༷ག་པ་ད༷ང་བཅ༷ད་པར་བྱས་པའི་ཕྱི༷ར་རོ༷། །ཞེས་པའོ།།

ཐུན་མོང་གི་མཚོན་ཚུལ་ནི། བརླི༷ང་བ་ཉིད་ད༷ང༌། སྙི༷ང་པོ་ཉིད་དང༌། བརྟ༷ན་པ་ཉིད་དང༌། མི༷་ཕྱེ༷ད་པ་ཉིད་དེ། ཡོན་ཏན་གྱི་ཆོས་བཞི་དང་ལྡན་པ༷ས་ན། དྲ༷ང་སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྟོ༷བས་བཅུ་པོ་ཐམས་ཅད་ནི༷་རྡོ༷་རྗེ༷་དང་འདྲ༷་བ་ཉིད་དོ། །དེ་ཡང་རྒྱུ་མཚན་ག༷ང་གི་ཕྱི༷ར་བརླི༷ང་པ༷་ཡིན་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་སྙི༷ང་པོ༷་ཡིན་པའི༷་ཕྱི༷ར་རོ། །ག༷ང་གི་ཕྱི༷ར་སྙི༷ང་པོ༷་ཡིན་ཞེ་ན། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་བརྟ༷ན་པ་ཡིན་པ༷འི་ཕྱི༷ར་ག༷ང་གི་ཕྱི༷ར་བརྟ༷ན་པ༷་ཡིན་ཞེ་ན་རྣམ་པར་རྟོག་པ་དང་མཚན་མ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་མི༷་ཕྱེ༷ད་པའི་ཕྱི༷ར་རོ། །དེ་ལྟར་ཡང་སྤང་བྱ་ཐམས་ཅད་ནི་འཇོམས་ཤིང་སྤང་བྱས་ནི་སླར་ཡང་མི༷་ཕྱེ༷ད་པའི་ཕྱི༷ར་ན༷། སྟོབས་བཅུ་པོ་རྫས་ཀྱི་དངོས་པོ་རྡོ༷་རྗེ༷་ཇི་ལྟ་བ་བཞི༷ན་ནོ། །ཞེས་པའོ། །

མི་འཇིགས་པའི་ཚུལ་ལ་གཉིས་ལས། བསྟན་པ་ནི། སུ་ལ་ཡང་འཇི༷གས་པ༷་མེ༷ད་པའི་ཕྱི༷ར་དང༌། གཞན་དག་ལ་ལྟོ༷ས་པ་མེ༷ད་པའི་ཕྱི༷ར་དང༌། བློའི་སྟོབས་རབ་ཏུ་བརྟ༷ན་པའི་ཕྱི༷ར་དང༌། མི་མཐུན་པའི་ཕྱོགས་འཇོམས་པ་ལ་རྩ༷ལ་ནི༷་ཕུ༷ན་སུམ་ཚོ༷གས་པ་དང་ལྡན་པའི་ཕྱིར་ཏེ། དེ་ལྟར་ཡོན་ཏན་གྱི་ཆོས་བཞི་དང་ལྡན་པ༷ས་ན་ཐུ༷བ་པ༷འི་དབང་པོ་མི་ཡི་སེ༷ང་གེ༷་ནི། སེ༷ང་གེ༷་ཆོས་བཞི་དང་ལྡན་པས་རི་དྭགས་ཀྱི་ནང་དུ་འཇིགས་པ་མེད་པ་ཇི་ལྟ་བ་བཞི༷ན་དུ་འཁོ༷ར་གྱི༷་ཚོ༷གས་མཐའ་ཡས་པའི་དབུས་སུ༷་འཇི༷གས་པ་དང་བག་ཚ་བ་མི༷་མང༷འ་བར་གནས་སོ། །ཞེས་པའོ། །

བཤད་པ་ནི།

དེ་ལྟར་ཆོས་བཞི་དང་ལྡན་པར་ཡང་གང་གིས་ཤེས་སྙམ་ན་ཤེས་བྱའི་རྣམ་པ་ཀུ༷ན་མ་ལུས་པར་མངོ༷ན་སུམ་དུ་མཁྱེ༷ན་པ༷ས་དྲི་བ་ཐམས་ཅད་ལུང་བསྟན་པར་ནུས་པའི་ཕྱིར་ཕས་ཀྱི་རྒོལ་བ་ལ་སོགས་པའི་སྐྱེ་བོ་ག༷ང་ལ༷ས་ཀྱ༷ང་འཇི༷གས་པ་མེ༷ད་པ༷ར་ནི༷་རྣ༷མ་པ༷ར་གན༷ས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེ་བཞིན་དུ་སྒྲིབ་པ་ཅི་རིགས་པས་ད༷ག་པ༷འི་སེ༷མས་ཅ༷ན་ཉན་ཐོས་དགྲ་བཅོམ་པ་ད༷ང༌། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་དང་ཡ༷ང་བད༷ག་ཉིད་མི༷་མཉ༷མ་ཞིང་དེ་དག་ལས་ལྷག་པར་གཟི༷གས་པའི་ཕྱི༷ར་གཞན་སུ་ལ་ཡང་ལྟོ༷ས་པ༷་མེ༷ད་པའི་ཡོན་ཏན་དང་ལྡན་ཞིང༌། ཐུ༷གས་ནི༷་ཇི་ལྟ་བ་དང་ཇི་སྙེད་པའི་ཆོ༷ས་རྣ༷མས་ཐ༷མས་ཅ༷ད་ལ༷་རྣམ་པར་མི་རྟོག་ཅིང་རྩེ༷་གཅི༷ག་ཏུ་གནས་པའི་ཕྱི༷ར་ན༷་ཏིང་ངེ་འཛིན་ལས་བརྟ༷ན་པ༷་ཉི༷ད་ཀྱི་ཕྱིར་ཡོན་ཏན་དང་ལྡན་པ་ཡིན་ལ། མཆོ༷ག་ཏུ༷་སྤངས་དཀའ་བའི་མ༷་རི༷ག་བ༷ག་ཆ༷གས་ཀྱི༷་ས༷འི་སྒྲིབ་པ་ཤིན་ཏུ་ཕྲ་བ་ལ༷ས་ཀྱང་ལེགས་པར་བརྒ༷ལ་པའི་ཕྱི༷ར་མི་མཐུན་ཕྱོགས་འཇོམས་པ་ལ་རྩ༷ལ་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡ༷ན་པ་ཡིན་ནོ༷། །ཞེས་པའོ། །

མ་འདྲེས་པའི་མཚོན་ཚུལ་ནི།

འཇི༷ག་རྟེ༷ན་ཐ་མལ་པ་བདག་ཏུ་འཛིན་པ་རྣམས་དང༌། ཉ༷ན་ཐོ༷ས་འཕགས་པ་གང་ཟག་གི་བདག་མེད་རྟོགས་པ་རྣམས་དང༌། ཞི་བ་མཐ༷འ་གཅི༷ག་ཏུ༷་སྤྱོ༷ད་པའི་རང་སངས་རྒྱས་གང་ཟག་དང་ཆོས་ཀྱི་ཕྱེད་གཟུང་བ་བདག་མེད་པར་རྟོགས་པ་རྣམས་ད༷ང༌། བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀ་མེད་པར་རྟོགས་པ་རྣམས་དང༌། ར༷ང་བྱུ༷ང་རྫོགས་པའི་སངས་རྒྱས་ཤེས་བྱ་མཐའ་དག་མངོན་སུམ་དུ་མཁྱེན་པ་རྣ༷མས་གོ༷ང་ན༷ས་གོ༷ང་དུ༷་བློ༷་ད༷ག་ནི༷་ཕྲ༷་ཞིང་ཟབ་པ་མཆོག་ཏུ་གྱུར་པའི་ཕྱི༷ར་དང༌། དེ་དག་གི་རིམ་པ་མཚོན་པར་བྱེད་པའི་དཔེ༷་ནི༷། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་སྟེ། འབྱུང་བ་རྣ༷མ་པ༷་ལྔ༷་པོ་སྔ་མ་སྔ་མ་བས་ཕྱི་མ་ཕྱི་མ་ཕྲ་ཞིང་ཟབ་པ་དང་ཆོས་མཚུངས་ལ། ཡང་ན་སངས་རྒྱས་ཀྱི་ཡོན་ཏན་རྣམས་ནི། འཇི༷ག་རྟེ༷ན་མ་ལུས་པ་ཀུ༷ན་གྱི༷་ཉེ༷་བར་འཚོ༷་བའི་གཞི་མཆོག་ཏུ་གྱུར་པ་ཡིན་པའི༷་ཕྱི༷ར། ས༷ས་རྟེན་བྱེད་པ་དང༌། ཆུ༷ས་སྡུད་པར་བྱེད་པ་དང༌། མེ༷ས་སྨིན་པར་བྱེད་པ་དང༌། རླུ༷ང་གིས་མི་འདྲུལ་བར་བྱེད་པས་འཇིག་རྟེན་རྣ༷མས་ཀྱི་ཉེར་འཚོ་བྱེད་པ་དག་ད༷ང་མཚུ༷ངས་ཤིང༌། ཡང་ན་ནི་སངས་རྒྱས་ལ་མངོན་དུ་གྱུར་པའི་ཆོས་རྣམས་འཇི༷ག་རྟེ༷ན་པ་སོ་སོའི་སྐྱེ་བོ་དང༌། འཇི༷ག་རྟེ༷ན་ལས་འད༷ས་པ༷་ཉན་ཐོས་ལ་སོགས་པའི༷་ཆོས་རྣམས་ཀྱི་མཚ༷ན་ཉི༷ད་ལ༷ས་ཡང་དག་པར་འད༷ས་ཤིང༌། དེ་དག་དང་ཐུན་མོང་མ་ཡིན་པའི་ཕྱིར། ན༷མ་མཁ༷འ་འབྱུང་བ་བཞིའི་མཚན་ཉིད་ལས་འདས་པ་ཇི་ལྟ་བ་བཞི༷ན་ནོ། །ཞེས་པའོ། །

བསྡུས་ཏེ་དབྱེ་བ་མེད་ཚུལ་ནི།

དེ༷་ལྟར་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པ་བཅོ་བརྒྱད་པོ་ད༷ག་དྲི་མ་དང་བྲལ་བའི་འབྲས་བུའི་ཡོ༷ན་ཏ༷ན་སུ༷མ་ཅུ༷་ནི༷་རྩ་གཉི༷ས་ཞེས་བྱ་བ་ཡིན་པ་འདི༷་རྣམས་ཀྱང་རང་དོན་དོན་དམ་པ་ཆོ༷ས་ཀྱི་སྐུ༷ས་ར༷བ་ཏུ་ཕྱེ༷་ཞིང་དེའི་ངང་དུ་དབྱེར་མེད་པར་གནས་པ་སྟེ༷། དཔེར་ན་ནོ༷ར་བུ༷་རི༷ན་ཆེ༷ན་གྱི་འོ༷ད་དང་མདོ༷ག་ད༷ང་དབྱི༷བས་རྣམས་དང་དབྱེ་བ་མེད་པ་བཞི༷ན་དུ་དོན་དམ་པའི་ཡོན་ཏན་རྣམས་ལ་རྣམ་པར་དབྱེ༷་བ༷་མེ༷ད་པ་ཉིད་ཀྱི་ཕྱི༷ར་རོ༷། །ཞེས་པའོ། །

སྨིན་འབྲས་ལ་གཉིས་ལས། མཚན་རྣམས་སྐུ་གཉིས་ལ་གནས་ཚུལ་ནི། ལེགས་གནས་འཁོར་ལོས་མཚན་པ་ལ་སོགས་མཚན་བཟང་པོས་བརྒྱན་པའི་སྐུ། གདུལ་བྱས་མཐོ༷ང་བ་ཙམ་ཉིད་ན༷་འདི་དག་ནི་སྐྱེས་བུ་ཆེན་པོའོ། །ཞེས་ཡིད་ཚི༷མ་ཞིང་དང་བ་སྐྱེད་པར་བྱེ༷ད་པའི་ཡོ༷ན་ཏ༷ན་ག༷ང་ཡིན་པ་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུའི་ཡོན་ཏན་སུ༷མ་ཅུ༷་རྩ༷་གཉི༷ས་ཞེས༷་བྱ༷་བ༷་ཡིན་ལ། དེ་རྣམས་ཀྱང་ཐུན་མོང་དུ་སྣང་བ་སྤྲུ༷ལ་པ༷འི་སྐུ་དང༌། ཐེག་པ་ཆེན་པོའི་ཆོ༷ས་ལ༷་རྫོ༷གས་པ༷ར་ནི༷་ལོ༷ངས་སྤྱོ༷ད་རྫོ༷གས་པའི་སྐུ༷་སྟེ། གཟུགས་ཀྱི་སྐུ་རྣམ་པ་གཉི༷ས་ལ༷་བརྟེ༷ན་པ་ཡིན་ནོ། །ཞེས་པའོ།།

གཟུགས་སྐུ་ཟླ་བའི་དཔེས་མཚོན་ཚུལ་ནི། གཟུགས་སྐུ་མཐོང་བའི་གེགས་སུ་གྱུར་པའི་སྒྲིབ་པ་རྣམ་པར་ད༷ག་པ་ལ༷ས་རི༷ང་བའི་གདུལ་བྱ་སོ་སོའི་སྐྱེ་བོ་ད༷ང༌། ཉན་ཐོས་ལ་སོགས་པ་དང༌། ཉེ༷་བའི་གདུལ་བྱ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣ༷མས་ལ༷་རིམ་པ་ཇི་ལྟ་བར་འཇི༷ག་རྟེ༷ན་པའི་འཁོར་གྱི་དཀྱིལ་འཁོར་དུ་ཕལ་པ་རྣམས་ལ་སྤྲུལ་པའི་སྐུ་སྣང་ཞིང༌། རྒྱ༷ལ་བ༷འི་འཁོར་གྱི་དཀྱི༷ལ་འཁོ༷ར་དུ༷་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བ་ནི། དཔེར་ན་ཆུ༷་དག་པའི་ནང་དུ་ཟླ་བའི་གཟུགས་མཐོང་བ་ད༷ང༌། ན༷མ་མཁ༷ར་ཟླ༷་བའི་གཟུ༷གས་མཐོང་བ་ཇི་ལྟ་བ་བཞི༷ན་ཏེ། དེ་ལྟར་མཚན་བཟང་པོས་བརྒྱན་པའི་སྐུ་གཉིས་པོ་དེ༷་མཐོ༷ང་བ༷འི་གདུལ་བྱའི་རིགས་རྣ༷མ་པ༷་གཉི༷ས་ཡིན་པས་གཟུགས་ཀྱི་སྐུ་མངོན་པར་འདོད་པས་ཀྱང་དག་པའི་སྐལ་བ་དང་ལྡན་པར་བྱའོ། །ཞེས་པའོ། །

ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་བླ༷་མ༷འི་བསྟ༷ན་བཅོ༷ས་དཀོ༷ན་མཆོ༷ག་གི༷་རི༷གས་རྣ༷མ་པ༷ར་དབྱེ༷་བ༷་ལ༷ས། ཡོ༷ན་ཏ༷ན་གྱི༷་སྐ༷བས་ཏེ༷། ལེའུ་གསུ༷མ་པ༷འི་རྣམ་པར་བཤད་པའོ༷།། །།

ལེའུ་བཞི་པ། དེ་བཞིན་གཤེགས་པའི་འཕྲིན་ལས་མཛད་པའི་སྐབས།

༈ ད་ནི་ཡོན་ཏན་དེ་དག་ཐོབ་པའི་ནུས་པ་ལས་རྒྱལ་བའི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་དབང་དུ་བྱས་ནས། རྟོགས་པར་བྱེད་པའི་ཐབས་འཕྲིན་ལས་ཀྱི་དོན་ལ་གཉིས་ཏེ། ལྷུན་གྲུབ་རྒྱུན་མི་འཆད་ཚུལ་བསྟན་པ་དང༌། དེ་ཉིད་དཔེ་ཡིས་ངེས་པར་བྱ་བའོ། །ལྷུན་གྲུབ་རྒྱུན་མི་འཆད་ཚུལ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་བཤད་དོ། །

དེ་ལ་མདོར་བསྟན་ནི། སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ན་གདུ༷ལ་བྱ༷་མཐའ་ཡས་པའི༷་ཁ༷མས་ད༷ང་བསམ་པ་དང་བག་ལ་ཉལ་དང༌། རིགས་ཐ་དད་པ་རྣམས་མངོན་སུམ་དུ་མཁྱེན་ཡང་འདི་དང་འདི་ཤེས་པར་བྱའོ་སྙམ་དུ་རྣམ་པར་རྟོག་པའི་འབད་རྩོལ་མི་མངའ་ཞིང་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། དེ་བཞིན་དུ་སྦྱར་ཏེ་གདུ༷ལ་བྱ་རྣམས་ཀྱི་རང་རང་གི་བསམ་པ་དང་མཐུན་པར། གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང༌། །ཆགས་སེམས་ཅན་ལ་ཆགས་པ་ལྟར་སྟོན་དང༌། །གདུལ་བྱའི་དབང་གིས་ཁྲོ་ལ་ཁྲོར་སྟོན་པ། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། ཞི་བ་དང་དྲག་པོ་ལ་སོགས་པ་འདུ༷ལ་བ༷འི་ཐ༷བས་སྣ་ཚོགས་སྟོན་པ་ལ་འབད་རྩོལ་མི་མངའ་བ་ད༷ང༌། དེ་བཞིན་དུ་ནི༷་གདུ༷ལ་བྱ༷འི་ཁ༷མས་སྣ་ཚོགས་པ་དེ་རྣམས་ཀྱི༷་འདུ༷ལ་བ༷འི་བྱ༷་བ༷་མངོན་པར་མཐོ་བ་ད༷ང༌། ངེས་པར་ལེགས་པ་སྣ་ཚོགས་ལ་འགོད་པའང་འབད་རྩོལ་མི་མངའ་བ་དང༌། གདུལ་བྱ་གང་ན་ཡོད་པ་དེ༷འི༷་ཡུ༷ལ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་གཤེགས་པའང་འབད་རྩོལ་མི་མངའ་བ་ད༷ང༌། གདུལ་བྱ་ནམ་འདུལ་བའི་དུ༷ས་སུ༷་བབ་པ་ན་དེ་དག་འདུལ་བའི་ཆེད་དུ་གཤེ༷གས་པ༷་ལ༷་ཁྱ༷བ་བད༷ག་རྫོགས་པའི་སངས་རྒྱས་རྣམས་རྟག༷་ཏུ༷་རྣམ་པར་རྟོག་པ་ལ་སོགས་པའི་འབད་རྩོལ་མི་མངའ་ཞིང་ལྷུ༷ན་གྱི༷ས་གྲུ༷བ་པ༷ར་འཇུ༷ག་གོ །ཞེས་པ་སྟེ། ལྷུན་གྲུབ་གྱི་དོན་མདོར་བསྟན་པའོ། །

རྒྱུན་མི་འཆད་པའི་དོན་མདོར་བསྟན་པ་ནི། ངེས་པར་འབྱིན་པའི་རྒྱུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོ༷ན་ཏ༷ན་རི༷ན་ཆེ༷ན་མཆོ༷ག་ཏུ་གྱུར་པའི་ཚོ༷གས་དུ་མ་ད༷ང་ལྡ༷ན་ཞིང༌། དྲི་མ་མེད་པའི་ཡེ༷་ཤེ༷ས་ཀྱི་ཆུ༷ས་ཡོངས་སུ་གང་བའི་རྒྱ་མཚོ༷་ཆེན་པོ་བྱང་ཆུབ་སེམས་དཔའི་ས་བཅུ་དང༌། ཉེ་བར་སྟོན་པའི་རྒྱུ་བསོ༷ད་ན༷མས་དང་ཡེ༷་ཤེ༷ས་ཀྱི་ཚོགས་སེམས་ཅན་རྣམས་སྨིན་པར་བྱེད་པ་ཉི༷་མའི་འོ༷ད་ཟེར་ལྟ་བུ་ཅ༷ན་ཏེ། འདིས་འགྲོ་བ་ལམ་གྱི་ཐེ༷ག་པ༷་མ༷་ལུ༷ས་པ་ངེ༷ས་པ༷ར་བསྒྲུ༷བས་པ་ལས་བྱུང་བ་རྒྱུ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་དང༌། རྒྱལ་བའི་མཛད་པ་རྒྱུན་མི་འཆད་པ་ཡིན་ཏེ༷། དེ་བཞིན་དུ་དེ་དག་གི་འབྲས་བུ་ཕུན་སུམ་ཚོགས་པ་མཐ༷འ་ད༷ང་དབུ༷ས་མེ༷ད་ཅིང་རྒྱ༷་ཆེ༷་བས་ན་ན༷མ་མཁ༷འ་ལྟ༷ར་ཁྱ༷བ་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་ཡང་དེའི་མཛད་པ་རྒྱུན་མི་འཆད་པ༷་ཡིན་ལ། བྱང་ཆུབ་ཆེན་པོ་ཐོབ་ནས་ཀྱང་དོན་དམ་པའི་སང༷ས་རྒྱ༷ས་ཉི༷ད་ནི༷་སྟོབས་ལ་སོགས་པའི་ཡོ༷ན་ཏ༷ན་རང་བཞིན་གྱིས་དྲི༷་མ༷་མེ༷ད་པ་དང་ལྡན་པ་གདོད་མ་ནས་གཏེ༷ར་དང་འདྲ་བར་སེ༷མས་ཅ༷ན་ཀུ༷ན་ལ༷་ཁྱ༷ད་པར་ཅུང་ཟད་ཀྱང་མེ༷ད་པར་ཡོད་པ་རྣ༷མ་པར་གཟི༷གས་ན༷ས་དེ་དག་ཡོངས་སུ་འཛིན་པར་མཛད་པའི་ཕྱིར་དང༌། ཡོངས་སུ་འཛིན་པའི་རྒྱུ་མཚན་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་ནམ་མཁའ་དང་འདྲ་བ་དེ་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི་མ་ཉོ༷ན་མོ༷ངས་པ་དང་ཤེ༷ས་བྱ༷འི་སྒྲིབ་པ་སྤྲི༷ན་གྱི༷ས་དྲ༷་བ༷་འདྲ་བ་རྣམས་བསལ་དགོས་པའི་ཕྱིར་དང༌། སྒྲིབ་པ་དེ་སེལ་བར་བྱེད་པའི་རྐྱེན་ཡང་རྒྱལ་བ་རྣ༷མས་ཀྱི༷་ཐུ༷གས་རྗེ༷་ཆེན་པོའི༷་ཤུགས་རླུ༷ང་དྲག་པོ་དང་འདྲ་བ་དག་གི༷ས་དྲི་མའི་སྤྲིན་རྣམས་རྣ༷མ་པ༷ར་གཏོ༷ར་བར་ནུས་པ་ཉིད་ཀྱི་ཕྱིར་ན་སང༷ས་རྒྱ༷ས་ཀྱི་མཛད་པ་རྒྱུན་མི་འཆད་པ་ཡིན་ནོ། །ཞེས་པའོ། །

རྣམས་གྲངས་སུ་ནི། ལུས་ཅན་རྣམས་གནས་སྐབས་སུ་ས་བཅུ་དང་ཚོགས་གཉིས་ལ་ཡང་སྦྱོར་ཞིང༌། མཐར་ཐུག་བྱང་ཆུབ་ལ་སྦྱར་ཏེ། དེས་ཀྱང་སེམས་ཅན་རྣམས་ཀྱི་སྒྲིབ་པ་རྣམས་ཐུགས་རྗེས་འཇོམས་པར་མཛད་པའི་ཕྱིར། འཕྲིན་ལས་རྒྱུན་མི་འཆད་པ་ཉིད་དོ། །ཞེས་ཀྱང་སྦྱར་བར་བྱའོ། །

རྒྱས་པར་བཤད་པ་ལ་གཉིས་ལས། ལྷུན་གྱིས་གྲུབ་པའི་དོན་ནི། གདུལ་བྱ་ག༷ང་ཞི༷ག་གི་ཆེད་དུ་འཇུག་པ་དང༌། ཐབས་ག༷ང་གི༷ས་འདུ༷ལ་བ༷་དང༌། གདུལ་བའི༷་བྱ༷་བ་ག༷ང་ཡིན་པ་དང༌། གདུལ་བྱ་གནས་པའི་ཡུལ་གང༷་དུ༷་གཤེགས་པ་དང་སྐབས་སུ་བབ་པའི་དུས་སུ་ག༷ང་གི༷་ཚེ༷་འདུལ་བ་རྣམས་ལ་དེ་དང་དེ༷འི༷་ཀུན་སློང་གི་རྣ༷མ་པར་རྟོ༷ག་པ་སྐྱེ༷་བ་མིན་ཞིང་འབད་རྩོལ་གྱིས་གཡོ་བ་མེ༷ད་པའི་ཕྱི༷ར་ན། ཐུ༷བ་པ༷་རྫོགས་པའི་སངས་རྒྱས་ནི་དུས་ཀྱི་འཕྲིན་ལས་ནི་དུས་རྟ༷ག་ཏུ༷་ལྷུ༷ན་གྱི༷ས་གྲུ༷བ་པར་འཇུག་ཅིང་བསམ་པ་སྣ་ཚོགས་ཅན་གྱི་གདུ༷ལ་བྱ༷འི་ཁ༷མས་ནི༷་ག༷ང་ཞི༷ག་གི༷་ཆེད་དུ་རང་རང་གི་མོས་པ་དང་མཐུན་པར་ཐེག་པ་གསུམ་ལ་སོགས་པས་གདུ༷ལ་བ༷འི་ཐ༷བས་མ༷ང་པོ་གང༷་དག་གི༷ས་འདུལ་བ་ལ་ཡང་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། གནས་སྐབས་སུ་མངོན་པར་མཐོ་བ་དང༌། མཐར་ཐུག་ཏུ་ངེས་པར་ལེགས་པ་ལ་འགོད་པ་ལྟ་བུ་གདུ༷ལ་བ༷འི་བྱ༷་བ་ག༷ང་ཡིན་པ་རྣམས་ལ་ཡང་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། ག༷ང་དུ༷་ནི༷་ཡུལ་ག༷ང་དང་གང་གི་ཚེ༷་ནི་དུས་ཏེ། གདུལ་བྱ་གང་ན་ཡོད་པའི་ཡུ༷ལ་ད༷ང་འདུལ་བའི་སྐབས་སུ་བབ་པའི་དུ༷ས་སུ་གཤེགས་པ་དེ༷་ད༷ག་ལ་ཡང་རྣམ་པར་རྟོག་པའི་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པའོ། །ཞེས་པའོ། །

རྒྱུན་མི་འཆད་པའི་དོན་ལ་ལྔ་སྟེ། མིང་གི་དབྱེ་བ་བསྟན་པ། དོན་གྱི་ངོ་བོ་བཤད་པ། དེ་དག་དཔེ་ཡིས་མཚོན་ཚུལ། དཔེ་དོན་རྒྱས་པར་བཤད་པ། བསྡུས་ཏེ་རྒྱུན་མི་འཆད་ཚུལ་ལོ། །

དེ་ལ་མིང་གི་དབྱེ་བ་ནི། སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་འཆད་པ་ཡིན་ཏེ། འཕྲིན་ལས་འབྱུང་བའི་ངེ༷ས་པར་འབྱི༷ན་པའི་རྒྱུ་དང༌། དེ༷འི་༷ཉེ་བར་སྟོ༷ན་པ༷འི་རྐྱེན་ད༷ང༌། རྒྱུ་རྐྱེན་དེ༷་དག་ལ་འབྲ༷ས་བུ་འགྲུབ་པའི་ཚུལ་དང༌། འབྲས་བུ་དེ༷་ཡི༷་འཕྲིན་ལས་འཇུག་པའི་ཡུལ་ཡོང༷ས་སུ་འཛི༷ན་པ་ད༷ང༌། ཡུལ་དེ༷་དག་གི་སྒྲིབ་པ་སྤང་བར་བྱ་བ་དང༌། སྒྲི༷བ་པ་དེ༷་གཅོ༷ད་པར་བྱེད་པའི་རྐྱེ༷ན་རྣམས་ལ༷་ནི༷་རྣ༷མ་པ༷ར་རྟོ༷ག་པ༷་མེ༷ད་ཅིང་རང་གི་ངང་གིས་འཇུག་པའི་ཕྱི༷ར་རོ༷། །ཞེས་པའོ། །

དོན་གྱི་ངོ་བོ་ནི། རྒྱུ་མཚན་དྲུག་པོ་དེ་དག་གང་ཞེ་ན། མཐར་ཐུག་པའི་གོ་འཕང་དུ་ངེ༷ས་པ༷ར་འབྱི༷ན་པ༷ར་བྱེད་པའི་རྒྱུ་ནི་བྱང་ཆུབ་སེམས་དཔའི་ས༷་བཅུ༷་པོ་རིམ་པ་ལྟར་བགྲོད་པས་ཏེ༷། བསོད་ནམས་དང་ཡེ་ཤེས་ཀྱི་ཚོ༷གས་གཉི༷ས་པོ་ད༷ག་ནི༷་ས་བཅུ་པོ་དེ༷འི༷་ཡོན་ཏན་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་འཕེལ་ཞིང་སྟོན་པའི་རྒྱུ༷་ཡིན་ཞིང༌། དེ་ལྟར་རྒྱུ་ཕུན་སུམ་ཚོགས་པ་ལས་བྱུང་བའི་ཕྱིར་ཡང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་ལ། དེ༷་དག་མཐར་ཕྱིན་པའི་འབྲ༷ས་བུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱ༷ང་ཆུ༷བ་ཆེན་པོ་མཆོ༷ག་ཏུ་གྱུར་པ་ཐོབ་པ་ཡི༷ན་ཏེ༷། དེའི་ཕྱིར་ཡང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་ཅིང༌། བྱ༷ང་ཆུ༷བ་ཐོབ་ནས་ཀྱང་སེ༷མས་ཅ༷ན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གཟིགས་ནས་ཡོ༷ངས་སུ༷་འཛི༷ན་པར་བྱེད་པའི་ཕྱིར་དང༌། ཡོངས་སུ་འཛིན་པའི་རྒྱུ་མཚན་ཡང་སེམས་ཅན་རྣམས་ཀྱི་སྙིང་པོ་དེ༷་ལ་སྒྲི༷བ་པར་བྱེད་པ་མཐ༷འ་ཡ༷ས་པའི་ཉོ༷ན་མོ༷ངས་པ་ད༷ང་ཉེ༷་བ༷འི་ཉོ༷ན་མོ༷ངས་པ་བ༷ག་ཆ༷གས་དང་བཅས་པ་སྟེ། གློ་བུར་གྱི་དྲི་མ་རྣམ་གཞོམ་དགོས་པའི་ཕྱིར་དང༌། དུ༷ས་ཀུ༷ན་ཏུ༷་ནི༷་སྒྲིབ་པ་དེ༷་འཇོ༷མས་པར་བྱེད་པ༷འི་རྐྱེ༷ན་ནི༷་ཐུ༷གས་རྗེ༷་ཆེ༷ན་པོ༷ས་ལམ་སྟོན་པ་ཡི༷ན་པའི་ཕྱིར་ན། སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་པ་ཉིད་དོ། །ཞེས་སོ། །

དཔེ་ཡིས་མཚོན་ཚུལ་ནི།

དེ་བཞིན་གཤེགས་པའི་འཕྲིན་ལས་རྒྱུན་མི་འཆད་པའི་རྒྱུ་མཚན་དུ་གྱུར་པའི་དོན་གྱི་གན༷ས་ནི༷་དྲུ༷ག་པོ༷་འདི༷་ད༷ག་རྣ༷མས་དཔེ་དང་དོན་གོ༷་རི༷མ་ཇི༷་ལྟ་བ་བཞི༷ན་དུ་སྦྱར་ནས་ཤེས་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ས་བཅུ་ནི་རྒྱ༷་མཚོ༷་ཇི་ལྟ་བ་བཞིན་ད༷ང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ནི་ཉི༷་མ༷་ཇི་ལྟ་བ་བཞིན་ད༷ང༌། དེ་དག་གི་འབྲས་བུ་བྱང་ཆུབ་ཆེན་པོ་ནི༷་ན༷མ་མཁ༷འ་ཇི་ལྟ་བ་བཞིན་དང༌། བྱང་ཆུབ་ཀྱིས་གཟུང་བར་བྱ་བ་སེམས་ཅན་གྱི་ཁམས་ནི་གཏེ༷ར་ཇི་ལྟ་བ་བཞིན་དང༌། དེའི་དྲི་མ་ཉོན་མོངས་པ་རྣམས་ནི་སྤྲི༷ན་ཇི་ལྟ་བ་བཞིན་ད༷ང༌། དེ་དག་འཇོམས་པའི་ཐུགས་རྗེ་ཆེན་པོ་ནི་རླུ༷ང་ཇི་ལྟ་བ་བཞི༷ན་དུ་ཤེ༷ས་པ༷ར་བྱ༷འོ། །ཞེས་པའོ། །

དཔེ་དོན་སྦྱར་བ་ནི། དྲི་མ་མེད་པའི་ཡེ་ཤེ༷ས་ཀྱི་ཆུ༷་དང་བཅས་ཤིང་མངོན་པར་ཤེས་པ་ལ་སོགས་པའི་ཡོ༷ན་ཏ༷ན་གྱི་རི༷ན་ཆེ༷ན་ད༷ང་ལྡ༷ན་པའི་ཕྱི༷ར་ན་ངེས་པར་འབྱིན་པའི་རྒྱུ་བྱང་ཆུབ་སེམས་དཔའི་ས༷་བཅུ་པོ་རྣ༷མས་ནི་རྒྱ༷་མཚོ༷་ཇི་ལྟ་བ་བཞི༷ན་ཡིན་ལ། སེ༷མས་ཅ༷ན་ཐ༷མས་ཅ༷ད་ལ་ཕན་པ་དང་བདེ་བའི་ཉེ༷་བར༷་འཚོ༷་ཞིང་ཕན་པར་བྱེད་པའི༷་ཕྱི༷ར་ཉེ་བར་སྟོན་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོ༷གས་གཉི༷ས་པོ་ད༷ག་ནི༷་ཉི༷་མ༷་ཇི་ལྟ་བ་བཞི༷ན་ཡིན་ཞིང༌། ཐམས་ཅད་དུ་ཁྱབ་པས་རྒྱ༷་ཆེ༷་བ་དང་མཐ༷འ་ད༷ང་དབུ༷ས་མེ༷ད་པས་ཟབ་པའི་ཕྱི༷ར། དེ་དག་གི་འབྲས་བུ་བྱ༷ང་ཆུ༷བ་ཆེན་པོ་ནི་ན༷མ་མཁ༷འི་ཁ༷མས་ཇི་ལྟ་བ་བཞི༷ན་ཡིན་ནོ༷། །ཡ༷ང་ད༷ག་པར་རྫོ༷གས་པའི་སང༷ས་རྒྱས་ཀྱི་ཆོ༷ས་ཉི༷ད་ཡོན་ཏན་གྱི་འབྱོར་བ་ཟད་མི་ཤེས་པ་དང་བཅས་པ་གདོད་མ་ནས་ལྷུན་གྱིས་གྲུབ་པར་གནས་པའི་ཕྱི༷ར་ཡོངས་སུ་གཟུང་བར་བྱ་བའི་སེ༷མས་ཅ༷ན་རྣམས་ཀྱི་ཁ༷མས་རང་བཞིན་གྱིས་དག་པའི་དེ་བཞིན་གཤེགས་པའི་སྙིང་པོ་ནི༷་གཏེ༷ར་ཆེན་པོ་ད༷ང་འདྲ༷་ཞིང༌། སྤང་རུང་གློ༷་བུ༷ར་བ་ཡིན་པ་དང་རང་བཞིན་ལ་ཁྱ༷བ་པར་བྱེད་པ་ད༷ང༌། དོན་དམ་པར་བདེན་པར་མ༷་གྲུ༷བ་པའི་ཕྱི༷ར་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེ༷འི༷་སྒྲིབ་པ་ཉོ༷ན་མོ༷ངས་པ་རྣམས་ནི་སྤྲི༷ན་གྱི་ཚོ༷གས་འཐུག་པོ་ཇི་ལྟ་བ་བཞི༷ན་ཡིན་ལ། ཉོན་མོངས་པ་སྤྲིན་དང་འདྲ་བ་དེ༷་འཐོ༷ར་བ༷ར་བྱེད་པའི་ལམ་སྟོན་པར་ནི༷་ཉེ༷་བར༷་གན༷ས་པའི་ཕྱི༷ར་སྒྲིབ་པ་སྤོང་བའི་རྐྱེན་ཐུ༷གས་རྗེ༷་ཆེན་པོ་མི༷་ཟ༷ད་ཅིང་རབ་ཏུ་དྲག་པའི་རླུ༷ང་གི་ཤུགས་ད༷ང་འདྲ༷་བ་ཡིན་ནོ། །ཞེས་པའོ། །

རྒྱུན་མི་འཆད་ཚུལ་ནི།

སྔོན་ས་བཅུར་ཚོགས་གཉིས་བསྒྲུབས་པའི་གནས་སྐབས་སུ་སེམས་ཅན་ཐམས་ཅད་བསྒྲལ་བར་དམ་བཅས་ཤིང་སྨོན་ལམ་བཏབ་པས་རྒྱུ་ཕུན་སུམ་ཚོགས་པ་གཞ༷ན་གྱི༷་དབ༷ང་གི༷ས་ངེ༷ས་པར་འབྱུ༷ང་བའི་ཕྱིར་ད༷ང༌། བད༷ག་ཉིད་ཀྱིས་ཐོབ་པའི་བྱང་ཆུབ་ཆེན་པོ་ད༷ང་སེ༷མས་ཅ༷ན་གྱི་དབྱིངས་རང་བཞིན་གྱིས་དག་པར་ཁྱད་པར་ཅུད་ཟད་ཀྱང་མེད་ཅིང་མཚུ༷ངས་པར་གཟི༷གས་ནས་འཕྲིན་ལས་དོན་ཡོད་པར་མཁྱེན་པའི་ཕྱིར་ད༷ང༌། འཇིག་རྟེན་གྱི་ཁམས་ལ་མཐའ་མེད་པར་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐུགས་རྗེ་ཆེན་པོས་འཇོམས་པའི་མཛ༷ད་པ༷་ཡོ༷ངས་སུ༷་མ༷་རྫོ༷གས་པའི་ཕྱི༷ར་ན། གདུལ་བྱའི་འཁོ༷ར་བ༷་ཇི་སྲི༷ད་མ་སྟོངས་ཀྱི་བར་དུ༷་སངས་རྒྱས་ཀྱི་མཛ༷ད་པ་རྒྱུན་མི༷་འཆ༷ད་པ་ཉིད་དོ། །ཞེས་པའོ། །

དེ་ཉིད་དཔེ་ཡིས་ངེས་པར་བྱ་བ་ནི། སངས་རྒྱས་རྣམས་སྐྱེ་བ་དང་འགག་པ་མེད་པས། རབ་ཏུ་ཕྱེ་བ་འདུས་མ་བྱས་པའི་མཚན་ཉིད་ཅན་ཡིན་ན། དེ་ལས་ཇི་ལྟར་འཁོར་བ་ཇི་སྲིད་དུ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་མཛད་པ་འཇུག་ཅེས་ཐེ་ཚོམ་དང་སོམ་ཉི་སྐྱེས་པ་རྣམས་ཀྱི་འཁྲུལ་བ་སྤངས་ནས་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་མོས་པ་བསྐྱེད་པའི་ཕྱིར། དཔེ་རྣམས་གསལ་བ་མང་པོས་འཆད་པ་ཡིན་པས། དེ་ལ་བཞི་སྟེ། སྡོམ་དུ་བསྡུས་ཏེ་དཔེ་ཡིས་དབྱེ་བ། དོན་དང་སྦྱར་ཏེ་སོ་སོའི་ངོ་བོ། དགོས་པ་བརྗོད་དེ་སྐབས་དོན་བསྡུ་བ། སླར་ཡང་བསྡུས་ཏེ་ཁྱད་པར་བཤད་པའོ། །

སྡོམ་གྱིས་བསྟན་པ་ནི། དེ༷་བཞི༷ན་གཤེ༷གས་པ༷་རྣམས་ཀྱི་འཕྲིན་ལས་རྣམ་པར་རྟོག་པ་མེད་པར་ལྷུན་གྱིས་གྲུབ་ཅིང༌། རྒྱུན་མི་འཆད་པའི་སྒོ་ནས་གདུལ་བྱ་རྣམས་ཀྱི་སྐལ་བ་དང་འཚམ་པར་འཇུག་པ་དེ་ཉིད་མཚོན་པར་བྱེད་པའི་དཔེ་ནི་རྣམ་པ་དགུ་ཡིན་ཏེ། དེ་ཡང་སྐུའི་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་ནི། བརྒྱ༷་བྱི༷ན་ལྷའི་གནས་ནས་མ་གཡོས་པར་གཟུགས་བརྙན་མི་ཡུལ་དུ་ཤར་བས། དགེ་བ་ལ་བསྐུལ་བ་ཇི་ལྟ་བ་བཞིན་དང༌། གསུང་གི་གདམས་ངག་སྣ་ཚོགས་པ་གསུངས་པ་ནི། རྔ༷་བོ་ཆེས་ཆོས་ཀྱི་སྡོམ་བཞི་བསྟན་པས་ལྷ་རྣམས་ལ་ཕན་འདོགས་པ་ཇི་ལྟ་བ་བཞིན་དང༌། ཐུགས་ཀྱི་མཁྱེན་པ་དང་བརྩེ་བས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ནི་སྤྲི༷ན་གྱིས་ཐམས་ཅད་དུ་ཁྱབ་པར་བྱས་ཏེ་ཆར་བབས་པས། ལོ་ཐོག་སྨིན་པར་བྱེད་པ་ཇི་ལྟ་བ་བཞིན་དང༌། སྐུ་དང་གསུང་གི་སྤྲུལ་པ་སྣ་ཚོགས་པ་མཛད་པ་ནི། ཚ༷ངས་པ༷་རང་གི་གནས་ནས་མ་གཡོས་ཀྱང་སྤྲུལ་པ་འདོད་ཁམས་ཀྱི་ལྷ་རྣམས་ཀྱིས་མཐོང་བ་ལས་དོན་དུ་འགྱུར་བ་ཇི་ལྟ་བ་བཞིན་ད༷ང༌། ཐུགས་ཀྱི་ཡེ་ཤེས་ཚད་མེད་པ་སྤྲོ་བ་ནི། ཉི༷་མ༷འི་འོད་ཟེར་གྱིས་མུན་པ་རྣམས་རིམ་པ་ལྟར་སེལ་བར་བྱེད་པ་ཇི་ལྟ་བ་བཞིན་དང༌། ཐུགས་ཀྱི་གསང་བ་ལ་བརྟེན་ནས་གཞན་དོན་མཛད་པ་ནི་ནོ༷ར་བུ༷་རི༷ན་པོ་ཆེ༷་ལ་རྟོག་པ་མེད་བཞི༷ན་དགོས་འདོད་སྩོལ་བ་ཇི་ལྟ་བ་བཞིན་དང༌། གསུང་གི་གསང་བ་ལ་བརྟེན་ནས་གཞན་དོན་མཛད་པ་ནི། སྒྲ༷་བརྙ༷ན་བདེན་པར་མ་གྲུབ་ཀྱང་དོན་སྣ་ཚོགས་སྟོན་པ་ཇི་ལྟ་བ་བཞི༷ན་དང༌། སྐུའི་གསང་བ་ལ་བརྟེན་ནས་གཞན་དོན་མཛད་པ་ནི། ན༷མ་མཁ༷འ་ཐམས་ཅད་ལ་ཁྱབ་ཀྱང་འདུས་བྱས་ཀྱི་གཟུགས་སུ་གྲུབ་པ་མེད་པ་ཇི་ལྟ་བ་བཞིན་ད༷ང༌། གནས་གྱུར་པའི་ཐུགས་རྗེ་ལས་གཞན་དོན་འགྲུབ་ཚུལ་ནི༷། ས༷་གཞིས་ཐམས་ཅད་ཀྱི་རྟེན་བྱས་ནས་ཕན་འདོགས་པ་ཇི་ལྟ་བ་བཞི༷ན་ནོ༷། །ཞེས་པའོ། །

སོ་སོའི་ངོ་བོ་ལ་རྣམ་པ་དགུ་སྟེ། རྣམ་འཕྲུལ་སྟོན་ཚུལ་དབང་པོའི་དཔེས་ངེས་པར་བྱ་བ། གདམས་ངག་གསུང་ཚུལ་རྔའི་དཔེས་ངེས་པར་བྱ་བ། མཁྱེན་བརྩེས་ཁྱབ་ཚུལ་སྤྲིན་གྱི་དཔེས་ངེས་པར་བྱ་བ། སྤྲུལ་པ་མཛད་ཚུལ་ཚངས་པའི་དཔེས་ངེས་པར་བྱ་བ། ཡེ་ཤེས་སྤྲོ་ཚུལ་ཉི་མའི་དཔེས་ངེས་པར་བྱ་བ། ཐུགས་ཀྱི་གསང་བ་ནོར་བུའི་དཔེས་ངེས་པར་བྱ་བ། གསུང་གི་གསང་བ་བྲག་ཆའི་དཔེས་ངེས་པར་བྱ་བ། སྐུའི་གསང་བ་ནམ་མཁའི་དཔེས་ངེས་པར་བྱ་བ། ཐུགས་རྗེ་འཇུག་ཚུལ་ས་གཞིའི་དཔེས་ངེས་པར་བྱ་བའོ། །དབང་པོའི་དཔེ་ལ་གསུམ་སྟེ། རྣམ་རྟོག་མེད་ཀྱང་གཞན་དོན་འགྲུབ་ཚུལ། དེ་ཉིད་ལེགས་པར་སྦྱར་ཏེ་བཤད་པ། བསྡུས་ཏེ་སྐྱེ་འགག་མེད་ཚུལ་བསྟན་པའོ། །རྣམ་རྟོག་མེད་ཀྱང་གཞན་དོན་འགྲུབ་ཚུལ་ལ་གཉིས། མཚོན་བྱེད་དཔེ་ཡི་ངོ་བོ་བཤད་པ་དང༌། མཚོན་བྱ་དོན་གྱི་ངོ་བོ་བཤད་པའོ། །

དཔེ་ལ་བཞི་ལས། དག་པའི་ས་གཞིར་གཟུགས་བརྙན་འཆར་ཚུལ་ནི། ཇི༷་ལྟ༷ར་ཏེ་དཔེར་ན་རེ་ཞིག་གཅིག་ནོར་བུ་རིན་པོ་ཆེ་བཻ༷ཌཱུརྻ༷་དག༷་པ༷འི༷་ར༷ང་བཞི༷༷ན་ཅན་དུ་འཛམ་བུའི་གླིང་གི་ས༷་སྟེང༷་འདི༷༷་མཐའ་དག་གྱུ༷ར་ཏེ༷་ཤིན་ཏུ་ད༷ག་ཅིང་གསལ་ལ་དྲི་མ་མེད་པའི་ཕྱི༷ར་མེ་ལོང་གི་ངོས་ལྟར་དང་བར་གྱུར་པ་ལ། རི་རབ་ཀྱི་སྟེང་སུམ་ཅུ་རྩ་གསུམ་ན་གནས་པའི་ལྷ༷འི༷་དབ༷ང་པོ༷་བརྒྱ་བྱིན་དེ༷་ལྷ༷འི༷་བུ་༷མོ༷་ལ་སོགས་པའི༷་འཁོར་གྱི་ཚོ༷གས་དཔག་ཏུ་མེད་པ་ད༷ང་བཅ༷ས་པ་དང༌། གཙོ་བོའི་གནས་རྣ༷མ་པ༷ར་རྒྱ༷ལ་བ༷འི་ཁ༷ང་བཟ༷ང་རྨང་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། ཐེམ་སྐས་བཞི་དང་ལྡན་པ་ཀ་བ་གསེར་ད༷ང་དངུལ་དང་བཻཌཱུརྻ་དང་ཤེལ་ལས་བྱས་པ། ཀ་རྟེན་དང་ཀ་ཞུ་དང་བྲེ་ཕུལ་རྣམས་དུང་ལ་སོགས་པ་ལ་བྱས་པ། བ་གམ་བརྒྱ་རྩ་གཅིག་དང་ལྡན་པ། བ་གམ་རེ་རེ་ལ་ཡང་ཁང་བ་བརྩེགས་པ་བདུན་བདུན་ལ་སོགས་པས་ཉེ་བར་མཛེས་པ་དང༌། ལྷ༷་གན༷ས་དེ༷་ལ༷ས་གཞ༷ན་པ་གྲོང་ཁྱེར་ལྟ་ན་སྡུག་པ་གསེར་གྱི་དྲ་བས་ཕྱོགས་ཐམས་ཅད་ནས་ཡོངས་སུ་བསྐོར་བ། རྩིག་སྐྱབས་གསེར་དང་དངུལ་དང་བཻཌཱུརྻ་ལས་བྱས་པ། མདའ་ཡབ་བཟང་པོ་བཞི་དང་ལྡན་པ་སྒོ་སྟོང་དུ་གཅིག་གིས་མ་ཚང་བ་ཡོད་པ། སྒོ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། སྒོ་རེ་རེ་ལའང་བསྲུང་མ་གོ་མཚོན་ཐོགས་པ་ལྔ་བརྒྱ་ལྔ་བརྒྱ་ཡོད་པ། ལམ་སྲང་ཐམས་ཅད་ཀྱང་གསེར་གྱི་བྱེ་མ་བརྡལ་བས་ཁྱབ་པ་ལ་སོགས་པ་ད༷ག་ད༷ང༌། ལྷའི་དབང་པོ་དེ༷འི༷་གཞ༷ལ་ཡ༷ས་ཁང་འཁོར་ལོས་འདྲེན་པ་ལ་སོགས་པའི་བཀོད་པ་སྣ༷་ཚོ༷གས་པ་ད༷ང༌། གཞན་ཡང་ལྷ་རྣམས་ཀྱི་ཁང་པ་བརྩེགས་མ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། བ་གམ་དང་བསིལ་ཁང་དང་སྟེགས་བུ་དང༌། སྐར་ཁུང་དྲ་བ་ཅན་རྣམས་ཉམས་དགའ་བ་ལ་སོགས་པས་ལེགས་པར་བརྒྱན་པ་དང༌། ལྷ་རྣམས་འདོད་ཡོན་ལ་རྩེ་བའི་ས་ཚལ་ཡིད་དུ་འོང་བ་དང༌། ཡོངས་འདུ་ལ་སོགས་པའི་དཔག་བསམ་གྱི་ཤིང་བཟའ་བ་དང་བཏུང་བ་དང་གོས་དང་རྒྱན་དང་མེ་ཏོག་དང་རོལ་མོ་ལ་སོགས་པ་ཅི་འདོད་པ་འབྱུང་བ་དང༌། ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བའི་རྫིང་བུ་དང༌། མཚོ་མེ་ཏོག་དང་བྱ་སྣ་ཚོགས་པས་མཛེས་པ་དང༌། ལམ་སྲང་ཐམས་ཅད་ཀྱང་རོལ་མོ་སྣ་ཚོགས་འཛིན་པའི་ལྷ་མོ་མཛེས་མ་ཐམས་ཅད་ཀྱིས་གང་བ་དང༌། ས་གཞི་ཐམས་ཅད་ཀྱང་མེ་ཏོག་མན་དཱ་ར་བས་ཁྱབ་པ་ལ་སོགས་པའི་ལྷ༷་རྫ༷ས་ཀྱི་ལོངས་སྤྱོད་རྣ༷མ་པ་མ༷ང་པོ་རྣམས་ཀྱི་གཟུགས་བརྙན་ཤར་བ་མིའི་འཇིག་རྟེན་དེ༷ར་ཐམས་ཅད་ཀྱིས་ལེགས་པར་མཐོ༷ང་ངོ༷༌། །ཞེས་པའོ། །

དེ་ཡིས་དགེ་བའི་ལས་ལ་སྦྱོར་ཚུལ་ནི།

དེ༷་ན༷ས་འཛམ་བུའི་གླིང་གི་སྐྱེ༷ས་པ༷་དང་བུ༷ད་མེ༷ད་ལ་སོགས་པའི་ཚོ༷གས། ས༷འི༷་སྟེ༷ང་ན་༷གན༷ས་པ༷འི་མི་རྣ༷མས་ཐམས་ཅད་ཀྱིས། སུམ་ཅུ་རྩ་གསུམ་པའི་འབྱོར་པ་མཐའ་ཡས་པའི་སྣ༷ང་བ༷་དེ༷་ནི༷་མཐོ༷ང་ཞིང་དགའ་བས་རྗེས་སུ་འདུན་པར་གྱུ༷ར་ཏེ༷། ངེ༷ད་ཅག་རྣམས་ཀྱ༷ང་ཡུན་རི༷ང་པོ༷ར་མི༷་ཐོ༷གས་པ༷ར་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པའི་ལྷ༷འི་དབ༷ང་པོ་བརྒྱ་བྱིན་འདི༷་འདྲ༷་བར༷་མྱུར་དུ་ཐོབ་པར་གྱུ༷ར་ཅི༷ག་ཅེ༷ས་དེ༷་འདྲ༷འི་སྨོ༷ན་ལ༷མ་ནི་རྣམ་པ་མང་པོ་འདེ༷བས་པར་བྱེ༷ད་ཅི༷ང༌། བརྒྱ་བྱིན་གྱི་མངོན་པར་མཐོ་བ་དེ༷་ཐོ༷བ་པའི་དོ༷ན་དུ༷་ཚུལ་ཁྲིམས་སྣ་རེ་ཙམ་བསྲུང་བ་ལ་སོགས་པའི་དགེ༷་བ༷་ནི༷་སྦྱོར་བས་ཡ༷ང་ད༷ག་པར་བླ༷ངས་ནས་གན༷ས་པ༷ར་འགྱུ༷ར་རོ། །ཞེས་པའོ། །

ལས་དེས་འདོད་པའི་གོ་འཕང་འཐོབ་ཚུལ་ནི། སྐྱེས་པ་དང་བུད་མེད་དེ༷་ད༷ག་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་དཀར་པོ་དགེ༷་བ༷འི་ལ༷ས་རྣམས་ལེགས་པར་སྤྱད་པ་དེ༷ས་ནི༷། བརྒྱ་བྱིན་ལ་སོགས་པ་མཐོང་བ་འདི༷་དག་གཟུགས་བརྙན་གྱི་སྣ༷ང་བ་ཤར་བ་ཙམ་ཡིན་གྱི་ལྷ་ལ་སོགས་པའི་དངོས་པོ་འདིར་འོངས་པ་ནི་མ་ཡིན་ནོ། །ཞེ༷ས་བྱ་བ་དེ༷་ལྟ༷་བུ༷ར་ཡང་དག་པར་ཤེ༷ས་པ༷་མེ༷ད་ཀྱ༷ང་གཟུགས་བརྙན་ལ་ངོ་བོར་བཟུང་ནས་དགེ་བ་སྤྱད་པའི་དབང་གིས་ས༷་ཡི་སྟེ༷ང་མིའི་ལུས་ན༷ས་ཤི་འཕོ༷ས་ཏེ༷་རང་གང་འདོད་པའི་ལྷ༷ར༷་ནི་སྐྱེ༷་བ༷ར་འགྱུ༷ར་རོ། །ཞེས་པའོ། །

འབད་པ་མེད་པས་དོན་དུ་འགྱུར་ཚུལ་ནི།

བཻཌཱུརྻའི་ས་གཞི་ལ་བརྒྱ་བྱིན་ལ་སོགས་པའི་སྣ༷ང་བ༷་ཤར་བ་དེ༷་ནི༷་ཤི༷ན་ཏུ༷་འཛམ་བུའི་གླིང་པ་རྣམས་དགེ་བ་ལ་གཞུག་པར་བྱའོ་སྙམ་པའི་ཡ༷ང་ཀུན་སློང་གི་རྣམ་པར་རྟོ༷ག་པ༷་མེ༷ད་ཅི༷ང་འབད་རྩོལ་གྱིས་གཡོ༷་བ༷་མེ༷ད་པ་ཡིན་པ་དེ༷་ལྟ༷་མོ༷ད་ཀྱི༷་འོན་ཀྱང་ས༷འི་སྟེ༷ང་མིའི་ཡུལ་ན༷་གནས་པ་རྣམས་དངོས་སུ་དགེ་བ་ལ་སྦྱོར་ཞིང༌། བརྒྱུད་ནས་མངོན་པར་འདོད་པའི་གོ་འཕང་ལ་སྦྱོར་བས་དོ༷ན་ཆེ༷ན་པོ་དང་ལྡན་པ་ཉིད་ཀྱི༷ས་ནི༷་ཉེ༷་བ༷ར་གན༷ས་པ་ཡིན་ནོ། །ཞེས་པའོ། །

དོན་ལའང་བཞི་ལས། དག་པའི་སེམས་ལ་གཟུགས་སྐུ་སྣང་ཚུལ་ནི། དཔེ་དེ༷་བཞི༷ན་དུ་ད༷ད་པ་དང་བརྩོན་འགྲུས་ལ་སོ༷གས་པ་རྣམས་མི་མཐུན་ཕྱོགས་མ་དད་པ་ལ་སོགས་པའི་དྲི༷་མ་མེ༷ད་པ་ཅ༷ན་དུ་བྱས་ནས། ད༷ད་པ་དང་བརྩོན་འགྲུས་དང་དྲན་པ་ལ་སོ༷གས་པའི་ཡོ༷ན་ཏ༷ན་རྣམས་རིམ་གྱིས་བསྒོ༷མས་པ༷འི༷་དབང་གིས་ར༷ང་གི་སེ༷མས་དང་བར་གྱུར་པ་ལ༷་སྣ༷ང་བ་རྫོ༷གས་པའི་སང༷ས་རྒྱ༷ས་ཀྱི་གཟུགས་ཀྱི་སྐུ་ཡང་མཚ༷ན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་ཉེ་བར་མཛེས་པ་ད༷ང༌། དཔེ༷་བྱ༷ད་བཟང་པོ་བརྒྱད་ཅུ་དང་ལྡ༷ན་པ༷་ད༷ང༌། རེས་འགའ་སྐུ་འཆ༷ག་པ༷་ད༷ང་ནི༷་དེ་བཞིན་དུ་བཞེ༷ངས་པ༷་ད༷ང༌། གདན་ལ་བཞུ༷གས་པ༷་ད༷ང༌། མནལ་བའི་ཕྱིར་གཟི༷མས་པ༷་ད༷ང༌། གཞན་ཡང་གཤེགས་པ་ལ་སོགས་པའི་སྤྱོ༷ད་ལ༷མ་རྣམ་པ་སྣ༷་ཚོ༷གས་པ་མཛ༷ད་པ༷་ཅ༷ན་དང༌། གདུལ་བྱ་ལ་ཞི༷་བ་མྱ་ངན་ལས་འདས་པ༷འི་ཆོ༷ས་ནི༷་གསུ༷ང་བ༷་ད༷ང༌། རེས་འགའ་ཆོས་མི༷་གསུ༷ང་བར་ནི་ནང་དུ་ཡང་དག་འཇོག་ལ་མཉ༷མ་པ༷ར་བཞ༷ག་པར་གྱུ༷ར་པ༷་དང༌། རྫུ་འཕྲུལ་ལ་སོགས་པའི་ཆོ༷་འཕྲུ༷ལ་རྣ༷མ་པ༷་སྣ༷་ཚོ༷གས་པ་ད༷ག་མཛ༷ད་པ༷་དང༌། འོད་ཀྱི་དཀྱིལ་འཁོར་དང་ལྡན་པས་གཟི༷་མད༷ངས་ཆེ༷ན་པོ༷་ཅ༷ན་ལ་སོགས་པའི་རྣམ་འཕྲུལ་མཐའ་ཡས་པར་སྐལ་བ་དང་ལྡན་པའི་སེ༷མས་ཅ༷ན་རྣ༷མས་ཀྱི༷ས་མཐོ༷ང་བ༷ར་འགྱུ༷ར་རོ། །ཞེས་པའོ། །

དེ་ལ་འདོད་པའི་གོ་འཕང་སྒྲུབ་ཚུལ་ནི།

རང་གི་སེམས་དག་པ་ལ་སྣང་བའི་གཟུགས་ཀྱི་སྐུ་དེ༷་མཐོ༷ང་ན༷ས་ཀྱ༷ང་སངས་རྒྱས་ཐོབ་པར་འདོ༷ད་པའི་འདུན་པ་དང་ལྡ༷ན་པ༷འི་སྒོ་ནས་སང༷ས་རྒྱ༷ས་ཉི༷ད་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་དུ་ཐོས་པ་ལ་སོགས་པའི་དགེ་བ་ལ་ར༷བ་ཏུ་སྦྱོ༷ར་ཏེ༷། དེ་ལྟར་སངས་རྒྱས་དེ༷་འགྲུབ་པར་བྱེད་པའི་རྒྱུ༷་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ལ་སོགས་པ་ཡ༷ང་ད༷ག་པར་བླ༷ངས་ན༷ས་ནི༷་རིམ་གྱིས་གོམས་པར་བྱས་པ་ལས་འདོ༷ད་པ༷འི་འབྲས་བུ་མཐར་ཕྱིན་པ་ལ་སོགས་པའི་སངས་རྒྱས་ཀྱི་གོ༷་འཕ༷ང་ཐོ༷བ་པ༷ར་བྱེ༷ད་དོ། །ཞེས་པའོ། །

འབད་པ་མེད་ཀྱང་དོན་དུ་འགྱུར་ཚུལ་ནི།

སེམས་དག་པ་ལ་སྣ༷ང་བ༷འི་སངས་རྒྱས་དེ༷་ནི༷་ཤིན༷་ཏུ༷་ཡ༷ང་སེམས་ཅན་གྱི་དོན་འདི་དང་འདི་ལྟ་བུ་བྱའོ་སྙམ་པའི་ཀུན་སློང་གི་རྣམ་པར་རྟོ༷ག་པ་མེ༷ད་ཅིང༌། འབད་རྩོལ་གྱིས་ནམ་ཡང་གཡོ༷་བ༷་མེ༷ད་པ༷་ཉི༷ད་ཡིན་ལ། དེ༷་ལྟ༷་ན༷་ཡ༷ང་སངས་རྒྱས་ཀྱི་གཟུགས་མཐོང་བ་དེ་ནི་འཇི༷ག་རྟེ༷ན་ན༷་གདུལ་བྱ་རྣམས་དངོས་སུ་དགེ་བའི་རྩ་བ་ཆེན་པོ་ལ་སྦྱོར་ཞིང༌། བརྒྱུད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྦྱོར་བས་དོ༷ན་ཆེ༷ན་པོ༷་དང་ལྡན་པ་ཉིད་ཀྱིས་ནི༷་ཉེ༷་བ༷ར་གན༷ས་པ་ཡིན་ནོ། །ཞེས་པའོ། །

རིམ་གྱིས་མཐར་ཐུག་ཆོས་སྐུ་ཐོབ་ཚུལ་ནི། གཟུགས་ཀྱི་སྐུའི་རྣམ་པར་འཕྲུལ་པ་མཐའ་ཡས་པ་འདི༷་ནི༷། ར༷ང་གི་སེ༷མས་དག་པ་ལ་དོན་དམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་སྣ༷ང་བ༷་ཙམ་ཡིན་གྱི་མཐར་ཐུག་པའི་སངས་རྒྱས་ནི་མ་ཡིན་ནོ། །ཞེ༷ས་བྱ་བར་བྱིས་པ་སོ༷་སོ༷འི་སྐྱེ༷་བོ༷ས་ཡང་དག་པར་མི༷་ཤེ༷ས་མོ༷ད། དེ༷་ལྟ༷་ན༷་ཡ༷ང་སངས་རྒྱས་ཀྱི་གཟུ༷གས་སྐུ་ཉིད་མཐོ༷ང་བ་ལས་ཀྱང་ལྟ་བ་པོའི་གདུལ་བྱ་དེ༷་ད༷ག་ལ༷་དོ༷ན་ཆེན་པོ་ཡོ༷ད་པར་འགྱུ༷ར་ཏེ། རི༷མ་གྱི༷ས་གཟུགས་ཀྱི་སྐུ་དེ༷་མཐོ༷ང་བ་ལ༷་བརྟེ༷ན་ན༷ས་སངས་རྒྱས་ཐོབ་པར་བྱ་བའི་ཆེད་དུ་ཐེ༷ག་པ༷་ཆེན་པོའི་ཟབ་མོ་འདི༷་ལ༷་གན༷ས་ཤིང་ལམ་ཉམས་སུ་ལེན་པའི་སྐལ་བ་དང་ལྡན་པ༷་རྣ༷མས་ཀྱིས་ན༷ང་སོ་སོ་རང་གི༷ས་རིག་པར་བྱ་བ་དོན་ད༷མ་པ༷འི་སེམས་ཀྱི་རང་བཞིན་འོད་གསལ་བ་ཆོ༷ས་ཀྱི་སྐུ༷་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི༷། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ༷་ཤེ༷ས་ཀྱི་མི༷ག་གི༷ས་མངོན་སུམ་དུ་གསལ་བར་མཐོ༷ང་བ༷ར་འགྱུ༷ར་རོ། །ཞེས་པའོ། །

དེ་ཉིད་ལེགས་པར་སྦྱར་ཏེ་བཤད་པ་ནི། ཇི༷་ལྟ༷ར་ན་འཛམ་བུའི་གླིང་ས༷་གཞི་མ་ལུས་པ་ཀུ༷ན་གཡང་ས་དང་ངམ་གྲོག་ལ་སོགས་པ་ཉ༷མ་ང༷་བའི༷་གན༷ས་གཞ༷ན་ད༷ང་བྲ༷ལ་ནས་དྲི༷་མ་མེ༷ད་པའི་བཻ༷ཌཱུ༷རྻ༷འི་རང་བཞིན་འོད་གས༷ལ་བ་དང༌། དབྱིབས་མཛེ༷ས་པ་ལ་སོགས་པ་ནོ༷ར་བུ༷འི་ཡོ༷ན་ཏ༷ན་དྲི༷་མ་དང་བྲ༷ལ་བའི་དཔ༷ལ་དང་ལྡ༷ན་ཞིང༌། སྟེ༷ང་ནི༷་མཐའ་དག་ལག་མཐིལ་ལྟར་མཉ༷མ་པར་གྱུ༷ར་ལ་དེ༷་ཉིད་ད༷ག་ཅིང་གསལ་ལ་དྲི་མ་མེད་པའི་ཕྱི༷ར་མེ་ལོང་གི་ངོས་ལྟར་གྱུར་པ་དེ༷ར་ནི༷་ལྷ༷འི་བདག་པོའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་ལ་སོགས་པའི་ཚོ༷གས་དང༌། ལྷ༷་རྣམས་ཀྱི་དབ༷ང་པོ་བརྒྱ་བྱིན་དང༌། ལྷ༷་དེ་ལས་གཞན་པའི་རིགས་མང་པོ་དང༌། ལྷ་རྫས་ཀྱི་ལོངས་སྤྱོད་མཐའ་ཡས་པའི༷་གཟུ༷གས་བརྙན་ཤ༷ར་ཏེ༷། མཐར་རི༷མ་གྱི༷ས་ས༷འི༷་ཡོ༷ན་ཏ༷ན་གསལ་བ་ལ་སོགས་པ་དང་བྲ༷ལ་བའི་ཕྱི༷ར་གཟུགས་བརྙན་དེ༷་ནི༷་སླ༷ར་ཡ༷ང་མི༷་སྣ༷ང་བར་འགྱུ༷ར་ཞིང༌། སྣང་བ་ཤར་བ་ལ་བརྟེན་ནས་བརྒྱ་བྱིན་ལོངས་སྤྱོད་དང་ལྡན་པ་དེ༷འི་དངོ༷ས་པོ་ཐོ༷བ་པར་བྱ་བའི་ཕྱི༷ར་བསྙེ༷ན་གན༷ས་ཡན་ལག་བརྒྱད་པ་ལ་སོགས་པའི་བརྟུ༷ལ་ཞུ༷གས་དང་ངེ༷ས་པ༷ར་སྦྱི༷ན་པ་དང་མཆོད་པ་ལ་སོ༷གས་པ་ལ༷་མངོན་པར་ཕྱོ༷གས་པ༷འི་བུ༷ད་མེ༷ད་དང༌། སྐྱེ༷ས་པའི་ཚོ༷གས་རྣམས་ལྷའི་དབང་པོ་ཐོབ་པར་མོ༷ས་པ༷འི་སེ༷མས་ཀྱི༷ས་མེ༷་ཏོ༷ག་དང་བདུག་པ་ལ༷་སོ༷གས་པ་འཐོ༷ར་ཞིང་འབུལ་བས་ལེགས་པར་སྤྱད་པ་སྣ་ཚོགས་ལ་འཇུག་པ༷་ལྟ༷ར་དྲི་མ་ད༷ག་པ༷འི་བཻ༷ཌཱུ༷རྻ༷་དང་འདྲ༷་བའི༷་རང་གི་སེ༷མས་དག་པ་ལ༷་སྣ༷ང་བ༷འི་ཐུ༷བ་པའི་དབ༷ང་པོ་ཐོ༷བ་པར་བྱ༷་བའི༷་ཕྱི༷ར་དུ་སངས་རྒྱས་ལ་ར༷བ་ཏུ་དག༷འ་བའི་སེ༷མས་དང་ལྡ༷ན་པའི་རྒྱ༷ལ་སྲ༷ས་བྱང་ཆུབ་སེམས་དཔའ་རྣ༷མས་ཀྱང༌། མི་རྣམས་ལྷ་དབང་ཐོབ་པའི་དོན་དུ་དགེ་བ་བྱེད་པ་དེ༷་བཞི༷ན་དུ། བྱང་ཆུབ་ཀྱི་མཆོག་ཏུ་སེ༷མས་ར༷བ་ཏུ་བསྐྱེ༷ད་ནས་ཕ་རོལ་དུ་ཕྱིན་པ་དྲུག་སྒྲུབ་པ་ལ་བརྩོན་པ༷ར་བྱེ༷ད་དོ། །ཞེས་པ་སྟེ། ས་གཞི་མ་དག་པ་ལ་གཟུགས་བརྙན་མི་སྣང་བ་བཞིན་དུ། སྐལ་བ་དང་མི་ལྡན་པ་རྣམས་ཀྱིས་སངས་རྒྱས་མཐོང་བ་མ་ཡིན་ནོ། །ཞེས་པའོ། །

བསྡུས་ཏེ་སྐྱེ་འགག་མེད་ཚུལ་བསྟན་པ་ནི།

དཔེ་ཇི༷་ལྟ༷ར་ན་མིའི་འཇིག་རྟེན་དུ་བཻ༷ཌཱུརྻ༷འི་ས༷་གཞི༷་རྡུལ་ལ་སོགས་པའི་དྲི་མ་མེད་ཅིང་གཙ༷ང་བར་གྱུར་པ་ལ༷་ལོངས་སྤྱོད་དང་བཅས་པའི་ལྷ༷འི་དབ༷ང་པོའི་ལུ༷ས་ཀྱི༷་གཟུ༷གས་བརྙ༷ན་སྣ༷ང་བ༷་ལྟ༷ར་དོན་དེ༷་བཞི༷ན་དུ་གདུལ་བྱའི་འགྲོ༷་བ་རྣམས་ཀྱི་སེ༷མས་ཀྱི་ས༷་གཞི༷་མ་དད་པ་ལ་སོགས་པའི་དྲི་མ་མེད་ཅིང་གཙ༷ང་བར་གྱུར་པ་ལ༷་མཚན་བཟང་པོ་དང་བཅས་པའི་ཐུ༷བ་པ༷འི་དབ༷ང་པོ༷འི་སྐུ༷འི༷་གཟུ༷གས་བརྙ༷ན་འཆ༷ར་ཞིང༌། དེ་ལྟར་ན་ཡང་གདུལ་བྱའི་འགྲོ༷་བ༷ར་སངས་རྒྱས་ཀྱི་སྐུའི་གཟུ༷གས་བརྙ༷ན་འཆ༷ར་བ་དང་ནུ༷བ་པར་སྣང་བ་ནི་མ་དད་པ་ལ་སོགས་པའི་རྙོ༷ག་པ་མེ༷ད་ཅིང་དྭངས་པར་གྱུར་པའི་རང་གི་སེམས་རབ་ཏུ་འཇུག་པའི་དབང་གིས་གཟུགས་ཀྱི་སྐུ་འཆར་བར་སྣང་བ་ད༷ང༌། མ་དད་པ་ལ་སོགས་པའི་རྙོ༷ག་པ་དང་བཅས་ཤིང་རྣམ་པར་མ་དག་པ༷འི་ར༷ང་གི་སེ༷མས་ར༷བ་ཏུ་འཇུ༷ག་པའི་དབ༷ང་གི༷ས་གཟུགས་ཀྱི་སྐུ་ནུབ་པར་སྣང་ཞིང་འཇུ༷ག་པ་ཡིན་གྱིས། དཔེ་ཇི༷་ལྟ༷ར་ན་མིའི་འཇི༷ག་རྟེ༷ན་ད༷ག་ན༷་ས་གཞི་དག་པ་དང་མ་དག་པའི་དབང་གིས་ལྷའི་དབང་པོའི་གཟུ༷གས་བརྙན་འཆར་བ་དང་ནུབ་པར་སྣ༷ང་ཡང་ལྷའི་དབང་པོ་རང་ཉིད་རང་གི་གནས་ལས་གཡོ་བ་མེད་པ་ལྟ༷ར། དོན་དེ༷་བཞི༷ན་དུ་གདུལ་བྱ་དག་པ་དང་མ་དག་པའི་དབང་གིས་གཟུགས་ཀྱི་སྐུར་སྐྱེ་བ་དང་འགག་པར་སྣང་ཡང་དོན་དམ་པ་ཆོས་ཀྱི་སྐུ་ལ་ཡོ༷ད་པ་སྐྱེ་བ་ད༷ང་ཞི༷ག་པ་འགག་པ་ཞེ༷ས་བྱ་བ་དེ༷་ལྟར་ནམ་ཡང་མི༷་ལྟ༷་སྟེ། འདུས་མ་བྱས་ཤིང་འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའོ།།

གདམས་ངག་གསུང་ཚུལ་རྔའི་དཔེས་ངེས་པར་བྱ་བ་ལ་གསུམ་སྟེ། ལྷའི་རྔ་ལྟར་དམ་ཆོས་གསུང་ཚུལ། དཔེ་རྣམས་ལས་ཁྱད་པར་འཕགས་ཚུལ། དེ་དག་ཀྱང་རྐྱེན་ལས་འཇུག་ཚུལ་ལོ། །གསུང་ཚུལ་ལ། དཔེ་དོན་མཚུངས་པའི་རྒྱུ་མཚན་རྒྱས་པར་བཤད་པ། སླར་ཡང་ལེགས་པར་སྦྱར་ཏེ་བསྡུ་བའོ། །

རྒྱས་བཤད་ལ་གསུམ་ལས། རྩོལ་བ་མེད་ཚུལ་ལ། དཔེ་ཇི༷་ལྟ༷ར་ན་ལྷ༷འི་ཡུལ་ན༷་ལྷ༷་རྣ༷མས་ཐམས་ཅད་ཀྱི༷་སྔོ༷ན་གྱི༷་ལེགས་པར་སྤྱད་པ་དཀ༷ར་པོ༷་དགེ་བའི་ལས་མཐུན་པར་བསགས་པའི༷་མཐུ༷་ཡི༷ས་ནི༷་རྔ་བོ་ཆེ་ལ་བརྗོད་འདོད་ལ་སོགས་པའི་འབ༷ད་རྩོལ་དང་ལྕེ་ད༷ང་རྐན་ལ་སོགས་པའི་སྒྲ་འབྱུང་བའི་གན༷ས་ད༷ང་ཡི༷ད་དང་བཅས་པའི་གཟུ༷གས་ད༷ང་ཀུན་སློང་གི་རྣ༷མ་པ༷ར་རྟོ༷ག་པ༷་རྣམས་མེ༷ད་བཞི༷ན་དུ༷་འདུས་བྱས་ཐམས་ཅད་ནི་མི༷་རྟ༷ག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུ༷ག་བསྔ༷ལ་བ་དང༌། ཆོས་ཐམས་ཅད་བད༷ག་མེ༷ད་པ་ད༷ང༌། མྱ་ངན་ལས་འདས་པ་ཐམས་ཅད་ཞི༷་བའོ། །ཞེས་པ༷འི་སྒྲ༷་འབྱུང་བ་ཡི༷ས་འདོད་པའི་ཡོན་ཏན་ལ་སེམས་གཡེངས་པས་བ༷ག་མེ༷ད་པ༷ར་གྱུར་བའི༷་ལྷ༷་རྣ༷མས་ཐ༷མས་ཅ༷ད་ལ་ཡ༷ང་ན༷ས་ཡ༷ང་དུ་ཆོ༷ས་ཀྱི༷་རྔ༷་བོ་ཆེས༷་ནི༷་དགེ་བ་ལ་བསྐུ༷ལ་བར་བྱེ༷ད་པ་ལྟ༷ར། དོན་དེ༷་བཞི༷ན་དུ་ཁྱ༷བ་བད༷ག་རྫོགས་པའི་སངས་རྒྱས་རྣམས་འདི་དང་འདི་བསྟན་པར་བྱའོ་སྙམ་པའི་བརྗོད་འདོད་ཀྱི་འབ༷ད་རྩོལ་ལ་སོ༷གས་པ་ད༷ང་བྲ༷ལ་ཡ༷ང་གདུལ་བྱའི་འགྲོ༷་བ༷་མ༷་ལུ༷ས་པ༷་ལ་རང་རང་གི་སྐད་མཐུན་པར་འཇུག་པའི་སང༷ས་རྒྱ༷ས་ཀྱི་གསུ༷ང་གི༷ས་ཁྱ༷བ་པར་མཛ༷ད་དེ༷། རིགས་ཅན་གསུམ་གྱི་སྐ༷ལ་བ་དང་ལྡ༷ན་པ་རྣ༷མས་ལ༷་ཐེག་པ་གསུམ་གྱི་ཆོ༷ས་རྒྱ་ཆེན་པོ་སྟོ༷ན་པར་མཛད་དོ༷། །ཞེས་པའོ། །

ལས་ལས་འབྱུང་ཚུལ་ནི། ཇི༷་ལྟ༷ར་ན་ལྷ༷འི་ཡུལ་ན༷་ལྷ༷་རྣ༷མས་ཀྱི༷་རྔ༷་བོ་ཆེའི་སྒྲ༷་ལས༷་ཆོས་ཀྱི་སྡོམ་བཞི་སྟོན་པར་ནི་སྔོན་ལྷ་རྣམས་རང་ར༷ང་གི༷ས་དཀར་པོ་དགེ་བའི་ལ༷ས་མཐུན་པར་བསགས་པ་ལ༷ས་བྱུ༷ང་བ་དེ༷་བཞི༷ན་དུ་འཇི༷ག་རྟེ༷ན་ན་ཐུ༷བ་པ་རྫོགས་པ༷འི་སངས་རྒྱས་ཀྱིས་གདུལ་བྱའི་བསམ་པ་དང་མཐུན་པར་ཆོ༷ས་ཀྱི་སྒོ་མཐའ་ཡས་པ་གསུ༷ང་བ༷་ཡང༌། སེམས་ཅན་རང་ར༷ང་གི༷་དགེ་བའི་ལ༷ས་རྒྱ་ཆེན་པོ་བསགས་པའི་མཐུ་ལ༷ས་བྱུ༷ང་བ་ཡིན་ནོ། །ཞེས་པའོ། །

ཞི་བ་སྒྲུབ་ཚུལ་ནི། དཔེ་ཇི་ལྟར་ན་བརྗོད་འདོད་ལ་སོགས་པའི་འབ༷ད་རྩོལ་དང༌། སྒྲ་འབྱུང་བའི་གན༷ས་དང༌། ཡིད་དང་བཅས་པའི་ལུ༷ས་ད༷ང༌། ཀུན་སློང་རྣམ་པར་རྟོག་པའི་སེ༷མས་རྣམས་དང་བྲ༷ལ་བ༷འི་རྔ་བོ་ཆེའི་སྒྲ༷་དེ༷་ལྷ་རྣམས་ཀྱིས་བག་མེད་པ་ཞི༷་བ་སྒྲུ༷བ་པ་ལྟ༷ར་དོན་དེ༷་བཞི༷ན་དུ་འབ༷ད་རྩོལ་ལ་སོ༷གས་པའི་ཆོས་དེ་བཞི་ད༷ང་བྲ༷ལ་བ༷འི་སྒོ་ནས་རང་རང་གི་སྐལ་བ་དང་མཐུན་པར་གསུངས་པའི་ཆོ༷ས་འདི༷་ཡང༌། གདུལ་བྱ་མཐའ་ཡས་པའི་རྒྱུད་ལ་ཞི༷་བ༷་མྱ་ངན་ལས་འདས་པའི་གོ་འཕང་སྒྲུ༷བ་པ༷ར་བྱེ༷ད་དོ། །ཞེས་པའོ། །

བསྡུ་བ་ནི། དཔེ་ཇི༷་ལྟ༷ར་ན་ལྷ༷འི༷་གྲོ༷ང་ཁྱེར་རྣམས་ན༷་ཆོས་ཀྱི་རྔ༷་བོ་ཆེའི་སྒྲ༷་བསྒྲགས་པའི༷་རྒྱུ༷་ལས༷་བྱུ༷ང་བས་མི༷་འཇི༷གས་པ་སྦྱི༷ན་པར་བྱེད་པ༷་ནི༷་ལྷ་རྣམས་ཉོ༷ན་མོ༷ངས་པ་ཞེ་སྡང་གི་དབང་གིས་ལྷ་མ་ཡིན་དང་འཐབ་པའི་ཕྱིར་གཡུ༷ལ་དུ༷་འཇུ༷ག་པའི་ཚེ༷་ལྷ༷་རྣམས་ལ་མ་འཇིགས་ཤིག་ཅེས་པའི་སྒྲ་ལས་ལྷ་མི༷ན་གྱི་དཔུ༷ང་རྒྱ༷ལ་པའི་འཇིགས་པ་སེལ་བར་བྱེད་ཅིང༌། ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས་འདོད་ཡོན་ལ་རྩེ༷ད་མོ༷་རྩེ་བའི་བདེ་བ་ལ་ཆགས་པ་ན་ཆོས་ཀྱི་སྡོམ་བཞིའི་སྒྲ་ལས་བག་མེད་པ་སེ༷ལ་བར་བྱེད་པ༷་ལྟ༷ར། དེ༷་བཞི༷ན་དུ་གདུལ་བྱའི་འཇི༷ག་རྟེ༷ན་མཐའ་ཡས་པ་ད༷ག་ན༷་སངས་རྒྱས་ཀྱི་ཆོས་བསྟན་པ་ལ་བརྟེན་ནས་བས༷མ་གཏ༷ན་དང་གཟུ༷གས་མེ༷ད་པའི་ཏིང་ངེ་འཛིན་སྒོམ་པ་ལ༷་སོ༷གས་པ་དགེ་བའི་རྩ་བ་སྤེལ་བའི་རྒྱུ༷་ལས༷་བྱུ༷ང་བ༷ས་སེ༷མས་ཅ༷ན་ཐམས་ཅད་ཀྱི་ཉོ༷ན་མོ༷ངས་པ་དང་སྡུ༷ག་བསྔ༷ལ་གྱིས་འཇིགས་པ་ར༷བ་ཏུ་འཇོ༷མས་པར་བྱེད་ཅིང༌། ཞི༷་བ༷་མྱ་ངན་ལས་འདས་པ་བླ༷་ན་མེ༷ད་པའི་ལ༷མ་གྱི་ཚུ༷ལ་རབ་ཏུ་བརྗོ༷ད་པ་ལས་དེའི་གོ་འཕང་ཐོབ་པར་བྱེད་དོ། །ཞེས་པའོ། །

དེ་བས་ན། དཔེ་རྣམས་ལས་ཁྱད་པར་འཕགས་ཚུལ་ལ་གཉིས་ལས། ཁྱད་པར་འཕགས་ཚུལ་མདོར་བསྟན་པ་ནི། ག༷ང་གི་ཕྱི༷ར་གདུལ་བྱའི་སྐྱེ༷་བོ་མཐའ་ཡས་པ་ཀུ༷ན་ལ་རང་རང་གི་བསམ་པ་དང་མཐུན་པར་ཁྱབ་པས་ཉེ་ཚེ་བ་མ་ཡིན་པ༷་ཉི༷ད་ད༷ང༌། མཐར་ཐུག་ངེས་པར་ལེགས་པའི་གོ་འཕང་ལ་སྦྱོར་བས་ཕ༷ན་པ་ཉིད་དང༌། གནས་སྐབས་མངོན་པར་མཐོ་བའི་དགའ་བ་ལ་སྦྱོར་བས་བ༷དེ་བ་ཉིད་དང༌། རྫུ་འཕྲུལ་གྱི་ཆོ༷་འཕྲུ༷ལ་དང༌། ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམ་པ་གསུ༷མ་དང་ལྡ༷ན་པས་སྡུག་བསྔལ་ལས་ངེས་པར་འབྱིན་པ༷་ཉིད་དེ། ཡོན་ཏན་གྱི་ཆོས་བཞི་དང་ལྡན་པ་དེ༷འི་ཕྱི༷ར་ཐུ༷བ་པ་རྫོགས་པའི་སངས་རྒྱས་ཀྱི་ཆོས་གསུང་བའི་དབྱ༷ངས་ནི༷་ལྷ༷་རྫ༷ས་ཀྱི༷་སི༷ལ་སྙ༷ན་ཉི་ཚེ་བ་ཕན་པ་དང་བདེ་བ་དང་ངེས་པར་འབྱིན་པ་མ་ཡིན་པ་རྣ༷མས་ལ༷ས་ཆེས་ཁྱ༷ད་པ༷ར་དུ་འཕ༷གས་པ་ཉིད་དོ། །ཞེས་པའོ།།

ཁྱད་པར་རྒྱས་པར་བཤད་པ་ནི།

ལྷ༷འི་གནས་མཐའ་ཡས་པར༷་ནི༷། རྔ༷འི༷་སྒྲ༷་ཆེ༷ན་པོ༷ས་ཁྱབ་པར་འགྲོ་བ་ཡིན་ཡང༌། དེ་ཉིད་ས༷འི་གཞིར༷་གན༷ས་པའི་སེམས་ཅན་རྣ༷མས་ཀྱི༷་རྣ༷་བར༷་མི༷་འགྲོ༷་བ་ཉི་ཚེ་བ་ཡིན་ལ། སང༷ས་རྒྱ༷ས་ཀྱི་ཆོས་གསུང་བའི་རྔ༷་སྒྲ༷་ནི་དུས་ལ་བབ་པས་ན་གདུལ་བྱའི་འཁོ༷ར་བ༷་ན་གནས་པའི༷་ས༷་འོ༷ག་གི་འཇི༷ག་རྟེ༷ན་ད༷ག་ཏུ༷འང་ཁྱབ་པར་ཀུན་ཏུ་འགྲོ༷་བས་ཉི་ཚེ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ཁྱད་པར་དུ་འཕགས་སོ། །དེ་བཞིན་དུ་སྦྱར་ཏེ། ལྷ༷ར་ནི༷་ལྷ༷འི༷་སི༷ལ་སྙ༷ན་གྱི་རྣམ་པ་མི་འདྲ་བ་བྱེ༷་བ༷་ཕྲག་མ༷ང་པོ་རྣམས་ཀྱང་ཕྱིར་ཞིང་འདོ༷ད་ཡོན་གྱི་བདེ་བ་ལ་ཆགས་པའི་མེ༷་མངོ༷ན་པ༷ར་འཕེ༷ལ་བ༷འི་དོ༷ན་དུ༷་བསྒྲོ༷གས་པས་ཕན་པ་མ་ཡིན་ལ། ཐུ༷གས་རྗེ༷་ཆེན་པོའི༷་བད༷ག་ཉི༷ད་ཅན་རྫོགས་པའི་སངས་རྒྱས་རྣ༷མས་ཀྱི༷་གསུང་གི་དབྱ༷ངས་རྣམ་གྲངས་གཅི༷ག་ཙམ་གྱིས་ཀྱ༷ང་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཀྱི་སྡུ༷ག་བསྔ༷ལ་གྱི་མེ༷་ཚོགས་རྒྱུ་དང་བཅས་པ་ར༷བ་ཏུ་ཞི༷་བ༷འི་མྱ་ངན་ལས་འདས་པ་ཐོབ་པའི་དོ༷ན་དུ༷་འཇུ༷ག་པས་ཕན་པ་ཡིན་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཤིང༌། ལྷ༷ར་ནི༷་བཀོད་པ་མཛེ༷ས་ཤི༷ང་ཐོས་པ་ཙམ་ལས་ཡི༷ད་དུ་འོ༷ང་བའི་སི༷ལ་སྙ༷ན་གྱི་སྒྲ༷་རྣམ་པ་མང་པོ་རྣམས་ཀྱང༌། སེ༷མས་ནི་ཡུལ་ལ་རྒོ༷ད་པ༷་དང་རྣམ་པར་གཡེང་བ་འཕེ༷ལ་བ༷ར་འགྱུ༷ར་བ༷འི་རྒྱུ༷་ཡིན་པས་བདེ་བ་མ་ཡིན་ལ། ཐུ༷གས་རྗེ༷་ཆེན་པོའི་བད༷ག་ཉི༷ད་ཅན་དེ༷་བཞི༷ན་གཤེ༷གས་པ༷འི་གསུ༷ང་ནི་གདུལ་བྱ་རྣམས་བསམ་གཏན་དང་ཏི༷ང་ངེ་འཛི༷ན་ལ་སེ༷མས་གཏོ༷ད་ཅིང་བས༷མ་པ༷་བསྐུ༷ལ་བར་བྱེ༷ད་པའི་རྒྱུ་ཉི༷ད་དུ་གྱུར་པས་བདེ་བ་ཡིན་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཏེ། མདོ༷ར་ན༷་ལྷ་རྫས་ཀྱི་སིལ་སྙན་རྣམས་ནི་ངེས་པར་འབྱིན་པ་མ་ཡིན་ལ། མ༷་ལུ༷ས་པའི་འཇི༷ག་རྟེ༷ན་གྱི་ཁ༷མས་རྣམས་སུ༷་ཡ༷ང་ལྷ༷་ད༷ང་ས༷ར་གན༷ས་པ་མི་ལ་སོགས་པ་རྣམས་ཀྱི་སྡུག་བསྔལ་དང་བཅས་པ་སྤངས་ནས་ཟག་པ་མེད་པའི་བདེ༷་བ་ཆེན་པོ་འཕེལ་བར་བྱེད་པ༷འི་རྒྱུ༷་ག༷ང་ཡི༷ན་པ་དེ༷་ནི༷་ཆོ་འཕྲུལ་གསུམ་དང་ལྡན་པའི་སྒོ་ནས་མ༷་ལུ༷ས་པའི་འཇི༷ག་རྟེ༷ན་གྱི་ཁམས་རྣམས་སུ་ཁྱ༷བ་པར་སྣ༷ང་བ༷འི་སངས་རྒྱས་ཀྱི་གསུང་དབྱ༷ངས་ཉི༷ད་ལ༷་ནི༷་ར༷བ་ཏུ༷་བརྟེ༷ན་པ༷ར་བརྗོ༷ད་པས་སྡུག་བསྔལ་ངེས་པར་འབྱིན་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་སོ། །ཞེས་པའོ། །

དེ་དག་ཀྱང་རྐྱེན་ལས་འཇུག་ཚུལ་ནི། དཔེ་ཇི༷་ལྟ༷ར་ན་རྣ༷་བ༷འི་དབང་པོ་ད༷ང་བྲ༷ལ་བ༷ས་ཕྲ༷་མོ༷འི་སྒྲ༷་ནི༷་མི༷་མྱོ༷ང་ཞི༷ང་མི་ཐོས་པ་དེ་བཞིན་དུ། སྐལ་བ་དང་མི་ལྡན་པ་རྣམས་ཀྱིས་གསུང་དབྱངས་མི་ཐོས་ཤིང་སྒྲའི་ཁྱད་པར་ཐ༷མས་ཅ༷ད་ལྷ༷འི༷་རྣ༷་བ༷་ཐོབ་པའི་ཡ༷ང་རྣ༷་བའི་ལ༷མ་དུ༷་མི་འགྲོ༷་ཞིང་འགའ་ཞིག་འགྲོ་བ་ལྟར་དེ༷་བཞི༷ན་དུ་སངས་རྒྱས་ཀྱི་ཆོ༷ས་ཤིན་ཏུ་ཕྲ༷་ཞིང་ཟབ་པ་མཆོ༷ག་ཏུ༷་ཞི༷བ་མོ༷འི་ཡེ༷་ཤེ༷ས་ཁོ་ནའི་སྤྱོ༷ད་ཡུ༷ལ་དུ་གྱུར་པ་ཡ༷ང་གདུལ་བྱའི་རིགས་ཐམས་ཅད་ཀྱི་རྣ་བའི་ལམ་དུ་གྱུར་པ་ནི་མ་ཡིན་གྱི་ཉོ༷ན་མོ༷ངས་པ་མེ༷ད་པའི་ཡི༷ད་ཅན་བློ་མཆོག་ཏུ་གྱུར་པ་སྐལ་བ་ཆེན་པོ་དང་ལྡན་པ་འག༷འ་ཞི༷ག་གི༷་རྣ༷་བ༷འི་ལ༷མ་དུ༷་འགྱུ༷ར་བ༷་ཡི༷ན་ནོ། །ཞེས་པའོ། །

མཁྱེན་བརྩེས་ཁྱབ་ཚུལ་སྤྲིན་གྱི་དཔེས་ངེས་པར་བྱ་བ་ལ་བཞི་སྟེ། ལོ་ཐོག་འཕེལ་བའི་ཆོས་མཐུན་སྦྱར་བ། སྣོད་ལས་གྱུར་པའི་ཆོས་མཐུན་སྦྱར་བ། ལྟོས་པ་མེད་པའི་ཆོས་མཐུན་སྦྱར་བ། མེ་རྣམས་ཞི་བའི་ཆོས་མཐུན་སྦྱར་བའོ། །ལོ་ཐོག་འཕེལ་བའི་ཆོས་མཐུན་ལ་གཉིས་ལས། འབད་པ་མེད་ཚུལ་གྱིས་མདོར་བསྟན་པ་ནི། དཔེ་ཇི༷་ལྟ༷ར་ན་དབྱ༷ར་གྱི༷་དུ༷ས་ན༷་སྤྲི༷ན་གྱི་ཚོགས་ཆེན་པོ་འཁྲིགས་པ་ལས། ཞིང་པ་རྣམས་ཀྱི་ལོ༷་ཐོ༷ག་ཕུ༷ན་སུ༷མ་ཚོ༷གས་པ༷་སྐྱེ་བའི་རྒྱུ༷ར་གྱུར་པའི་ཆར་བའི་ཆུ༷འི༷་ཕུ༷ང་པོ༷་འབ༷ད་རྩོལ་མེ༷ད་པ༷ར་ས༷་གཞི་ལ༷་མངོན་པར་འབེ༷བས་པ༷་ལྟ༷ར་དོན་དེ༷་བཞི༷ན་དུ་ཚད་མེད་པའི་ཐུ༷གས་རྗེ༷་ཆེན་པོའི༷་སྤྲི༷ན་ལ༷ས་ནི༷་རྒྱ༷ལ་བ་ཐམས་ཅད་མཁྱེན་པ༷འི་ད༷མ་པའི་ཆོ༷ས་ཀྱི་ཆུ༷་ཡི༷་ཆ༷ར་པ་ཆེན་པོ་འགྲོ༷་བ༷འི་ཞིང་ལ་དགེ༷་བ༷འི་ལོ༷་ཐོ༷ག་ཟད་མི་ཤེས་པ་འཕེལ་བའི་རྒྱུ༷ར་གྱུར་པ་ཡང་ཀུན་སློང་གི་རྣ༷མ་པ༷ར་རྟོ༷ག་པ༷་དང་འབད་རྩོལ་མེ༷ད་བཞིན་དུ་ལྷུན་གྱིས་གྲུབ་པ༷ར་འབེ༷བས་སོ། །ཞེས་པའོ། །

རྐྱེན་ལས་འཇུག་ཚུལ་གྱི་བཤད་པ་ནི།

དཔེ་ཇི༷་ལྟ༷ར་ན་འཇི༷ག་རྟེ༷ན་པའི་སྐྱེ་བོ་རྣམས་དགེ༷་བ༷འི་ལས་ཀྱི་ལ༷མ་ལ་འཇུ༷ག་ཅིང་བག་ཡོད་པར་སྤྱོད་པ་ན༷་ལྷ་རྣམས་ཀྱི་མཐུས་རླུ༷ང་དལ་བུས་བསྲུབས་པ་ལས་སྐྱེ༷ས་པའི་སྤྲི༷ན་གྱི༷་ཚོགས་ལས་ཆུ༷འི་ཆ༷ར་པ་རིམ་གྱིས་འབེ༷བས་པ༷་ལྟ༷ར། དོན་དེ༷་བཞི༷ན་གདུལ་བྱའི་འགྲོ༷་བ་རྣམས་ཀྱང་དད་པ་དང་བརྩོན་འགྲུས་ལ་སོགས་པའི་དགེ༷་བ་མངོ༷ན་པ༷ར་འཕེ༷ལ་བས་ན། སང༷ས་རྒྱ༷ས་རྣམས་ཀྱི་ཐུགས་བརྩེ༷་བ་ཆེན་པོའི་རླུ༷ང་གིས་བསྲུབས་པའི་སྤྲི༷ན་ལ༷ས་ད༷མ་པའི་ཆོ༷ས་ཀྱི་ཆ༷ར་ཆེན་པོ༷་འབེ༷བས་པར་མཛད་དེ། དེ་ལྟར་སྤྲིན་དང་འདྲ་བའི་རྒྱུ་མཚན་ཡང་སྲི༷ད་པ་འཁོར་བ་ན་གནས་པའི་གདུལ་བྱའི་ཞིང་ལ༷་ཕན་གདགས་པའི་ཆེད་དུ་ཡང་དག་པའི་མཁྱེ༷ན་པ་བརྩེ༷་བ་ཆེ༷ན་པོ་མངའ་བ་ལ་བརྟེན་ནས། མཁྱེན་པས་བདག་མེད་མཐའ་དག་རྟོགས་པའི་ཕྱིར་འགྱུ༷ར་བ༷་འཁོར་བའི་སྐྱོན་གྱིས་མ་གོས་པ་ད༷ང༌། བརྩེ་བས་སེམས་ཅན་རྣམས་རྗེས་སུ་འཛིན་པའི་ཕྱིར་མི༷་འགྱུ༷ར་བ་མྱ་ངན་ལས་འདས་པའི་སྐྱོན་གྱིས་མ༷་གོ༷ས་པ་ན༷མ་མཁ༷འི་དཀྱི༷ལ་དུ་གན༷ས་ཤིང་ཟག་པ༷་མེད་པའི་ཏི༷ང་ངེ་འཛི༷ན་དང༌། གཟུ༷ངས་ཀྱི་སྒོ་མཐའ་ཡས་པའི་ཆུ༷་དྲི༷་མ་མེ༷ད་པའི་སྙི༷ང་པོ༷་ཅ༷ན་དུ་གྱུར་པ་ཐུ༷བ་པའི་དབ༷ང་པོ་རྫོགས་པའི་སངས་རྒྱས་ཀྱི་སྤྲི༷ན་ནི༷། དགེ༷་བ༷འི་ལོ༷་ཐོ༷ག་ཟད་མི་ཤེས་པ་འཕེལ་བའི་རྒྱུ༷་ཡིན་པའི་ཕྱིར་རོ། །ཞེས་པའོ། །

སྣོད་ལས་འགྱུར་ཚུལ་གཉིས་ལས། དཔེ་ནི། ཇི༷་ལྟ༷ར་ནམ་མཁའ་ལས་ཆར་བབ་པ་ལས་རེག་བྱ་བསི༷ལ་བ་ད༷ང་རོ་ཞི༷མ་ཞིང་མངར་བ་ད༷ང༌། ལུས་ལ་མི་གནོད་པས་འཇ༷མ་པ༷་ད༷ང༌། བརྡེགས་སླ་བས་ཡ༷ང་བ༷་དང༌། ཤིན་ཏུ་དྭངས་ཤིང་དྲི་ང་བ་མེད་པ་དང༌། མང་དུ་འཐུངས་ཀྱང་ལྟོ་བ་ལ་མི་གནོད་པ་དང༌། མགྲིན་པ་ལ་མི་གནོད་པ་སྟེ། ཡན་ལག་བརྒྱད་དང་ལྡན་པའི་རོ་གཅིག་པའི༷་ཆུ༷་ནི༷་སྤྲི༷ན་གྱི་ཚོགས་དེ༷་ལ༷ས་རིམ་གྱིས་འཐོ༷ན་ཞིང་བབ་པ༷་ན་འོག་གཞི་ས༷་ལ༷་བ༷་ཚྭ༷་ཡོད་པ་དང་མེད་པ་ལ༷་སོ༷གས་པ་གན༷ས་ཐ་དད་པ་དང་འབྲེ༷ལ་བའི་དབང་གིས་ཁ་བ༷་དང་མངར་བ་ལ་སོགས་པ་ཤི༷ན་ཏུ༷་མ༷ང་པོ༷འི་རོ༷་དང་ནུས་པ་ཐ་དད་པར་ནི༷་འགྱུ༷ར་བ༷་ལྟར། ཞེས་པའོ། །

དོན་ནི། དེ༷་བཞི༷ན་དུ་སངས་རྒྱས་ཀྱི་ཆོས་གསུངས་པ་ན་ཡང་དམ་པའི་ཆོས་འཕ༷གས་པ༷འི་ལམ་ཡ༷ན་ལ༷ག་བརྒྱ༷ད་དང་ལྡན་ཞིང་ཟབ་མོ་དེ་བཞིན་ཉིད་དུ་རོ་གཅིག་པའི་ཆུ༷འི་ཆ༷ར་བ་རྣམས་ར༷བ་ཏུ་ཡ༷ངས་ཤིང་རྒྱ་ཆེ་བའི་ཐུགས་བརྩེ༷་བ་ཆེན་པོའི་སྤྲི༷ན་གྱི་སྙི༷ང་པོ༷་ལ༷ས་རིམ་གྱིས་ཐོ༷ན་ཞིང་བབ་པ༷་ན་གདུལ་བྱ་འགྲོ༷་བ༷འི་རྒྱུ༷ད་ཀྱི༷་ཁམས་དང་བསམ་པ་དང་དབང་པོ་ལ་སོགས་པ་གན༷ས་ཐ་དད་པ་རྣམས་ཀྱི༷ས་དབྱེ༷་བ༷་ལ༷ས་ཐེག་པ་གསུམ་ལ་སོགས་པ་རྣ༷མ་པ༷་མ༷ང་པོ༷འི་རོ༷་ད༷ང་ལྡ༷ན་པ༷ར་འགྱུ༷ར་རོ། །ཞེས་པའོ།།

ལྟོས་པ་མེད་ཚུལ་ལ་གསུམ་ལས། དཔེ་གསུམ་གྱིས་མདོར་བསྟན་ནི། སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པའི་ཚུལ་ཐེ༷ག་པ༷་མཆོ༷ག་གི་ཆོས་ཀྱི་ཆར་ཕབ་པ་ལ༷ས་རབ་ཏུ་དྭ༷ངས་ཤིང་མོས་པ༷་ངེས་པའི་སེམས་ཅན་གྱི་ཕུང་པོ་ད༷ང༌། མོས་མི་མོས་བ༷ར་མར་གནས་པ་མ༷་ངེས་པའི་སེམས་ཅན་གྱི་ཕུང་པོ་ད༷ང་ནི༷་ཞེ་སྡ༷ང་ཞིང་མི་མོས་པ་ལོག་པར་ངེས་པ༷འི༷་སེམས་ཅན་གྱི་ཕུ༷ང་པོ༷་གསུ༷མ་ནི༷་རིམ་པ་ལྟར། ཆར་བབ་པ་ན་མི༷་ད༷ག་ད༷ང༌། ཞིང་མོས་པ་དང༌། ཙཱ་ཏ་ཀཱ་བར་མར་གནས་པ་ད༷ང༌། ཡི༷་དྭ༷གས་རྣམས་ཞེ་སྡང་ཞིང་མི་མོས་པ་དང་འདྲ༷་བའོ། །ཞེས་པའོ། །

དེའི་དོན་རྒྱས་བཤད་ནི།

དཔྱི༷ད་ཀྱི་མཐ༷ར་སོས་ཀའི་དུས་སུ་སྤྲི༷ན་མེ༷ད་པས་ཆར་མ་བབ་པ༷་ན༷་མི༷་རྣམས་སྡུག་ཅིང་མི་དགའ་ལ། ཆར་བྱུང་བ་ན་དགའ་བ་ད༷ང༌། མཁ༷འ་ལ་མི༷་རྒྱུ༷་བ༷འི་བྱ༷་ཙཱ་ཏ་ཀཱ་ད༷ག་ནམ་ཡང་ཆུ་ལ་ལྟོས་པ་མེད་པས་ཆར་པ་དག་ལ་དགའ་མི་དགའ་བར་མར་གནས་པ་ད༷ང༌། དབྱ༷ར་གྱི་དུས་ལ་བབ་པའི་ཚེ༷་ས༷་གཞི་ལ༷་ཆ༷ར་ཆེན་པོ་བ༷བ་པ༷་ན༷་བྱེ་ཚན་གྱི་ཆར་དུ་སྣང་བས་ཡི༷་དྭ༷གས་ད༷ག་ནི༷་ཤིན་ཏུ་སྡུ༷ག་བསྔལ་ཞིང་མི་དགའ་བར་གནས་པ༷་ལྟ༷ར། སངས་རྒྱས་རྣམས་ཀྱི་སྙི༷ང་རྗེ༷་ཆེན་པོའི༷་སྤྲི༷ན་གྱི་ཚོ༷གས་ད༷ག་གི༷ས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོ༷ས་ཀྱི་ཆུ༷འི་ཆར་བ་འཇིག་རྟེན་དུ་བྱུ༷ང་བ་ད༷ང་མ༷་བྱུ༷ང་བ༷་དག་ལ༷ས་ཀྱ༷ང་རིམ་པ་བཞིན་དུ་ཆོ༷ས་འདོ༷ད་པ༷་ངེས་པའི་སེམས་ཅན་གྱི་ཕུང་པོ་ནི་ཆོས་ཀྱི་ཆར་བྱུང་ན་དགའ་ཞིང་མ་བྱུང་ན་མི་དགའ་བ་ད༷ང༌། མ་ངེས་པའི་སེམས་ཅན་གྱི་ཕུང་པོ་ནི་ཆོ༷ས་ལ༷་དགའ་མི་དགའ་བར་མར་གནས་པ་དང༌། ཆོས་ལ་སྡ༷ང་བ༷འི་ལོག་པར་ངེས་པའི་སེམས་ཅན་གྱི་ཕུང་པོ་ནི་ཆོས་ཀྱི་ཆར་མ་བྱུང་ན་དགའ་བར་གནས་ཏེ། དོན་གསུམ་པོ་དེ་ད༷ག་མཚོན་པར་བྱེད་པ་ལ་འཇི༷ག་རྟེ༷ན་ན༷་ནི་ད༷པེ་གསུམ་པོ་དེ༷་ཉི༷ད་དང་སྦྱར་བར་བྱའོ། །ཞེས་པའོ།།

ལྟོས་མེད་དུ་འཇུག་ཚུལ་ནི། དཔེར་ན་ཐི༷གས་པ༷་ར༷གས་པ་ཆར་ཆེན་པོ་དང་སེར་བ་འབེ༷བས་པ་དང༌། འགའ་ཞིག་ཏུ་ལས་ཀྱི་དབང་གིས་རྡོ༷་ཚ༷ན་གྱི་ཆར་འབེབས་པ་ད༷ང་ནི༷་རྡོ༷་རྗེ༷འི་མེ༷་དང་ཐོག་ནི༷་འབེ༷བས་པ༷་ན༷། ས་གཞི་ལ་གནས་པའི་སྲོ༷ག་ཆ༷གས་ཕྲ༷་མོ་འགའ་ཞིག་ལ་གནོད་པ་ད༷ང་རི༷་སུ༷ལ་དུ་སོ༷ང་བ༷འི་སྲོག་ཆགས་འགའ་ཞིག་ལ་མི་གནོད་པ་ལ་སོགས་པ་ད༷ག་ལ༷་ཇི༷་ལྟ༷ར་སྤྲི༷ན་གྱི་ཕུང་པོ་ལྟོ༷ས་པ་མེ༷ད་པར་འཇུག་པ་དང༌། སངས་རྒྱས་རྣམས་ཀྱི་ཕྲ༷་ཞིང་ཟབ་པ་ད༷ང༌། ཡངས་ཤིང་རྒྱ༷་ཆེ༷་བའི་ཆོས་ཀྱི་ཆར་བ་རྣམས་ར༷གས་ཤིང་ཐབས་ལ་མཁས་པ༷འི་ཚུ༷ལ་གྱི༷ས་མཁྱེ༷ན་པ༷་ད༷ང་ནི༷་བ༷རྩེ་བ༷འི་སྤྲི༷ན་ལས་བྱུང་བ་ན་ཡང༌། ཉོ༷ན་མོ༷ངས་པ་ད༷ག་པར་འགྱུ༷ར་བའི་སྐལ་བ་དང་ལྡན་པ་འགའ་ཞིག་ལ་ཕན་པ་རྒྱ་ཆེན་པོ་འབྱུང་ཞིང༌། བད༷ག་ཏུ་ལྟ༷་བའི༷་བ༷ག་ལ་ཉ༷ལ་བརྟན་པོ་དང་བཅས་པ་སྐལ་བ་མེད་པ་འགའ་ཞིག་ལ་རེ་ཤིག་མི་སྣང་ཡང༌། དེ་ད༷ག་གི་ཕན་གནོད་ལ༷་རྣ༷མ་པ་ཀུ༷ན་ཏུ་ལྟོ༷ས་པ༷་མེ༷ད་པར་རབ་ཏུ་འཇུག་པའོ། །ཞེས་པའོ།།

མེ་རྣམས་འཇོམས་ཚུལ་ལ་གསུམ་ལས། སྡུག་བསྔལ་གྱི་མེ་ཚོགས་ཞི་བར་བྱེད་པའི་ཚུལ་ནི། ཀུན་ནས་ཉོན་མོངས་པ་གསུམ་གྱིས་བསྡུས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་འཁོར་ཡུག་ཏུ་འཁོ༷ར་བ༷འི་དབང་གིས་སྐྱེ༷་བ་དང་འཆི༷་བ་ལ་སོགས་པའི་དབང་གིས་སྡུག་བསྔལ་ཐོ༷ག་མ༷་འདི་ཙམ་ནས་བྱུང་བའི་ངེས་པ་ཡང་མེ༷ད་ཅིང༌། ཐར་པའི་ལམ་མི་སྒོམ་པ་རྣམས་མཐའ་འདི་ནས་འགག་གི་ངེས་པ་ཡང་མེད་པའི་གནས་དེ༷ར་འགྲོ༷་བ༷་རྣམས་མངོན་པར་བགྲོད་པའི༷་ལ༷མ་ནི༷་རྣ༷མ་པ༷་ལྔ༷་ཡིན་ཏེ། དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་སྟེ་ངན་སོང་གསུམ་དང༌། མི་དང་ལྷ་སྟེ་བདེ་འགྲོ་གཉིས་སོ། །དེས་ན་མི༷་གཙ༷ང་བ༷འི་དངོས་པོ་ལ༷་ནམ་ཡང་དྲི༷་ཞི༷མ་པོ་མེ༷ད་པ་བཞི༷ན་དུ་འགྲོ༷་བ་ལྔ༷འི་འཁོར་བ་ད༷ག་ན༷་ཡང་བདེ༷་བ༷འི་གོ་སྐབས་ཅུང་ཟད་ཀྱང་མེ༷ད་དེ། སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་ཤིན་ཏུ་སྡུག་བསྔལ་བར་གནས་པ་ཉིད་ཀྱི་ཕྱིར་རོ། །འཁོར་བ་དེ༷འི༷་སྡུ༷ག་བསྔ༷ལ་གྱི་ཁྱད་པར་ཡང་རྟ༷ག་ཏུ༷་རྒྱུན་མི་ཆད་པར་མེ༷་ཆེན་པོས༷་བསྲེག་པ་དང༌། མཚོ༷ན་ཆ་རྣོན་པོས་བཏབ་པ་དང༌། རྨ་གསར་བ་ལ་རྒྱ༷་ཚྭ༷་ལ༷་སོ༷གས་པས་རེ༷ག་པ་ལས་སྐྱེ༷ས་པའི་སྡུག་བསྔལ་གྱི་ཚོར་བ་ཇི་ལྟ་བ་བཞི༷ན་དུ་ཤིན་ཏུ་བཟོད་པར་དཀའ་བར་གནས་པ་ལ་སངས་རྒྱས་ཀྱིས་དེ་རྣམས་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུ༷གས་རྗེ༷་ཆེན་པོའི་སྤྲི༷ན་ལ༷ས་ཟབ་པ་དང་རྒྱ་ཆེ་བའི་ད༷མ་པའི་ཆོ༷ས་ཀྱི་ཆ༷ར་བ་ཆེ༷ན་པོ་དོན་ཉམས་སུ་བླངས་ན་སྡུག་བསྔལ་གྱི་མེ་དཔུང་དེ༷་རྣམས་ར༷བ་ཏུ་ཞི༷་བར་བྱེ༷ད་པ་རང་རང་གི་སྐལ་བ་དང་མཐུན་ཞིང་རྒྱུན་མི་ཆད་པ་ར༷བ་ཏུ༷་འབེ༷བས་སོ། །ཞེས་པའོ། །

ཞི་བྱེད་ཀྱི་ཤེས་རབ་རིམ་གྱིས་འབྱུང་ཚུལ་ནི།

ལྷ༷་ལ༷འང་འཆི༷་འཕོ༷་བ་ལྟུང་འགྱུར་གྱི་སྡུག་བསྔལ་དང༌། མི༷་ལ༷འང་མེད་པ་ཡོ༷ངས་སུ་ཚོ༷ལ་བ་དང་ཡོད་པ་བསྲུང་བ་དང༌། བཀྲེས་སྐོམ་དང་ངལ་དུབ་ལ་སོགས་པའི་སྡུ༷ག་བསྔ༷ལ་དང་ལྡན་པའོ། །ཞེ༷ས་བྱ༷་བར་རྟོ༷གས་པ༷འི་ཕྱི༷ར། འཁོར་འདས་ཀྱི་གནས་ལུགས་ཤེས་པའི་ཤེ༷ས་ར༷བ་དང་ལྡ༷ན་པའི་མཁས་པ༷་རྣམས་ནི་ལྷ༷འི་དབང་ཕྱུག་བརྒྱ་བྱིན་ལ་སོགས་པ་དང༌། མི༷འི་དབ༷ང་ཕྱུ༷ག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་གོ་འཕང་མཆོ༷ག་ཏུ་གྱུར་པ་ལ༷འ༷ང་མངོ༷ན་པ༷ར་འདོ༷ད་པ་མེ༷ད་དེ༷། སྔོན་གྱི་སྐྱེ་བས་ཐོབ་པའི་ཤེ༷ས་ར༷བ་ད༷ང་ནི༷། འདིར་ཡང་དེ༷་བཞི༷ན་གཤེ༷གས་པ༷འི་གསུ༷ང་ར༷བ་དྲི་མ་མེད་པ་ལ་ཤིན་ཏུ་ད༷ད་པ༷འི་དབང་གིས་རྗེ༷ས་སུ་འབྲ༷ངས་ཤིང་ཐོས་པ་དང་བསམ་པ་ཚུལ་བཞིན་དུ་བྱས་ནས་ཟག་པ་དང་བཅས་པ་འབྲས་བུའི་ཆ་འདི༷་ཐམས་ཅད་ནི༷་སྡུ༷ག་བསྔ༷ལ་བ་དང༌། ལས་དང་ཉོན་མོངས་པ་འདི༷་ཐམས་ཅད་ནི་དེའི་རྒྱུ༷་ཀུན་འབྱུང་བ་དང༌། འཁོར་བ་རྒྱུ་འབྲས་དེ་དག་མ་ལུས་པར་འགགས་པ་འདི༷་ནི༷་འགོ༷ག་པ་མྱ་ངན་ལས་འདས་པ་ཉིད་ཅེ༷ས་བྱ་བར་ལམ་བདག་མེད་རྟོགས་པའི་ཤེ༷ས་རབ་རྣམ་པར་དག་པ༷ས་ཡང་དག་པར་མཐོ༷ང་བའི་ཕྱི༷ར་རོ༷། །ཞེས་པའོ། །

ཤེས་པ་ལྟར་སྤོང་ལེན་ཉམས་སུ་བླང་ཚུལ་ནི། དཔེར་ན་ནད་ཀྱི་སྡུག་བསྔལ་དང་བྲལ་ནས་ནད་མེད་པའི་བདེ་བ་ཐོབ་པར་འདོད་པའི་ཤེས་ལྡན་དག་གིས་ན༷ད་ཀྱི་ངོ་བོ་གང་ཡིན་པའི་ཚུལ་ནི༷། ཤེ༷ས་པར་བྱ༷ས་ནས་ན༷ད་དེ་སྐྱེད་བྱེད་ཀྱི༷་རྒྱུ༷་མི་འཕྲོད་པའི་ཟས་ལ་སོགས་པ་ནི༷་སྤ༷ང་བར་བྱ༷་བ་ཡིན་ལ༷། ནད་མེད་པའི་བདེ༷་བར་གན༷ས་པ་ནི་ཐོ༷བ་པར་བྱ༷་བ་ཡིན་ཞིང༌། དེའི་ཐབས་སྨ༷ན་ནི༷་བཟང་པོ་བསྟེ༷ན་པ༷ར་བྱ༷་བ༷་ཡིན་པ་ལྟ༷ར། དེ་བཞིན་དུ་འཁོར་བའི་སྡུ༷ག་བསྔ༷ལ་དང་བྲལ་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འདོད་པའི་བློ་དང་ལྡན་པ་དག་གིས་ཀྱང་ཟག་པ་དང་བཅས་པ་འབྲས་བུས་བསྡུས་པའི་འཁོར་བ་ཐམས་ཅད་སྡུག་བསྔལ་དུ་ཡོངས་སུ་ཤེ༷ས་པར་བྱ༷ས་ནས། དེའི་རྒྱུ༷་ལས་ད༷ང་ཉོན་མོངས་པས་བསྡུས་པའི་ཀུན་འབྱུང་མཐའ་དག་སྤ༷ང་བར་བྱ༷་བ་ཡིན་ལ། དེ༷་དག་དྲི་མ་དང་བྲལ་བའི་འགོ༷ག་པ༷་ད༷ང་དེ༷་བཞི༷ན་དུ་མྱ་ངན་ལས་འདས་པའི་བདེ་བ་ནི་མངོན་སུམ་དུ་རེ༷ག་ཅིང་ཐོབ་པ༷ར་བྱ༷་བ་ཡིན་ཞི༷ང༌། དེའི་ཐབས་སུ་ཟག་པ་མེད་པའི་ལ༷མ་ལྔ་པོ་རིམ་གྱིས་རྒྱུད་ལ་བསྟེ༷ན་པ༷ར་བྱ༷་བ་ཡིན་ནོ། །ཞེས་པའོ། །

སྤྲུལ་པ་མཛད་ཚུལ་ཚངས་པའི་དཔེས་ངེས་པར་བྱ་བ་ལ་གཉིས་ཏེ། སྐལ་ལྡན་ལ་སྣང་བ་སྟོན་ཚུལ་དང༌། སྐལ་མེད་ལ་སྣང་བ་མེད་ཚུལ་ལོ། །སྣང་བ་སྟོན་ཚུལ་ལ་གསུམ་ལས། འབད་པ་མེད་པས་མཚུངས་པ་ནི། དཔེ་ཇི༷་ལྟ༷ར་ན་གཟུགས་ཁམས་ཀྱི་ལྷ་ཚ༷ངས་པ༷་ཆེན་པོ་ནི། ཚ༷ངས་པ༷འི༷་གན༷ས་བསམ་གཏན་དང་པོའི་གཞལ་ཡས་ཁང་ཉིད་ན༷ས་གཞན་དུ་འཕོ༷་བ༷་མེ༷ད་བཞི༷ན་དུ༷་འདོད་པ་ན་སྤྱོད་པའི་ལྷ༷འི༷་གན༷ས་ནི༷་དྲུག་པོ་ཐ༷མས་ཅ༷ད་དུ༷་སྤྲུལ་པའི་སྣ༷ང་བ༷་འབ༷ད་པ་མེ༷ད་པར་སྟོ༷ན་པ༷་ལྟ༷ར། དོན་དེ༷་བཞི༷ན་དུ་ཐུ༷བ་པ༷་རྫོགས་པའི་སངས་རྒྱས་རྣམས་ཀྱང་དོན་དམ་ཆོ༷ས་སྐུ༷་ལ༷ས་ནམ་ཡང་གཞན་དུ་བསྐྱོ༷ད་པ༷་མེ༷ད་པ༷ར་འཇིག་རྟེན་གྱི་ཁ༷མས་མཐའ་ཡས་པ་ཀུ༷ན་ཏུ༷་སྐ༷ལ་བ་དང་ལྡ༷ན་པའི་གདུལ་བྱ་རྣ༷མས་ལ༷་འབ༷ད་རྩོལ་མེ༷ད་ཅིང་ལྷུན་གྱིས་གྲུབ་པ༷ར་ཀུན་རྫོབ་གཟུགས་ཀྱི་སྐུའི་སྤྲུ༷ལ་པ༷་ད༷ག་གིས་གང་ལ་གང་འདུལ་གྱི་རྣམ་འཕྲུལ་སྣ་ཚོགས་པ་དག་ནི༷་སྟོ༷ན་པ༷ར་མཛ༷ད་དོ། །ཞེས་པའོ། །

ཉེས་པ་སེལ་བས་མཚུངས་པར་བསྟན་པ་ནི།

ཇི༷་ལྟ༷ར་ལྷ་ཚ༷ངས་པ་ཆེན་པོ་དུས་རྟ༷ག་ཏུ་རང་གི་གཞ༷ལ་ཡ༷ས་ཁ༷ང་ལས་མི༷་གཡོ༷་བར་གནས་བཞིན་དུ་སྤྲུལ་པའི་ལུས་ཀྱིས་འདོ༷ད་པའི་ཁ༷མས་ཀྱི་ལྷའི་གནས་ཐམས་ཅད་དུ་ཁྱབ་པར་ཞུ༷གས་པ༷་དེ༷་ཉིད། འདོད་པ་ན་སྤྱོད་པའི་ལྷ༷འི་རིགས་དྲུག་པོ་རྣ༷མས་ཀྱི༷ས་མཐོ༷ང་བར་གྱུར་ཅིང༌། གཟུགས་ཁམས་ཀྱི་ལྷའི་འབྱོར་བ་དེ༷་མཐོ༷ང་བ་ལ་བརྟེན་ནས་འདོད་ཁམས་ཀྱི་ལྷ་མང་པོ་དེ༷་ཡ༷ང༌། ཚངས་པའི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ། འདོད་པའི་ཡོན་ཏན་གཟུགས་སྡུག་པ་དང༌། སྒྲ་སྙན་པ་དང༌། དྲི་ཞིམ་པ་དང༌། རོ་མངར་བ་དང་རེག་བྱ་འཇམ་པ་ལ་སོགས་པའི་ཡུ༷ལ་ལ༷་དག༷འ་བ༷འི་ཆགས་པ་སྤོ༷ང་བར་བྱེ༷ད་པ་ལྟ༷ར། དེ༷་བཞི༷ན་དུ་བདེ༷་བར་གཤེ༷གས་པ་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཆོ༷ས་ཀྱི༷་སྐུ༷་ལ༷ས་ནམ་ཡང་མི༷་བསྐྱོ༷ད་པར་ཞུགས་པ་བཞིན་དུ་སྤྲུལ་པའི་སྐུས་འཇི༷ག་རྟེ༷ན་གྱི་ཁ༷མས་མ་ལུས་པ་ཀུ༷ན་ཏུ༷་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་དེ་ཉིད་སྐ༷ལ་བ་དང་ལྡ༷ན་པའི་གདུལ་བྱ་རྣམས་ཀྱི༷ས་མཐོ༷ང་བར་འགྱུར་ཞིང༌། གཟུགས་སྐུའི་རྣམ་འཕྲུལ་དེ༷་མཐོ༷ང་བ་ལ་བརྟེན་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་མང་པོ་དེ༷་ཡ༷ང༌། སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བའི་ཕྱིར། དུས་རྟ༷ག་ཏུ༷་སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་དྲི༷་མ༷་མ་ལུས་པ་ཀུ༷ན་སེ༷ལ་བར་བྱེ༷ད་པ་ལ་སྦྱོར་བ་ཉིད་དོ། །ཞེས་པའོ། །

སྐལ་བར་ལྟོས་པས་མཚུངས་པར་བསྟན་པ་ནི། སྔོ༷ན་གྱི༷་དུས་སུ་ལྷ་རྣམས་ཀྱི་དོན་བྱེད་པར་ཚངས་པ་ར༷ང་ཉི༷ད་ཀྱིས་སྨོ༷ན་ལ༷མ་བཏབ་པའི་མཐུ་ད༷ང༌། འདོད་པ་ན་སྤྱོད་པའི་ལྷ༷་རྣ༷མས་ཀྱི༷ས་ནི༷་ཚངས་པ་མཐོང་བར་གྱུར་པའི་དགེ༷་བ༷་མཐུན་པར་བསགས་པའི༷་མཐུ༷་ལས་ཇི༷་ལྟ༷ར་ན་ཚ༷ངས་པ༷་ལ་འབ༷ད་རྩོལ་མེ༷ད་པར་འདོད་ཁམས་སུ་སྣ༷ང་བ་སྟོན་པ་ལྟར། ར༷ང་བྱུ༷ང་རྫོགས་པའི་སངས་རྒྱས་ཀྱི་སྤྲུ༷ལ་པའི་སྐུ༷་ཡང་དེ༷་བཞི༷ན་དུ་སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་དང༌། གདུལ་བྱ་རྣམས་ཀྱི་དགེ་བའི་མཐུ་ལས། ཆོས་སྐུ་ལས་འབད་རྩོལ་མེད་པར་འཇིག་རྟེན་དུ་རྣམ་འཕྲུལ་སྣ་ཚོགས་སྟོན་པ་ཡིན་ནོ༷། །ཞེས་པའོ། །

སྐལ་མེད་ལ་སྣང་བ་མེད་ཚུལ་ནི། སངས་རྒྱས་རྣམས་གདུལ་བྱ་དུས་ལ་བབ་ན། དགའ་ལྡན་གྱི་གནས་ནས་འཛམ་བུའི་གླིང་དུ་འཕོ༷་བ་ད༷ང༌། ཡུམ་སྒྱུ་མ་ཆེན་མོ་ལ་སོགས་པའི་ལྷུ༷མས་སུ་འཇུ༷ག་པ་དང༌། ལུམྦི་ནའི་ནགས་ཚལ་ལ་སོགས་པར་སྐུ་བལྟ༷མས་པ་ད༷ང༌། ཡ༷བ་ཀྱི༷་རྒྱལ་པོའི་ཁ༷བ་གྲོང་ཁྱེར་ཆེན་པོ་སེར་སྐྱ་ལ་སོགས་པར་གཤེ༷གས་པ་ད༷ང༌། བཙུན་མོའི་འཁོར་བརྒྱད་ཁྲི་ལ་སོགས་པ་དང་ལྷན་ཅིག་དགྱེ༷ས་པར་རོ༷ལ་པ༷་ད༷ང༌། ཁབ་ནས་མངོན་པར་བྱུང་སྟེ་གནས་ཤིན་ཏུ་དབེ༷ན་པ༷ར་དཀའ་བ་སྤྱོ༷ད་པ་ད༷ང༌། བྱང་ཆུབ་སྙིང་པོར་གཤེགས་ནས་བདུ༷ད་ཀྱི་སྡེ་དཔུང་དང་བཅས་པ་བཅོ༷མ་པ་ད༷ང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་བྱ༷ང་ཆུ༷བ་ཆེ༷ན་པོའི་གོ་འཕང་བརྙེ༷ས་པ་དང༌། ལུས་ཅན་རྣམས་ཞི༷་བ༷་མྱ་ངན་ལས་འདས་པའི༷་གྲོ༷ང་ཁྱེར་དུ༷་བགྲོད་པར་བྱེད་པའི་ལ༷མ་སྟོ༷ན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལ་སོགས་པ་ད༷ག་ལེགས་པར་ཡོངས་སུ་བསྟ༷ན་ན༷ས་རེ་ཤིག་འོས་སུ་གྱུར་པ་རྣམས་ཀྱི་དོན་བྱ་བ་རྫོགས་པར་གཟིགས་ནས་ཐུ༷བ་པ༷འི་དབང་པོ་རྣམས་མྱ་ངན་ལས་འདས་པའི་ཚུལ་སྟོན་ཅིང༌། སངས་རྒྱས་མཐོང་བའི་སྐ༷ལ་བ་མེ༷ད་པའི་སེམས་ཅན་རྣམས་ཀྱི་མི༷ག་གི༷་ལ༷མ་དུ་སྣང་བར་མི༷་འགྱུ༷ར་བ་ཉིད་དོ། །ཞེས་པའོ། །

ཡེ་ཤེས་སྤྲོ་ཚུལ་ཉི་མའི་དཔེས་ངེས་པར་བྱ་བ་ལ་བཞི་སྟེ།

ཕན་གནོད་ལ་རྟོག་པ་མེད་ཚུལ། མི་རྟོག་པར་གཞན་དོན་མཛད་ཚུལ། སྐལ་བ་ལས་རིམ་གྱིས་འཆར་ཚུལ། དཔེ་ལས་ཀྱང་ཁྱད་པར་འཕགས་ཚུལ་ལོ། །དེ་ལས་རྟོག་པ་མེད་ཚུལ་ནི། ཇི༷་ལྟ༷ར་ན་ཉི༷་མ༷འི་འོད་ཟེར་ནི་རབ་ཏུ་ཚ་བས་གདུ༷ངས་པ༷འི་དུ༷ས་གཅི༷ག་གི་ཚེ༷་ཉི༷ད་ལ༷་མེ་ཏོག་པ༷ད་མའི་ཚོགས་རྣམས་རབ་ཏུ་རྒྱ༷ས་པར་འགྱུར་བ་ད༷ང༌། མེ་ཏོག་ཀུ༷་མུ༷་ཏ༷འི་ཚོགས་ནི༷་རབ༷་ཏུ་ཟུ༷མ་པ༷ར་གྱུར་ན་ཡང་ཆུ༷་སྐྱེ༷ས་པད་མ་བྱེ༷་བར་བྱའོ་སྙམ་པ་ད༷ང༌། ཀུ་མུ་ཏ་ཟུ༷མ་པར་བྱའོ་སྙམ་པ༷འི་སྒོ་ནས་བྱེ་བའི་ཡོ༷ན་ཏ༷ན་དང་ཟུམ་པའི་སྐྱོ༷ན་ད༷ག་ལ༷་ཉི༷་མ༷འི་དཀྱིལ་འཁོར་རྣམ་པར་རྟོ༷ག་པ་མེ༷ད་པར་འཇུག་པ་ལྟར་འདི༷ར་ཡང་འཕ༷གས་པ་ཆེན་པོ་རྫོགས་པ༷འི་སངས་རྒྱས་ཀྱི་ཉི༷་མས་ཀྱང་དེ༷་བཞི༷ན་དུ་དམ་པའི་ཆོས་ཀྱི་འོད་ཟེར་གྱིས་གདུངས་པའི་དུས་གཅིག་གི་ཚེ་ཉིད་ལ་གདུལ་བྱའི་བློ་གྲོས་ཀྱི་པད་མ་རབ་ཏུ་རྒྱས་པ་དང༌། གདུལ་བྱ་མ་ཡིན་པའི་ཡིད་ཀྱི་ཀུ་མུ་ཏ་རབ་ཏུ་ཟུམ་པར་གྱུར་ཀྱང༌། སངས་རྒྱས་ནི་དེ་དག་གི་ཕན་གནོད་ལ་རྣམ་པར་རྟོག་པ་མེད་པས་རབ་ཏུ་འཇུག་གོ །ཞེས་པའོ། །

གཞན་དོན་མཛད་ཚུལ་ལ་གསུམ་ལས། རྟོག་པ་མེད་པས་གཞན་དོན་མཛད་ཚུལ་ནི། དཔེ་ཇི༷་ལྟ༷ར་ན་ཉི༷་མ༷འི་དཀྱིལ་འཁོར་ལ་རྣམ་པར་རྟོ༷ག་པ༷་མེ༷ད་བཞིན་དུ་ར༷ང་གི་འོ༷ད་ཟེར་མཐའ་ཡས་པ་དུས་ཅི༷ག་ཅ༷ར་དུ་སྤྲོ༷ས་པ༷་ཡི༷ས་མེ་ཏོག་པ༷ད་མ༷འི་ཚོགས་རྣམས་ཁ་བྱེ་ཞིང་རབ་ཏུ་རྒྱ༷ས་པ༷ར་བྱེ༷ད་པ༷་ད༷ང༌། གཞ༷ན་ལོ་ཐོག་ཕུན་སུམ་ཚོགས་པའི་ཁྱད་པར་ད༷ག་རབ་ཏུ་སྨི༷ན་པ༷ར་བྱེ༷ད་པ༷་ལྟ༷ར། དོན་དེ༷་བཞི༷ན་དུ་དེ༷་བཞི༷ན་གཤེ༷གས་པ༷་རྫོགས་པའི༷་སངས་རྒྱས་ཀྱི་ཉི༷་མ༷འི་དཀྱིལ་འཁོར་ཡང་ད༷མ་པའི་ཆོ༷ས་ཀྱི་འོ༷ད་ཟེ༷ར་མཐའ་ཡས་པ་ད༷ག་ཅིག་ཅར་སྤྲོས་པས་གདུ༷ལ་བྱ༷འི་སྐྱེ༷་བོ༷འི་པ༷ད་མ༷འི་ཚོགས་ལ༷་ཡོན་ཏན་གྱི་འདབ་མ་རབ་ཏུ་རྒྱས་པར་མཛད་ཅིང༌། དགེ་བའི་ལོ་ཐོག་སྨིན་པར་མཛད་ཀྱང་དེ་དག་ལ་རྣ༷མ་པ༷ར་རྟོ༷ག་པ༷་མེ༷ད་ཅིང་ལྷུན་གྱིས་གྲུབ་པ༷ར་འཇུ༷ག་གོ །ཞེས་པའོ།།

འོད་ཟེར་སྤྲོས་པས་གཞན་དོན་མཛད་ཚུལ་ནི། དཔེར་ན། ཉི་མའི་དཀྱིལ་འཁོར་ནམ་མཁའི་དབྱིངས་སུ་ཤར་བའི་འོད་ཟེར་གྱིས་འཇིག་རྟེན་གྱི་མུན་པ་སེལ་བར་བྱེད་པ་བཞིན་དུ། རང་དོན་དོན་དམ་ཆོ༷ས་ཀྱི་སྐུ་ད༷ང༌། གཞན་དོན་ཐ་སྙད་གཟུ༷གས་ཀྱི༷་སྐུ༷་གཉིས་པོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ད༷ག་གི༷ས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་བྱ༷ང་ཆུ༷བ་སྙི༷ང་པོ༷་མངོན་སུམ་དུ་གྱུར་པའི་ནམ་མཁ༷ར་ཤ༷ར་བ༷འི་ཀུ༷ན་མཁྱེ༷ན་ཆོས་ཀྱི་རྒྱལ་པོའི་ཉི༷་མ༷་ཡང༌། གདུལ་བྱ་མ་ལུས་པའི་འགྲོ༷་བ༷ར་ནི༷་མཁྱེན་པའི་ཡེ༷་ཤེ༷ས་ཀྱིས་དམ་པའི་ཆོས་ཀྱི་འོ༷ད་ཟེ༷ར་སྣ་ཚོགས་སྤྲོ༷་བས་མི་ཤེས་པའི་མུན་པ་སེལ་བ༷ར་མཛ༷ད་དོ། །ཞེས་པའོ། །

ཅིག་ཅར་ཤར་བས་གཞན་དོན་མཛད་ཚུལ་ནི། དཔེར་ན་ཆུ་དང་བས་གང་བའི་སྣོད་མང་པོར་ཉི་མའི་གཟུགས་བརྙན་དུས་ཅིག་ཅར་དུ་འཆར་བ་ལྟར། ག༷ང་གི་ཕྱི༷ར་གདུ༷ལ་བྱ༷་མཐའ་ཡས་པའི་རྒྱུད་ཉོན་མོངས་པ་ལ་སོགས་པའི་དྲི་མས་ཡོངས་སུ་ད༷ག་པ༷་དེའི༷་ཕྱིར་ཆུ༷་དང་བས་གང་བའི༷་སྣོ༷ད་དང་འདྲ་བར་ནི༷་ཐ༷མས་ཅ༷ད་ལ༷་བདེ༷་བར་གཤེ༷གས་པའི་གཟུགས་ཀྱི་སྐུ་ནི་ཉི༷་མ༷འི་གཟུ༷གས་བརྙ༷ན་དང་འདྲ་བ་ནི༷་དཔ༷ག་ཏུ༷་མེ༷ད་པ༷་དུས་ཅི༷ག་ཅ༷ར་དུ་འཆ༷ར་བས་གཞན་དོན་ཕུན་སུམ་ཚོགས་པ་མཛད་དོ། །ཞེས་པའོ། །

རིམ་གྱིས་འཆར་ཚུལ་ལ་གཉིས་ལས། བསྟན་པ་ནི། དུས་རྟ༷ག་ཏུ༷་ཆོས་ཅན་ཐ༷མས་ཅ༷ད་ལ༷་རྣམ་པར་དབྱེར་མེད་པར་ཁྱ༷བ་པ༷འི་ཆོ༷ས་ཀྱི་དབྱི༷ངས་ཤིན་ཏུ་རྣམ་པར་དག་པ་ན༷མ་མཁ༷འི་དཀྱི༷ལ་དང་འདྲ་བ་ཉིད་དུ༷་ནི༷་རྫོགས་པའི་སང༷ས་རྒྱ༷ས་ཉི༷་མ༷་ཆེན་པོ་དང་འདྲ་བ་རྣམས་ཤར་ནས་གདུ༷ལ་བྱ༷འི༷་སྐྱེ་བོ་རི༷་དང་འདྲ་བ་རྣམས་ལ༷་ཇི༷་ལྟ༷ར་འོ༷ས་ཤིང་སྐལ་བ་དང་འཚམས་པ༷ར་རིམ་གྱིས་འབ༷བ་ཅིང་འཆར་བ་ཉིད་དོ། །ཞེས་པའོ།།

བཤད་པ་ནི།

ཇི༷་ལྟ༷ར་ན་རྒྱ༷་ཆེ༷ན་པོའི་འོ༷ད་ཟེ༷ར་སྟོ༷ང་ཕྲག་དུ་མ་དང་ལྡ༷ན་པའི་ཉི༷་མ་ནམ་མཁའི་དབྱིངས་སུ་ཤ༷ར་བ་འདི༷་ནི་གླིང་བཞི་པའི་འཇི༷ག་རྟེ༷ན་རྣམས་འོད་ཟེར་གྱིས་ཀུ༷ན་ཏུ༷་སྣ༷ང་བ༷ར་བྱ༷ས་ན༷ས་རིམ༷་གྱི༷ས་ནི༷་དང་པོ་མཆོ༷ག་ཏུ་མཐོན་པོའི་རི་ལ་འབབ་པ་ད༷ང༌། དེ་ནས་བ༷ར་མ༷འི་རི་ལ་འབབ་པ་དང༌། མཐར་དམ༷ན་པ༷འི་རི༷་ལ༷་འབ༷བ་ཅིང་འཆར་བ་དེ༷་བཞི༷ན་དུ། ཡེ་ཤེས་ཀྱི་འོད་ཟེར་རྒྱ་ཆེན་པོ་དང་ལྡན་པའི་རྒྱ༷ལ་བ༷་ཐམས་ཅད་མཁྱེན་པའི༷་ཉི༷་མ༷་ཆོས་ཀྱི་དབྱིངས་ནམ་མཁའི་དཀྱིལ་དུ་འཆར་བ་འདི་ཡང་གདུལ་བྱ་སེ༷མས་ཅ༷ན་གྱི་ཚོ༷གས་ལ༷་རི༷མ་གྱི༷ས་འབ༷བ་སྟེ། དང་པོར་སྐལ་བ་མཆོག་ཏུ་གྱུར་པ་རྣམས་ལ་སྣང་ཞིང༌། དེ་ནས་སྐལ་བ་བར་མར་གྱུར་པ་རྣམས་ལ་སྣང་ལ། མཐར་སྐལ་བ་དམན་པ་རྣམས་ལ་སྣང་བས་གཞན་ཡོངས་སུ་སྨིན་པར་མཛད་དོ། །ཞེས་པའོ། །

ཁྱད་པར་འཕགས་ཚུལ་ལ་གཉིས་ལས། འོད་ཟེར་གྱིས་ཁྱད་པར་འཕགས་ཚུལ་ནི། ཐ་མལ་པའི་ཉི་མ་ལས་སངས་རྒྱས་ཀྱི་ཉི་མ་ཆེས་མཆོག་ཏུ་གྱུར་པ་ཉིད་དོ། །ཞེས་སྟོན་པས་ཏེ། ཉི་མ་ལའང་ཕྱོགས་རེ་ཙམ་ཁྱབ་པའི་འོད་ཟེར་སྤྲོ་བའི་ནུས་པ་ཡོད་མོད་ཀྱི། སངས་རྒྱས་ཀྱི་ཞི༷ང་ཁམས་མ་ལུས་པ་ཀུ༷ན་གྱི་ན༷མ་མཁ༷འི་མཐི༷ལ་ཐམས་ཅད་ཁྱབ་པར་ཡེ་ཤེས་ཀྱི་འོད་ཟེར་སྤྲོ༷་བར་བྱེད་པའི་ནུས་པ་ཉི༷་མ༷་ལ༷་མེ༷ད་ལ༷་སངས་རྒྱས་ལ་ཡོད་པས་ཁྱབ་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཤིང༌། དེ་བཞིན་དུ་ཉི་མ་ལ་ཐ་མལ་བའི་མུན་པ་སེལ་ཞིང་གཟུགས་ཕྱོགས་རེ་ཙམ་གསལ་བར་སྟོན་པའི་ནུས་པ་ཡོད་མོད་ཀྱི། མི༷་ཤེ༷ས་པའི་གཏི་མུག་གི་མུ༷ན་པས་བཀ༷བ་པ་བསལ་ནས་ཤེ༷ས་བྱ༷འི་གནས་ལུགས་ཀྱི་དོ༷ན་གསལ་བར་སྟོ༷ན་པའི་ནུས་པ༷་ཡ༷ང་ཡོད་པ་མི༷ན་ལ། ཐུ༷གས་རྗེ༷་ཆེན་པོའི༷་བད༷ག་ཉི༷ད་ཅན་རྫོགས་པའི་སངས་རྒྱས་ཉི་མ་ལ་ཐེག་པ་གསུམ་ལ་སོགས་པ་སྣ༷་ཚོ༷གས་པའི་མདོ༷ག་ཅན་རྣམ་པར་བཀྱེ༷་བའི༷་གསུང་རབ་མཐའ་ཡས་པའི་འོ༷ད་ཟེར་གྱི་ཚོ༷གས་ཀྱི༷ས་མི་ཤེས་པའི་མུན་པ་བསལ་ནས། ཡེ་ཤེས་ཀྱི་སྣང་བ་གས༷ལ་བ༷་ད༷ག་མཛད་པ་འདིས་ནི༷་གདུལ་བྱའི་འགྲོ༷་བ་མཐའ་ཡས་པ་རྣམས་ལ༷་ཤེ༷ས་བྱ༷་ཇི་ལྟ་བ་དང་ཇི་སྙེད་པའི༷་གནས་ལུགས་ཟབ་དོ༷ན་གསལ་བར་སྟོ༷ན་པར་མཛ༷ད་པའི་ནུས་པ་ཡོད་པའི་ཕྱིར་དོན་ཆེན་པོ་དང་ལྡན་པས་ཀྱང་ཁྱད་པར་དུ་འཕགས་སོ། །ཞེས་པའོ། །

བྱེད་ལས་ཀྱིས་ཁྱད་པར་འཕགས་ཚུལ་ནི། ཐ་མལ་པའི་ཉི་མ་འཇིག་རྟེན་དུ་ཤར་ཡང༌། ལོང་བས་གཟུགས་མཐོང་བ་དང༌། འཁོར་བའི་སྡུག་བསྔལ་སེལ་བ་དང༌། ཟབ་མོའི་ཆོས་ཉིད་མཐོང་བ་ལ་སོགས་པའི་ནུས་པ་མེད་ལ། སང༷ས་རྒྱ༷ས་ཀྱི་ཉི་མ་གདུལ་བྱའི་གྲོ༷ང་དུ༷་གཤེ༷གས་ཤིང་ཤར་བའི་ཚེ༷་ན་མི༷ག་ད༷ང་མི༷་ལྡ༷ན་པ༷འི༷་སྐྱེ༷་བོ༷་ལོང་བ་རྣ༷མས་མིག་དང་ལྡན་པར་འགྱུར་ཏེ་གཟུགས་མཐོ༷ང་ཞི༷ང༌། དེ་བཞིན་དུ་འོན་པ་རྣམས་ཀྱིས་སྒྲ་ཐོས་པ་དང༌། སྨྱོན་པ་རྣམས་ཀྱིས་སེམས་རྣལ་དུ་ཕེབས་པ་དང༌། དབུལ་པོ་རྣམས་ཀྱིས་ཁྱིམ་ནས་གཏེར་རྙེད་པ་དང༌། ངན་སོང་ལ་སོགས་པ་མངོན་པར་འདོད་པའི་དོ༷ན་མེ༷ད་པས་སེམས་གདུངས་པའི་ཚོ༷གས་རྣམས་དེ་དང་བྲ༷ལ་ནས་སངས་རྒྱས་ཀྱི་དོ༷ན་དེ༷་མཐོ༷ང་བ༷་ཙམ་ཉིད་ལ༷ས་ནི༷་ཅི་འདོད་པའི་བདེ་བ་མྱོ༷ང་བར་འགྱུར་བ༷་ད༷ང་མདོར་ན་གཏི༷་མུ༷ག་གི་རབ་རིབ་དག་གི༷ས་བློ་གྲོས་ཀྱི་མིག་མེད་པར་འདོ༷ངས་པས་སྲི༷ད་པ༷འི་རྒྱ་མཚོ༷་ཆེན་པོ་སྡུག་བསྔལ་གྱི་གཏིང་མཐའ་མེད་པར༷་ལྷུ༷ང་སྟེ། ལྟ༷་བ༷་ངན་པ་སྣ་ཚོགས་པའི༷་མུ༷ན་ནག་ཐིབས་པ༷ས་སེམས་ཀྱི་རང་བཞིན་སྒྲི༷བ་པའི་འགྲོ་བ་མཐའ་ཡས་པ༷་རྣ༷མས་སང༷ས་རྒྱ༷ས་ཀྱི་ཉི༷་མ༷་འཇིག་རྟེན་དུ་ཤར་བའི༷་འཕྲིན་ལས་ཀྱི་འོ༷ད་ཀྱི༷་བློ༷་གྲོས་ཀྱི་སྣ༷ང་བ་ཤེས་བྱ་ལ་རིམ་གྱིས་གསལ་བར་གྱུར་པས་བྱིས་པ་རྣམས་ཀྱིས་སྔར་མི་ཤེས་ཤིང་མ༷་མཐོ༷ང་བ༷འི༷་གན༷ས་ཆོས་ཀྱི་དབྱིངས་ཟབ་མོའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོ༷ང་བར་གྱུ༷ར་པའི་ཕྱིར། བྱེད་ལས་ཀྱི་སྒོ་ནས་ཀྱང་མཆོག་ཏུ་གྱུར་པ་ཉིད་དོ། །ཞེས་པའོ། །

ཐུགས་ཀྱི་གསང་བ་ནོར་བུའི་དཔེས་ངེས་པར་བྱ་བ་ལ་གཉིས་ཏེ། རེ་འདོད་སྒྲུབ་པས་མཚུངས་པར་བསྟན་པ། རྙེད་པར་དཀའ་བས་མཚུངས་པར་བསྟན་པའོ།།

རེ་འདོད་སྒྲུབ་པ་ལ་གཉིས་ལས། རྟོག་མེད་འདོད་དགུ་སྒྲུབ་ཚུལ་གྱིས་རྒྱས་པར་བཤད་པ་ནི། དཔེ་ཇི༷་ལྟ༷ར་ན་ཡི༷ད་བཞི༷ན་གྱི་ནོར༷་བུ༷་རིན་པོ་ཆེ་ནི༷་འདི་ལ་འདི་སྦྱིན་པར་བྱའོ་སྙམ་པའི་ཀུན་སློང་གི་རྣམ་པར་རྟོ༷ག་པ༷་མེ༷ད་ཀྱ༷ང་དུས་ཅི༷ག་ཅ༷ར་དུ༷་ཉེ་འཁོར་གྱི་སྤྱོ༷ད་ཡུ༷ལ་ན་གན༷ས་ཤིང་གསོལ་བ་འདེབས་པའི་སྐྱེས་བུ་བསམ་པ༷་ཐ་དད་པ་རྣ༷མས་ཀྱི༷་ནི༷་ཟས་དང་གོས་དང་འབྲུ་དང་སྨན་དང་གནས་ལ་སོགས་པ་གང་དང་ཅི་འདོད་པའི་བས༷མ་པ་མ་ལུས་པ་ཀུ༷ན་སོ༷་སོ༷ར་མ་འདྲེས་པར་ཡོངས་སུ་རྫོ༷གས་པར་བྱེ༷ད་པ་ལྟ༷ར། དོན་དེ༷་བཞི༷ན་དུ་རྫོགས་པའི་སང༷ས་རྒྱ༷ས་ཀྱི་ཡི༷ད་བཞི༷ན་གྱི་ནོར་བུ་རིན་པོ་ཆེ་ལ༷་བརྟེ༷ན་ན༷ས་ཀྱང་རིགས་ཅན་གསུམ་ལ་སོགས་པ་མོས་པའི་བས༷མ་པ༷་ཐ༷་ད༷ད་པའི་གདུལ་བྱ་དཔག་ཏུ་མེད་པ་རྣ༷མས་ཀྱིས་རང་རང་གི་སྐལ་བ་དང་མཐུན་པར་ཐེག་པ་གསུམ་ལ་སོགས་པ་སྣ༷་ཚོ༷གས་པའི་ཆོ༷ས་ནི༷་ཐོ༷ས་པར་འགྱུ༷ར་ཞིང་དེ༷་དག་གི་དོན་རྣམས་ཡོངས་སུ་རྫོགས་པར་མཛད་ན་ཡང་སངས་རྒྱས་དེའི་ཆོས་སྟོན་པའི་སྐབས་དེ༷་ལ༷་འདི་བསྟན་པར་བྱའོ་སྙམ་པའི་བསམ་པ་ཅུང་ཟད་ཀྱ༷ང་རྣ༷མ་པར་མི༷་རྟོ༷ག་པ་ཉིད་དོ། །ཞེས་པའོ། །

འབད་མེད་རྟག་ཏུ་ཞུགས་ཚུལ་གྱིས་བསྟན་པ་ནི།

ཇི༷་ལྟ༷ར་ན་ཡིད་བཞིན་གྱི་ནོ༷ར་བུ༷་རི༷ན་པོ་ཆེ༷་ལ་ཀུན་སློང་གི་རྣམ་པར་རྟོ༷ག་པ་མེ༷ད་བཞིན་དུ་གང་ལ་གང་འདོ༷ད་པ༷འི་ནོ༷ར་རྫས་རྣམས་འབ༷ད་པ༷་དང་རྩོལ་བ་མེ༷ད་པ༷ར་གསོལ་བ་འདེབས་པའི་སྐྱེ་བོ་གཞ༷ན་པ༷་ད༷ག་ལ༷་ར༷བ་ཏུ་སྟེ༷ར་བ་ལྟ༷ར། དེ༷་བཞི༷ན་དུ་ཐུ༷བ་པའི་དབང་པོ་སངས་རྒྱས་རྣམས་ཀྱང་རྣམ་པར་རྟོག་པ༷་ལ་སོགས་པའི་འབ༷ད་པ་དང་རྩོལ་བ་མེ༷ད་པར་རང་རང་ལ་ཇི༷་ལྟ༷ར་འོ༷ས་ཤིང་འཚམ་པ༷ར་ནི༷་ཆོས་སྟོན་པ་ལ་སོགས་པ་གདུལ་བྱ་གཞ༷ན་གྱི༷་དོ༷ན་མཐའ་དག་སྒྲུབ་པའི་ཆེད་དུ༷་སྲི༷ད་པ༷་འཁོར་བ་མཐའ་མེད་པ་འདི་ཇི༷་སྲི༷ད་དུ་གནས་ཀྱི་བར་དུ་རྒྱུན་མི་ཆད་པར་རྟ༷ག་ཏུ༷་བཞུ༷གས་པ་ཡིན་ནོ། །ཞེས་པའོ།།

རྙེད་པར་དཀའ་བ་ནི། ག༷ང་གི་ཕྱི༷ར་རྒྱ༷་མཚོ༷་ཆེན་པོའི་ནང་དུ་ཆུད་ཅིང་ས༷་ཆེན་པོའི་འོ༷ག་ན་གན༷ས་པ་དེའི་ཕྱིར་དངོས་པོ་དེ༷་ལ༷་དོན་དུ་གཉེར་ཞིང་འདོ༷ད་པ༷་རྣམས་ཀྱིས༷་ཇི༷་ལྟ༷ར་ན་དགོས་འདོད་ཐམས་ཅད་སྒྲུབ་པའི་ཡིད་བཞིན་གྱི་ནོ༷ར་བུ༷་རིན་པོ་ཆེ་བཟ༷ང་པོ༷་བསོད་ནམས་དམན་པའི་འགྲོ༷་བ་འདི༷ས་རབ༷་ཏུ་རྙེ༷ད་པར་དཀ༷འ་བ་དེ༷་བཞི༷ན་དུ་འཁོར་བར་གནས་པའི་འགྲོ༷་བ༷་མཐའ་ཡས་པ་ཀུན་ཀྱང་སྐ༷ལ་བ་ཤི༷ན་ཏུ༷་ང༷ན་ཞིང་སྣ་ཚོགས་པའི་ཉོ༷ན་མོང༷ས་པ་དང་ཉེ་བའི་ཉོན་མོངས་པས་ཟི༷ན་པའི་ཕྱིར། རང་རང་གི་ཡི༷ད་དྲི་མ་དང་བཅས་པ་འདི༷ར་བདེ༷་བར་གཤེ༷གས་པའི་སྐུ་གཉིས་ཀྱི་སྣང་བ་མཐོ༷ང་བ༷་ནི་མཆོག་ཏུ་རྙེ༷ད་པར་དཀ༷འ་བར་ཤེ༷ས་པ༷ར་བྱ༷འོ། །ཞེས་པའོ། །

གསུང་གི་གསང་བ་བྲག་ཆའི་དཔེས་ངེས་པར་བྱ་བ་ལ། དཔེ་ནི། ཇི༷་ལྟ༷ར་ན་བྲག་ཆ་ལ་སོགས་པ་སྒྲ༷་བརྙ༷ན་གྱི༷་ནི༷་སྒྲ༷་སྣ་ཚོགས་སུ་སྣང་བ་དེ་རྐྱེན་གྱི་དབང་གིས་གཞ༷ན་ཉན་པ་པོ་རྣམས་ཀྱི༷་རང་རང་གི་བརྗོད་པ་དང་མཐུན་པར་རྣ༷མ་པར་རི༷ག་པ་ཙམ་ལ༷ས་བྱུ༷ང་ཞིང་སྣང་བ༷་ཡིན་གྱི། བྲག་ལ་སོགས་པ་ནི་ཀུན་སློང་གི་རྣ༷མ་པར་རྟོ༷ག་པ་མེ༷ད་ཅི༷ང་འདི་ལ་འདི་བརྗོད་པར་བྱའོ་སྙམ་པའི་བཟོ༷འམ་འབད་རྩོལ་ཡང་མེ༷ད་ལ༷། སྒྲ་རང་གི་ངོ་བོ་ཡང་བྲག་ལ་སོགས་པའི་ཕྱི༷་རོལ་ལའང་མི་གནས་པ་ད༷ང༌། ན༷ང་ན༷འང་མི༷་གན༷ས་པ་ལྟ༷ར། ཞེས་པའོ། །

དོན་ནི། དེ༷་བཞི༷ན་དུ་དེ༷་བཞི༷ན་གཤེ༷གས་པ༷་རྣམས་ཀྱི་དམ་པའི༷་ཆོས་གསུ༷ང་བའི་སྒྲ་སྣ་ཚོགས་སུ་སྣང་བ་ཡང་གདུལ་བྱའི་དབང་གིས་གཞ༷ན་ཉན་པོ་རྣམས་ཀྱི༷་རང་རང་གི་བསམ་པ་དང་མཐུན་པར་རྣ༷མ་པར་རི༷ག་པ་ཙམ་ལ༷ས་བྱུ༷ང་ཞིང་སྣང་བ༷་ཡིན་ཀྱི། སངས་རྒྱས་ལ་ནི་ཀུན་སློང་གི་རྣ༷མ་པ༷ར་རྟོ༷ག་པ་གང་ཡང་མེ༷ད་ཅི༷ང་འདི་ལ་འདི་སྟོན་པར་བྱའོ་སྙམ་པའི་བཟོ༷འམ་འབད་རྩོལ་གང་ཡང་མེ༷ད་ལ། སྒྲ་རང་གི་ངོ་བོ་ཡང་སངས་རྒྱས་ཀྱི་སྐུའི་ཕྱི༷་རོལ་ནའང་གནས་པ་མ་ཡིན་པ་ད༷ང་ན༷ང་ན༷འང་གན༷ས་པ་མ༷་ཡི༷ན་ནོ། །ཞེས་པའོ། །

སྐུའི་གསང་བ་ནམ་མཁའི་དཔེས་ངེས་པར་བྱ་བ་ལ། དཔེ་ནི། དངོས་པོར་ཅུ༷ང་ཟ༷ད་ཀྱང་གྲུབ་པ་མེ༷ད་ཅི༷ང་དབང་ཤེས་ལ་སྣ༷ང་བ༷་མེ༷ད་པ་དང༌། དེ་དག་གི་དམི༷གས་ཡུལ་དུ་གྲུབ་པ༷་མེ༷ད་ཅི༷ང་བརྟེ༷ན་པའི་གཞི་ཡང་མེ༷ད་ལ༷་ཁྱད་པར་མི༷ག་གི༷་དབང་པོའི་ལ༷མ་ལ༷ས་ཀྱང་ར༷བ་ཏུ་འད༷ས་པ༷་དང༌། ཐོགས་བཅས་ཀྱི་གཟུ༷གས་སུ་གྲུབ་པ་མེ༷ད་ཅིང༌། གཞན་གྱི་མིག་ཡུལ་དུ་འདིའོ་ཞེས་བསྟ༷ན་དུ༷་མེ༷ད་པ༷འི༷་མཚན་ཉིད་ཅན་གྱི་འདུས་མ་བྱས་ནམ་མཁ༷འ་ལ༷་ནི་ཇི༷་ལྟ༷ར་ན་འགའ་ཞིག་གིས་དབུས་ཀྱི་ཆར་སྣང་བ་རྣམས་མཐོ༷་བ་ད༷ང༌། མཐའི་འཆར་སྣང་བ་རྣམས་དམ༷འ་བ་དང༌། གྲུ་བཞི་དང༌། ཟླུམ་པོ་དང༌། སྔོན་པོ་དང༌། སེར་པོ་ལ་སོགས་པ་སྣ་ཚོགས་སུ་མཐོ༷ང་ཡ༷ང་དོན་དམ་པར་ནམ་མཁའ་དེ༷་ནི༷་སྣ་ཚོགས་སུ་སྣང་བ་དེ༷་ལྟ༷ར་བདེན་པར་ཡོད་པ་མི༷ན་ནོ། །ཞེས་པའོ། །

དོན་ནི། དེ༷་བཞི༷ན་དུ་ལྷུམས་སུ་འཇུག་པ་དང༌། བལྟམས་པ་དང༌། ཡོངས་སུ་མྱ་ངན་ལས་འདའ་བ་དང༌། འཆག་པ་དང༌། བཞེངས་པ་དང༌། སྐུ་མདོག་སྣ་ཚོགས་པ་དང༌། ཞིང་ཁམས་ཐ་དད་པ་ལ་སོགས་པའི་རྣམ་འཕྲུལ་མཐའ་ཡས་པ་ཐ༷མས་ཅ༷ད་རྫོགས་པའི་སང༷ས་རྒྱ༷ས་ལ༷་ཡོད་པར་གདུལ་བྱའི་རིགས་མང་པོས་མཐོ༷ང་ཡ༷ང་དོན་དམ་པའི་སངས་རྒྱས་དེ༷་ནི༷་སྐྱེ་འགག་ལ་སོགས་པ་སྣ་ཚོགས་སུ་སྣང་བ་དེ༷་ལྟ༷ར་དོན་ལ་བདེན་པར་ཡོད་པ་མི༷ན་ཏེ། འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའོ། །

ཐུགས་རྗེ་འཇུག་ཚུལ་ས་གཞིའི་དཔེས་ངེས་པར་བྱ་བ་ལ།

དཔེ་ནི། ཇི༷་ལྟ༷ར་ན་ས༷་ཆེན་པོ་འདི་ལ༷ས་སྐྱེ༷་བའི་རྩི་ཤིང་དང་ནགས་ཚལ་མེ་ཏོག་ལ་སོགས་པ༷་ཀུ༷ན་འདི་དག་བསྐྱེད་པར་བྱའོ་སྙམ་པའི་རྣམ་རྟོ༷ག་དང་འབད་རྩོལ་མེ༷ད་པའི་ས༷་གཞི་ལ༷་བརྟེ༷ན་ན༷ས་ནི༷་སྔར་མེད་པར་གསར་དུ་འཕེ༷ལ་བར་འགྱུར་བ་ད༷ང༌། སྔར་ཡོད་པ་རྩ་བ་བརྟ༷ན་པར་འགྱུར་བ་ད༷ང༌། ཐམས་ཅད་ཀྱང་གོང་ནས་གོང་དུ་ཡ༷ང་ཤིང་རྒྱས་པར་འགྱུ༷ར་བས་སེམས་ཅན་གྱི་ཉེར་འཚོ་བྱེད་པ་ལྟ༷ར། ཞེས་པའོ། །

དོན་ནི། དེ༷་བཞི༷ན་དུ་རྒྱལ་བ་རྫོ༷གས་པ༷འི་སང༷ས་རྒྱ༷ས་ས༷་ཆེན་པོ་དང་འདྲ་བར་འདི་དག་གི་དོན་བྱའོ་སྙམ་པའི་རྣ༷མ་པར་རྟོ༷ག་པ་དང་འབད་རྩོལ་མེ༷ད་པ༷་ལ༷་བརྟེ༷ན་ན༷ས་ཀྱང་གདུལ་བྱའི་འགྲོ༷་བ༷་དཔག་ཏུ་མེད་པའི༷་ཚོགས་གཉིས་ཀྱི་དགེ༷་བ༷འི་རྩ༷་བ༷འི་ལོ་ཐོག་རྣ༷མས་ཐམས་ཅད་མ༷་ལུ༷ས་པ༷ར་ནི༷་འཕེ༷ལ་བ་དང་བརྟན་པ་དང་ཡངས་པ༷ར་འགྱུ༷ར་བས་སེམས་ཅན་མཐའ་དག་གི་ཉེར་འཚོ་མཛད་པ་ཉིད་དོ། །ཞེས་པའོ།།

དགོས་པ་བརྗོད་དེ་སྐབས་དོན་བསྡུ་བ་ལ་གཉིས་ཏེ། དགོས་པ་དང་དཔེ་དོན་གྱི་དབྱེ་བ་དང༌། དཔེས་མཚོན་ཚུལ་ཁྱད་པར་དུ་བཤད་པའོ། །དབྱེ་བ་ལ་བཞི་ལས། དགོས་པ་དང་ཉིང་དགོས་འགྲུབ་ཚུལ་ནི། ཕལ་པ་རྣམས་ཀྱི་བློའི་ཡུལ་དུ་འབ༷ད་པ་དང། རྩོ༷ལ་བ་ཅུང་ཟད་ཀྱང་མེ༷ད་པ༷ར་བྱ༷་བ༷་འག༷འ་ཞིག་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་བྱེ༷ད་པ༷་ནམ་ཡང་མཐོ༷ང་བ་མེ༷ད་པ་དེ༷་བ༷ས་ན༷། གདུ༷ལ་བྱ༷་རྣམས་ཀྱི་བསམ་པ་ལ་སངས་རྒྱས་ཀྱི་འཕྲིན་ལས་འབད་རྩོལ་མེད་པ་ཉིད་ཡིན་ན་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པའི༷་ཚུལ་གྱིས་བྱེད་པ་འགལ་ལོ་སྙམ་པའི་ཐེ་ཚོམ་སྐྱེ་བས། ཉོན་མོངས་པ་ཐེ༷་ཚོ༷མ་དེ་དག་གཅ༷ད་ཅིང་སྤང་བར་བྱ་བ༷འི་ཕྱི༷ར་དུ་བརྒྱ་བྱིན་གྱི་གཟུགས་བརྙན་ལ་སོགས་པའི་དཔེ༷་རྣ༷མ་པ་དགུ༷་ཡིས་ནི༷་འབད་རྩོལ་མེད་ཀྱང་བྱ་བ་བྱེད་པའི་ཚུལ་དེ་གསལ་བར་བསྟ༷ན་པ༷་ཡི༷ན་ལ། དེ་ཡང་གསུང་རབ་ག༷ང་དུ༷་སངས་རྒྱས་ཀྱི་འཕྲིན་ལས་མཚོན་པར་བྱེད་པའི་དཔེ༷་རྣམ་པ་དགུ༷་པོ༷་འདི༷་ད༷ག་རྒྱ༷ས་པ༷ར་རྒྱུ་མཚན་དང་བཅས་པས་གསལ་བར་ར༷བ་ཏུ༷་བསྟ༷ན་པར་གྱུ༷ར་པ༷་མདོ༷་སྡེ༷་ཡི༷་ནི༷་མི༷ང༌། སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་ཞེས་པ་དེ་ཉི༷ད་ཀྱི༷ས་དཔེས་བཤད་པ་དེ༷འི༷་དགོ༷ས་པ༷་ཉིང་དགོས་འགྲུབ་པའི་ཚུལ་ཡང་ལེགས་པར་བསྟ༷ན་པ༷་ཉི༷ད་ཡིན་ཏེ། གསུང་རབ་དེ་ལྟ་བུ་དང་དགོངས་འགྲེལ་འདི་ལྟ་བུ་ཐོ༷ས་པ༷་ལ༷ས་བྱུ༷ང་བའི་ཤེ༷ས་རབ་རྣམ་པར་དག་པ༷འི༷་སྣ༷ང་བ༷་རྒྱ༷་ཆེ༷ན་པོ་འདི༷ས་རྣམ་པར་བརྒྱ༷ན་པ༷འི་བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་རྣམས་མྱུ༷ར་དུ༷་སང༷ས་རྒྱ༷ས་ཀྱི༷་སྤྱོ༷ད་ཡུ༷ལ་དུ་གྱུར་པའི་འཕྲིན་ལས་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པའི་ཚུལ་ཀུ༷ན་ལ༷་དང་པོར་རྟོག་པའི་སྒོ་ནས་འཇུ༷ག་ཅིང༌། མཐར་སྒྲུབ་པའི་ཚུལ་གྱིས་ཀྱང་འཇུག་པ༷ར་འགྱུ༷ར་བའི་ཕྱིར་རོ། །ཞེས་པ་སྟེ། དེ་ལྟར་དངོས་སུ་འཕྲིན་ལས་ལ་ཐེ་ཚོམ་ཆོད་པ་ནི་ཉེ་བའི་དགོས་པ་ཡིན་ལ། བརྒྱུད་ནས། སངས་རྒྱས་ཀྱི་སྤྱོད་ཡུལ་ལ་འཇུག་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །ཞེས་པའོ། །

དཔེ་དང་དོན་བསྡུས་ཏེ་བསྟན་པ་ནི། འབད་རྩོལ་མེད་ཅིང་བྱ་བ་བྱེད་པ་དེ༷འི་དོ༷ན་མཚོན་པར་བྱེད་པའི་ཆེད་དུ་བཻ༷ཌཱུ༷རྻའི་ས་གཞི་དག་པ་ལ་བརྒྱ༷་བྱི༷ན་གྱི༷་གཟུ༷གས་བརྙ༷ན་ཤར་བ་ལ༷་སོ༷གས་པའི་དཔེ༷་ད༷ག་ནི༷་རྣ༷མ་པ་དགུ༷་གོང་དུ་རྒྱས་པར་བརྗོ༷ད་པ༷་དེ༷་ལ༷་ནི༷་དཔེས་མཚོན་པར་བྱ་བ་དེ༷་ཡི༷་མདོར་བསྡུ༷ས་པའི་དོ༷ན་ངེ༷ས་པ༷ར་གཟུ༷ང་ཞིང་སྟོན་པ་འདི་དག་སྟེ། བརྒྱ་བྱིན་གྱི་དཔེས་ནི་གདུལ་བྱ་དང་མཐུན་པར་སྐུའི་རྣམ་འཕྲུལ་སྣ་ཚོགས་སྟོ༷ན་པ་ད༷ང༌། རྔ་བོ་ཆེའི་དཔེས་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་གསུ༷ང་གིས་དམ་པའི་ཆོས་ཀྱི་གདམས་ངག་གསུང་བ་ད༷ང༌། སྤྲིན་གྱི་དཔེས་ནི་ཐུགས་ཀྱི་མཁྱེན་པ་དང་བརྩེ་བས་ཐམས་ཅད་ལ་ཁྱ༷བ་པ༷་ད༷ང༌། ཚངས་པའི་དཔེས་ནི་སྐུ་དང་གསུང་གིས་མཛད་པ་མཐའ་ཡས་པ་སྤྲུ༷ལ་པ་ད༷ང༌། ཉི་མའི་དཔེས་ནི་ཐུགས་ཀྱིས་མཛད་པ་ཡེ༷་ཤེ༷ས་ལ་བརྟེན་ནས་དམ་པའི་ཆོས་ཀྱི་འོད་ཟེར་སྤྲོ༷་བ༷་ད༷ང༌། ནོར་བུའི་དཔེས་ནི་རྣམ་རྟོག་མེད་ཀྱང་དགོས་འདོད་རྩོལ་བའི་ཐུ༷གས་ཀྱི་གསང་བ་དང༌། སྒྲ་བརྙན་གྱི་དཔེས་ནི་ཡི་གེ་མེད་ཀྱང་ལེགས་བཤད་སྟོན་པའི་གསུ༷ང་གི་གསང་བ་དང༌། ནམ་མཁའི་དཔེས་ནི་གཟུགས་སུ་མེད་ཀྱང་གདུལ་བྱས་མཐོང་བའི་སྐུ༷འི༷་གས༷ང་བ༷་ད༷ང༌། ས་གཞིའི་དཔེས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གནས་ཡོངས་སུ་གྱུར་པའི་ཐུ༷གས་རྗེ༷་ཆེན་པོའི་བད༷ག་ཉི༷ད་ཐོ༷བ་པ༷་ལ་འགྲོ་བ་མཐའ་དག་གི་ཉེར་འཚོ་མཛད་པ་ཉི༷ད་བསྟན་པ་ཡིན་ནོ། །ཞེས་པའོ། །

དོན་གསུམ་དུ་སྦྱར་ཏེ་བཤད་པ་ནི།

ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་གཞན་གྱི་དོན་སྒྲུབ་པ་ན་དམིགས་པ་དང་བཅས་པའི་འབ༷ད་རྩོ༷ལ་གྱི་རྒྱུ༷ན་མ་ལུས་པ་ཀུ༷ན་ར༷བ་ཏུ་ཞི༷་བ༷འི་སྒོ་ནས་འཇུག་པ་ཡིན་ཏེ། རྣ༷མ་པ༷ར་རྟོ༷ག་པ༷་ཐམས་ཅད་མེ༷ད་ཅིང་སྤངས་པ༷འི་ཐུ༷གས་རྗེས་རང་བཞིན་གྱིས་འོད་གསལ་བ་མཐར་ཐུག་པ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །དཔེར་ན་མིའི་འཇིག་རྟེན་དྲི༷་མ་མེ༷ད་པའི་བཻ༷ཌཱུ༷རྻའི་ས་གཞིར་གྱུར་པ་ལ་ལྷའི་དབང་པོ་བརྒྱ༷་བྱི༷ན་གྱི༷་གཟུ༷གས་བརྙ༷ན་ཤ༷ར་བ༷་ལ༷་སོ༷གས་པ་རྣམས་འབད་རྩོལ་མེད་ཀྱང་བྱ་བ་བྱེད་པ་ཇི་ལྟ་བ་བཞི༷ན་ནོ། །དེ་ལ་དམིགས་པ་དང་བཅས་པའི་འབ༷ད་རྩོ༷ལ་གྱི་རྒྱུན་ཀུན་རབ་ཏུ་ཞི༷་བ༷་ཡིན་ཏེ། ཞེས་པ་ནི་ད༷མ་བཅ༷འ་བའི་དོན་བསྟན་པ་ཡིན་ཏེ༷། རྣམ་པར་རྟོ༷ག་པ་མེ༷ད་པའི་ཐུ༷གས་མཐར་ཐུག་པ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །ཞེས་པ་ནི༷་དེ་སྒྲུབ་པར་བྱེད་པའི་གཏ༷ན་ཚི༷གས་སོ༷། །དེ་ལྟར་ན་འབད་རྩོལ་གང་ཡང་མེད་ཀྱང་གཞན་དོན་ལྷུན་གྱིས་གྲུབ་པའི་ར༷ང་བཞི༷ན་གྱི་དོ༷ན་དེ་ནི༷་གདུལ་བྱའི་བློའི་ཡུལ་དུ་འགྲུ༷བ་པར་བྱ་བའི་དོ༷ན་དུ༷་མཚོན་པར་བྱེད་པའི་དཔེ༷་ནི༷་བརྒྱ༷་བྱི༷ན་གྱི་གཟུ༷གས་བརྙན་དང༌། རྔ་བོ་ཆེའི་སྒྲ་སྐད་ལ་སོ༷གས་པས་སྔར་བསྟན་པ་རྣམས་ཡི༷ན་ནོ། །ཞེས་པའོ། །

སྐབས་ཀྱི་དོན་ལ་འབད་རྩོལ་མེད་ཚུལ་ནི། སངས་རྒྱས་ཀྱི་འཕྲིན་ལས་མཛད་པའི་སྐབས་འདི༷ར་ནི༷། དཔེ་རྣམས་ཀྱིས་མཚོན་པར་བྱ་བའི་སྐ༷བས་ཀྱི་དོ༷ན་འདི༷་ཡི༷ན་ཏེ༷། རྣམ་འཕྲུལ་སྟོ༷ན་པ༷་དང་གདམས་ངག་གསུང་བ་ལ༷་སོ༷གས་པའི་དོན་རྣ༷མ་པ་དགུ༷་སྔར་བཤད་པས་ནི༷་སྟོ༷ན་པ༷་རྫོགས་པའི་སངས་རྒྱས་རྣམས་སྐྱེ༷་བ་དང༌། འཆི༷་བ་ལ་སོགས་པ་འདུས་བྱས་ཀྱི་ཆོས་རྣམས་ད༷ང་བྲ༷ལ་བ༷་རྣམ་པར་རྟོག་པ་མེད་ཅིང་འདི་དང་འདི་བྱའོ་སྙམ་པའི་འབ༷ད་པ༷་དང་རྩོལ་བ་མེ༷ད་པ༷ར་ཡང་གདུལ་བྱ་རྣམས་ལ་འཕྲིན་ལས་འགྲུབ་པའི་ཚུལ་གྱིས་རབ༷་ཏུ་འཇུ༷ག་པར་སྟོན་པ༷འོ། །ཞེས་པའོ། །

མཚོན་ཚུལ་ལ་གཉིས་ལས། དཔེ་ཡི་དབྱེ་བ་བསྟན་པ་ནི། སངས་རྒྱས་ཀྱི་འཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་ག༷ང་ཞི༷ག་ཉེ་བར་མཚོན་པར་བྱེད་པའི་དཔེ་ནི། བརྒྱ༷་བྱི༷ན་རང་གི་གནས་ནས་མ་གཡོས་པར་གཟུགས་བརྙན་ས་གཞི་ལ་ཤར་བས་མི་རྣམས་ཀྱི་དོན་བྱེད་པ་བཞིན་དང༌། རྔ༷་བོ་ཆེ་ལ་འབད་རྩོལ་མེད་པར་ཆོས་ཀྱི་སྡོམ་བཞི་སྟོན་པ་ད༷ང༌། སྤྲི༷ན་གྱིས་ནམ་མཁའ་ལ་ཁྱབ་པའི་སྤྲིན་གྱིས་ལོ་ཐོག་རྣམས་སྨིན་པར་བྱེད་པ་བཞི༷ན་ད༷ང༌། ཚ༷ངས་པ་གཟུགས་ཁམས་ལས་མ་གཡོས་པར་སྤྲུལ་པ་འདོད་ཁམས་སུ་བསྟན་པས་ལྷ་རྣམས་ཀྱི་དོན་བྱེད་པ་བཞིན་དང༌། ཉི༷་མ་ལ་རྟོག་པ་མེད་པར་འོད་ཟེར་མཐའ་ཡས་པ་སྤྲོ་བས་མུན་པ་སེལ་བར་བྱེད་པ་བཞིན་དང༌། རི༷ན་ཆེ༷ན་མཆོག་ཏུ་གྱུར་པ་ཡི༷ད་བཞི༷ན་གྱི་ནོ༷ར་བུ་དབང་གི་རྒྱ༷ལ་པོ་ལ་རྣམ་རྟོག་མེད་ཀྱང་དགོས་འདོད་མ་ལུས་པ་སྩོལ་བ་བཞི༷ན་དང༌། བདེན་པར་གྲུབ་པ་མེད་ཀྱང་སྣ་ཚོགས་སུ་སྣང་བ་བྲག་ཆ་ལ་སོགས་པ་སྒྲ༷་བརྙ༷ན་བཞིན་དང༌། གཟུགས་སུ་གྲུབ་པ་མེད་ཀྱང་ཐམས་ཅད་དུ་ཁྱབ་པ་ན༷མ་མཁ༷འ་བཞིན་དང༌། རྟོག་པ་དང་རྩོལ་བ་མེད་ཀྱང་ཐམས་ཅད་ཀྱི་རྟེན་བྱེད་པ་ས༷་གཞི་བཞི༷ན་ཏེ། འཁོར་བ་མཐའ་མེད་པའི་སྲི༷ད་པ་འདི་ཇི་སྲིད་གནས་པ༷འི་བ༷ར་དུ་རྒྱུན་མི་འཆད་ཅིང་འབ༷ད་རྩོལ་མེ༷ད་པར་ལྷུན་གྱིས་གྲུབ་པའི་སྒོ་ནས་གཞ༷ན་གྱི་དོ༷ན་མཛ༷ད་པའི་འཕྲིན་ལས་ཀྱི་ཚུལ་དེ༷་ནི་རྣ༷ལ་འབྱོ༷ར་པ་མཆོག་ཏུ་གྱུར་པ་རྣམས་ཀྱིས་རི༷ག་གི །ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ཉིད་དོ། །ཞེས་པའོ། །

དོན་དང་སྦྱར་ཏེ་བཤད་པ་ནི། རྫོགས་པའི་སངས་རྒྱས་རྣམས་གཞན་དོན་མཛད་པ་ནི། དཔེར་ན་མིའི་འཇིག་རྟེན་རི༷ན་ཆེ༷ན་གྱི་བཻཌཱུརྻའི་ས་གཞིར་གྱུར་པ་ལ་ལྷ༷འི་དབ༷ང་པོ་བརྒྱ་བྱིན་གྱི་གཟུགས་བརྙན་སྣ༷ང་བ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྐུ་ལས་མ་གཡོས་པར་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་གཟུགས་སྐུའི་རྣམ་འཕྲུལ་མཐའ་ཡས་པ་སྟོ༷ན་པ༷་སྟེ༷། སྐུའི་སྣང་བ་དང༌། དེ་བཞིན་དུ་སེམས་མཉམ་པར་མ་བཞག་པ་རྣམས་མཉམ་པར་བཞག་པ་དང༌། མཉམ་པར་བཞག་པ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཆེད་དུ། གསུང་གི་གདམས་པ་དང་རྗེས་སུ་བསྟན་པ་ལེ༷གས་པ༷ར་འདོ༷མས་པར་མཛ༷ད་པའི་ཚུལ་ནི་ལྷ༷འི༷་རྔ༷་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པ་ད༷ང་འདྲ༷་བ་དང༌། ཐུགས་ཀྱི་ཤེས་བྱ་ཐམས་ཅད་ལ་ཁྱ༷བ་པའི་བད༷ག་ཉིད་སངས་རྒྱས་རྣམས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེ༷ན་པའི་ཡེ་ཤེས་ད༷ང༌། འཁོར་བ་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་བརྩེ༷་བ་ཆེ༷ན་པོས་ཐམས་ཅད་ལ་ཁྱབ་པའི་སྤྲི༷ན་གྱི་ཚོ༷གས་དང་འདྲ་བ་ནི༷་གདུལ་བྱ་མཐ༷འ་ཡ༷ས་པའི་འགྲོ༷་བ༷་རྣམས་ལ་སྲི༷ད་པའི་རྩེ༷་མོའི༷་བ༷ར་དུ༷འང་ཁྱ༷བ་པར་འཇུག་པ་དང༌། ཚ༷ངས་པ་གཟུགས་ཁམས་ལས་མ་གཡོས་པར་འདོད་ཁམས་སུ་སྟོན་པ་ཇི་ལྟ་བ་བཞི༷ན་དུ། ཟ༷ག་པ་མེ༷ད་པའི་གན༷ས་ཆོས་ཀྱི་དབྱིངས་ལ༷ས་ཅུང་ཟད་ཀྱང་མི༷་བསྐྱོ༷ད་པ༷ར་རང་གི་མོས་པ་དང་མཐུན་པར་སྐུ་དང་གསུང་གི་སྤྲུ༷ལ་པ༷་མི་འདྲ་བ་རྣ༷མ་པ༷་དུ༷་མ༷ར་ཡང་ར༷བ་ཏུ༷་སྟོ༷ན་པ་དང༌། ཉི༷་མས་འོད་ཟེར་གྱི་སྣང་བ་འགྱེད་པ་ཇི་ལྟ་བ་བཞི༷ན་དུ་ཡེ༷་ཤེ༷ས་ལ་བརྟེན་ནས་དམ་པའི་ཆོས་ཀྱི་འོད་ཟེར་གྱི་སྣ༷ང་བ༷་མཐའ་ཡས་པ་ར༷བ་ཏུ་སྤྲོ༷་བ་ག༷ང་ཡིན་པ་དང༌། དྲི་མ་མེད་ཅིང་རྣ༷མ་པར་ད༷ག་པའི་རི༷ན་ཆེ༷ན་མཆོག་ཏུ་གྱུར་པ་ཡི༷ད་བཞི༷ན་གྱི་ནོ༷ར་བུ་དང་འདྲ༷་བར་རྣམ་པར་རྟོག་པ་མེད་ཀྱང་དགོས་འདོད་སྩོལ་བའི༷་ཐུ༷གས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་མངའ་བ་དང༌། རྒྱ༷ལ་བ༷་རྫོགས་པའི་སངས་རྒྱས་རྣ༷མས་ཀྱི༷་གསུ༷ང་གི་གསང་བ་དེ༷་ཡང་བྲ༷ག་ཆ༷་ལ་སོགས་པའི་སྒྲ་བརྙན་ཇི་ལྟ་བ་བཞི༷ན་དུ༷་སྣ་ཚོགས་སུ་ཐོས་ཀྱང་ཡི༷་གེ༷འི་ངོ་བོར་གྲུབ་པ་མེ༷ད་པ་དང༌། སྐུ༷འི་གསང་བ་ནི༷་ན༷མ་མཁ༷འ་བཞིན་དུ་ཐམས་ཅད་ལ་ཁྱ༷བ་པ་ཉིད་ད༷ང༌། དབྱིབས་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་གཟུ༷གས་སུ་གྲུབ་པ་མེ༷ད་ཅིང་རྟ༷ག་པ༷་ཉི༷ད་ཡིན་པ་དང༌། ས༷་གཞི༷ས་ལོ་ཐོག་ལ་སོགས་པ་སྐྱེ་བའི་རྟེན་བྱེད་པ་བཞིན་དུ་གདུལ་བྱའི་འགྲོ༷་བ༷་དཔག་ཏུ་མེད་པའི༷་རྒྱུད་ལ་དཀ༷ར་པོ༷་དགེ་བའི༷་ཆོ༷ས་ཀྱི༷་ལོ་ཐོག་དང་རྩི་སྨ༷ན་རྣ༷མས་མ༷་ལུ༷ས་པ་འཕེལ་བ་དང་བརྟན་པ་དང་ཡངས་པར་བྱེད་པ༷འི་རྣ༷མ་པ༷་ཀུ༷ན་ཏུ༷་གཞི༷འམ་རྟེན་དུ་གྱུ༷ར་པ༷་ནི༷། གནས་མ་ལུས་པ་ཡོངས་སུ་གྱུར་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སང༷ས་རྒྱ༷ས་ཀུན་གྱི་ས༷་ཐོབ་པ་ཉིད་ཡིན་ནོ། །ཞེས་པ་སྟེ། དོན་རྣམ་པ་དགུ་དང་ལྡན་པ་ཡི༷ན་ནོ༷། །ཞེས་པའོ། །

སླར་ཡང་བསྡུས་ཏེ་ཁྱད་པར་དུ་བཤད་པ་ལ་གཉིས། གཟུགས་སྐུ་ལ་སྐྱེ་འཇིག་སྣང་ཡང་ཆོས་སྐུ་ལ་སྐྱེ་འཇིག་མེད་ཚུལ་དང༌། ཆོས་མཐུན་པས་མཚུངས་པར་སྣང་ཡང་མི་མཐུན་པས་ཁྱད་པར་དུ་འཕགས་ཚུལ་ལོ། །

སྣང་ཡང་སྐྱེ་འཇིག་མེད་ཚུལ་ལ་གཉིས་ལས། དབང་པོའི་དཔེས་སྐྱེ་འཇིག་མེད་ཚུལ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་རྟག་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཉིད་ཡིན་ན། སྐྱེ་བ་དང་འཇིག་པ་མཐོང་བའི་རྒྱུ་མཚན་ཇི་ལྟར་སྙམ་པ་ལ། དགེ་བའི་རྩ་བ་བསགས་པ་ལ་བརྟེན་ནས་ས་གཞི་བཻ༷ཌཱུ༷རྻ༷་ད༷ག་པ༷་དང་འདྲ༷་བར་གྱུར་པ་ཡི༷་རང་གི་སེ༷མས་དྲི་མ་མེད་ཅིང་དྭངས་པར་གྱུར་པ་ལ༷་རྫོགས་པའི་སང༷ས་རྒྱ༷ས་རྣམས་ཀྱི་སྐུ་གསལ་བར་མཐོ༷ང་བ༷འི་རྒྱུ༷འམ་སེམས་དེ༷་ད༷ག་པར་བྱེད་པའི་ཐབས་ནི༷་མི་མཐུན་པའི་ཕྱོགས་མ་དད་པ་ལ་སོགས་པའི་རྐྱེན་གྱིས་མི༷་བཟློ༷ག་པ༷འི་སྒོ་ནས་ད༷ད་པ་ལ་སོགས་པ༷འི་དབ༷ང་པོ༷་ཤིན་ཏུ་བརྟ༷ས་ཤིང་བརྟན་པར་གྱུར་པ༷་ཉི༷ད་ཡིན་ཞིང༌། དེ་ལ་ས་གཞི་དག་པ་དང་མ་དག་པའི་དབང་གིས་གཟུགས་བརྙན་འཆར་བ་དང་ནུབ་པར་འགྱུར་བ་བཞིན་དུ་གདུལ་བྱ་རྣམས་ཀྱི་དད་པ་ལ་སོགས་པའི་དགེ༷་བ༷འི་རྩ་བ་སྐྱེ༷་བ་ད༷ང་འཇི༷ག་པ༷་ན༷་དེ་དག་གི་དབང་གིས་རིམ་པ་ལྟར་སང༷ས་རྒྱ༷ས་རྣམས་ཀྱི་ཀུན་རྫོབ་གཟུ༷གས་ཀྱི་སྐུ་ནི༷་སྐྱེ༷་བ་ད༷ང་འཇི༷ག་པར་སྣང་བ་ཡིན་ཡང༌། བརྒྱ༷་བྱི༷ན་རང་གི་ངོ་བོ་སུམ་ཅུ་རྩ་གསུམ་གྱི་གནས་ནས་མ་གཡོས་པ་བཞི༷ན་དུ༷་ཐུ༷བ་པ༷་ཐམས་ཅད་མཁྱེན་པ་ནི༷་རང་གི་ངོ་བོ་དོན་དམ་པ་ཆོ༷ས་ཀྱི༷་སྐུ༷་ལ་འགྱུར་བ་མེད་པའི༷་ཕྱིར་སྐྱེ༷་བ་དང༌། འཇི༷ག་པ་མེ༷ད་པ་ཡིན་ཏེ། ཞེས་པའོ། །

ཐམས་ཅད་ཀྱིས་རྒྱུན་མི་འཆད་ཚུལ་ནི།

ཡང་སངས་རྒྱས་རྣམས་ལ་འབད་རྩོལ་མེད་པ་ཡིན་ན་འཕྲིན་ལས་རྒྱུན་མི་འཆད་པའི་རྒྱུ་མཚན་ཇི་ལྟར་སྙམ་པ་ལ། བརྒྱ་བྱིན་ལ་སོགས་པ་ལ་འབད་རྩོལ་མེད་ཀྱང་གཟུགས་བརྙན་ཤར་བ་ལ་སོགས་པས་གཞན་གྱི་དོན་བྱེད་པ་དེ༷་བཞི༷ན་དུ༷་ནི༷་སངས་རྒྱས་རྣམས་ལའང་རྣམ་པར་རྟོག་པ་ལ་སོགས་པའི་འབ༷ད་རྩོལ་གང་ཡང་མེ༷ད་པ༷ར་གདོད་མ་ནས་སྐྱེ༷་བ་མེ༷ད་ཅིང་འག༷ག་པ་མེ༷ད་པའི་ཆོ༷ས་ཀྱི་སྐུ༷་མངོན་སུམ་དུ་གྱུར་པ་ལ༷ས་མ་གཡོས་བཞིན་པས་གདུལ་བྱ་འཁོར་བའི་སྲི༷ད་པ༷་མཐའ་མེད་པ་འདི་ཇི༷་སྲི༷ད་མ་སྟོངས་པར་གན༷ས་ཀྱི་བ༷ར་དུ༷་སྐུའི་རྣམ་འཕྲུལ་སྟོ༷ན་པ༷་དང། གསུང་གི་གདམས་ངག་གསུང་བ་དང༌། ཐུགས་ཀྱི་མཁྱེན་བརྩེས་ཁྱབ་པ་ལ༷་སོ༷གས་པའི་མཛ༷ད་པ༷་ལྷུན་གྱིས་གྲུབ་པ་འདི་རྒྱུན་མི་འཆད་པར་འཇུ༷ག་གོ །ཞེས་པའོ། །

མཚུངས་ཀྱང་ཁྱད་པར་འཕགས་ཚུལ་ལ་གཉིས་ལས། མདོར་བསྟན་ནི། སངས་རྒྱས་ཀྱི་འཕྲིན་ལས་མཚོན་པར་བྱེད་པའི་དཔེ༷་དགུ་པོ་འདི༷་རྣ༷མས་ཀྱི༷་མདོར་བསྡུ༷ས་པ༷འི༷་དོ༷ན་ནི༷་འོག་ནས་འཆད་པར་འགྱུར་བའི་གཞུང་འདི༷་རྣམས་ཀྱིས་སྟོན་པ་ཡི༷ན་ཞིང༌། དེར་མ་ཟད་དཔེ་སྔ་མའི་རྗེས་སུ་ཕྱི་མ་སྟོན་པའི་གོ་རི༷མ་ངེས་པ༷འི་རྒྱུ་ཡ༷ང་འཆད་པར་འགྱུར་བ་ཉིད་ཡིན་ཏེ། དེ་ཡང་དཔེ་སྔ་མ་སྔ༷་མ༷་རྣམས་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་མ་ལུས་པ་མཚོན་པར་མི་ནུས་ཤིང༌། ཆོས་མི་མཐུན་པའི་ཆ་གང་ཡིན་པ་རྣམས་དཔེ་ཕྱི་མ་ཕྱི༷་མ༷་རྣམས་ཀྱིས་རིམ་པ་ལྟར་སྤ༷ངས་ཏེ་ཆོ༷ས་མཐུ༷ན་པར་བསྟན་པ༷འི་སྒོ༷་ན༷ས་བརྗོ༷ད་པ༷་ཡི༷ན་པའི་ཕྱིར་རོ། །ཞེས་པའོ། །

རྒྱས་བཤད་ནི། རྫོགས་པའི་སང༷ས་རྒྱ༷ས་རྣམས་ཀྱི་འཕྲིན་ལས་མཛད་པ་ནི་སྐུའི་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་བཻཌཱུརྻའི་ས་གཞིར་བརྒྱ་བྱིན་གྱི་གཟུ༷གས་བརྙ༷ན་གྱི་སྣང་བ་ལྟ༷་བུ༷་སྟེ༷། འོན་ཀྱང་གཟུགས་ནི་དབྱ༷ངས་ད༷ང་མི༷་ལྡ༷ན་ལ། སངས་རྒྱས་ནི་ཆོས་གསུང་བའི་དབྱངས་དང་ལྡན་པའི་ཕྱིར་འདྲ༷་བ་མི༷ན་ཞིང་ཁྱད་དུ་འཕགས་པ་ཉིད་དོ། །དེ༷་ལྟར་ཆོས་གསུང་བའི་དབྱངས་དང་ལྡན་པའི་ཆ་ནས་གསུང་གི་གདམས་ངག་སྣ་ཚོགས་པ་སྟོན་པ་ནི། ལྷ༷འི༷་རྔ༷་བོ་ཆེ་ཆོས་ཀྱི་སྡོམ་བཞི་སྟོན་པ་ཇི་ལྟ་བ་བཞི༷ན་ཏེ། འོན་ཀྱང་རྔ་བོ་ཆེ་ནི་ཕྱོགས་རེ་བ་ཡིན་གྱི། ཐ༷མས་ཅ༷ད་དུ༷་ཁྱབ་པས་དོ༷ན་བྱེ༷ད་པ༷་མ༷་ཡི༷ན་ལ། སངས་རྒྱས་ནི་གདུལ་བྱའི་འཇིག་རྟེན་ཐམས་ཅད་ལ་ཁྱབ་པར་དོན་མཛད་པ་ཡིན་པས་དེ༷་དང་འདྲ༷་བའང་མི༷ན་ཞིང༌། ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་ཆ་ནས་མཁྱེན་པ་དང་བརྩེ་བས་གདུལ་བྱ་རྣམས་སྨིན་པར་མཛད་པ་ནི། སྤྲི༷ན་ཆེ༷ན་པོས་ཐམས་ཅད་དུ་ཁྱབ་པས་ལོ་ཐོག་སྨིན་པར་བྱེད་པ་ད༷ང་ཆོས་མཚུ༷ངས་པ་སྟེ། འོན་ཀྱང་སྤྲིན་གྱིས་ནི། དོ༷ན་མེ༷ད་པ༷འི་ས༷་བོ༷ན་སྤོ༷ང་བར་བྱེད་པ་མི༷ན་ལ། སངས་རྒྱས་ཀྱིས་ནི་དོན་མེད་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ས་བོན་སྤོང་བར་མཛད་པའི་ཕྱིར་དེ༷་དང་འདྲ༷་བའང་མི༷ན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་དོན་མེད་པ་ཉོན་མོངས་པའི་ས་བོན་རྣམས་སྤོང་བའི་ཆ་ནས་སྤྲུལ་པ་མཐའ་ཡས་པ་སྟོན་པ་ནི། ཚ༷ངས་པ་ཆེ༷ན་པོའི་སྤྲུལ་པས་འདོད་ཡོན་ལ་ཆགས་པ་སྤོང་བ་ཇི་ལྟ་བ་བཞི༷ན་ཏེ༷། འོན་ཀྱང་ཚངས་པ་ནི་ལན་གཅིག་ཙམ་ཕན་འདོགས་པར་བྱེད་པ་ཡིན་གྱི་གཏ༷ན་དུ༷་ནི༷་སྨི༷ན་པ༷ར་བྱེ༷ད་པ་མི༷ན་ལ། སངས་རྒྱས་ཀྱིས་ནི་གཏན་དུ་རྒྱུན་མི་འཆད་པར་གདུལ་བྱའི་རྒྱུད་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་དེ༷་དང་འདྲ༷་བའང་མི༷ན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་ན་གཏན་དུ་གདུལ་བྱའི་ལོ་ཐོག་སྨིན་པར་མཛད་པའི་ཆ་ནས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་སྤྲོ་བ་ནི་ཉི༷་མ༷འི་གཟུ༷གས་ཀྱི་འོད་ཟེར་གྱིས་ལོ་ཐོག་གཏན་དུ་སྨིན་པར་བྱེད་པ་ཇི་ལྟ་བ་བཞི༷ན་ཏེ། འོན་ཀྱང་ཉི་མས་ནི་རེས་འགའ་སྣང་བ་ཡིན་གྱི། ཉིན་མཚན་གཏ༷ན་དུ༷་ནི༷་མུ༷ན་པ༷་འཇོ༷མས་པར་བྱེད་པ་མི༷ན་ལ། སངས་རྒྱས་ཀྱིས་ནི་གཏན་དུ་རྒྱུན་མི་འཆད་པར་མི་ཤེས་པའི་མུན་པ་འཇོམས་པར་མཛད་པའི་ཕྱིར་དེ༷་དང་འདྲ༷་བའང་མི༷ན་ཞིང༌། ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་གཏན་དུ་མུན་པ་འཇོམས་པར་བྱེད་པའི་ཆ་ནས་ཐུགས་ཀྱི་གསང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་འགྱེད་པ་ནི་ཡི༷ད་བཞི༷ན་གྱི་ནོ༷ར་བུ་རིན་པོ་ཆེའི་སྣང་བས་ཉིན་མཚན་གཏན་དུ་མུན་པ་འཇོམས་པ་དང་འདྲ༷་སྟེ། འོན་ཀྱང་ནོར་བུ་ནི་ཀླུ་ལ་སོགས་པ་དུད་འགྲོ་ལའང་ཡོད་པས་འབྱུ༷ང་བ༷་ནི༷་རྙེ༷ད་པ༷ར་མི༷་དཀ༷འ་ལ། སངས་རྒྱས་ནི་སྐལ་བ་དང་མི་ལྡན་པ་རྣམས་ལ་འབྱུང་བ་རྙེད་པར་དཀའ་བའི་ཕྱིར་དེ༷་དང་འདྲ༷་བའང་མི༷ན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་འབྱུང་བ་རྙེད་པར་དཀའ་བའི་ཆ་ནས་གསུང་གི་གསང་བས་ལེགས་བཤད་སྣ་ཚོགས་སྟོན་པ་ནི་སྒྲ༷་བརྙ༷ན་ཕྱི་དང་ནང་དུ་བདེན་པར་མ་གྲུབ་པས་རྙེད་པར་དཀའ་བ་ཇི་ལྟ་བ་བཞི༷ན་ཏེ༷། འོན་ཀྱང་སྒྲ་བརྙན་གློ་བུར་དུ་རྐྱེ༷ན་ལ་རག་ལ༷ས་ནས་ནི༷་བྱུ༷ང་བ༷་ཡིན་ལ། སངས་རྒྱས་ནི་རང་བྱུང་འདུས་མ་བྱས་པ་ཡིན་པས་རྐྱེན་ལ་རག་ལས་ནས་བྱུང་བ་མ་ཡིན་པའི་ཕྱིར་དེ༷་ད༷ང་འདྲ༷་བ༷འ༷ང་མི༷ན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་རྐྱེན་ལས་བྱུང་བ་མ་ཡིན་ཞིང་མངོན་པར་འདུས་མ་བྱས་པའི་ཆ་ནས་སྐུའི་གསང་བ་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་ནི། ན༷མ་མཁ༷འ་སྣ་ཚོགས་སུ་སྣང་ཡང་འདུས་མ་བྱས་པ་ད༷ང་འདྲ༷་བ་སྟེ། འོན་ཀྱང་ནམ་མཁའ་ནི་དགེ༷་བ༷འི༷་གཞི༷འམ་རྟེན་དུ་གྱུར་པ་མི༷ན་ལ། སངས་རྒྱས་ནི་དཀར་པོ་དགེ་བའི་ཆོས་རྣམས་ཀྱི་གཞིའམ་རྟེན་དུ་གྱུར་པ་ཡིན་པའི་ཕྱིར་དེ༷་ད༷ང་འདྲ༷་བ༷འ༷ང་མི༷ན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་འཇི༷ག་རྟེ༷ན་ན་འཇི༷ག་རྟེ༷ན་ལ༷ས་འད༷ས་པ༷འི་འགྲོ༷་བ༷འི་ཕུ༷ན་སུམ་ཚོ༷གས་པ་མ༷་ལུ༷ས་པ༷་དེ༷་དག་གན༷ས་པ༷འི༷་རྟེ༷ན་ནམ་གཞིར་གྱུར་པ་ཡི༷ན་པའི་ཕྱི༷ར་ན་ས༷འི༷་དཀྱི༷ལ་འཁོ༷ར་ཆེན་པོས་ཐམས་ཅད་ཀྱི་རྟེན་བྱེད་པ་ད༷ག་ད༷ང་འདྲ༷་བ་ཡིན་ནོ། །དེ་ཡང་འདི་ལྟར་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་རྣམས་ཀྱི་གཞི་ཡིན་ཏེ། རྫོགས་པའི་སང༷ས་རྒྱ༷ས་རྣམས་ཀྱི་བྱ༷ང་ཆུ༷བ་ཆེན་པོ་ཐོབ་པ་ལ༷་བརྟེ༷ན་ན༷ས་འཇི༷ག་རྟེ༷ན་ལས་འད༷ས་པར་བགྲོད་པ༷འི་ལ༷མ་ཐེག་པ་གསུམ་ལ་སོགས་པ་དམ་པའི་ཆོས་རྣམས་འབྱུ༷ང་བའི་ཕྱི༷ར་རོ། །དེ་བཞིན་དུ་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་རྣམས་ཀྱིའང་གཞི་ཡིན་ཏེ། བྱང་ཆུབ་ཆེན་པོ་ལ་བརྟེན་ནས་འདོད་པའི་ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་དགེ༷་བ༷་བཅུའི༷་ལ༷ས་ཀྱི་ལ༷མ་རྣམས་དང༌། གཟུགས་ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་བས༷མ་གཏ༷ན་བཞི་ད༷ང༌། ཚ༷ད་མེ༷ད་པ༷་རྣམས་ད༷ང༌། གཟུ༷གས་མེ༷ད་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་འབྱུ༷ང་བའི་ཕྱིར་རོ། །ཞེས་པའོ།

ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་བླ༷་མ༷འི་བསྟ༷ན་བཅོ༷ས་དཀོ༷ན་མཆོ༷ག་གི༷་རི༷གས་རྣ༷མ་པ༷ར་དབྱེ༷་བ༷་ལ༷ས། དེ༷་བཞི༷ན་གཤེ༷གས་པ༷འི་འཕྲི༷ན་ལ༷ས་མཛ༷ད་པ༷འི་སྐ༷བས་ཏེ༷། ལེའུ་བཞི༷་པ༷འི་རྣམ་པར་བཤད་པའོ༷།། །།

༈ ད་ནི་ཇི་སྐད་བསྟན་པའི་གནས་བཞི་པོ་དེ་དག་ཉིད་ལ་ལྷག་པར་མོས་པ་དག་ཕན་ཡོན་ཆེན་པོ་ཐོབ་པའི་ཚུལ་རྣམ་པར་བཤད་པར་བྱ་སྟེ།

མཆོག་ཏུ་བསྔགས་པའི་ཚུལ་གྱིས་བསྟན་པ། དེ་ཉིད་རྣམ་གྲངས་གཞན་གྱིས་བཤད་པའོ། །བསྟན་པ་ལའང༌། གནས་བཞི་པོ་རྟོགས་པར་དཀའ་བའི་ཚུལ་དང༌། དེ་རྟོགས་པའི་ཕན་ཡོན་ཐོབ་ཚུལ་ལོ། །དེ་ལ་རྟོགས་པར་དཀའ་བའི་ཚུལ་ནི། སང༷ས་རྒྱ༷ས་ཀྱི་ཁ༷མས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་ད༷ང་བཅས་པའི་གནས་སྐབས་དེ་བཞིན་གཤེགས་པའི་སྙིང་པོ་དང༌། དེ་ཉིད་གློ་བུར་གྱི་དྲི་མས་ཀྱང་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སང༷ས་རྒྱ༷ས་ཀྱི་བྱ༷ང་ཆུ༷བ་ཆེན་པོ་ཐོབ་པ་ད༷ང༌། བྱང་ཆུབ་ཆེན་པོ་ལ་དབྱེར་མེད་པར་ལྡན་པའི་སང༷ས་རྒྱ༷ས་ཀྱི་ཆོ༷ས་སྟོབས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་ད༷ང༌། ཡོན་ཏན་རྣམས་ཐོབ་པའི་ནུས་པས་སང༷ས་རྒྱ༷ས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་སྒྲུབ་པའི་འཕྲི༷ན་ལ༷ས་ཏེ༷་དཀོན་མཆོག་གསུམ་འགྲུབ་པ་དང་རྗེས་སུ་མཐུན་པའི་རྡོ་རྗེའི་གནས་བཞི་པོ་རྣམས་ཀྱི་ཡང་ད༷ག་པ་ཇི་ལྟ་བ་ཉིད་ཀྱི་གློ་བུར་གྱི་དྲི་མ་ཕལ་ཆེ་བས་རྣམ་པར་དག་པ༷འི་སེ༷མས་ཅ༷ན་བྱང་ཆུབ་ཆེན་པོ་ལ་གནས་པ་རྣམས་ཀྱི༷ས་ཀྱ༷ང་བས༷མ་པར་བྱ༷་བ་མི༷ན་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྔར་བསྟན་པ་ལྟར་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །འོ་ན་དེ་དག་གང་གི་སྤྱོད་ཡུལ་ཡིན་སྙམ་ན། བཤད་མ་ཐག་པའི་རྡོ་རྗེའི་གནས་བཞི་པོ་འདི༷་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་འདྲེ༷ན་པ༷་རྫོགས་པའི་སངས་རྒྱས་རྣ༷མས་ཀྱི༷་ཡེ་ཤེས་ཁོ་ནའི་སྤྱོ༷ད་ཡུ༷ལ་དུ་གྱུར་པ་ཡི༷ན་ནོ། །ཞེས་པའོ། །འོན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྣམས་ཀྱིས་མོས་པ་ཡིད་ལ་བྱེད་པའི་ཚུལ་གྱིས་ནི་རྟོགས་པར་བྱ་བ་ཡིན་ནོ། །ཞེས་ཀྱང་བཤད་ཟིན་ཏོ། །

ཕན་ཡོན་ཐོབ་ཚུལ་ལ་གཉིས། ཐབས་ཀྱི་དགེ་བ་གཞན་ལས་ཁྱད་པར་དུ་འཕགས་ཚུལ། ཤེས་རབ་མཆོག་གྱུར་ཐོབ་ཚུལ་གྱིས་རྒྱུ་མཚན་བཤད་པའོ། །ཁྱད་པར་འཕགས་ཚུལ་ལ་གཉིས་ལས། མདོར་བསྟན་ནི། བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་གང་དག་རྒྱལ༷་བ༷་རྫོགས་པའི་སངས་རྒྱས་རྣམས་ཁོ་ནའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་དོན་གྱི་གནས་བཞི་པོ་འདི་ཉིད་ལ༷་ལྷག་པར་མོ༷ས་པ༷་དེ་རྣམས་ནི་སྟོབས་ལ་སོགས་པ་སང༷ས་རྒྱ༷ས་ཀྱི་ཡོ༷ན་ཏ༷ན་དཔག་ཏུ་མེད་པའི་ཚོ༷གས་ཀྱི༷་སྣོ༷ད་དུ་གྱུ༷ར་པ་ཉིད་དེ༷། ཐེག་པ་ཆེན་པོའི་རིགས་སད་པ་ལས་མཐར་ཕྱིན་པའི་འབྲས་བུ་མྱུར་དུ་ཐོབ་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཕལ་པ་རྣམས་ཀྱིས་བས༷མ་དུ་མེ༷ད་པའི་ཡོ༷ན་ཏ༷ན་གྱི་ཚོ༷གས་དང་ལྡན་པའི་གནས་བཞི་པོ་འདི་དག་ལ༷་མངོ༷ན་པར་དག༷འ་ཞིང་ལྷག་པར་མོས་པའི་ཕན་ཡོན་ཤིན་ཏུ་མང་བ༷ས་ནི། དེ་དང་མ་འབྲེལ་བའི་སེ༷མས་ཅ༷ན་ཀུ༷ན་གྱི༷་སྦྱིན་པ་ལས་བྱུང་བ་ལ་སོགས་པའི་བསོ༷ད་ན༷མས་ཀྱི་ཚོགས་མཐའ་དག་ཟི༷ལ་གྱི༷ས་གནོ༷ན་པར་འགྱུར་རོ། །ཞེས་པའོ། །

རྒྱས་བཤད་ལ་གསུམ་ལས། སྦྱིན་པ་ལས་ཁྱད་པར་འཕགས་ཚུལ་ནི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ག༷ང་ལ་ལ་ཞི༷ག་ཆེད་དུ་བྱ་བ་བླ་ན་མེད་པའི་བྱ༷ང་ཆུ༷བ་ཆེན་པོ་དོ༷ན་དུ༷་གཉེ༷ར་བ༷འི་བསམ་པས༷་དངོས་པོ་བཟང་པོ་གསེ༷ར་ལས་གྲུབ་པའི་ཞི༷ང་ཁམས་རྒྱ་ཆེན་པོ་ནོ༷ར་བུ༷་རིན་པོ་ཆེ་དཔག་ཏུ་མེད་པས༷་སྤྲ༷ས་ཤིང་གང་བ༷་ནི༷། གྲངས་མཐའ་ཡས་པ་སང༷ས་རྒྱ༷ས་ཀྱི་ཞི༷ང་ཁམས་མཐའ་ཡས་པ་དག་གི་རྡུ༷ལ་ཕྲ་རབ་ཀྱི་གྲངས་དང་མཉ༷མ་པ༷་རྣམས་དུས་ཉི༷ན་རེ༷་བཞིན་དུ་རྒྱུན་མི་འཆད་པར་ཡུལ་མཆོག་ཏུ་གྱུར་པ་ཆོ༷ས་ཀྱི་རྒྱ༷ལ་པོ་སངས་རྒྱས་བཅོམ་ལྡན་འདས་རྣ༷མས་ལ༷་རྟ༷ག་ཏུ་ཕུ༷ལ་བ་ལས་ནི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་མོད། དེ་བས་ཀྱང་བློ་དང་ལྡན་པའི་སྐྱེས་བུ་གཞ༷ན་ག༷ང་ལ་ལ་ཞིག་ཟབ་མོའི་དོན་གྱི་གནས་བཞི་པོ་འདི༷་དག་ལ༷ས་བརྩམས་ཏེ་དོན་རྟོགས་པ་ལྟ་སྨོས་ཀྱང་ཅི་དགོས། ཐ་ན་ཚི༷ག་ཙ༷མ་ཞིག་ཐོ༷ས་ཤི༷ང་ཐོ༷ས་ན༷ས་ཀྱ༷ང་ནི༷་ཕྱིན་ཅི་ལོག་ཏུ་མ་བཟུང་བར་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་ལྷག་པར་མོ༷ས་པར་གྱུར་ན༷་མོས་པ་དང་ལྡན་པ་འདི༷་ལ་བཤད་མ་ཐག་པའི་སྦྱི༷ན་པ༷་ལ༷ས་བྱུ༷ང་བའི་དགེ༷་བ༷་རྒྱ་ཆེན་པོ་དེ༷་བས་ཀྱང་བསོ༷ད་ན༷མས་ཆེ༷ས་མ༷ང་དུ་འཕེལ་བ་ཐོ༷བ་པ༷ར་འགྱུ༷ར་རོ། །ཞེས་པའོ། །

ཚུལ་ཁྲིམས་ལ༷ས་ཁྱད་པར་འཕགས་ཚུལ་ནི། བློ༷་དང་ལྡ༷ན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ག༷ང་ལ་ལ་ཞི༷ག་ཆེད་དུ་བྱ་བ་བླ༷་ན་མེ༷ད་པ་ཡང་དག་པར་རྫོགས་པའི་བྱ༷ང་ཆུ༷བ་ཆེན་པོ་ཐོབ་པར་འདོ༷ད་པའི་བསམ་པ༷ས་དུས་ཡུན་རིང་པོར་བསྐ༷ལ་པ༷་དཔག་ཏུ་མེད་པ་དུ༷་མ༷ར་ཡ༷ང༌། ངོ་བོ་ལུ༷ས་དང་ང༷ག་དང་ཡི༷ད་ཀྱི༷ས་ཤིན་ཏུ་གོམས་པ་ལ་བརྟེན་ནས། འབ༷ད་པ༷་དང་རྩོལ་བ་མེ༷ད་པ༷ར་རང་གི་ངང་གིས་ཉེས་སྤྱོད་མཐའ་དག་སྤོང་བའི་ཚུ༷ལ་ཁྲི༷མས་ལྟུང་བའི་དྲི༷་མ་མེ༷ད་པར་སྲུ༷ང་བར་བྱེ༷ད་པ་ལ༷ས་ནི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་མོད། དེ་བས་ཀྱང་བློ་དང་ལྡན་པའི་སྐྱེས་བུ་གཞ༷ན་ག༷ང་ལ་ལ་ཞིག་གིས་ཟབ་མོའི་དོན་གྱི་གནས་པ་བཞི་པོ་འདི༷་དག་ལ༷ས་བརྩམས་ཏེ་དོན་རྟོགས་ན་ལྟ་སྨོས་ཀྱང་ཅི་དགོས། ཐ་ན་ཚི༷ག་ཙ༷མ་ཞིག་ཐོ༷ས་ཤི༷ང་ཐོ༷ས་ན༷ས་ཀྱ༷ང་ནི༷་ཕྱིན་ཅི་ལོག་ཏུ་མ་བཟུང་བར་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་ལྷག་པར་མོ༷ས་པར་གྱུར་ན༷་མོས་པ་དང་ལྡན་པ་འདི༷་ལ་བཤད་མ་ཐག་པའི་ཚུ༷ལ་ཁྲི༷མས་ལ༷ས་བྱུ༷ང་བའི་དགེ༷་བ༷་རྒྱ་ཆེན་པོ་དེ༷་ལ༷ས་ཀྱང་བསོ༷ད་ན༷མས་ཆེ༷ས་མ༷ང་དུ་འཕེལ་བ་ཐོ༷བ་པ༷ར་འགྱུ༷ར་རོ། །ཞེས་པའོ། །

བསྒོམས་པ་ལས་ཁྱད་པར་དུ་འཕགས་ཚུལ་ནི།

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ག༷ང་ལ་ལ་ཞི༷ག་འཇིག་རྟེན་འདི༷་ན༷་སྤང་བྱ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲི༷ད་པ༷་གསུ༷མ་གྱི༷་ཉོ༷ན་མོ༷ངས་པ་མེ༷་དཔུང་དང་འདྲ་བ་རྣམས་འཇི༷ལ་ཞིང་གཞོམ་པར་བྱ་བའི་ཆེད་དུ་བས༷མ་གཏ༷ན་རང་གི་ངོ་བོ་ནི༷་ལྷ༷འི་བསམ་གཏན་བཞི་ད༷ང༌། ཚ༷ངས་པའི་གན༷ས་ཚད་མེད་པ་བཞི་ལ་སོགས་པ་ཡོངས་སུ་རྫོགས་ཤིང་ཕུལ་དུ་བྱུང་བས་མཐ༷ར་སོ༷ན་པ་རྣམས་འབྲས་བུ་རྫོ༷གས་པ༷འི་བྱ༷ང་ཆུ༷བ་ཆེན་པོ་འཕོ༷་བ་མེ༷ད་པའི་གོ་འཕང་ཐོབ་པའི་ཐ༷བས་སུ་སྒོ༷མ་པར་བྱེད་པ་ལ༷ས་ནི་བསོད་རྣམས་ཆེས་མང་དུ་འཕེལ་བར་འགྱུར་མོད། དེ་བས་ཀྱང་བློ་དང་ལྡན་པའི་སྐྱེས་བུ་གཞ༷ན་ག༷ང་ལ་ལ་ཞིག་ཟབ་མོའི་དོན་གྱི་གནས་བཞི་པོ་འདི༷་དག་ལ༷ས་བརྩམས་ཏེ་དོན་རྟོགས་ན་ལྟ་སྨོས་ཀྱང་ཅི་དགོས། ཐ་ན་ཚི༷ག་ཙ༷མ་ཐོ༷ས་ཤི༷ང་ཐོ༷ས་ན༷ས་ཀྱ༷ང་ནི༷་ཕྱིན་ཅི་ལོག་ཏུ་མ་བཟུང་བར་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་ལྷག་པར་མོ༷ས་པར་གྱུར་ན༷་མོས་པ་དང་ལྡན་པ་འདི༷་ལ་བཤད་མ་ཐག་པའི་བས༷མ་གཏ༷ན་བསྒོམས་པ་ལ༷ས་བྱུ༷ང་བའི་དགེ༷་བ༷་རྒྱ་ཆེན་པོ་དེ༷་ལ༷ས་ཀྱང་བསོ༷ད་ན༷མས་ཆེ༷ས་མ༷ང་དུ་འཕེལ་བ་ཐོ༷བ་པ༷ར་འགྱུ༷ར་རོ། །ཞེས་པའོ། །

རྒྱུ་མཚན་བསྟན་པ་ནི། དེ་ལྟར་ན་སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་རྒྱ་ཆེན་པོ་དེ་དག་ལས་ཀྱང༌། གནས་འདི་དག་ཐོས་པ་ལས་བྱུང་བའི་ཤེས་རབ་མཆོག་ཏུ་གྱུར་པའི་རྒྱུ་མཚན་ག༷ང་གི་ཕྱི༷ར་སྙམ་ན། འདི་ལྟར་ཟང་ཟིང་གི་སྦྱི༷ན་པ་རྒྱ་ཆེན་པོ་བཏང་བ་ལས་རྣམ་པར་སྨིན་པ༷འི་འབྲས་བུ་ལོ༷ངས་སྤྱོ༷ད་ཕུན་སུམ་ཚོགས་པ་ད༷ག་ནི༷་སྒྲུ༷བ་པར་བྱེ༷ད་པ་ཙམ་ཡིན་ཞི༷ང༌། ཚུལ་ཁྲི༷མས་ཀྱི༷ས་ཀྱང་རེ་ཤིག་མཐོ༷་རི༷ས་ཀྱི་ལུས་ཕུན་སུམ་ཚོགས་པ་ཙམ་སྒྲུབ་པར་བྱེད་པ་དང༌། བསམ་གཏན་བསྒོ༷མས་པ༷ས་ནི་ཁམས་གསུམ་པའི་ཉོ༷ན་མོ༷ངས་པ་ཙམ་ཞིག་སྤོ༷ང་བར་བྱེ༷ད་པ་ཡིན་ལ༷། ཁམས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བྲལ་བ་ལས། བྱང་ཆུབ་ཡོན་ཏན་འཕྲིན་ལས་དང་བཅས་པ་ཐོབ་པར་འགྱུར་རོ། །ཞེས་བྱ་བར་རྟོགས་པའི་ཤེ༷ས་ར༷བ་འདི་ལྟ་བུ་ལ་བརྟེན་ནས་ནི། ཉོ༷ན་མོ༷ངས་པའི་སྒྲིབ་པ་དང་ཤེ༷ས་བྱ༷འི་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པ་ཀུ༷ན་སྤོ༷ང་བར་བྱེད་པ་ཡིན་པ་དེ༷འི༷་ཕྱི༷ར། དོན་གྱི་གནས་ལུགས་ལེགས་པར་གོ་བའི་ཤེས་རབ་འདི༷་ཉིད་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ལས་མཆོ༷ག་ཏུ་གྱུར་པ་ཉི༷ད་ཡིན་ཏེ༷། ཤེས་རབ་ཁྱད་པར་ཅན་དེ༷འི༷་རྒྱུ༷་ཡང་དོན་གྱི་གནས་ནི༷་བཞི་པོ་འདི༷་དག་ཕྱིན་ཅི་མ་ལོག་པར་ཐོ༷ས་པ་ཡི༷ན་པའི་ཕྱིར་རོ། །ཞེས་པའོ། །

དེ་ཉིད་རྣམ་གྲངས་གཞན་གྱིས་བཤད་པ་ལ། མཐར་ཐུག་ཐོབ་པའི་ཕན་ཡོན་དང༌། ལམ་ལ་འཇུག་པའི་ཕན་ཡོན་ནོ། །དེ་ལ་མཐར་ཐུག་ཐོབ་པའི་ཕན་ཡོན་ནི། དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ནས་ཐམས་ཅད་ལ་ཁྱབ་པར་གན༷ས་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ད༷ང༌། དབྱིངས་དེ༷་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བ་ལས་གནས་མ་ལུས་པ་ཡོངས་སུ་གྱུ༷ར་པ༷འི་བྱང་ཆུབ་ཆེན་པོ་ད༷ང་བྱང་ཆུབ་དེ༷་ལ་དབྱེར་མེད་པར་ལྡན་པའི་སྟོབས་ལ་སོགས་པའི༷་ཡོ༷ན་ཏ༷ན་དང༌། ཡོན་ཏན་དེ་དག་ལ་བརྟེན་ནས་གཞན་གྱི་དོ༷ན་བྱ་བ་སྒྲུ༷བ་པའི་འཕྲིན་ལས་ཏེ༷། རྒྱ༷ལ་བ༷་ཐམས་ཅད་མཁྱེན་པ་ཡི༷་ནི༷་མཁྱེ༷ན་པ༷འི་ཡེ་ཤེས་ཀྱི་སྤྱོད་ཡུ༷ལ་དུ་གྱུར་པ་ཟབ་མོའི་དོན་གྱི་གནས་རྣ༷མ་པ་བཞི༷་པོ་སྔར་ཇི༷་སྐ༷ད་བརྗོ༷ད་པ་འདི༷་རྣམས་ལ༷་བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་དེ་རྣམས་དེ་བཞིན་ཉིད་ཐམས་ཅད་ལ་ཁྱབ་པར་ཡོ༷ད་པ་ཉིད་ལ་མངོན་པར་ཡིད་ཆེས་པའི་དད་པ་ད༷ང༌། དེ་དྲི་མ་དང་བྲལ་བ་ལས་བྱང་ཆུབ་ཐོབ་པར་ནུ༷ས་པ་ཉི༷ད་ལས་འདོད་པའི་དད་པ་ད༷ང༌། བྱང་ཆུབ་ཐོབ་པ་དེ་དོན་གཉིས་མཐར་ཕྱིན་པའི་ཡོ༷ན་ཏ༷ན་དང་ལྡ༷ན་པར་གནས་པ༷་ཉིད་ལ་དང་པའི་དད་པ་སྟེ། དད་པ་གསུམ་དང་ལྡན་པའི་སྒོ་ནས་ལྷག་པར་མོ༷ས་པ༷ས་ནི༷། བྱང་ཆུབ་ཀྱི་སྤྱོད་པ་རྣམ་པར་དག་པ་རྣམས་ལ་ཤིན་ཏུ་བརྩོན་པར་འཇུག་པའི་ཕྱིར། མྱུ༷ར་བ་ཉིད་དུ༷་མཐར་ཐུག་གི་འབྲས་བུ་དེ༷་བཞི༷ན་གཤེ༷གས་པ༷འི་གོ༷་འཕ༷ང་བླ་ན་མེད་པ་འཐོ༷བ་པ༷འི་སྐ༷ལ་བ་དང་ལྡ༷ན་པར་འགྱུ༷ར་རོ། །ཞེས་པའོ། །

ལམ་ལ་འཇུག་པའི་ཕན་ཡོན་ལ་གཉིས། བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་སྐྱེ་བའི་ཕན་ཡོན། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པའི་ཕན་ཡོན་ནོ། །དེ་ལ་སེམས་བསྐྱེད་སྐྱེ་བའི་ཕན་ཡོན་ནི།

ཕལ་པ་རྣམས་ཀྱིས་བས༷མ་གྱིས་མི༷་ཁྱ༷བ་པ༷འི་ཡུ༷ལ་ཟབ་མོའི་དོན་གྱི་གནས་བཞི་པོ་ཉིད་ལས་བརྩམས་ཏེ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ནི༷་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོ༷ད་པ་ཉིད་ད༷ང༌། དེའི་གློ་བུར་གྱི་དྲི་མ་བསལ་བ་ལས་གནས་མ་ལུས་པ་གྱུར་པའི་བྱང་ཆུབ་ཆེན་པོ་ནི་བད༷ག་འདྲ་བས་ཀྱང་ཐོ༷བ་པར་ནུ༷ས་པ་ཉིད་ད༷ང༌། འབྲ༷ས་བུ་ཐོ༷བ་པ༷་ནི་སྟོབས་ལ་སོགས་པ་རང་གཞན་གྱི་དོན་མཐར་ཕྱིན་པ་འདི༷་འདྲ༷་བས་ཡོ༷ན་ཏ༷ན་ཕུན་སུམ་ཚོགས་པ་རྣམས་ད༷ང་ལྡ༷ན་པ་ཉིད་དོ། །ཞེ༷ས་བྱ་བར་ད༷ད་པ་གསུམ་དང་ལྡན་པ༷འི་སྒོ་ནས་ལྷག་པར་མོ༷ས་པ༷་ཁྱད་པར་ཅན་སྐྱེ་བའི༷་ཕྱི༷ར་དམ་པའི་ཆོས་ལ་དོན་དུ་གཉེར་བའི་འདུ༷ན་པ་དང༌། དགེ་བའི་ཕྱོགས་ལ་མངོན་པར་སྤྲོ་བའི་བརྩོ༷ན་འགྲུས་དང༌། གདམས་ངག་གི་དམིགས་པ་རྣམས་མ་བརྗེད་པའི་དྲ༷ན་པ་ད༷ང༌། བརྟག་བྱའི་དམིགས་པ་ལ་སེམས་རྩེ་གཅིག་པའི་བས༷མ་གཏ༷ན་ད༷ང༌། ཤེས་བྱའི་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པའི་ཤེ༷ས་ར༷བ་ལ༷་སོ༷གས་པ་ཡོ༷ན་ཏ༷ན་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་སྣོ༷ད་དུ་གྱུར་པ་གཞན་དོན་དུ་རྫོགས་པའི་བྱ༷ང་ཆུ༷བ་ཐོབ་པར་འདོད་པ་དང་མཚུངས་པར་ལྡན་པའི་སེ༷མས་བསྐྱེད་ནི༷་གནས་བཞི་པོ་རྟོགས་པའི་བྱང་ཆུབ་སེམས་དཔའ་དེ༷་ད༷ག་ལ༷་དུས་རྟ༷ག་ཏུ༷་ཉེ༷་བ༷ར་གན༷ས་པ༷ར་འགྱུ༷ར་རོ། །ཞེས་པའོ།།

ཕར་ཕྱིན་སྒྲུབ་པའི་ཕན་ཡོན་ནི། སྔར་བཤད་པའི་བྱང་ཆུབ་ཀྱི་སེམས་དེ༷་ནི༷་དུས་རྟ༷ག་ཏུ༷་ཉེ༷་བར༷་གན༷ས་པ༷ས་རྒྱ༷ལ་བ༷འི་སྲ༷ས་པོ༷་རྣམས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱི༷ར་མི༷་ལྡོ༷ག་པར་འགྱུར་ཞིང༌། བསམ་པ་ཁྱད་པར་ཅན་དེ་ཉིད་ཀྱིས་ཀུན་ནས་བསླངས་ནས། སྦྱོར་བ་བསོ༷ད་ན༷མས་ཀྱི་ཚོགས་ཀྱིས་བསྡུས་པའི་ཕ༷་རོ༷ལ་ཏུ་ཕྱི༷ན་པ་དང་པོ་ལྔ་ཡང་ཡོངས་སུ་རྫོ༷གས་པ་ད༷ང་ཡོ༷ངས་སུ༷་ད༷ག་པ༷་ཉི༷ད་དུ༷་འགྱུ༷ར་ཏེ། དེ་ཡང་སེམས་ཅན་ལ་ཕན་འདོགས་པར་བྱེད་པའི་ཐབས་སྦྱིན་པ་ལ་སོགས་པ་བསོ༷ད་ན༷མས་ཀྱི་ཚོགས་སུ་གྱུར་པ་ཕ༷་རོ༷ལ་ཏུ་ཕྱི༷ན་པ༷་དང་པོ་ལྔ༷་པོ་གང་ཡིན་པ་དེ༷་ལ༷་བྱེད་པ་པོ་དང་ལས་དང་བྱ་བ་སྟེ་འཁོར་རྣ༷མ་པ་གསུ༷མ་དུ་རྟོ༷ག་པ་མེ༷ད་པ༷ས་ཕ་རོལ་ཏུ་ཕྱིན་པ་དེ༷་རྣམས་ཡོངས་སུ་རྫོ༷གས་པར་འགྱུར་ཞིང༌། ཡོ༷ངས་སུ༷་ད༷ག་པ༷ར་འགྱུར་བ་ནི༷་སྦྱིན་པ་ལ་སོགས་པ་དེ༷འི༷་མི༷་མཐུ༷ན་པའི་ཕྱོ༷གས་སེར་སྣ་ལ་སོགས་པའི་སྒྲིབ་པ་རྣམས་རྣམ་པར་སྤ༷ངས་པ་ཉིད་ཀྱི་ཕྱི༷ར་རོ། །ཞེས་པའོ། །

དེ་དག་ཀྱང་ཚོགས་གསུམ་དུ་བསྡུ་བ་ནི།

སྦྱི༷ན་པ་ལས་བྱུ༷ང་བའི་བསོ༷ད་ན༷མས་བྱ་བའི་དངོས་པོ་ནི་སྦྱི༷ན་པའི་ཕ་རོལ་ཏུ་ཕྱིན་པ༷་སྟེ༷། ཚུ༷ལ་ཁྲི༷མས་ལ༷ས་བྱུ༷ང་བའི་བསོད་ནམས་བྱ་བའི་དངོས་པོ་དེ་ཡང་ཚུ༷ལ་ཁྲི༷མས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི༷ན་ལ། བཟོ༷ད་པ་ད༷ང་བས༷མ་གཏ༷ན་གྱི་ཕ་རོལ་ཏུ་ཕྱིན་པ་གཉི༷ས་པོ་འདི་ད༷ག་ནི༷་སྒོ༷མ་པ་ལས་བྱུ༷ང་བའི་བསོད་ནམས་བྱ་བའི་དངོས་པོ་ཡིན་ཞིང་དེ་དག་ལ་སྤྲོ་བའི་བརྩོ༷ན་འགྲུ༷ས་ནི་གསུམ་ག་ལ་ཡང་ཀུ༷ན་ཏུ༷་འགྲོ༷་བ་ཡིན་པས། ཐམས་ཅད་ཀྱང་མདོར་བསྡུ་ན། བསོད་ནམས་བྱ་བའི་དངོས་པོ་རྣམ་པ་གསུམ་གསུངས་པ་དང་མཐུན་པ་ཉིད་དོ། །ཞེས་པའོ། །

མི་མཐུན་ཕྱོགས་སྒྲིབ་པ་གཉིས་ངོས་བཟུང་བ་ནི། སྦྱིན་པ་པོ་དང༌། སྦྱིན་པར་བྱ་བའི་ཡུལ་དང༌། སྦྱིན་པ་ལ་སོགས་པ་འཁོ༷ར་གསུ༷མ་དུ་རྣ༷མ་པ༷ར་རྟོ༷ག་པ༷་ག༷ང་ཡིན་པ་དེ༷་ནི༷་ཕ་རོལ་ཏུ་ཕྱིན་པ་ལྔ་ཡོངས་སུ་རྫོགས་པའི་གེགས་ཤེ༷ས་བྱ༷འི་སྒྲི༷བ་པ་ཡིན་པ༷ར་འདོ༷ད་ཅིང་སེ༷ར་སྣ༷་དང་འདོད་ཆགས་དང་ཁོང་ཁྲོ་དང་ལེ་ལོ་དང་རྣམ་གཡེང་ལ༷་སོ༷གས་པའི་རྣ༷མ་པར་རྟོ༷ག་པ་ག༷ང་ཡིན་པ་དེ༷་ནི༷་ཡོངས་སུ་དག་པར་འགྱུར་བའི་གེགས་ཉོ༷ན་མོ༷ངས་པའི་སྒྲི༷བ་པ་ཡིན་པ༷ར་འདོ༷ད་པས་དེ་དག་ནི་སྤང་བར་བྱའོ། །ཞེས་པའོ། །

གཉེན་པོས་ཤེ༷ས་ར༷བ་མཆོག་ཐོབ་ཚུལ་ནི། དོན་གྱི་གནས་འདི་ལྟ་བུ་ལེགས་པར་རྟོགས་པའི་ཕྱིར་ཤེས་རབ་ལ༷ས་གཞ༷ན་སྒྲིབ་པ་གཉིས་པོ་འདི༷་ད༷ག་ནི༷་རྩ་བ་ནས་སྤོ༷ང་བར་བྱེད་པའི་རྒྱུ༷་གཞ༷ན་པ་མེ༷ད་དེ། ཤེས་རབ་དང་བྲལ་བའི་སྦྱིན་པ་ལ་སོགས་པ་ནི་སྒྲིབ་པ་མངོན་གྱུར་ཟིལ་གྱིས་གནོན་པ་ཙམ་ནུས་ཀྱང་ས་བོན་རྩ་བ་ནས་སྤོང་བར་མི་ནུས་ལ། ཤེས་རབ་མཐར་ཕྱིན་པས་ནི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་ས་བོན་རྩ་བ་ནས་སྤོང་བར་ནུས་པ་དེ༷འི༷་ཕྱི༷ར། བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་ཤེ༷ས་ར༷བ་ནི་མཆོ༷ག་ཏུ་གྱུར་པ་ཡི༷ན་ཞིང༌། ཤེས་རབ་དེ༷་ལྟ་བུ་འཕེལ་བའི་གཞི་ནི༷། དོན་གྱི་གནས་བཞི༷་པོ་འདི་ལྟ་བུ་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཚུལ་བཞིན་དུ་ཐོ༷ས་པ༷་ཡིན་པ་དེ༷འི་ཕྱི༷ར། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་བསོད་ནམས་ཤིན་ཏུ་མང་བ་ལས་ཀྱང་ཟབ་མོའི་ཆོས་འདི་ལྟ་བུ་ཐོ༷ས་པ༷འི་ཤེས་རབ་ནི་ཆེས་མཆོ༷ག་ཏུ་གྱུར་པ་ཉིད་དོ། །ཞེས་པའོ།།

ད་ནི་ཡོངས་སུ་རྫོགས་པའི་བྱ་བ་བཤད་པར་བྱ་སྟེ། བཤད་བྱའི་དོན་རྒྱས་པར་བཤད་པར་བྱ་བ་དང༌། འཆད་ཚུལ་གྱིས་བསྡུས་ཏེ་བསྟན་པའོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། ཆོས་ལ་གནོད་པ་སྤང་བའི་ཚུལ། བརྩམས་པའི་བསོད་ནམས་བསྔོ་བའི་ཚུལ་ལོ། །

བརྩམས་པའི་ཚུལ་ལ་ལྔ་ལས། དང་པོ་གཉིས་ནི། དེའི་གང་ལ་བརྟེན་ནས་བཤད་པ་ནི། གོང་དུ་བསྟན་པའི་ཚུལ་དེ༷་ལྟ༷ར་རྡོ་རྗེའི་གནས་བདུན་བཤད་པ་རྣམས་ཀྱང༌། རང་བཟོའམ་གཟུ་ལུམས་སུ་བྱས་པ་ནི་མ་ཡིན་གྱི། འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། དཔལ་ཕྲེང་གིས་ཞུས་པའི་མདོ་དང༌། འཕེལ་བ་མེད་པ་དང་འགྲིབ་པ་མེད་པ་བསྟན་པའི་མདོ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལ་སོགས་པ་ངེས་པའི་དོན་གཙོ་བོར་སྟོན་པས་ཡི༷ད་ཆེ༷ས་པའི་གནས་སུ་གྱུར་པའི་ལུ༷ང་རྣམ་པར་དག་པ་རྣམས་ད༷ང༌། གནས་སྐབས་སུ་བྱ་བ་བྱེད་པའི་རི༷གས་པ༷་དང༌། ལྟོས་པའི་རིགས་པ་དང༌། འཐད་པ་སྒྲུབ་པའི་རིགས་པ་རྣམས་ལ༷་བརྟེ༷ན་ཅིང་མཐར་ཐུག་ཆོས་ཉིད་ཟབ་མོའི་རིགས་པ་ལ་བརྟེན་ན༷ས་ལེགས་པར་བཤད་པ་ཉིད་དོ། །ཞེས་པའོ། །

གང་གི་ཆེད་ནི།

རང་གི་དོན་ལས་བརྩམས་ཏེ་རྩོམ་པ་པོ་བད༷ག་ཉི༷ད་ཆོས་ཀྱི་དབྱིངས་འབ༷འ་ཞི༷ག་པ་སྤང་བྱའི་སྒྲིབ་པ་ཕྲ་མོས་ཀྱང་ཤིན་ཏུ་རྣམ་པར་ད༷ག་ནས་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱི༷ར་ད༷ང༌། གཞན་གྱི་དོན་ལས་བརྩམས་ཏེ་སྐལ་བ་ཆེན་པོ་དང་ལྡན་པའི་གདུལ་བྱ་ག༷ང་ད༷ག་མཆོག་ཏུ་ཟབ་མོའི་དོན་འདི་ལྟ་བུ་ལ་མི་འཕྲོགས་པའི་སྒོ་ནས་མོ༷ས་པའི་བློ་དང་ལྡན་ཞིང༌། དེ་ལས་ཀྱང་བསོད་ནམས་ཀྱི་ཚོགས་ལས་མཆོག་ཏུ་གྱུར་པའི་དགེ༷་བ་ཕུ༷ན་སུ༷མ་ཚོ༷གས་པ་དང་ལྡ༷ན་པ་ཐོབ་བོ་སྙམ་པའི་བློ༷་ཅན་དེ༷་ད༷ག་ལེགས་པར་བཤད་པའི་དགའ་སྟོན་གྱིས་རྗེ༷ས་སུ༷་གཟུ༷ང་བར་བྱ་བའི་ཕྱི༷ར་དུ་བསྟན་བཅོས་འདི༷་རྣམ་པར་བཤ༷ད་དོ༷། །ཞེས་པའོ། །

ཇི༷་ལྟ༷ར་འཆད་ཚུལ་གྱིས་བསྟན་པ་ནི།

དཔེ་ཇི་ལྟར་ན་སྒྲོ༷ན་མེའི་འོད་དང༌། གློ༷ག་གི་འོད་དང༌། ནོ༷ར་བུ༷འི་འོད་དང༌། ཉི༷་མའི་འོད་དང༌། ཟླ༷་བའི་འོད་ཀྱི་སྣང་བ་ལ༷་བརྟེ༷ན་ན༷ས་གང་ཟག་མི༷ག་ད༷ང་ལྡ༷ན་པ༷་རྣམས་ཡུལ་གཟུགས་ལ་ལྟ༷་བ༷་བཞི༷ན་དུ། དོན་དེ༷་བཞི༷ན་དུ་ཆོས་རྣམས་ཀྱི་རང་མཚན་དང་སྤྱིའི་མཚན་ཉིད་ཀྱི་དོ༷ན་རྒྱ་ཆེ༷ན་པོ་མཁྱེན་པ་དོན་སོ་སོ་ཡང་དག་པར་རིག་པ་དང༌། མིང་གི་རྣམ་གྲངས་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པ་ཆོ༷ས་སོ་སོ་ཡང་དག་པར་རིག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྐད་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། ཆོས་ཀྱི་རབ་ཏུ་དབྱེ་བ་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པ་སྤོ༷བས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་འོ༷ད་ཟེར་འགྱེད་པར་མཛ༷ད་པ༷འི་ཐུ༷བ་པ་རྫོགས་པའི་སངས་རྒྱས་ཀྱི་སྣང་བ་ལ༷་བརྟེ༷ན་ན༷ས། བློ་གྲོས་ཀྱི་མིག་གིས་ཟབ་མོའི་དེ་ཁོ་ན་ཉིད་མཐོང་སྟེ། གཞུང་འདི༷་ཉི༷ད་ར༷བ་ཏུ༷་གསལ་བར་མཛད་དོ། །ཞེས་པའོ། །

གང་ཞིག་བཤ༷ད་བྱའི་ངོ་བོ་ནི། དམ་པའི་ཆོས་ག༷ང་ཞི༷ག་བརྗོད་བྱ་ཟབ་པ་དང་རྒྱ་ཆེ་བའི་དོ༷ན་ཆེན་པོ་དང་ཡང་དག་པར་ལྡ༷ན་ལ་རྗོད་བྱེད་ངག་གི་ཚིག་དྲི་མ་མེད་པའི་ཆོ༷ས་ད༷ང་ཉེ༷་བར་འབྲེ༷ལ་ཞི༷ང་སྤང་བྱ་ཁ༷མས་གསུ༷མ་པའི་ཀུ༷ན་ན༷ས་ཉོ༷ན་མོ༷ངས་པ་ཐམས་ཅད་སྤོ༷ང་བར་བྱེ༷ད་པའི་གསུ༷ང་དུ་གྱུར་པས་གཉེན་པོ་ཞི༷་བ༷་མྱ་ངན་ལས་འདས་པ་མཐར་ཕྱིན་པའི༷་ཕ༷ན་ཡོ༷ན་སྟོ༷ན་ཅིང་ཐོབ་པ༷ར་མཛ༷ད་པ༷་ག༷ང་ཡིན་པ་དེ༷་ནི༷་དྲ༷ང་སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་གསུ༷ང་རབ་རྣམ་པར་དག་པ་ཡི༷ན་པས་གཏན་ལ་དབབ་པར་བྱ་བ་ཡིན་ལ། དོན་བཞི་པོ་དེ་དག་ལས་བཟློ༷ག་པ༷་ནི་ཡང་དག་པའི་གསུང་རབ་ལས་གཞ༷ན་ལོག་པར་བསྟན་པ་ཡིན་པས་འཇུག་པར་བྱ་བ་མ་ཡིན་ནོ། །ཞེས་པའོ། །

རྒྱུ་མཐུན་གུས་པས་བླང་ཚུལ་ནི། གསུང་རབ་ཀྱི་དགོངས་འགྲེལ་ག༷ང་ཞི༷ག་བཤད་བྱའི་ཁྱད་པར་རྒྱ༷ལ་བ༷་རྫོགས་པའི༷་སངས་རྒྱས་སྟོ༷ན་པ༷་འབ༷འ་ཞི༷ག་གི༷་དབ༷ང་དུ་བྱ༷ས་ནས་སྟོན་གྱི། རང་བཟོ་བྱས་པ་མ་ཡིན་ལ། འཆད་པ་པོའི་ཁྱད་པར་ཆོས་དང་དོན་ལེགས་པར་ཤེས་ཤིང་རྙེད་བཀུར་ལ་སོགས་པ་ཕྱིན་ཅི་ལོག་གི་རྣ༷མ་པར་གཡེ༷ང་བ་མེ༷ད་པའི་ཡི༷ད་ཅ༷ན་གྱི༷ས་ལེགས་པར་བཤ༷ད་པས་འབྲས་བུའི་ཁྱད་པར་ཐ༷ར་པ༷་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོ༷བ་པ༷ར་བྱ་བའི་ཆེད་དུ་ཐབས་ཀྱི་ཁྱད་པར་དེའི༷་ལ༷མ་སྟོན་པ་ད༷ང་རྗེ༷ས་སུ་མཐུ༷ན་པ༷་སྟེ། ཡོན་ཏན་བཞི་དང་ལྡན་པའི་བསྟན་བཅོས་དེ༷་ཡ༷ང་དྲ༷ང་སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་བཀ༷འ་ཇི་ལྟ་བ་བཞི༷ན་དུ་དད་པའི་སྤྱི༷་བོ༷ས་བླ༷ང་བར་བྱ་བ་ཉིད་དོ། །ཞེས་པའོ། །

ཆོས་ལ་གནོད་པ་སྤང་བའི་ཚུལ་ལ་གསུམ་སྟེ། དག་པའི་ཐབས་ངོས་གཟུང་སྟེ་བསྟེན་པར་གདམས་པ། ཉམས་པའི་རྒྱུ་ངོས་བཟུང་སྟེ་སྤང་བར་གདམས་པ། ཟབ་མོའི་ཆོས་ཉམས་པའི་འབྲས་བུ་སྤོང་ཚུལ་ལོ། །

དག་པའི་ཐབས་བསྟེན་ཚུལ་ལ། རང་བཟོ་སྤང་ཚུལ་ནི། ག༷ང་གི་ཕྱི༷ར་རྒྱ༷ལ་བ་རྫོགས་པའི་སངས་རྒྱས་ཉིད་ལ༷ས་ཆེ༷ས་མཁ༷ས་པའི་གང་ཟག་འག༷འ་ཡ༷ང་འཇི༷ག་རྟེ༷ན་གྱི་ཁམས་འདི༷་ན༷་ཡོ༷ད་པ་མི༷ན་ཏེ༷། ཤེས་བྱ་ཇི་སྙེད་པའི་དོན་མ༷་ལུ༷ས་པ་དང་ཇི་ལྟ་བའི་དེ༷་ཁོ་ན་ཉི༷ད་མཆོ༷ག་ནི༷་ཚུ༷ལ་བཞི༷ན་དུ་ཕྱིན་ཅི་མ་ལོག་པར་རྣམ་པ་ཀུ༷ན་མངོན་སུམ་དུ་མཁྱེ༷ན་པའི་ཡེ་ཤེས་ཉིད་ཀྱི༷ས་མཁྱེ༷ན་གྱི། སངས་རྒྱས་ལས་གཞ༷ན་གྱིས་ཤེས་པ་མི༷ན་པ༷་དེ༷འི་ཕྱི༷ར་དྲ༷ང་སྲོ༷ང་ཆེན་པོ་རྒྱལ་བ་ར༷ང་ཉི༷ད་ཀྱི༷ས། དྲང་བ་དང་ངེས་པའི་དོན་དུ་རྣམ་པར་བཞ༷ག་པའི་མདོ༷་སྡེ༷་ག༷ང་ཡི༷ན་པ་དེ༷་དག་ལ་དྲང་དོན་ལ་ངེས་དོན་དང༌། ངེས་དོན་ལ་དྲང་དོན་ནོ་ཞེས་རང་བཟོས་མི༷་དཀྲུ༷ག་ཅིང་ལོག་པར་བཤད་པར་མི་བྱ་སྟེ། གལ་ཏེ་བྱས་ན། ཐུ༷བ་པ་རྫོགས་པའི་སངས་རྒྱས་ཀྱི་དམ་པའི་ཆོས་ཀྱི་ཚུ༷ལ་བཤི༷ག་པར་འགྱུར་བའི་ཕྱི༷ར་དང༌། དེ༷་ཡ༷ང་ད༷མ་པའི་ཆོ༷ས་ལ༷་ནི༷་གནོ༷ད་པ༷་བྱེ༷ད་པ༷ར་འགྱུ༷ར་ཞིང་ཆོས་སྤོང་བའི་ཉེས་པ་ཆེན་པོར་འགྱུར་རོ། །ཞེས་པའོ། །

ཕྱོགས་ཞེན་སྤང་ཚུལ་ནི།

ཉོ༷ན་མོ༷ངས་པ་མ་རིག་པ་ལ་སོགས་པ་རྣམས་ཀྱིས་སེམས་ཀུན་ཏུ་རྨོ༷ངས་པའི་བད༷ག་ཉིད་ཅན་དུ་གྱུར་པའི་སྐྱེ་བོ་ངན་པ་རྣ༷མས་ཀྱི༷ས་སངས་རྒྱས་ལ་སོགས་པ་འཕ༷གས་པའི་གང་ཟག་ལ༷་སྐུ༷ར་བ༷་འདེབས་པ་ད༷ང༌། དེ༷་དག་གིས་ལེགས་པར་གསུང༷ས་པའི་དམ་པའི་ཆོ༷ས་ལ༷་བརྙ༷ས་པ་ལ་སོགས་པའི་ཉེས་པ་ག༷ང་ཡིན་པ་དེ༷་རྣམས་ཀུ༷ན་ཀྱང་རང་གི་གྲུབ་མཐའ་ངན་པ་ལ་མཆོག་ཏུ་མངོན་པར་ཞེ༷ན་པའི་ལྟ༷་བས༷་བྱ༷ས་ཤིང༌། དེ་ལས་ཀྱང་སྡུག་བསྔལ་སྣ་ཚོགས་ཀྱིས་ཉམ་ཐག་པར་གྱུར་པ་དེ༷ས་ན༷། ཕྱོགས་ཞེ༷ན་གྱི་ལྟ༷་བ་ངན་པའི༷་དྲི༷་མ་ཅ༷ན་དུ་གྱུར་པའི་ཉོན་མོངས་པ་དེ༷་ལ༷་མཁས་པ་རྣམས་ཀྱི་བློ༷་གྲོས་ནམ་ཡང་མི༷་སྦྱ༷ར་ཏེ། གལ་ཏེ་སྦྱར་ན་ཡང་དག་པའི་ལྟ་བ་དང་སྤྱོད་པ་ལ་བློ་བསྒྱུར་དུ་མི་རུང་བའི་ཉེས་པ་ཡོད་པའི་ཕྱིར་རོ། །དཔེར་ན་གོ༷ས་གཙ༷ང་མ་དྲི་མ་མེད་པ་ཚོ༷ན་གྱི༷ས་ཁ་དོག་རྣ༷མ་པར་བསྒྱུ༷ར་དུ་རུང་གིས་སྣུ༷མ་གྱི༷ས་གོ༷ས་པ༷འི་གོས་དྲི་མ་ཅན་དེ་ནི་དེ་ལྟ་མི༷ན་པ་བཞིན་ནོ། །ཞེས་པའོ། །

ཉམས་པའི་རྒྱུ་སྤང་ཚུལ་ནི། དེ་ལྟར་ཐེག་པ་ཆེན་པོའི་ཆོས་ཀྱི་མཐར་ཐུག་སྙིང་པོ་ངེས་པའི་དོན་ནི་མཆོག་ཏུ་ཟབ་ཅིང་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ན། ཁ་ཅིག་མི་མོས་ཤིང་རྣམ་པར་སྤོང་བར་འགྱུར་བ་ཅི་སྙམ་པ་ལ། དེ་ནི་ཆོས་ཀྱིས་ཉེས་པ་མ་ཡིན་གྱི་གང་ཟག་གིས་ཉེས་པ་ཡིན་ནོ། །ཞེས་སྟོན་པ་སྟེ། དེ་ཡང་ཁ་ཅིག་ནི་ཟབ་མོའི་དོན་ལ་རྣམ་པར་དཔྱོད་པའི་ཤེས་རབ་ཆུང་ཞིང་བློ༷་གྲོས་ཤིན་ཏུ་དམ༷ན་པའི་ཕྱི༷ར་དམ་པའི་ཆོས་སྤོང་བར་བྱེད་པ་དེ་བཞིན་དུ་སྦྱར་ཏེ། ཁ་ཅིག་ནི་རྒྱས་འགྱུར་གྱི་རིགས་སད་པར་མ་གྱུར་པས་དཀ༷ར་པོ་དགེ་བའི་ཆོས་ལ་མོ༷ས་པ་དང་རྣམ་པར་བྲ༷ལ་བའི་ཕྱི༷ར་དང༌། ཁ་ཅིག་ནི་ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པའི་ལོ༷ག་པ༷འི་ང༷་རྒྱ༷ལ་ལ༷་བརྟེ༷ན་པའི་ཕྱི༷ར་དང༌། ཁ་ཅིག་ནི་ཚེ་རབས་སྔ་མར་ད༷མ་པའི་ཆོ༷ས་ཀྱིས་ཕོ༷ངས་པར་འགྱུར་བ༷འི་ལས་ཀྱི་སྒྲི༷བ་པ་ཚབས་ཆེན་པོ་ཉེ་བར་བསགས་པ༷ས་ཡང་དག་པའི་དོན་ལ་སྒྲིབ་པའི་བད༷ག་ཉིད་ཅན་ཡིན་པའི་ཕྱི༷ར་དང༌། ཁ་ཅིག་ནི་དྲ༷ང་བའི་དོ༷ན་གྱི་གསུང་རབ་ལ་ཆོས་ཐམས་ཅད་ཀྱི་དེ༷་ཁོ་ན་ཉི༷ད་ངེ༷ས་པའི་དོན་ཕྱིན་ཅི་མ་ལོག་པར་འཛི༷ན་པའི་ཕྱི༷ར་དང༌། ཁ་ཅིག་ནི་ཟས་དང་གོས་དང་ནོར་ལ་སོགས་པ་འདོད་པའི་ཡོན་ཏན་གྱི་རྙེ༷ད་པ་ལ༷་ལྷག་པར་ཆགས་ཤིང་བརྐ༷མ་པའི་དབང་དུ་གྱུར་པའི་ཕྱི༷ར་དང༌། ཁ་ཅིག་ནི་འཇིག་ཚོགས་ལ་ལྟ༷་བ༷་ལ་སོགས་པ་ལྟ་བ་ངན་པ་ལ་མཆོག་ཏུ་མངོན་པར་ཞེན་པའི༷་དབ༷ང་དུ་གྱུར་པའི་ཕྱི༷ར་དང༌། ཁ་ཅིག་ནི་དམ་པའི་ཆོ༷ས་ཟབ་པ་དང་རྒྱ་ཆེ་བ་རྣམས་སུ༷ན་འབྱི༷ན་ཅིང་རྣམ་པ༷ར་སྤོང་བ་དང་སྡིག་པའི་གྲོགས་པོ་ཡུན་རིང་དུ་བསྟེ༷ན་ཅིང་དེའི་དབང་དུ་གྱུར་པ༷འི་ཕྱི༷ར་དང༌། ཁ་ཅིག་ནི་ཐེག་པ་ཆེན་པོ་དམ་པའི་ཆོ༷ས་འཛི༷ན་པའི་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་མཚན་ཉིད་དང་ལྡན་པ་རྣམས་ཀྱང་ཡུན་རིང་དུ་བསྲི༷ངས་པའི་ཕྱི༷ར་དང༌། ཁ་ཅིག་ནི་ཡང་དག་པའི་ཆོས་དང་གང་ཟག་ལ་ཡིད་མི་ཆེས་ཤིང༌། ཕྱིན་ཅི་ལོག་ལ་དགའ་བས་མོ༷ས་པ༷་དམ༷ན་པའི་ཕྱི༷ར་ན་དེ་བཞིན་གཤེགས་པ་དགྲ༷་བཅོ༷མ་པ་རྣ༷མས་ཀྱི༷་དམ་པའི་ཆོ༷ས་སྤོ༷ང་ཞིང༌། ཁྱད་པར་དུ་ཟབ་མོའི་དེ་ཁོ་ན་ཉིད་སྟོན་པ་རྣམས་སྤོང་བར་བྱེ༷ད་མོད། དེ་ལྟར་ན་ཡང་རང་ཉིད་ཉམས་པའི་རྒྱུ་ཡིན་པས་མཁས་པ་རྣམས་ཀྱིས་དེ་ལྟར་བྱ་བ་མ་ཡིན་ནོ། །ཞེས་པའོ། །

ཆོས་ལ་ཉམས་པའི་འབྲས་བུ་སྤོང་ཚུལ་ལ་གཉིས་ལས། ངན་སོང་སྤོང་ཚུལ་ནི།

ཇི༷་ལྟ༷ར་ན་མཆོག་ཏུ་ཟ༷བ་མོ་དམ་པའི༷་ཆོ༷ས་ལས་ཉམས་པ་ཇི་ལྟར་འཇིགས་པ་དེ༷་བཞི༷ན་དུ་བླང་དོར་ལ་མཁ༷ས་པ༷འི་སྐྱེས་བུ་དམ་པ་རྣ༷མས་ཀྱི༷ས་འཇིག་རྟེན་ན་འཇིགས་པར་གྲགས་པའི་མེ༷ས་སྲེགས་པ་ད༷ང་ནི༷་མི༷་ཟ༷ད་པའི་སྦྲུ༷ལ་གདུ༷ག་པས་ཟ་བ་དང༌། གཤེ༷ད་མ༷ས་གསོད་པ་ད༷ང་ནི༷་ཐོ༷ག་གིས་འབིགས་པ་ལ༷འ༷ང་ཤི༷ན་ཏུ༷་འཇི༷གས་པར་མི༷་བྱ༷་ཞིང༌། དེ་བས་ཀྱང་ཆོས་ལས་ཉམས་པ་ཉིད་འཇིགས་པས་སྤང་བྱ་སྟེ་གང་གི་ཕྱིར་ན་མེ༷ས་ཚིག་པ་དང༌། སྦྲུ༷ལ་གྱིས་ཟོས་པ་དང༌། དགྲ༷ས་བསད་པ་ད༷ང༌། རྡོ༷་རྗེ༷འི་མེ༷་ཐོག་གིས་ཕུག་པ་ལས་ནི༷་ཚེ་འདིའི་སྲོ༷ག་ད༷ང་བྲ༷ལ་བ༷་ཙ༷མ་བྱེ༷ད་པར་ནུས་མོད་ཀྱི། དེ༷་རྣམས་ལ༷ས་ངན་སོང་མན༷ར་མེ༷ད་པའི་དམྱལ་བ་རྣ༷མས་ཀྱི༷་འགྲོ༷་བ༷་ཤི༷ན་ཏུ༷་འཇི༷གས་པ༷ར་འགྲོ༷་བར་མི༷་འགྱུ༷ར་ལ། དམ་པའི་ཆོས་སྤངས་པ་ལས་ནི་མནར་མེད་པའི་སྡུག་བསྔལ་མྱོང་བར་འགྱུར་བའི་ཕྱིར་རོ། །ཞེས་པའོ། །

འཁོར་བ་སྤོང་ཚུལ་ནི།

གང་ཟག་ངན་པ་ག༷ང་ཞི༷ག་དུས་ཡ༷ང་དང་ཡ༷ང་དུ་སྡི༷ག་པའི་གྲོ༷གས་པོ་བསྟེ༷ན་ཅིང་དེའི་དབང་དུ་གྱུར་པ༷ས། སྐྱབས་གནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སང༷ས་རྒྱ༷ས་ལ་ཡང་དཀྲོངས་པར་འདོད་པའི་ང༷ན་སེ༷མས་ཆེན་པོ་དང་ལྡ༷ན་པར་གྱུ༷ར་པས་སྐུ་མཚལ་འབྱིན་པར་བྱེད་པ་ད༷ང༌། འཇིག་རྟེན་སོ་སོར་ངེས་པའི་སྐྱེ་བོ་བླ་མ་ཕ༷་དང་མ༷་དྲིན་ཆེན་པོ་དང་ལྡན་པ་དག་ཀྱང་གསོད་པར་བྱེད་པ་དང༌། སྐྱེ་བོ་ཐམས་ཅད་ཀྱིས་ཐུན་མོང་དུ་བཀུར་བར་འོས་པ་དགྲ༷་བཅོ༷མ་པ་ཡང་གསོ༷ད་པ༷ར་བྱ༷་བ༷ར་འོས་པ་མི༷ན་པ་བྱེ༷ད་པ་དང༌། མཆོ༷ག་གི་ཚོ༷གས་དགེ་འདུན་གྱི་དབྱེན་བྱས་ནས་རྣམ་པར་འབྱེ༷ད་པ༷འི་མི༷་དེ༷་ཡ༷ང་ཆོ༷ས་ཐམས་ཅད་ཀྱི་དེ་ཁོ་ན་ཉི༷ད་ཟབ་མོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང༌། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ངེ༷ས་པ༷ར་བས༷མས་ཤིང་རྩེ་གཅིག་ཏུ་བསྒོམས་ན༷་མྱུ༷ར་དུ་༷མཚམས་མེད་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཆེན་པོ་དེ༷་ལ༷ས་ཐ༷ར་ནས་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུ༷ར་གྱི༷། སྐྱེ་བོ་ག༷ང་ཞི༷ག་ཡི༷ད་ནི༷་ཐེག་པ་ཆེན་པོའི་མཐར་ཐུག་སྙིང་པོ་ངེས་པའི་དོན་གྱི་ཆོ༷ས་ལ༷་སྡ༷ང་ཞིང་སྤོང་བ༷་དེ༷་ལ༷་ཐ༷ར་པ༷་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལྟ་ག༷་ལ༷་ཡོ༷ད། དེའི་ལམ་སྒོམ་པའི་སྐལ་བ་དང་མི་ལྡན་པའི་ཕྱིར། ཞེས་པའོ། །

བསོད་ནམས་བསྔོ་བའི་ཚུལ་ནི།

སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ་ཐོབ་པར་བྱ་བའི་འབྲས་བུ་དཀོ༷ན་མཆོ༷ག་གསུམ་གྱི་དོན་དང༌། དེ་རྣམས་འགྲུབ་པའི་རྒྱུ་རང་བཞིན་གྱིས་རྣ༷མ་པ༷ར་བྱ༷ང་བའི་ཁ༷མས་དེ་བཞིན་གཤེགས་པའི་སྙིང་པོའི་དོན་དང༌། དེ་ཉིད་གློ་བུར་གྱི་དྲི༷་མ་མེ༷ད་ཅིང་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་བྱ༷ང་ཆུ༷བ་ཆེན་པོའི་དོན་དང༌། དེ་ལ་ཡོད་པ་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུས་བསྡུས་པའི་ཡོ༷ན་ཏ༷ན་གྱི་དོན་དང༌། དེའི་ནུས་པས་གཞན་གྱི་དོན་ལེགས་པར་སྒྲུབ་པའི་འཕྲི༷ན་ལ༷ས་ཀྱི་དོན་ཏེ༷་བརྗོད་བྱའི་དོ༷ན་རྡོ་རྗེའི་གན༷ས་རྣ༷མ་པ་བདུ༷ན་པོ་ཕྱིན་ཅི་མ་ལོག་པའི་ཚུ༷ལ་ཇི་ལྟ་བ་བཞི༷ན་དུ་རྣམ་པར་བཤ༷ད་པ་ལ༷ས། འཆད་པ་པོ་བད༷ག་གི༷ས་དགེ༷་བའི་རྩ་བ༷་རྣམ་པར་དག་པ་ག༷ང་ཐོ༷བ་པ༷་དེ༷ས་ནི༷་འཁོར་བ་ན་གནས་པའི་འགྲོ༷་བ་འདི༷་རྣམས་ཐམས་ཅད་གནས་སྐབས་ཀྱི་འབྲས་བུ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྐྱེས་ནས་མཐ༷འ་ཡ༷ས་པའི་འོ༷ད་ཟེར་གྱི་ཚོགས་མང༷འ་བ་དྲ༷ང་སྲོ༷ང་རྫོགས་པའི་སངས་རྒྱས་ཚེ༷་དང་ཡེ་ཤེས་དཔ༷ག་ཏུ་མེ༷ད་པའི་ཞལ་མངོན་སུམ་དུ་མཐོ༷ང་ཞི༷ང་སངས་རྒྱས་མཐོ༷ང་ན༷ས་ཀྱ༷ང་ནི༷་དེ་ལས་དམ་པའི་ཆོ༷ས་ཐོས་ཤིང་ཉམས་སུ་བླངས་པ་ལས་ཆོས་ཀྱི་མི༷ག་རྡུལ་མེད་ཅིང་དྲི༷་མ་མེ༷ད་པའི་མཐོང་ལམ་ལ་སོགས་པ་ཐོབ་ནས་ཆོས་ཟབ་མོ་ལ་མི་སྐྲག་པའི་བཟོད་པ་རྣམ་པར་དག་པ་སྐྱེ༷ས་ཏེ༷། མཐར་ཐུག་པའི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱ༷ང་ཆུ༷བ་ཆེན་པོ་མཆོ༷ག་ཏུ་གྱུར་པ་མྱུར་དུ་ཐོ༷བ་པར་ཤོ༷ག་ཅིག །ཅེས་པའོ། །

འཆད་ཚུལ་གྱིས་བསྡུས་ཏེ་བསྟན་པ་ནི། ག༷ང་ལ༷་བརྟེན་ནས་བཤད་པ་ནི། དེ་ལྟར་ཡིད་ཆེས་པའི་ལུང་དང་རིགས་པ་ལ་བརྟེན་ནས་ཞེས་པས་བསྟན་ཅིང༌། རྒྱུ༷་མཚ༷ན་ནམ་དགོས་པ་ག༷ང་གི༷་ཕྱི༷ར་དུ་བཤད་པ་ནི། བདག་ཉིད་འབའ་ཞིག་དག་ཕྱིར་དང༌། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་བཟུང་ཕྱིར་འདི་བཤད་དོ། །ཞེས་པས་བསྟན་ལ། ཚུལ་ཇི༷་ལྟ༷ར་བཤད་པ་ནི༷། ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ། །ཞེས་པ་ལ་སོགས་པས་བསྟན་ཏོ། །དོན་ག༷ང་ཞིག་བཤ༷ད་པར་བྱ་བའི་ངོ་བོ་ནི། གང་ཞིག་དོན་ལྡན། ཞེས་པ་ལ་སོགས་པས་བསྟན་པ་བཤད་བྱ་དེ་རྟོགས་པའི་རྒྱུ༷་མཐུ༷ན་པར་གྱུར་པ༷འི་འཆད་བྱེད་ནི༷་ག༷ང་ཡི༷ན་པ་དེ༷། གང་ཞིག་རྒྱལ་བ་བསྟན་པ་འབའ་ཞིག་གིས། །ཞེས་པ་ལ་སོགས་པ་བསྟན་པས་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་ནི་དེ་ལྟར་ཞེས་པ་ལ་སོགས་པ་ཚི༷གས་སུ༷་བཅ༷ད་པ༷་བཞི༷ས་རྒྱས་པར་བསྟ༷ན་ཏེ༷། གང་ཕྱིར་རྒྱལ་ལས་ཆེས་མཁས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉི༷ས་ཀྱི༷ས་བད༷ག་ཉི༷ད་ད༷ག་པ༷ར་བྱ་བའི༷་ཐ༷བས་སུ་ཆོས་སྤོང་བའི་སྒྲིབ་པ་ལ་བག་བྱ་བར་བསྟན་ཏོ། །བློ་དམན་ཕྱིར་ད༷ང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅི༷ག་གི༷ས་ཆོས་སྤོང་བའི་ལས་བསགས་ན་བདག་ཉིད་ཉ༷མས་པ༷འི་རྒྱུ༷་ཡིན་པས་སྤང་བར་གདམས་པ་བསྟན་ཅིང༌། དེ༷འི་རྗེས་ན༷ས་ཇི་ལྟར་ཟབ་མོའི་ཆོས་ཉམས་ཞེས་ཚི༷གས་སུ༷་བཅ༷ད་པ༷་ནི༷་གཉི༷ས་ཀྱི༷ས་ཟབ་མོའི་ཆོས་ལས་ཉམས་པའི་འབྲ༷ས་བུ༷་གནས་སྐབས་ངན་འགྲོར་ལྟུང་བ་དང༌། མཐར་ཐུག་ཐར་པ་མི་ཐོབ་པ་གཉིས་སྤང་བའི་ཚུལ་ཡང་དག་པར་བསྟ༷ན་པ༷་ཡི༷ན་ནོ། །གནས་སྐབས་སུ་ཞིང་ཁམས་རྣམ་པར་དག་པ་སངས་རྒྱས་ཀྱི་འཁོ༷ར་གྱི༷་དཀྱི༷ལ་འཁོ༷ར་དུ་སྐྱེས་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་ཏེ། དོན་ཟབ་མོ་ལ་མི་སྐྲག་པའི་བཟོ༷ད་པ༷་ཐོབ་པ་ད༷ང༌། མཐར་ཐུག་བླ་ན་མེད་པའི་བྱ༷ང་ཆུ༷བ་ཆེན་པོ་ཐོ༷བ་པ༷འི་ཆོ༷ས་ཡོངས་སུ་བསྔོ་བ་བརྗོ༷ད་པ༷འི་སྒོ་ནས་མདོ༷ར་བསྡུ་ན༷། དམ་པའི་ཆོས་ལ་ཞུགས་པ་རྣམས་ཀྱིས། འབྲ༷ས་བུ༷་གནས་སྐབས་དང་མཐར་ཐུག་གི་དོན་ཕུན་སུམ་ཚོགས་པ་རྣ༷མ་པ་གཉི༷ས་འགྲུབ་པ་ཡིན་པར་ནི༷། དཀོན་མཆོག་རྣམ་པར་བྱང་ཁམས་ཞེས་སོགས་ཚིགས་སུ་བཅད་པ་ཐ༷་མ༷་གཅིག་པོ་འདི་ཡི༷ས་ནི༷་ལེགས་པར་བསྟ༷ན་པ༷་ཡི༷ན་ནོ། །

ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་བླ༷་མ༷འི་བསྟ༷ན་བཅོ༷ས་དཀོ༷ན་མཆོ༷ག་གི༷་རི༷གས་རྣ༷མ་པ༷ར་དབྱེ༷་བ༷་ལ༷ས། ཕ༷ན་ཡོ༷ན་གྱི༷་སྐ༷བས་ཏེ༷། ལེའུ་ལྔ༷་པ༷འི་རྣམ་པར་བཤད་པའོ༷།། །།

དེ་ལྟར་ན་རྒྱལ་བའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་བྱ༷མས་པ༷་མགོ༷ན་པོ༷ས་མཛ༷ད་པ༷། ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་བླ༷་མ༷འི་བསྟ༷ན་བཅོ༷ས། སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་འགྲེལ་པ་དང་མཐུན་པར་རྣམ་པར་བཤད་པ་གྲུབ་སྟེ་མཐའ་དག་རྫོ༷གས་སོ༷།། །།

ཞེས་ཀྱང་བྱའོ། །དོན་དེ་ལེགས་པར་བསྒྱུར་པའི་ཚུལ་ནི། དཔ༷ལ་ལྡན་གྲོ༷ང་ཁྱེ༷ར་དཔེ༷་མེ༷ད་ཀྱི༷་མཁ༷ས་པ༷་ཆེ༷ན་པོ༷་བྲ༷མ་ཟེ༷་རི༷ན་ཆེ༷ན་རྡོ༷་རྗེ༷འི་དབོ༷ན་པོ༷། པ༷ཎྜི༷་ཏ༷་ཆེ༷ན་པོ༷་ས༷ད་ཛྙཱ༷་ན༷་ད༷ང༌། ལོ༷་ཙཱ༷་བ༷་ཤཱ༷ཀྱ༷འི་དགེ༷་སློ༷ང་བློ༷་ལྡ༷ན་ཤེ༷ས་ར༷བ་ཀྱི༷ས་གྲོ༷ང་ཁྱེ༷ར་དཔེ༷་མེ༷ད་དེ་ཉིད་དུ༷་བསྒྱུ༷ར་བ༷འོ༷།། །།

མ་རྟོགས་ལོག་པར་རྟོག་དང་ཐེ་ཚོམ་གྱི། །མུན་པ་ཐམས་ཅད་དྲུངས་ནས་འབྱིན་བྱེད་པ། །ལེགས་བཤད་འདི་ནི་ཉི་མའི་འོད་ཟེར་ཡིན། །དགེ་བས་འགྲོ་ཀུན་མུན་པ་སེལ་བར་ཤོག །སྡེ་སྣོད་འཛིན་པ་དཔལ་ལྡན་བརྩོན་འགྲུས་དང༌། ཕུན་ཚོགས་དཔལ་གཉིས་ཀྱིས་གསོལ་བ་བཏབ་པའི་ངོར། ཇོ་ནང་དཔལ་གྱི་རི་ཁྲོད་དུ། རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་སྦྱར་བའོ།། །།

བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག ། །མངྒ་ལཾ། བྷ་ཝནྟུ། གཅིག་ཞུས།


no previousཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལེགས་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །next