Nitartha Digital Library
Tibetan
 
previousལྟ་བ་ངན་སེལ་ཞེས་བྱ་བ་བཞུགས་སོ། ། next

ལྟ་བ་ངན་སེལ་ཞེས་བྱ་བ་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཆོས་ཐམས་ཅད་ཀྱིས་སྟོང་ཞིང་དབེན་ལ་དག་པའི་གཞི་ཆོས་ཉིད་གཞན་སྟོང་ཟབ་མོ་ཀུན་གཞི་ཡེ་ཤེས་བདེ་བ་ཆེན་པོ་དོན་དམ་པའི་དབྱིངས་རིག་དབྱེར་མེད། འགལ་འདུས་སྐྱོན་མེད། དུ་མ་རོ་གཅིག་ཡོད་མེད་དང་སྒྲོ་སྐུར་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་གཞི། དབུས་མ། བར་མ། ཕུང་པོ་གསུམ་པ་མ་ནིང་གི་གོ་འཕང་རྡོ་རྗེ་སེམས་དཔའ། ཨེ་ཝཾ་གི་ཡི་གེ་གཞན་མཆོག་ཕ་རོལ་དང་པོའི་སངས་རྒྱས་གདོད་ནས་གྲོལ་བའི་དེ་བཞིན་གཤེགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབུ་མ་ཆེན་པོ། མྱང་འདས་ཆེན་པོ། བདེ་དགྱེས་ལ་སོགས་པ་དོན་དམ་གྱི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང༌། ཕྱག་རྒྱ་དང༌། དངོས་གྲུབ་ཐམས་ཅད་འདུས་པའི་བདག་ཉིད་དེ་བཞིན་ཉིད་ལ་སོགས་པ་ཡོངས་གྲུབ་དགུ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་ཐམས་ཅད་ལ་དད་ཅིང་གུས་པ་དང༌། ཡིད་ཆེས་པར་བྱའི། དེ་ལས་གཞན་དུ་མི་བྱ་སྟེ།

དེ་ཡང་ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་དཀོན་པ་སོར་ཕྲེང་གི་མདོར། སོར་མོའི་ཕྲེང་བས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཁྱཽད་སྟོང་པ་ཆེན་པོ་མཐོང་བའི་མཆོག་ན། འཇིག་རྟེན་ན་སྟོང་པ་མཐོང་པ་གང་ཡིན། སྟོང་པ་སྟོང་པ་ཞེས་བྱ་བའི་དོན་ཅི། ཤེས་པ་ཆེན་པོ་དང་ལྡན་པ་མྱུར་དུ་སྨོན་ཏེ། ངའི་ཐེ་ཚོམ་མྱུར་དུ་ཆོད་ཅིག ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་དེ་སྨྲས་པ། སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་མཚན་ཉིད་མེད་པའོ། །སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་མཚན་མ་མེད་ལས་སྐྱེས། །སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་གཟུགས་མེད་གྱུར་པའོ། །ཆོས་རྣམས་ནམ་མཁའ་ལྟ་བུ་སྟེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །ཡེ་ཤེས་ནམ་མཁའ་ལྟ་བུ་སྟེ། །དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །གཟུང་དུ་མེད་ཅིང་རེག་ཏུ་མེད། །ཆགས་མེད་ཡེ་ཤེས་དེ་བཞིན་གཤེགས། །ཐར་པ་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཐར་པ་སངས་རྒྱས་དེ་བཞིན་གཤེགས། །སྟོང་པ་ཅི་ཡང་མེད་པ་དག །སོར་ཕྲེང་ཁྱོད་ཀྱིས་ག་ལ་ཤེས། །དེ་ནས་སོར་མོའི་ཕྲེང་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སླར་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ་དཔེར་ན། སྤྲིན་ཆེན་པོ་ལས་ཆར་རབ་ཏུ་བབས་པ་དང༌། སྐྱེས་བུ་བྱིས་པའི་རང་བཞིན་ཅན་གྱིས་སེར་བའི་འབྲུ་བླངས་ཏེ། ནོར་བུ་རིན་པོ་ཆེ་བཻཌཱུརྻ་བསམས་ནས་ཁྱྀམ་དུ་ཁྱེར་བ་དང༌། ཧ་ཅང་གྲང་ཆེས་ནས་བཟུང་མ་ནུས་ཏེ་གཏེར་ཏུ་བྱའོ་སྙམ་ནས་བུམ་པའི་ནང་དུ་ལེགས་པར་བཅུག་པ་དང༌། སེར་བའི་རིལ་བུ་དེ་ཞུ་བར་མཐོང་ནས། སྟོང་པའོ་སྙམ་སྟེ་ཅང་མི་ཟེར་བར་འགྱུར་བ་དེ་བཞིན་དུ། བཙུན་པ་འཇམ་དཔལ་ཤིན་ཏུ་སྟོང་པ་ཉིད་ལ་བསྒོམས་ཤིང་སྟོང་པར་རབ་ཏུ་བསམས་པས་ཆོས་ཐམས་ཅད་ཞིག་པ་མི་བཟོད་པར་མཐོང་ངོ༌། །ཐར་པ་སྟོང་པ་མ་ཡིན་པ་ཡང་སྟོང་པར་མཐོང་ཞིང་རྟོག་གོ །འདི་ལྟ་སྟེ་དཔེར་ན། སེར་བའི་རིལ་བུ་ནོར་བུའོ་སྙམ་དུ་བསམས་ནས་ནོར་བུ་ཡང་སྟོང་པར་བསྒོམ་པ་དེ་བཞིན་དུ། ཁྱོད་ཀྱང་སྟོང་པ་མ་ཡིན་པའི་ཆོས་ལ་སྟོང་པར་སེམས་ཏེ། ཆོས་སྟོང་པ་མཐོང་ནས་སྟོང་པ་མ་ཡིན་པའི་ཆོས་ལ་ཡང་སྟོང་པར་འཇིག་པར་བྱེད་དོ། །སྟོང་པའི་ཆོས་ཀྱང་གཞན། སྟོང་པ་མ་ཡིན་པའི་ཆོས་རྣམས་ཀྱང་གཞན་ཏེ། སེར་བའི་རིལ་བུ་ལྟ་བུ་ཉོན་མོངས་པ་བྱེ་བ་ནི་སྟོང་པའོ། །སེར་བའི་རིལ་བུ་ལྟ་བུར་མི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ནི་མྱུར་དུ་འཇིག་གོ །ནོར་བུ་བཻཌཱུརྻ་བཞིན་དུ་སངས་རྒྱས་ནི་རྟག་པ་སྟེ། ཐར་པའི་མཐའ་ཡང་ནོར་བུ་བཻཌཱུརྻ་བཞིན་ནོ། །ནམ་མཁའ་ཡང་སངས་རྒྱས་རྣམས་ཀྱི་གཟུགས་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གཟུགས་མེད་པ་ཡིན་ནོ། །སངས་རྒྱས་ཀྱི་ཐར་པ་ཡང་གཟུགས་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཐར་པ་གཟུགས་མེད་པ་ཡིན་ན། ཇི་ལྟར་ཐར་པའི་མཚན་ཉིད་སྟོང་པ་ཞེས་བྱ་བ་དབྱེ་བ་མེད་པའི་འདུ་ཤེས་སུ་མ་བྱེད་ཅིག །འཇམ་དཔལ་གང་གྲོང་ཁྱེར་བརྩེགས་པའི་ཁྱིམ་སྟོང་པ་ནི་མི་མེད་པས་སྟོང་ངོ༌། །བུམ་པ་ནི་ཆུ་མེད་པས་སྟོང་ངོ༌། །ཀླུང་ནི་ཆུ་མི་འབབ་པས་སྟོང་ངོ༌། །ཅི་གྲོང་གི་བར་སྐབས་ཁྱིམ་མེད་པ་ལ་སྟོང་པ་སྟོང་པ་ཞེས་བྱའམ། ཅི་ཁྱྀམ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི། མི་མེད་པས་སྟོང་པ་ཞེས་བྱའོ། །ཅི་བུམ་པ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི་ཆུ་མེད་པས་སྟོང་པ་ཞེས་བྱའོ། །ཅི་ཀླུང་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི་ཆུ་མི་འབབ་པའི་ཕྱིར་སྟོང་པ་ཞེས་བྱ་སྟེ། དེ་བཞིན་དུ་ཐར་པ་ཐམས་ཅད་ཀྱིས་སྟོང་པ་མ་ཡིན་གྱི། ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐར་པ་སྟོང་པ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྟོང་པ་མ་ཡིན་ཏེ། ཉེས་པ་ཐམས་ཅད་དང་བྲལ་ཞིང་ཉོན་མོངས་པ་བྱེ་བའི་མི་དང༌། ལྷ་མེད་པའི་ཕྱིར་སྟོང་པ་ཞེས་བྱའོ། །ཀྱེ་མ་བཙུན་པ་འཇམ་དཔལ་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། སྟོང་པ་དང་མི་སྟོང་པའི་དོན་དེ་ཁོ་ན་མི་ཤེས་སོ། །གཅེར་བུ་པ་ཡང་ཐམས་ཅད་སྟོང་པར་བསྒོམས་ཏེ་གཅེར་བུ་བའི་སྦྲང་མ་ཁྱཽད་ཅང་མ་ཟེར་ཅིག །ཅེས་གསུངས་སོ། །དེ་ལ་སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ཞེས་པ་ལ་སོགས་པ། སྟོང་པ་ཅི་ཡང་མེད་པ་ནི། །སོར་ཕྲེང་ཁྱོད་ཀྱིས་ག་ལ་ཤེས། །ཞེས་པའི་མཐར་ཐུག་པས་འགའ་ཞིག་གི་འདོད་པ་ལྟར་ཐམས་ཅད་ཅིར་ཡང་མེད་པའི་རང་སྟོང་ཉིད་དུ་བསྟན་པ་ནི་འཕགས་པ་འཇམ་དཔལ་གྱིས་མཁྱེན་བཞིན་དུ། རང་སྟོང་གཞན་སྟོང་གི་ཁྱད་པར་གཏན་ལ་དབབ་པའི་ཕྱིར་གླེང་བསླང་བའོ། །དེ་ནས་སོར་མོའི་ཕྲེང་བས་སེར་བའི་རིལ་བུ་ཞུ་ནས་མེད་པར་སོང་བ་དཔེར་མཛད་དེ། ཉོན་མོངས་པ་དང་མི་དགེ་བའི་ཆོས་རྣམས་སྟོང་བར་བསྟན་པ་འདིས་ནི། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པར་གཏོགས་པ་ཐམས་ཅད་རང་རང་ངོ་བོས་སྟོང་པར་བསྟན་ལ་ཞུ་ནས་མེད་པར་འགྲོ་བ་མ་ཡིན་པའི་ནོར་བུ་བཻཌཱུརྻ་དཔེར་མཛད་ནས་ཐར་པའི་མཐར་ཐུག་པ་སངས་རྒྱས་མི་སྟོང་བར་བསྟན་པ་འདིས་ནི་དོན་དམ་པ་འཇིག་རྟེན་ལས་འདས་པའི་བདེན་པ་ཆོས་ཀྱི་སྐུ་རང་གི་ངོ་བོས་སྟོང་པ་མ་ཡིན་པར་བསྟན་ཏོ། །ཁྱྀམ་སྟོང་པ་དང༌། བུམ་པ་སྟོང་པ་དང༌། ཀླུང་སྟོང་པ་དཔེར་མཛད་ནས་ཉེས་པ་ཐམས་ཅད་ཀྱིས་སྟོང་པར་བསྟན་པ་འདིས་ནི་མཐར་ཐུག་གི་ཐར་པ་གཞན་སྟོང་དུ་བསྟན་ཏོ། །ཐར་པ་ཐམས་ཅད་ཀྱི་སྟོང་པ་མ་ཡིན། ཞེས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་ནི་སྟོང་པ་མ་ཡིན། ཞེས་པ་དང༌། སྟོང་པ་མ་ཡིན་པའི་ཆོས་རྣམས་ཀྱང་གཞན་ཏེ། ཞེས་པ་ལ་སོགས་པ་མི་སྟོང་པར་བཤད་པ་ཐམས་ཅད་དོན་དམ་ཆོས་ཉིད་རང་གིས་རང་མི་སྟོང༌། ཞེས་པའི་དོན་ཏེ། མདོ་རྒྱུད་གཞན་མང་པོར་སྟོང་པ་མ་ཡིན། ཞེས་པ་དང༌། མི་སྟོང་ཞེས་གསུངས་པ་ཤིན་ཏུ་མང་པོ་དེ་རྣམས་ཀྱང་དེ་བཞིན་ནོ། །འཕགས་པ་འཇམ་དཔལ་གྱིས་ནི་རང་སྟོང་གཞན་སྟོང་གཉིས་ཀ་ལེགས་པར་མཁྱེན་མོད་ཀྱི་མི་མཁས་པ་དག་ཐམས་ཅད་རང་སྟོང་ཁོ་ན་ཡིན་ཞེས། འདོད་པ་གང་ཡིན་པ་དེ་དག་གཅེར་བུ་པ་དང་མཚུངས་པར་བསྟན་པའི་ཕྱིར་དང༌། ཐམས་ཅད་རང་སྟོང་ཉིད་དུ་སྨྲ་བ་ནི་རང་སྟོང་ཡིན་མིན་གྱི་ཁྱད་པར་ལེགས་པར་ཕྱེ་སྟེ། སྨྲ་བ་ལ་ལྟོས་ནས་སྦྲང་མ་ཙམ་དུ་བསྟན་པའི་ཕྱིར། བཙུན་པ་འཇམ་དཔལ་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། སྟོང་པ་དང་མི་སྟོང་པའི་དོན་དེ་ཁོ་ན་མི་ཤེས་སོ། །གཅེར་བུ་པ་ཡང་ཐམས་ཅད་སྟོང་པར་བསྒོམས་ཏེ། གཅེར་བུ་བའི་སྦྲང་མ་ཁྱཻད་ཅང་མ་ཟེར་ཅིག །ཅེས་པ་དང༌། བཙུན་པ་འཇམ་དཔལ་ཤིན་ཏུ་སྟོང་པ་ཉིད་ལ་བསྒོམས་ཤིང་སྟོང་པར་ཟབ་ཏུ་བསམས་པས། ཆོས་ཐམས་ཅད་ཞིག་པ་མི་བཟོད་པར་མཐོང་ངོ༌། །ཐར་པ་སྟོང་པ་མ་ཡིན་པ་ཡང་སྟོང་པར་མཐོང་ཞིང་རྟོག་གོ །ཞེས་དང༌། ཁྱོད་ཀྱང་སྟོང་པ་མ་ཡིན་པའི་ཆོས་ལ་སྟོང་པར་སེམས་ཏེ། ཆོས་སྟོང་པ་མཐོང་ནས་སྟོང་པ་མ་ཡིན་པའི་ཆོས་ལ་ཡང་སྟོང་པར་འཇིག་པར་བྱེད་དོ། །ཞེས་པ་ལ་སོགས་པ་རབ་ཏུ་རྒྱས་པར་བཀའ་སྩལ་པ།

དེ་བཞིན་དུ། གསེར་འོད་དམ་པའི་མདོར་ཡང༌། རིགས་ཀྱི་བུ་དཔེར་ན། གང་ལ་ལ་ཞིག་གསེར་འདོད་དེ། གནས་ཀུན་ཏུ་བཙལ་བ་ལས། གསེར་གྱི་སྦྲམ་བུ་རྙེད་ནས། སྦྲམ་བུ་དེ་ཞིབ་ཏུ་བཏགས་ཏེ་སྙིང་པོར་བཞུ་ཞིང་སྦྱངས་ནས། རྣམ་པར་བྱང་བར་གྱུར་པ་དང༌། གསེར་ཏེ་གདུབ་བུ་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་ཡིད་བཞིན་དུ་བསྒྱུར་ཏེ་སྤྱད་ཀྱང་གསེར་གྱི་རང་བཞིན་ནི་མི་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང༌། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་འཇིག་རྟེན་གྱི་དགེ་བ་སྤྱོད་པར་མོས་པ་དེ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་འཁོར་དག་མཐོང་ནས་ཉེ་བར་བསྙེན་ནས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་བ་ནི་གང་མི་དགེ་བ་ནི་གང༌། ཡང་དག་པའི་སྒྲུབ་པ་ནི་གང་བགྱིས་པས་རྣམ་པར་དག་པའི་སྤྱོད་པ་འཐོབ་པར་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ངའི་འཁོར་དག་གིས་དེ་སྐད་ཅེས་འདྲི་བ་དེ་ལ་འདི་སྙམ་དུ་དགོངས་ཏེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་འདི་དག་ནི་དམ་པའི་ཆོས་ཉན་པར་མོས་པ་དང༌། རྣམ་པར་བྱང་བར་འདོད་པ་སྟེ། འདི་དག་ལ་ཡང་དག་པའི་ཆོས་བསྟན་ཏོ། །དེ་ཐོས་ནས་ཀྱང་ཚུལ་བཞིན་ཡིད་ལ་བྱས་ཏེ། ནན་ཏན་གྱི་བསམ་པ་སྐྱེས་ཤིང་བརྩོན་པར་གྱུར་པའི་མཐུས། སོ་སོའི་སྒྲིབ་པ་དང༌། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་བསལ་ཏེ། བསླབ་པའི་གནས་ཐམས་ཅད་ལ་རབ་ཏུ་གུས་པར་གནས་ཤིང་སེམས་བྱིང་བ་དང་རྒོད་པ་དག་བསལ་ཏེ་ས་དང་པོ་ལ་འཇུག་གོ །ས་དང་པོའི་སེམས་ལ་བརྟེན་ནས་སེམས་ཅན་མང་པོའི་དོན་ལ་བརྩོན་པའི་སྒྲིབ་པ་སྤངས་པས་ས་གཉིས་པ་ལ་འཇུག་གོ །ས་དེ་ལས་ཉོན་མོངས་པའི་སྒྲིབ་པ་སྤངས་ནས་ས་གསུམ་པ་ལ་འཇུག་གོ །ས་དེ་ལས་སེམས་རྣམ་པར་སྦྱོང་བ་ལ་སྒྲིབ་པ་སྤངས་ནས་ས་བཞི་པ་ལ་འཇུག་གོ ། ས་དེ་ལས་ཐབས་མཁས་པའི་སྒྲིབ་པ་སྤངས་ནས་ས་ལྔ་པ་ལ་འཇུག་གོ །ས་དེ་ལས་དོན་དམ་པ་དང་ཀུན་རྫོབ་ཏུ་དམིགས་པའི་སྒྲིབ་པ་སྤངས་ནས་ས་དྲུག་པ་ལ་འཇུག་གོ །ས་དེ་ལས་མཚན་མ་དང་སྤྱོད་པ་ལ་དམིགས་པའི་སྒྲིབ་པ་སྤངས་ནས་ས་བདུན་པ་ལ་འཇུག་གོ །ས་དེ་ལས་མཚན་མ་འགོག་པར་ཡང་མི་དམིགས་པའི་སྒྲིབ་པ་སྤངས་ནས་ས་བརྒྱད་པ་ལ་འཇུག་གོ །ས་དེ་ལས་མཚན་མ་སྐྱེ་བར་ཡང་མི་དམིགས་པའི་སྒྲིབ་པ་སྤངས་ནས་ས་དགུ་ལ་འཇུག་གོ །ས་དེ་ལས་དྲུག་པ་མངོན་པར་ཤེས་པའི་སྒྲིབ་པ་སྤངས་ནས་ས་བཅུ་པ་ལ་འཇུག་གོ །ས་དེ་ལས་ཤེས་བྱའི་སྒྲིབ་པ་དང་ཀུན་གཞིའི་རྣམ་པར་ཤེས་པ་སྦྱངས་པས་དེ་བཞིན་གཤེགས་པའི་ས་ལ་འཇུག་གོ །དེ་བཞིན་གཤེགས་པའི་ས་ནི་རྣམ་པར་དག་པ་གསུམ་གྱི་ཕྱིར་རབ་ཏུ་རྣམ་པར་དག་པ་ཞེས་བྱའོ། །གསུམ་གང་ཞེ་ན་འདི་ལྟ་སྟེ། ཉོན་མོངས་པ་རྣམ་པར་དག་པ་དང༌། སྡུག་བསྔལ་རྣམ་པར་དག་པ་དང༌། མཚན་མ་རྣམ་པར་དག་པ་སྟེ། ཇི་ལྟར་གསེར་བཟང་པོ་བཞུ་ཞིང་བཏུལ་ཏེ་སྦྱངས་པ་ལ་རྡུལ་དང་དྲི་མས་ཕྱིར་མི་གོས་ཤིང་རང་བཞིན་རྣམ་པར་དག་པའི་གསེར་ཉིད་དུ་སྣང་སྟེ། གསེར་གྱི་དངོས་པོ་རྣམ་པར་དག་པ་ཡང་མེད་པར་གྱུར་པ་མ་ཡིན་པ་བཞིན་ནོ། །དཔེར་ན་ཆུ་རྙོག་མ་ཅན་དྭངས་ཏེ་རྣམ་པར་དྭངས་ནས་ཆུའི་རང་བཞིན་ཉིད་གསལ་བར་གྱུར་པ་ཡིན་གྱི་ཆུ་དེ་ཉིད་མེད་པར་གྱུར་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་སྐུ་ཡང་ཉོན་མོངས་པ་དང་སྡུག་བསྔལ་སྣ་ཚོགས་འདུས་པ་སྤངས་ནས། བགས་ཆགས་མ་ལུས་པར་བསལ་ཏེ། སངས་རྒྱས་ཀྱི་ངོ་བོ་རྣམ་པར་དག་པ་ཉིད་སྣང་བར་གྱུར་པ་ཡིན་གྱི། དངོས་པོ་མེད་པར་གྱུར་པ་ཉིད་ནི་མ་ཡིན་ནོ། །ཡང་དཔེར་ན་ནམ་མཁའ་ལ་དུ་བ་དང༌། སྤྲིན་དང༌། རྡུལ་དང༌། ན་བུན་གྱིས་བསྒྲིབས་པ་དེ་མེད་པར་གྱུར་ན། ནམ་མཁའི་ཁམས་ཏེ་རྣམ་པར་དག་པར་གྱུར་པ་ཡིན་གྱི། ནམ་མཁའ་དེ་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་སྐུ་ཉོན་མོངས་པ་ཐམས་ཅད་ཟད་པའི་ཕྱིར་རྣམ་པར་དག་པའི་ཞེས་བྱའི། སྐུ་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །ཞེས་དང༌། དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་རྣམ་པར་རྟོག་པ་ཐམས་ཅད་མི་སྐྱེ་བའི་ཕྱིར་རྣམ་པར་དག་པ་ཞེས་བྱ་སྟེ། སངས་རྒྱས་རྣམས་ཀྱི་ཡང་དག་པའི་སྐུ་ནི་མེད་པ་མ་ཡིན་ནོ། །ཞེས་སོགས་རྒྱས་པར་གསུངས་ཤིང༌།

དོན་དམ་ཆོས་སྐུ་དེ་ཉིད་འཁོར་འདས་ཀུན་ལ་ཁྱབ་པར་བཞུགས་ཚུལ་དང༌། དེ་ལ་དད་པ་དང་ཤེས་པའི་ཕན་ཡོན། མ་དད་པ་ལ་སོགས་ཀྱི་ཉེས་དམིགས་རྒྱ་ཆེར་བཀའ་སྩལ་ཏེ། ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་དཀོན་པའི་མདོར། དེ་ནས་ཡང་སོར་མོའི་ཕྲེང་བས་གང་པོ་བྱམས་མའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཀུན་དང་ཉན་ཐོས་ཀྱིས། །གང་དེ་ཀུན་ཏུ་མ་བརྙེས་པ། །ཆོས་དེ་མངོན་པར་སངས་རྒྱས་ནས། །སྲོག་ཆགས་རྣམས་ལ་བསྟན་པར་བྱ། །དེ་སྐད་གསུངས་པའི་དོན་ཅི། གང་པོས་སྨྲས་པ། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང༌། ཆོས་ཐམས་ཅད་ལ་སེམས་ཅན་གྱི་དབྱིངས་དང༌། བདག་དང༌། སྲོག་དང༌། གང་ཟག་དང༌། ཤེད་ལས་སྐྱེས་པ་དང༌། ཤེད་བུ་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་མ་བརྙེས་ནས། བདག་མེད་པ་ནི་སངས་རྒྱས་ཀྱི་ཚིག་གོ་སྙམ་སྟེ་འདས་སོ། །དེ་བཞིན་དུ་སྦྱར་ཏེ། ད་ལྟར་དང༌། མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་མི་བརྙེས་བརྙེས་པར་མི་འགྱུར། དེ་བཞིན་དུ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལ་ཡང་སྦྱར་ཏེ། གསུངས་ནས་དེ་ལྟར་སྲོག་དང༌། གང་ཟག་དང༌། ཤེད་ཅན་དང༌། ཤེད་བུ་དང༌། སེམས་ཅན་དང༌། བདག་གི་དབྱིངས་མེད་པར་སྟོན་ཏེ། དེ་ལྟར་བདག་མེད་པར་སྟོན། དེ་ལྟར་སྟོང་པར་སྟོན་ཏེ། དེ་ལྟ་བུའི་ཆོས་ཀྱི་གཏམ་སྟོན་ཏོ། །སོར་མོའི་ཕྲེང་བས་གང་པོ་བྱམས་མའི་བུ་ལ་སླར་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་བཙུན་པ་གང་པོ་ཁྱོད་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ་ཆོས་ཀྱི་གཏམ་སྟོན་མི་ཤེས་སོ། །སྦྲང་བུ་ཡང་ཟི་ཟི་ཞེས་སྒྲ་འབྱིན་ཤེས་ཀྱི་སྦྲང་བུ་ལྟར་བླུན་པོ་ཁྱོད་ཅང་མ་ཟེར་ཅིག །གང་པོ་དེ་བཞིན་གཤེགས་པའི་ལྡེམ་པོ་དག་མི་ཤེས་པས་བདག་མེད་པ་ལ་ཆོས་སུ་སེམས་པ་ནི་གཏི་མུག་གི་ཆོས་ཀྱི་མར་མེའི་ནང་དུ་ཕྱཻ་མ་ལེབ་ལྟར་ལྷུང་ངོ༌། །གང་དེ་སངས་རྒྱས་ཀྱིས་མ་བརྙེས་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་མ་བརྙེས་ནས་འདས་སོ། །ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་བདག་གི་ཁམས་མེད་པ་མི་བརྙེས་སོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་སེམས་ཅན་གྱི་ཁམས་མེད་པ་བརྙེས་པར་མི་འགྱུར་རོ། །རང་སངས་རྒྱས་དང༌། ཉན་ཐོས་རྣམས་ཀྱིས་ཀྱང་དུས་གསུམ་དུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་མ་བརྙེས་མི་བརྙེས་བརྙེས་པར་མི་འགྱུར་ཏེ། ཚིགས་སུ་བཅད་པ་དེའི་དོན་ནི་འདིའོ། །ཡང་སངས་རྒྱས་ཀུན་གྱིས་གང་མ་བརྙེས་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་ནན་ཏན་བཙལ་ཀྱང༌། འཇིག་རྟེན་པའི་བདག་མཐེ་བོ་ཙམ་དང༌། ཙེ་ཙེའི་འབྲུ་དང༌། འབྲས་དང༌། ཡུངས་འབྲུ་དང༌། ཏིལ་གྱི་རིལ་བུ་ཙམ་དམར་པོ་དང༌། སྔོན་པོ་དང་སེར་པོ་དང་དཀར་པོ་དང༌། ཐུང་ངུ་དང༌། རིང་པོ་དང༌། ཤིན་ཏུ་རིང་པོ་ལ་སོགས་པ་སྙིང་ཁ་ན་འབར་ཞིང་འདུག་ཅེས་བྱ་བ་དང༌། ཞེས་པ་ནས། གང་དེ་དག་གི་རྟག་པ་བརྟན་པ་ཐེར་ཟུག་སྟེ་བདག་དེ་ནི་འདི་འདྲའོ། །ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་ཉན་ཐོས་ཐམས་ཅད་ཀྱིས་མ་བརྙེས་ནས་མངོན་པར་སངས་རྒྱས་ནས་སྲོག་ཆགས་རྣམས་ལ་བཤད་དོ། །ཞེས་བྱ་སྟེ། ཚིགས་སུ་བཅད་པ་དེའི་དོན་ནི་འདི་ཡིན་གྱི། གང་པོའི་ནི་ཕྱིན་ཅི་ལོག་ཏུ་རྣམ་པར་བརྟགས་པས་ན་དེའི་དོན་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་གང་མ་བརྙེས་ཞེས་བྱ་བ་དེ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་བརྙེས་ནས་འདས་ཏེ། མ་བྱས་པའི་སངས་རྒྱས་ཀྱི་ཁམས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་སེམས་ཅན་ཐམས་ཅད་ལ་ཡོད་དོ། །ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་འདི་ནི་ནན་ཏན་དུ་བཙལ་ཀྱང་མ་རྙེད་དེ། སེམས་ཅན་ཐམས་ཅད་ལ་མ་བྱས་པའི་སངས་རྒྱས་ཀྱི་དབྱིངས་མཐའ་ཡས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཡོད་དོ། །དུས་གསུམ་དུ་ཉན་ཐོས་དང་རང་སངས་རྒྱས་སྦྲང་མ་ལྟ་བུ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་ཅེས་གྲགས་ཏེ་མིག་གིས་བལྟ་མི་ནུས་སོ། །ཞེས་འདྲི་བ་དེ་ལ་བྱེད་པའི་རྒྱུ་ནི་བསྟན་ཏོ། །འདི་ལྟ་སྟེ་སྒྲ་གཅན་ཟིན་དཔལ་གྱྀ་བསླབ་པ་དང་ཚུལ་ཁྲིམས་ལྷུར་བྱེད་པས་སྲོག་ཆགས་ཅན་གྱྀ་ཆུ་ལ་ཤིན་ཏུ་ནན་ཏན་དུ་བལྟས་ཏེ། སྲོག་ཆགས་ཡིན་ནམ་མ་ཡིན་འོན་ཏེ་རྡུལ་འདྲ་བ་ཞིག་སྟེ་ཐམས་ཅད་མ་ཡིན་ནོ་སྙམ་པ་ལ་རིམ་གྱིས་བརྟགས་ནས་སྲོག་ཆགས་ཕྲ་མོ་ཡིན་པར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟག་རྣམས་ཀྱིས་རང་གི་ལུས་ལ་བདག་གི་དབྱིངས་ཡོད་པར་བདག་ཉིད་ཀྱི་མཐོང་སྟེ། འདི་འདྲ་བ་དེ་ལྟ་བུ་མཐའ་ཡས་པའི་དབྱིངས་སུ་མཐོང་ངོ༌། །དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ་ནི་ཤིན་ཏུ་དཀའ་བ་བྱེད་པ་ཡིན་ཏེ། གང་དག་ཀུན་ཏུ་འབར་བ་དང༌། རབ་ཏུ་འབར་བ་ལྟ་བུའི་འཇིག་རྟེན་དུ་རང་གི་སྲོག་ཀྱང་བཏང་སྟེ། སྟོན་པར་འགྱུར་བ་ནི་རབ་ཏུ་དཀའ་བ་བྱེད་པ་ཕན་པར་སྟོན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྟག་དེ་དག་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་གྱི་གཞན་ལ་མི་སྟོན་ཏོ། །སེམས་ཅན་དག་ནི་བདག་ཉིད་དེ་བཞིན་གཤེགས་པ་ཡིན་ནོ། །དཔེར་ན་འཕྲུལ་གྱི་མིག་དང་ལྡན་པའི་ནང་ན་མ་འགགས་པ་བཞིན་ཏེ། མ་འགགས་པ་དང༌། ལྷན་ཅིག་ཏུ་བྱིས་པ་ཤའི་མིག་ཅན་སོང་ནས་ནམ་མཁའ་ལ་བྱ་སོང་བའི་རྗེས་ལ་བལྟས་ན་བྱིས་པ་ཤའི་མིག་ཅན་གྱིས་ཅི་ནམ་མཁའི་བྱ་རྗེས་མཐོང་ངམ། གནས་བརྟན་མ་འགགས་པས་ནི་གསལ་བར་མཐོང་སྟེ། སྐྱེས་བུ་ཤའི་མིག་ཅན་ཡང་གནས་བརྟན་གྱི་དྲིང་ལས་རབ་ཏུ་ཡིད་ཆེས་ནས་འགྲོ་བ་དེ་བཞིན་དུ། བྱིས་པ་ཤའི་མིག་ཅན་དང་འདྲ་བ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མདོ་སྡེ་ཐམས་ཅད་ཀྱི་ཚུལ་ལ་ཡིད་ཆེས་ནས། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་ཀྱི་དེ་བཞིན་གཤེགས་པའི་ཡུལ་གྱི་དབྱིངས་ལྟ་ཡང་དག་པར་ག་ལ་མཐོང༌། དེ་སྟེ་ཉན་ཐོས་དང་རང་སངས་རྒྱས་གཞན་གྱི་དྲིང་ལ་མི་འཇོག་ན། མི་དམུས་ལོང་ཙམ་ལྟ་ཡིད་ག་ལ་ཆེས། སྔོན་མ་བྱུང་བ་ས་འདི་དངར་སྣ་བཞི་ཅན་དུ་གྱུར་ཏོ། །ཞེས་སྔོན་གྱྀ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་དུ་མི་གསུང་བ་རྣམས་ལས་ཁོ་བོས་ཐོས་ཏེ་སེམས་ཅན་གང་དག་གིས་དངར་སྣ་བཞི་མྱོང་བའི་སེམས་ཅན་དེ་དག་ད་དུང་ཡང་བྱིས་པའི་ཆོས་ཟ་སྟེ་གང་གི་ཚེ་ཡུན་རིང་པོ་ནས་བསྙེན་པ་རོ་ཞིམ་པོ་དེ་སེམས་ཅན་རྣམས་ད་དུང་ཡང་གཏོང་མི་ནུས་སོ། །དེ་བཞིན་དུ་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་དྲུང་དུ་གང་གིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་བསྒོམས་ཤིང་མང་དུ་བྱས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་ཆེས་ཏེ། སེམས་ཅན་དེ་དག་ནི་ཡུན་རིང་པོ་ནས་བསྒོམས་ཤིང་དེ་བཞིན་གཤེགས་པ་ལ་བྱས་པ་བཟོ་བ་སྟེ་གཞན་མ་ཡིན་ནོ། །མ་འོངས་པའི་དུས་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དང༌། ཐོས་ནས་ཡིད་ཆེས་པར་འགྱུར་བའི་སེམས་ཅན་དེ་དག་གཞན་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྲས་ས་ལ་ཟ་བ་ལྟ་བུ་དེ་བཞིན་གཤེགས་པ་ལ་བྱས་པ་བཟོ་བའོ། །ཞེས་སོགས་དང༌།

རྔ་བོ་ཆེ་ཆེན་པོའི་མདོར་ཡང༌། འོད་སྲུང་བཞི་པོ་འདི་དག་ནི་སེམས་ཅན་གྱི་ཁམས་ན། སྒྲིབ་པའི་རྒྱུ་དང་གདན་ཚིགས་ཀྱི་དཔེ་ཡིན་ཏེ། བཞི་གང་ཞེ་ན། མིག་ལིང་ཏོག་སེར་པོའམ། སྔོན་པོ་རབ་རིབ་ཏུ་གྱུར་པ་ལྟ་བུ་དང༌། ཟླ་བ་སྤྲྀན་གྱིས་ཁེབས་པ་ལྟ་བུ་དང༌། ཁྲོན་པ་རྐོ་བ་ལྟ་བུ་དང༌། བུམ་པའི་ནང་གི་སྒྲོན་མ་ལྟ་བུའོ། །འོད་སྲུང་བཞི་པོ་འདི་དག་ནི་སྙིང་པོ་ཡོད་དོ་ཞེས་བྱ་བའི་རྒྱུ་དང་གཏན་ཚིགས་ཡིན་ཏེ། རྒྱུ་དང་གཏན་ཚིགས་དེ་དག་གིས་སེམས་ཅན་ཐམས་ཅད་དང་སྲོག་ཆགས་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་དེ། མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པར་སྣང་བར་འགྱུར་ཞིང༌། ཁམས་དེས་སེམས་ཅན་རྣམས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ལ་མིག་རབ་རིབ་ཅན་ཞེས་བྱ་བ་ནི། ལིང་ཏོག་སེར་པོ་དང༌། སྔོན་པོས་གཡོགས་ནས། རབ་རིབ་ཏུ་གྱུར་པ་བཅོས་དུ་རུང་བ་ནི་ཇི་སྲིད་སྨན་པ་མ་རྙེད་པ་དེ་སྲིད་དུ་ལོང་བར་འགྱུར་ཞིང་སྨན་པ་རྙེད་ན་ཡང་མྱུར་དུ་མཐོང་བར་འགྱུར་རོ། །སྔོན་པོས་གཡོགས་ནས་རབ་རིབ་ཏུ་གྱུར་པ་དེ་བཞིན་དུ་ཉོན་མོངས་པ་བྱེ་བའི་སྦུབས་ཀྱིས་ཁེབས་པའི་ཁམས་འདི་ཇི་སྲིད་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་དགའ་བར་བྱེད་པ་དེ་སྲིད་དུ། བདག་ནི་བདག་མ་ཡིན་པར་འགྱུར་ཞིང་བདག་གི་བདག་ཏུ་འགྱུར་རོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགའ་བར་འགྱུར་བ། དེའི་ཚེ་བདག་ཏུ་འགྱུར་ཞིང་དེའི་འོག་ཏུ་སྒྲུབ་ཏུ་རུང་བའི་མིར་འགྱུར་རོ། །མི་དེའི་མིག་ནད་ལིང་ཏོག་སེར་པོ་དང༌། སྔོན་པོའི་རབ་རིབ་གང་ཡིན་པ་ལྟར་ཉོན་མོངས་པ་རྣམས་བལྟ་བར་བྱའོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་མིག་བཞིན་དུ་ངེས་པར་ཡོད་དོ། །ཟླ་བ་སྤྲིན་གྱིས་ཁེབས་པ་ཞེས་བྱ་བ་ནི། ཇི་ལྟར་སྤྲིན་སྟུག་པོས་ཁེབས་པའི་ཟླ་བའི་དཀྱིལ་འཁོར་མི་སྣང་བ་དེ་བཞིན་དུ་ཉོན་མོངས་པའི་སྦུབས་ཀྱིས་ཁེབས་པའི་ཁམས་མི་སྣང་ངོ༌། །གང་གི་ཚེ་ཉོན་མོངས་པའི་ཚོགས་སྤྲིན་བཞིན་དུ་བྲལ་བར་གྱུར་ན། དེའི་འོག་ཏུ་ཟླ་བ་ཉ་བ་བཞིན་དུ་ཁམས་སྣང་བར་འགྱུར་རོ། །དེ་ལ་ཁྲོན་པ་རྐོ་བ་ཞེས་བྱ་བ་ནི། དཔེར་ན་མི་ཞིག་ཁྲོན་པ་བརྐོ་ཞིང༌། རྐོ་བ་ན་ཇི་ཙམ་ཇི་ཙམ་དུ་ས་སྐམ་པོ་བྱུང་བ་དེ་ཙམ་དེ་ཙམ་དུ་རྟགས་དེས་ན་འདི་ནི་ཆུ་རིང་ངོ་སྙམ་དུ་སེམས་ཤིང༌། གང་གི་ཚེ་འཇིམ་པ་བྱུང་བ་དེའི་ཚེ་རྟགས་ངེས་ན་འདི་ན་ཆུ་ཉེའོ་ཞེས་ཤེས་པར་འགྱུར་རོ། །གང་གི་ཚེ་ཆུ་ལ་ཐུག་པ་དེའི་ཚེ། རྐོ་བའི་མཐར་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་ཅིང་ལེགས་པར་སྤྱད་པ་སྤྱོད་པ་བསྟེན་པས་ཉོན་མོངས་པ་རྐཽ་བར་བྱེད་དེ། རྐོས་ནས་ཆུ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་རྙེད་པར་འགྱུར་རོ། །བུམ་པའི་ནང་གི་སྒྲོན་མ་ཞེས་བྱ་བ་ནི། ཇི་ལྟར་བུམ་པའི་ནང་ན་སྒྲོན་མ་ཡོད་པའི་འོད་ལམ་མེར་མ་ཡིན། ལྷན་ནེར་མ་ཡིན་ཞིང༌། སེམས་ཅན་རྣམས་ལ་ཅི་ཡང་མི་བྱེད་པ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་མཚན་དང་དཔེ་བྱད་མཐའ་ཡས་པ་དང་ལྡན་པར་གསུངས་པ་ཡང་སེམས་ཅན་རྣམས་ཀྱི་དོན་མི་བྱེད་དོ། །གང་གི་ཚེ་ཡང་བུམ་པ་ཆག་ནས་དེ་ནས་སྒྲོན་མ་རང་སྣང་བས་སྲོག་ཆགས་རྣམས་ཀྱི་དོན་བྱེད་པར་གྱུར་པ། དེ་བཞིན་དུ་ཉོན་མོངས་པ་བྱེ་བའི་སྦུབས་ཅན་འཁོར་བའི་བུམ་པ་ན། དེ་བཞིན་གཤེགས་པའི་སྙིང་པོ་སྣང་བ་གནས་པ་སྒྲོན་མ་བཞིན་རབ་ཏུ་འབར་བས་འཁོར་བའི་ཉོན་མོངས་པ་ཟད་པའི་ཚེ་བུམ་པ་ཆག་པའི་སྒྲོན་མ་བཞིན་དུ་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །གཏན་ཚིགས་བཞི་པོ་འདི་དག་གིས་ཇི་ལྟར་ང་ལས་སེམས་ཅན་གྱི་ཁམས་ཡོད་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ལ་ཡོད་པར་རིག་པར་བྱའོ། །ཞེས་སོགས་དང༌། འགའ་ཞིག་བདག་བལྟ་བར་འདོད་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ་རེ་ཤིག་བདག་གི་ཉོན་མོངས་པ་རྣམས་དང༌། བདག་གི་དང་པོ་དང༌། ཐ་མ་བཙལ་ལོ་སྙམ་ན་ཇི་རྙེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མི་འགྱུར་ལགས་སོ། །གལ་ཏེ་ཉོན་མོངས་པ་སྦྱད་བྱས་ན་དེའི་འོག་ཏུ་བདག་རྙེད་པར་འགྱུར་རོ། །ཞེས་སོགས་དང༌།

དེ་བཞིན་དུ། ལྷ་མོ་དཔལ་ཕྲེང་གི་མདོར་ཡང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཡང་བདག་མ་ལགས། སེམས་ཅན་མ་ལགས། སྲོག་མ་ལགས། གང་ཟག་མ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་འཇིག་ཚོགས་ལ་ལྟ་བར་ལྟུང་བ་དག་དང༌། ཕྱིན་ཅི་ལོག་གིས་ཉམས་པར་གྱུར་པ་དག་དང༌། སྟོང་པ་ཉིད་ལས་སེམས་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་དམ་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ལགས་སོ། །ཆོས་ཀྱི་སྐུའི་སྙིང་པོ་ལགས་སོ། །འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་ལགས་སོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པའི་གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉེ་བར་ཉོན་མ་མོངས་པ་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ་བསམ་གྱིས་མི་ཁྱབ་བོ་སྙམ་བདག་བགྱིད་དོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར།

བདེ་གཤེགས་སྙིང་པོ་ཡོད་ཀྱང་སེམས་ཅན་གྱིས་མི་མཐོང་བ་ནི་སེམས་ཅན་གྱི་སྐྱོན་གྱིས་བསྒྲིབས་པ་ཡིན་ནོ། །གལ་ཏེ་བདེ་གཤེགས་སྙིང་པོ་མེད་ན་དོན་དམ་པ་ཡང་མེད་པར་འགྱུར་ཏེ། དེ་དང་དེ་དོན་གཅིག་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། དཀོན་མཆོག་སྤྲིན་གྱི་མདོར། རིགས་ཀྱི་བུ། དོན་དམ་པ་ནི་དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་མི་འཇིག་པ་སྟེ། རིགས་ཀྱི་བུ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྐྲ་དང༌། ཁ་སྦུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ༌། །རབ་ཏུ་བྱུང་ནས་ཀྱང༌། ཆོས་འདི་ཁོ་ན་ཐོབ་པར་བྱ་བའི་ཕྱིར། མགོའམ་གོས་ལ་མེ་འབར་བ་བཞིན་དུ་བརྩོན་འགྲུས་བརྩམས་ཤིང་གནས་སོ། །རིགས་ཀྱི་བུ། གལ་ཏེ་དོན་དམ་པ་མེད་དུ་ཟིན་ན་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམ་འབྱུང་བ་ཡང་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་ཡོད་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དོན་དམ་པ་ལ་མཁས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

དེ་བཞིན་དུ། སོར་ཕྲེང་གི་མདོར། གཞན་ཡང་འཇམ་དཔལ་བའི་འོ་མ་ལ་མར་ཡོང་པས་རྟོགས་པས་མི་རྣམས་བསྲུབས་ལ། ཅིའི་ཕྱིར་ཆུ་ལ་མི་རྣམས་མི་བསྲུབས་ཞེ་ན་རྫས་མེད་པའི་ཕྱིར་ཏེ། དེ་བཞིན་དུ་འཇམ་དཔལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པའི་ཕྱིར་མི་རྣམས་ཚུལ་ཁྲིམས་སྲུང་ཞིང་ཚངས་པར་སྤྱད་པ་སྤྱོད་དོ། །གཞན་ཡང་འཇམ་དཔལ་མི་གསེར་འདོད་པ་རྟོག་པ་དང་ལྡན་པས་བྲག་ལ་རྐོ་ལ། ཅིའི་ཕྱིར་ཤིང་ལ་མི་རྐོ། རྡོབ་གསེར་གྱི་ཁམས་ཡོད་པ་ལ་རྐོ་ཡི་ཤིང་གསེར་མེད་པ་ལ་མི་རྐོའོ། །དེ་བཞིན་དུ་འཇམ་དཔལ་དབྱིངས་ཡོད་པ་ལ་རྟོག་པའི་མི་རྣམས་བདག་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ་ཚུལ་ཁྲིམས་བསྲུང་ཞིང་ཚངས་པར་སྤྱོད་དོ། །གཞན་ཡང་འཇམ་དཔལ་དབྱིངས་མེད་ན་ནི་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །ལོ་བྱེ་བར་ཆུ་ལ་བསྲུབས་ཀྱང་སྣུམ་མི་འབྱུང་བ་དེ་བཞིན་དུ་གལ་ཏེ་བདག་གི་དབྱིངས་མེད་ན་བདག་ལ་ཆགས་པས། ཚངས་པ་དང་ཚུལ་ཁྲིམས་སྤྱོད་པ་རྣམས་དོན་མེད་པར་འགྱུར་རོ། །ཞེས་སོགས་དང༌།

འཕགས་པ་དཔལ་ཕྲེང་གི་མདོར་ཡང༌། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་ནི། སྡུག་བསྔལ་ལ་སྐྱོ་བར་ཡང་མི་འགྱུར་ལ། མྱ་ངན་ལས་འདས་པ་ལ་འདོད་པ་དང༌། དོན་དུ་གཉེར་བ་དང༌། སྨོན་པ་ཡང་མེད་པར་འགྱུར་རོ། །ཞེས་པ་ལ་སོགས་པས་དོན་དམ་བདེ་གཤེགས་སྙིང་པོ་མེད་པར་འདོད་པ་ལ་སྐྱོན་མང་པོ་དང༌། ཡོད་པར་རྟོགས་པ་ལ་ཡོན་ཏན་མང་པོ་གསུངས་ཏེ། རྒྱས་པར་མྱང་འདས་ཆེན་པོ་དང༌། རྔ་བོ་ཆེ་ཆེན་པོ་དང༌། སོར་ཕྲེང་གི་མདོ་ལ་སོགས་པ་འཁོར་ལོ་ཐ་མའི་མདོ་མཆོག་ཤིན་ཏུ་ཟབ་པ་རྣམས་དང༌། རྒྱུད་སྡེ་ཟབ་མོ་རྣམས་བལྟས་ཤིང་མཉན་ནས་ངེས་པར་བདེ་གཤེགས་སྙིང་པོ་ལ་ཡིད་ཆེས་པར་བྱ་དགོས་སོ།།

དེ་ལྟ་མ་ཡིན་ན་ཉེས་དམིགས་ཆེན་པོ་དཔག་ཏུ་མེད་པར་འབྱུང་བར་བཀའ་སྩལ་པའི་ཕྱིར་ཏེ། སོར་ཕྲེང་གི་མདོར། གང་སྔོན་ཕྱུགས་སུ་གྱུར་ཏེ་རང་གི་མ་ལ་བརྒལ་ཞིང་རྣམ་པར་མྱོས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཉལ་བའི་ཚེ་སོ་སྒྲ་ཁྲིག་ཁྲིག་ཟེར་ཞིང༌། དེ་བཞིན་གཤེགས་པའི་སྙིང་པོ་ཆོས་དེ་ཁོ་ན་ཉིད་ལ་ཡིད་མི་ཆེས་སོ། །མ་འོངས་པའི་ཚེ་དུས་ཡང་སེམས་ཅན་གང་སོ་སྒྲ་ཁྲིག་ཁྲིག་ཟེར་ཞིང༌། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་དེ་དག་ནི་ཕྱུགས་སུ་གྱུར་པ་ཆོས་ཉིད་མི་ཤེས་པའོ། །སྔོན་ཕུག་རོན་དུ་སྐྱེས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་གཟུགས་འདོད་ཅིང་གཡེམ་པའི་དབང་དུ་སོང་སྟེ་ཕལ་ཆེར་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་ཤིང་དྲག་ཤུལ་གྱི་ལས་བྱེད་དོ། །མ་འོངས་པ་ན་ཡང་སེམས་ཅན་གང་གཡེམ་པའི་དབང་དུ་སོང་བ་དག་ཕལ་ཆེར་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་ཏེ། སེམས་ཅན་དེ་དག་ནི་གཞན་མ་ཡིན་གྱི། ཕུག་རོན་དུ་གྱུར་པ་ཡུན་རིང་པོ་ནས་ཉོན་མོངས་པ་ལ་གོམས་པ་གང་ཡིན་པའོ། །གང་སྔོན་ངོ་ཚ་མེད་པའི་ཁྭར་གྱུར་པ་ཤིན་ཏུ་བྱས་པ་མི་བཟོ་བ་མི་གཙང་བ་ཟ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་དབུལ་ཞིང་ངོ་ཚ་བ་མེད་དེ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཕན་པར་སྟོན་པའི་དྲུང་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས་རྒོད་དེ་འགྲོའོ། །བདག་གི་དབྱིངས་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་གྱི། བཙུན་པ་གང་པོ་དེ་ནི་ངོ་ཚ་བ་མེད་པ་མི་གཙང་བ་ཟ་བའི་ཁྭ་ཡིན་ནོ། །སྔོན་སྤྲེའུ་མི་སྡུག་པར་གྱུར་ཏེ་ཡིད་རྒྱ་མཚོ་སྣ་ཚོགས་རྣམ་པར་བཀྲ་བའི་རླབས་ལྟ་བུ་གཡོ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སེམས་འཁྲུག་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས་སེམས་འཁྲུག་ཅིང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་སྤྲེའུ་ལྟ་བུ་རྒོད་པ་དམའ་བ་ཡིན་ནོ། །སེམས་ཅན་གང་སྔོན་འུག་པར་གྱུར་པ་ཉིན་པར་ཤིན་ཏུ་མི་མཐོང་ཞིང་མཚན་མོ་མཐོང་བ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ད་དུང་ཡང་འཇིག་རྟེན་ན་བླ་མ་མཐོང་ན་ལྟ་ཡང་མི་འདོད་དོ། །མ་འོངས་པའི་དུས་ན་ཡང་སེམས་ཅན་གང་དག་ཕན་པར་སྟོན་པའི་དྲུང་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ལ་སངས་རྒྱས་ཀྱི་ལུང་བསྟན་པ་ལ། ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་བཙུན་པ་གང་པོ་གང་འུག་པར་གྱུར་པ་ཡིད་མི་ཆེས་པ་ཡིན་ཏེ། མོ་མཁན་གྱི་ཚིག་བཞིན་ནོ། །བཙུན་པ་གང་པོ་གང་སྔོན་གྲམ་ཁྲོད་དུ་སྐྱེས་པ་ཤིན་ཏུ་དོན་མེད་པའི་གཞུང་གིས་གོས་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་བདག་མེད་པ་ཞེས་བྱ་བ་དགོངས་པའི་ཚིག་ཏུ་མི་ཤེས་པས་སེམས་ཅན་གྲམ་ཁྲོད་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པའི་དུས་ན་ཡང་ཤིན་ཏུ་དོན་མེད་པའི་གཞུང་ལ་ཆགས་པའི་ལྡེམ་པོ་དག་ཏུ་གསུངས་པ་མི་ཤེས་པ། གྲམ་ཁྲོད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པ་དེ་དག་ནི་གཞན་མ་ཡིན་ཏེ་བཙུན་པ་གང་པོ་ངེས་པར་གྲམ་ཁྲོད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པ་ཡིན་ནོ། །གང་སྔོན་སྒོ་ཁང་གང་ཡང་རུང་བ་ན་འདུག་ཅིང་རྐུན་པོ་དམའ་བའི་སེམས་ཅན་དེ་དག་ནི་ཁྱི་ལྟ་བུ་ཞེས་བྱ་སྟེ། མ་འོངས་པའི་དུས་ན་ཡང་སེམས་ཅན་གང་དག་གཞན་གྱི་ཁྱིམ་དུ་རྒྱུ་ཞིང༌། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་དེ་དག་ནི་ཁྱི་དང་འདྲ་བར་དམའ་བ་ཡིན་ནོ། །སྔོན་བྱི་ལར་གྱུར་པའི་སེམས་ཅན་གང་རྟག་ཏུ་ཤ་ཟ་བ་ལ་ཆགས་ཤིང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཤ་ལ་ཆགས་ཤིང་སྲོག་གཅོད་པའི་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོར་འགྱུར་རོ། །མ་འོངས་པ་ནང་ཡང་སེམས་ཅན་གང་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོ་གཞན་གྱི་སྲོག་གཅོད་ཅིང་ཤ་ཟ་བ་མི་བཟོད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པ་དེ་དག་ནི་གཞན་མ་ཡིན་ཏེ། གཞན་གྱིས་སྲོག་གཅོད་ཅིང་ཤ་ཟ་བ་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོའོ། །གང་བྱི་བ་དང་མ་ནིང་དུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཆང་འཐུང་ཞིང་བྱི་བ་དང་མ་ནིང་དུ་གྱུར་ཏེ་ཤིན་ཏུ་མི་གཙང་བ་འཐུང་བ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཆང་འཐུང་ཞིང་མ་ནིང་ལྟ་བུར་དམའ་བ་དེ་དག་ནི་འཇིག་རྟེན་པའི་རོས་ངོམས་པས་དེ་བཞིན་གཤེགས་པའི་སྙིང་པོ་མི་འདོད་དེ། དེ་དག་ནི་གཞན་མ་ཡིན་གྱི་མ་ནིང་དང་བྱི་བ་གང་ཡིན་པ་དེ་དག་ཏུ་བལྟའོ། །གང་ལྕེ་སྤྱང་དུ་གྱུར་པའི་སེམས་ཅན་ཁྲེལ་མེད་ཅིང་གཡོ་ངན་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པ་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལྡེམ་པོ་ངག་ཏུ་བཤད་པ་མི་ཤེས་ཤིང་སེམས་ཅན་གཡོ་ཅན་ལྕེ་སྤྱང་ལྟ་བུར་གྱུར་ཏེ། མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ལྡེམ་པོ་ངག་ཏུ་བཤད་པ་མི་ཤེས་པ་འདི་ལྟར་སྣང་ངོ་ཞེས་ལོག་པར་རྟོག་པ་དེ་དག་ནི་ངེས་པར་ལྕེ་སྤྱང་དུ་གྱུར་པའོ། །སྔོན་སེམས་ཅན་གང་སྲིན་བུ་མི་སྡུག་པ་སྡིག་པར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས་རབ་ཏུ་འབར་ཏེ་སྙིང་ཞེ་སྡང་བར་གྱུར་པ་དེ་ནི་ངེས་པར་སྡིག་པ་དང་མཚུངས་པ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སངས་རྒྱས་ཀྱིས་གང་བཤད་པ་མ་ཡིན་ནོ། །ཞེས་ཡིད་མི་ཆེས་པ་དེ་དག་ནི་གཞན་མ་ཡིན་ཏེ་བཙུན་པ་གང་པོ་ངེས་པར་སྡིག་པ་ལྟ་བུ་ཚ་བའི་ལས་བྱེད་པའོ། །གང་སྔོན་སྦྲུལ་གདུག་པ་མི་བཟད་པར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་མི་བསྔགས་པ་སྨྲ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་ང་རྒྱལ་ཆེ་ཞིང་འཇིགས་པའི་གཟུགས་སྦྲུལ་གདུག་པ་མི་བཟད་པར་འགྱུར་རོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཕན་པར་བསྟན་པ་ལ་མི་བསྔགས་པར་སྨྲ་ཞིང་སྡིག་པ་སྤྱོད་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་ངེས་པར་སྦྲུལ་གདུག་པ་མི་བཟད་པའོ། །སྔོན་སེམས་ཅན་གང་ལུག་ཏུ་གྱུར་པ་གླེན་ཞིང་ཁོ་རེ་ཆུང་བ། ཡོན་ཏན་མི་ཤེས་པ་དེ་བཞིན་གཤེགས་པའི་སྙིང་པོ་བཙན་པར་མི་བྱེད་ཅིང་མདོ་སྡེ་ལ་སྨོད་པ་དེ་དག་ད་དུང་ཡང་མདོ་སྡེ་ལ་སྨོད་དེ། སེམས་ཅན་དེ་དག་ནི་ངེས་པར་ལུག་ཏུ་གྱུར་པ་གླེན་ཞིང༌། ཁོ་རུ་ཆུང་བ་ཡིན་ཏེ་མ་འོངས་པ་ན་ཡང་སེམས་ཅན་གང་གཉིད་ཆེ་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སྨོད་པ་དེ་དག་ནི་གཞན་མ་ཡིན་ཏེ་ངེས་པར་ཁོར་རུ་ཆུང་ཞིང་ཞན་པའོ། །སྔོན་མ་ཧེ་ཁོ་རུ་ཆུང་བར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ངེས་པར་ཞན་ཅིང་བརྐམས་ཏེ། ལྟ་བ་གསུམ་གྱི་འཇུངས་པའི་མ་ཧེ་ལྟ་བུའོ། །མ་འོངས་པ་ན་ཡང་བརྐམ་ཞིང་ཁྲོལ་ཞན་ཅིང་ཁོ་རུ་ཆུང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། ངེས་པར་ལྟ་བ་གསུམ་གྱིས་འཇུངས་པའི་མ་ཧེ་ལྟ་བུའོ། །སེམས་ཅན་གང་སྔོན་དོམ་དུ་གྱུར་པ་དེ་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་མི་ཆེས་ཏེ། སེམས་ཅན་དེ་དག་ནི་ད་དུང་ཡང་ཡིད་དུ་མི་འོང་བ་སྒྲོགས་ཏེ། ངེས་པར་དོམ་དང་ལྕེ་སྤྱང་ལྟ་བུའོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་དུ་མི་འོང་བ་སྒྲོགས་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་དོམ་དང་ལྕེ་སྤྱང་ལྟ་བུའོ། །གང་སྔོན་བྱ་ཀ་ལན་ད་ཀར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་མི་ཆེས་ཏེ། ད་དུང་ཡང་སེམས་ཅན་གང་མིག་རྟུལ་བ་དེ་དག་ནི་ངེས་པར་བྱ་ཀ་ལན་ད་ཀར་གྱུར་པའོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཤེས་པ་འཆབ་ཅིང་མ་རུངས་པ་སྡིག་པའི་ལས་བྱེད་པ་དེ་དག་ནི་གཞན་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་མི་སྟོན་པ་དེ་ནི་ངེས་པར་མིག་རྟུལ་བའི་བྱ་ཀ་ལན་ད་ཀ་ཡིན་ནོ། །གང་སྔོན་བོང་བུར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་མི་དགོས་པར་སེམས་བསྐྱེད་པ་དེ་དག་ནི་ད་དུང་ཡང་དབུལ་ཞིང་བོང་བུ་ལྟ་བུ་ཟས་རྩུབ་པོ་ཟ་བར་འགྱུར་རོ། །མ་འོངས་པ་ན་ཡང་དབུལ་བོ་གཞན་གྱི་མངགས་པའི་རིགས་ངན་པར་སྐྱེའོ། །གང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་ཤིང་བདག་མེད་པ་ལ་བསྒོམ་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་འདོད་ལྡན་དང༌། གདོལ་བ་དང༌། བྱ་བ་བོང་བུ་ལྟ་བུའོ། །གང་སྔོན་ལྷ་མ་ཡིན་ལུས་ཐུང་ངུར་གྱུར་ཅིང་མཆེ་བ་རིང་པ། མི་སྡུག་པ། ཁོག་པ་ལྟ་བུ་དེ་བཞིན་གཤེགས་པའི་སྙིང་པོ་ལ། ཁ་ཟེར་བ་དེ་དག་ནི་ད་དུང་ཡང་ལུས་ཐུང་ཞིང༌། ཁོག་པ་ལྟ་བུར་གྱུར་ཏེ། དེ་དག་ནི་ངེས་པར་ལྷ་མ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཁོག་པ་ལྟ་བུ་ཐུང་ཞིང་མཆེ་བ་རིང་བ། གཏུམ་པོ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཁ་ཟེར་བ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་ལྷ་མ་ཡིན་གྱི་རིས་སུ་གཏོགས་པའི་སེམས་ཅན་ཡིན་ནོ། །གང་སྔོན་ཡི་དྭགས་ཁ་ནས་མེ་ལྕེ་འབྱུང་བར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྨོད་ཅིང་འཕྱ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་མཆུ་དང་རྐན་སྐམ་ཞིང་ཡི་དྭགས་རིད་པ་ཁ་ནས་མེ་ལྕེ་འབྱུང་བའི་སྲོག་ཆགས་སུ་འགྱུར་རོ། །མ་འོངས་པ་ན་ཡང་སེམས་ཅན་གང་ལུས་ཤིན་ཏུ་རིད་པ། དེ་བཞིན་གཤེགས་པའི་སྙིང་པོ་ལ་སྨོད་ཅིང་འཕྱ་བ་དེ་དག་ནི། བཙུན་པ་གང་པོ་གཞན་མ་ཡིན་ཏེ། ངེས་པར་ཡི་དྭགས་ཁ་ན་མེ་འབྱུང་བ་ཉམ་ཆུང་བ་ཡིན་ནོ། །ཞེས་སོགས་དང༌།

སྤྲིན་ཆེན་པོར་ཡང༌། སྤྲིན་ཆེན་སྙིང་པོ་སེམས་ཡོངས་སུ་རྨོངས་ཤིང༌། རྣམ་པར་འཁྲུལ་བ་རྣམས་དེ་བཞིན་གཤེགས་པ་མི་རྟག་ཅིང་ཐེར་ཟུག་པ་མ་ཡིན་ལ་མི་བརྟན་ཞིང་ནུབ་པར་འགྱུར་རོ། །ཞེས་ལོག་པར་སྨྲ་བ་རྣམས་འཁྲིས་པས་བརྒྱལ་ཞིང་དུག་གི་ཟུག་རྔུས་རྣམ་པར་བསྲེགས་པའི་ལྟ་བའི་གཉིད་ཀྱི་མུན་པས་གནོད་པར་བྱས་པའི་ཁྱིམ་དུ་ཉལ་ནས་གཉིད་ལོག་སྟེ། རྨི་ལམ་མི་བཟད་པའི་ལྟ་བས་བསྲེགས་ནས་མྱོས་ཤིང་རྨིས་ཏེ་སྐྲག་པའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་བ་རྒན་གྲུམ་མོ་དང་འདྲ་བའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པའི་རང་བཞིན་ཤེས་པའི་འབྲུ་མར་དང་དེ་ཁོ་ན་རིག་པའི་སྙིང་པོ་རབ་ཏུ་འབར་བར་གྱིས་ཤིག །དེ་བཞིན་གཤེགས་པའི་ཡོན་ཏན་གྱི་སྙིང་པོ་རང་བཞིན་རྟག་པའི་མར་མེ་ལ་འཇུག་པ་སྤངས་ནས་ཤཱཀྱའི་རིགས་ལ་བསྔགས་པ་མ་ཡིན་པ་བརྗོད་པའི་སེམས་ཅན་མི་ཤེས་པའི་ལྟ་བ་མང་བ་དེ་དག་ལ་དེ་ཁོ་ན་ཉིད་ཤེས་པའི་ཀ་ཏ་ཀའི་འབྲས་བུའི་མིག་སྨན་གྱིས་ཕྱི་བར་གྱིས་ཤིག །དེ་བཞིན་གཤེགས་པའི་རིགས་ཀྱི་ཆེ་བ་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་སྤངས་ལ་དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ། ཉེས་པ་བརྗོད་པར་བྱེད་པ་དེ་དག་གི་ལྕེ་ཆོད་དེ་འོར་ཅིག །དེ་བཞིན་གཤེགས་པའི་ལྡེམ་པོ་དག་ཤེས་རབ་ཀྱིས་རྟོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ་སངས་རྒྱས་ཀྱི་སྲས་སུ་གྱུར་པ་དེ་དག་ལ་ལྟ་བ་ཐམས་ཅད་ལ་རྣམ་པར་འཕྲུལ་པ་འདི་གཏད་པར་གྱིས་ཤིག །ཅེས་པ་ལ་སོགས་པ་དང༌།

སོར་ཕྲེང་ལ་ཕན་པར་ཡང༌། སྔོན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་མི་རྟག་པར་ལྟ་བ་རྣམས་མཛེ་ན་བར་གྱུར་ཏེ། ད་དུང་ཡང་སེམས་ཅན་གང་ཞན་ཅིང་མཛེ་ན་བར་གྱུར་པ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པའི་སྐུ་ལ་སྨོད་པ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་མི་རྟག་པར་ལྟ་བ་རྣམས་མཛེ་ན་བར་འགྱུར་བ་དེ་དག་ནི་གཞན་མ་ཡིན་ཏེ་བཙུན་པ་གང་པོ་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་སྨོད་པ་ཡིན་ནོ། །ཞེས་དང༌། གང་སྔོན་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་གྱུར་ཏེ་ནད་མང་པའི་སེམས་ཅན་རྣམ་པ་མང་པོ་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་ཡིན་ནོ། །ད་དུང་ཡང་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་གྱུར་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་བལྟ་བ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་འགྱུར་བ་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་བལྟ་བ་སྟེ། བཙུན་པ་གང་པོ་དེ་དག་ནི་ངེས་པར་གཞན་མ་ཡིན་གྱི། དེ་བཞིན་གཤེགས་པའི་གསལ་བའི་སྐུ་མི་གསལ་བའོ་ཞེས་སུན་འབྱིན་པའོ། །སྔོན་གང་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་ལ་ཐེར་ཟུག་མ་ཡིན་པར་ལྟ་བའི་སེམས་ཅན་དེ་དག་ནི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཤི་སྟེ་མི་རྟག་པར་གྱུར་ཏོ། །ད་དུང་ཡང་སེམས་ཅན་གང་ལ་ལ་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཤི་བ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་པ་དང་གསལ་བ་ལ་སྨོད་པའོ། །མ་འོངས་པ་ན་ཡང་སེམས་ཅན་གང་མི་རྟག་ཅིང་ཚེ་ཐུང་བར་འགྱུར་བ་དེ་དག་ནི་ཐེར་ཟུག་གི་སྐུ་ལ་སྨོད་པ་ཡིན་ཏེ། བཙུན་པ་གང་པོ་དེ་དག་ནི་གཞན་མ་ཡིན་གྱི། ངེས་པར་དེ་བཞིན་གཤེགས་པའི་ཐེར་ཟུག་གི་སྐུ་ལ་སྨོད་པའོ། །ཞེས་དང༌།

རྔ་བོ་ཆེའི་མདོར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་བསྟན་པ་ན་སྨོད་པས་སངས་རྒྱས་རྟག་པ་ཉིད་ཀྱི་གཏམ་སྤོང་བར་འགྱུར་ཏེ། དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ཏེ། ཞེས་སོགས་རྒྱ་ཆེར་བཀའ་སྩལ་པའི་ཕྱིར། བདེ་གཤེགས་སྙིང་པོ་དག་པའི་བདག་ཉིད་སངས་རྒྱས་ཀྱི་རང་བཞིན་ནམ་རང་བཞིན་གྱི་སངས་རྒྱས་ལ་སྨོད་ཅིང་སྐུར་བ་གདབ་པར་མི་བྱའི། དད་ཅིང་གུས་པ་དང་ཡིད་ཆེས་པ་ཉིད་དུ་བྱ་སྟེ། དེ་ལྟར་བྱས་ན་ཕན་ཡོན་ཆེན་པོ་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་རོ། །

དེ་ཡང་སོར་ཕྲེང་གི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་འཇིག་རྟེན་ན་བདེ་བའི་རྣམ་པ་མཆོག་རྣམས་དང་ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐོས་པས་སྔོན་བྱུང་བ་དང༌། ད་ལྟར་དང༌། མ་འོངས་པ་དང༌། དུས་གསུམ་དུའང་ཕུན་སུམ་ཚོགས་པ་ཐམས་ཅད་མཐོ་རིས་དང་ས་སྟེང་གི་བདེ་བ་ཐམས་ཅད་རྟག་ཏུ་ཐོབ་པར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པ་རྟག་པའོ་ཞེས་བསྟན་པ་མི་འཆི་བའི་ཚིག་འདི་ལས་ཤེས་རབ་ཆེན་པོ་སྐྱེ་སྟེ། དེ་ལྟར་སྟོན་པ་ཤེས་རབ་དང་ལྡན་པ་དེ་ནི་སངས་རྒྱས་ཡིན་ནོ། །ཞེས་དང༌། ལེགས་སོ་ལེགས་སོ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན། །ལེགས་བརྗོད་གར་བགྱིད་དེ་བཞིན་གཤེགས་པའི་སྙིང་པོ་ཐོས། །མེ་སྦྱིན་ལྟ་བུར་སྒྲ་སྙན་ཐེག་ཆེན་མདོ་སྡེ་བཀླག །མི་འམ་ཅི་དང་དྲི་ཟའི་རྔ་དང་རྔ་ཕྲན་དང༌། །སིལ་སྙན་དག་གིས་གླེགས་བམ་ལ་ཡང་མཆོད་པར་བགྱི། །སེམས་ཅན་གང་རྣམས་དེ་ལྟར་རྟག་ཏུ་མཆོད་བགྱིད་པ། །དེ་དག་འཇིག་རྟེན་ཁོར་མོར་མིག་གཅིག་པུ། །ཕྱི་དུས་སངས་རྒྱས་འགྱུར་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་དང༌། ཡང་འཇམ་དཔལ་དེ་བཞིན་ཏེ། ལྷོ་ཕྱོགས་ཀྱི་རྒྱུད་དུ་ངའི་བསྟན་པ་ལོ་དུ་མ་ཞིག་གནས་པར་འགྱུར་རོ། །ཁྱོད་ལྟ་བུ་ཤིན་ཏུ་དཀའ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་རང་གི་སྲོག་ཀྱང་བཏང་ནས། དེ་བཞིན་གཤེགས་པ་རྟག་པ་དང༌། དེ་བཞིན་གཤེགས་པ་ཐེར་ཟུག་དང༌། དེ་བཞིན་གཤེགས་པ་གཡུང་དྲུང་ངོ༌། །ཞེས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་འགྱུར་ཏེ། ཞེས་དང༌། འཇམ་དཔལ་ཁྱཽད་ལྟ་བུ་ནི་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བའི་ཚེ། དམ་པའི་ཆོས་ཀྱི་ཁུར་ཆེན་པོ་ཁྱེར་ཏེ། བདག་གིས་དམ་པའི་ཆོས་ཕྲག་པར་བཀུར་རོ་སྙམ་ནས་འཛམ་བུའི་གླིང་དང་གླིང་ཕྲན་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐེར་ཟུག་ཞི་བ་གཡུང་དྲུང་ཡིན་ནོ། །ཞེས་རང་གི་སྲོག་ཀྱང་བཏང་སྟེ་རབ་ཏུ་བསྟན་པར་བྱའོ། །སེམས་ཅན་རྣམས་ཡིད་ཆེས་ཀྱང་རུང༌། མི་ཆེས་ཀྱང་རུང༌། ངའི་ལུས་བསད་དམ་དུམ་བུར་བྱས་ཀྱང་རུང༌། གདོང་བདག་གི་ལུས་རྟག་པའི་སྐུར་འགྱུར་ཏེ། ཁུར་ཁྱེར་བ་རབ་ཏུ་དཀའ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལྷོ་ཕྱོགས་ཀྱི་རྒྱུད་ནས་འབྱུང་ངོ༌། །ཞེས་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ཕྲེང་བ་དེ་བཞིན་གཤེགས་པ་ཡང་ཤིན་ཏུ་དཀའ་བ་མཛད་པ་ཡིན་ཏེ། ནམ་མ་འོངས་པའི་དུས་ན་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ། ཐེག་པ་ཆེན་པོའི་མདོ་སྡེ་དེ་བཞིན་གཤེགས་པའི་སྙྀང་པོ་སྟོན་པ་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་སྟོན་ཅིང་ཤིན་ཏུ་དཀའ་བ་བྱེད་པའོ། །སེམས་ཅན་གང་དག་དེའི་ཕྱོགས་འཛིན་པ་དེ་དག་ཀྱང་ཤིན་ཏུ་བྱ་དཀའ་བ་བྱེད་པར་བསྟན་ཏོ། །ཞེས་དང༌། ལྷོ་ཕྱོགས་པའི་རྒྱུད་དུ་ཐེག་པ་ཆེན་པོ་སྟོན་པར་འགྱུར་ཏེ། ནན་ཏན་སྙིང་པོར་བྱེད་པ་དེ་བཞིན་གཤེགས་པའི་སྤྱད་པ་སྤྱོད་པ་དངོས་ཆེན་པོ་བརྒྱད་དང་བྲལ་བ་དེ་བཞིན་གཤེགས་པ་རྟག་པ་དང༌། ཐེར་ཟུག་དང༌། ཞི་བ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་བརྟན་པའོ། །ཞེས་སྟོན་པར་འགྱུར་རོ། །ངའི་ཉན་ཐོས་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་རྣམས་ནན་ཏན་སྙིང་པོར་བྱེད་པར་འགྱུར་རོ། །ངའི་བསྟན་པ་ཁུར་དུ་ཐོགས་པར་འགྱུར་རོ། །ཞེས་སོགས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས་ནད་མེད་པ་དང༌། འཚེ་བ་མེད་པ་དང༌། ཚེ་རིང་བ་དང༌། འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྟག་པ་གཡུང་དྲུང་ཐེར་ཟུག་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཆི་བ་མེད་པར་ཐོས་པས་ཐམས་ཅད་འབྱོར་ཞིང༌། ཡུན་རིང་དུ་སྲ་བ་དང་རྟག་པར་འགྱུར་རོ། །ཞེས་དང༌། ཆོས་སྟོན་པར་འདོད་པས་འདི་ལྟར་བསྟན་ཏེ། དེ་བཞིན་གཤེགས་པ་རྟག་པ་དང༌། ཡང་དག་པ་ཉིད་དུ་བསྔགས་པར་བྱའོ། །དེ་ལྟར་མི་སྟོན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་འདོར་བ་དེ་དག་ནི་དཔེར་ན། གདོལ་པ་ལ་རྒྱལ་པོའི་བ་གླང་ལྟ་བུར་དེ་ལས་སེང་གེའི་ཁྲི་ཡང་མི་འོས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌།

དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོར་ཡང༌། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱད་པ་པས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་ཞིག །དེ་བཞིན་གཤེགས་པ་ནི་རྟག་པའོ་སྙམ་དུ་མོས་པར་བྱེད་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །ཞེས་སོགས་དང༌།

སྤྲིན་ཆེན་པོའི་མདོར་ཡང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་མདོ་གང་དང་ལྡན་ན་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་བ་དང༌། ཞེས་པ་ནས། དེ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མཐོང་བར་འགྱུར་བ་དང༌། དེ་བཞིན་གཤེགས་པ་རྟག་པ་དང་ཐེར་ཟུག་པ་ཉིད་དུ་ཤིན་ཏུ་གསལ་བར་མཐོང་ནས་བདག་ཉིད་བསྔགས་པ་བརྗོད་པའི་རྒྱལ་པོར་ཡང་འགྱུར་བ་དང༌། དེ་བཞིན་གཤེགས་པ་ནི་ཐེར་ཟུག་པའི་སྐུ་ཡིན་ནོ། །ཞེས་ཐེར་ཟུག་ཏུ་སྨྲ་བར་ཡང་འགྱུར་བ་དང༌། དེ་བཞིན་གཤེགས་པ་ཞི་བའི་རང་བཞིན་ལ་མངོན་པར་དགའ་བའི་ལྟ་བ་ཕུན་སུམ་ཚོགས་པར་ཡང་འགྱུར་བ་དང༌། དེ་བཞིན་གཤེགས་པ་ནི་རྟག་པ་དང༌། ཐེར་ཟུག་པ་དང༌། བརྟན་པ་དང༌། ཞི་བའོ། །ཞེས་རྣམ་པ་ཐམས་ཅད་དུ་ལྟ་བའི་རྒྱ་མཚོ་ཐམས་ཅད་དུ་ཡང་འགྱུར་བ་དང༌། ཞེས་དང༌། མི་རྟག་པ་དང༌། སྟོང་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་དང༌། བདག་མེད་པའི་བསྔགས་པ་བརྗོད་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་རྟག་པ་དང༌། ཐེར་ཟུག་པ་དང༌། བརྟན་པ་དང༌། ཞི་བའི་རང་བཞིན་གྱི་བདག་ཉིད་དུ་གནས་པར་ཡོངས་སུ་བསྟན་པའི་དོན་དང༌། ཆོས་ནུབ་པར་སྨྲ་བར་འགྱུར་བའི་སེམས་ཅན་ལ་དམ་པའི་ཆོས་བརྟན་པའི་རང་བཞིན་གྱི་མིག་རྣམ་པར་སྦྱོང་བའི་དོན་དང༌། ཞེས་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱཽད་དང་འཚམ་པའི་ཚིག་གི་དོན་ཕྲ་ཞིང་ཟབ་མོའི་ཚིག་དང་ཡི་གེ་སྤེལ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པའི་མཚན་ཉིད་དམ་པའི་ཆོས་བརྟན་པའི་གཏེར་དང༌། ཁྱོད་དང་འདྲ་བ་དག་གིས་མཚུངས་པ་མེད་པའི་མདོའི་རྒྱལ་པོའི་གཏེར་དང་དམ་པའི་ཆོས་བསྟན་པའི་གཏེར་དང༌། སེམས་ཅན་ཐམས་ཅད་ཀྱི་བདུད་རྩི་མི་ཟད་པའི་གཏེར་དེ་བཞིན་གཤེགས་པ་ལ་ཞུས་པ་ལེགས་ཏེ་སེམས་ཅན་ཐམས་ཅད་ཀྱི་གཏེར་བརྟན་པར་བཞག་པར་ངས་བཤད་པར་བྱའོ། །ཞེས་དང༌། སྔོན་གྱི་དེ་བཞིན་གཤེགས་པ་རྟག་ཏུ་འོད་ཟེར་གཏོང་ཞེས་བྱ་བས་གདན་གཅིག་ལ་འདུག་བཞིན་དུ་བསྐལ་པ་ཆེན་པོ་ལྔ་བརྒྱར་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་འདི་དཔེ་འབུམ་ཕྲག་དུ་མས་བསྟན་པ་ན་ཕྱོགས་བཅུ་ཀུན་ཏུ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཡང་ཚོགས་ཆུང་ངུས་གོ་བར་གྱུར་ཅིང༌། ཐ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་མིང་ཐོས་པ་དེ་དག་ཐམས་ཅད་ཀྱང་རིམ་གྱིས་དགེ་བའི་རྩ་བ་ཡོངས་སུ་སྨིན་ནས་སངས་རྒྱས་ཐོབ་པར་གསུངས་ཤིང༌། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང༌། སྤྱན་རས་གཟིགས་དང༌། འཇམ་དཔལ་དང༌། རྡོ་རྗེའི་བླཽ་གྲོས་ཏེ་བཞི་ནི་མ་གཏོགས་སོ། །ཞེས་པའི་དོན་འདི་དེ་བཞིན་གཤེགས་པའི་སྙིང་པོའི་མདོར་གསལ་ཞིང་རྒྱས་པར་གསུངས་ནས།

ཡང་དེ་ཉིད་དུ། དེ་ཡང་སྔོན་གྱི་སྤྱད་པ་སྤྱོད་པའི་ཚེ། །བདེ་བར་གཤེགས་པ་སེང་གེའི་རྒྱལ་མཚན་ལས། །མདོ་སྡེ་འདི་ཡི་མིང་ནི་ཐོས་པར་གྱུར། གུས་པར་བྱས་ཏེ་ཐོས་ནས་ཐལ་མོ་སྦྱར། །ད་ནི་ལེགས་པར་བྱས་པའི་ལས་དེ་ཡིས། །བྱང་ཆུབ་དམ་པ་མྱུར་དུ་ཐོབ་པར་གྱུར། །དེ་བས་བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །རྟག་ཏུ་མདོ་སྡེ་འདི་ནི་གཟུང་བར་བྱ། །ཞེས་སོགས་དང༌།

རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པར་ཡང༌། ད་ནི་འདས་ནས་གཤེགས་ཕྱི་ན། །མི་ཡི་ནང་ན་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཉིད་ཡོད་ཅེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོ་བ་ཡིན། །ཞེས་དང༌།

སོར་ཕྲེང་གི་མདོར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་རབ་ཏུ་ནན་ཏན་དུ་མི་འཆབ་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པར་བསྟན་པ་སྟོན་ན། དེས་ལྷའི་མིག་ཐོབ་པར་འགྱུར་ཏེ། དེ་ནི་འཇིག་རྟེན་ན་ལྷའི་མིག་ཅན་ནོ། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་ཉོན་མོངས་པ་དང་བཅས་པའམ། ཉོན་མོངས་པ་མེད་པའམ། སུ་ཡང་རུང་སྟེ་དེ་ཉིད་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་རྫོགས་པའི་སངས་རྒྱས་སོ། །ཞེས་སོགས་དང༌།

རྔ་བོ་ཆེ་ཆེན་པོར་ཡང༌། དེ་ལས་གཞན་པ་རྒྱ་ཆེན་པོ་ལ་ལྷག་པར་མོས་པ་དེ་བཞིན་གཤེགས་པའི་ཆེ་བའི་བདག་ཉིད་རྟག་པ་དང༌། བརྟན་པ་དང༌། ཞི་བ་དང༌། ཐེར་ཟུག་པ་འདོད་པའི་སེམས་ཅན་གང་ཡིན་པ་དེ་དག་ལ་ནི་དེ་བཞིན་གཤེགས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐེག་པ་ཆེན་པོ་དབང་བསྐུར་བའི་ཅོད་པན་འཆིང་བར་མཛད་དོ། །ཞེས་དང༌། གང་དུ་སངས་རྒྱས་རྟག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ། །ཞེས་བསྟན་པ་གཞན་ཡང་སྒྲོགས་ཤིང་མི་སྤོང་བ་བརྟན་པ་འཇིགས་ཚོགས་ལ་ལྟ་བས་སྟོང་པ་ཉིད་མ་ཡིན་གྱི། འདུས་བྱས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཐེར་ཟུག་མཆོག་གི་གཞི་དེ་འདོད་པ་དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་ལ་བརྟན་པ་དག་སྟེ་ཡོན་ཏན་ལྷག་མ་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་དང༌། ང་ལ་གང་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན་དམ་པའི་ཆོས་འཛིན་པར་འགྱུར་བའི་སློབ་མ་མང་དུ་ཡོད་དེ། གོང་དུ་མདོ་འདི་ལས་གསུངས་པ་བཟང་སྐྱོང་དང་ཕུག་སྦས་ལ་སོགས་པ་བརྒྱད་པོ་དེ་དག་གི་ཕྱི་མ་ཤོས་གང་ཡིན་པ་དེ་ཡིན་པར་འགྱུར་རོ། །འོད་སྲུང་དེ་གང་ཞེ་ན། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ཡིན་ཏེ། ཕྱི་མའི་དུས་ན་ལྷོ་ཕྱོགས་ཀྱི་མཁས་པར་གྱུར་ནས། ཆོས་ཀྱི་རྔ་བོ་ཆེ་བརྡུང་བར་འགྱུར། ཆོས་ཀྱི་དུང་འབུད་པར་འགྱུར་རོ། །ཞེས་དང༌། དེ་ནས་བཅོམ་ལྡན་འདས་ཀྱི་ཡང་འོད་སྲུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ཁྱོད་ནི་ཞིང་སྲུང་བ་ལྟ་བུར་མ་ནུས་ཏེ་ཞིང་བསྲུང་བ་བཞིན་དུ་ཐབས་ལ་མཁས་པའི་གཞོན་ནུས། མདོ་འདི་ཐམས་ཅད་མཉན། མཉན་ནས་ལུས་ལ་ཐོགས་ཏེ། འཇིག་རྟེན་དུ་མངོན་སུམ་དུ་འབྱིན་པར་འགྱུར་རོ། །དེ་ནི་ངས་ས་བདུན་པ་ལ་བཞག་སྟེ་མི་ཕལ་བ་ཞིག་ཏུ་བྱིན་གྱིས་བརླབས་ནས་གང་གི་ཚེ་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པར་འགྱུར་བ་དེའི་ཚེ་ལྷོ་ཕྱོགས་སུ་ཡུལ་མུ་རུན་ཏེ་ཞེས་བྱ་བ་ན་ཆུའི་འགྲམ་ལ་བརྟེན་པའི་གྲོང་ཁྱེར་དམག་གིས་མི་ཚུགས་པ་ཞེས་བྱ་བ་དང༌། ཉེ་བའི་གྲོང་ཕྲེང་བ་ཆེན་པོ་ཞེས་བྱ་བར་ཀ་ཡོ་རི་ཞེས་བྱ་བའི་རི་རྒྱུད་དེར་སྐྱེས་ནས་ངའི་མིང་འཆད་པའི་དགེ་སློང་ཞིག་ཏུ་འགྱུར་ཏེ། ཞིང་བསྲུང་བའི་ཐབས་ལ་མཁས་པས་ངའི་དགེ་སློང་གཡེལ་བ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ནས་དེ་དག་བསྡུ་བའི་དངོས་པོས་བསྡུས་ཏེ། མདོ་འདི་རྙེད་ནས། ལུས་ལ་བཅངས་ཏེ། དགེ་འདུན་དག་པར་བྱས་ནས། དང་པོ་རུང་བ་མ་ཡིན་པའི་གཞི་ཆེན་པོ་ཡོངས་སུ་སྤངས་ཏེ། ཆོས་ཆེན་པོ་སྒྲོགས་པར་འགྱུར། རྔ་བོ་ཆེ་ཆེན་པོ་ལས་གསུངས་པའི་ཆོས་ཀྱི་དུང་དང་ཆོས་ཀྱི་རྒྱལ་མཚན་སྒྲོགས་པར་འགྱུར། གཉིས་པ་ཐེག་པ་ཆེན་པོའི་མདོ་སྟོང་པ་ཉིད་ཀྱི་གཏམ་སྨྲ་བར་འགྱུར་རོ། །གསུམ་པ་སེམས་ཅན་གྱི་ཁམས་རྟག་པའི་གཏམ་དང༌། རྔ་བོ་ཆེ་ཆེན་པོའི་མདོའི་གཏམ་སྨྲ་བར་འགྱུར། ཆོས་ཆེན་པོའི་རྔ་པོ་ཆེ་བརྡུང་བར་འགྱུར། ཆོས་ཆེན་པོའི་དུང་འབུད་པར་འགྱུར། ཆོས་ཀྱི་རྒྱལ་མཚན་འཛུགས་པར་འགྱུར། དེའི་མངོན་སུམ་དུ་གོ་གྱོན་པར་འགྱུར་རོ། །ཞེས་དང༌། དེར་ཡང་འདུལ་བའི་སེམས་ཅན་དག་ཡོད་ན་སེམས་ཅན་དེ་འདྲ་བ་དག་གི་ནང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་བྱོན་པ་ལ་ལྟོས། ཞེས་སྨྲ་ཞིང༌། དེ་བཞིན་གཤེགས་པ་ནི་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པ་ཡིན་པ་དེ་ལྟ་བུ་ང་ལ་ལྟོས་ཤིག །ངས་བརྟན་པ་དང་བདེ་བ་བསྟན་པ་བཤད་པ་ནི་དེ་ལྟ་བུ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་ལུང་སྟོན་པར་འགྱུར་རོ། །དེ་ནས་ཕྱོགས་བཅུ་ནས་ནམ་མཁའ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སོ་སོའི་ཞལ་དེ་ལ་སྟོན་ཅིང་འདི་སྐད་ཅེས་དེ་ནི་དེ་ལྟ་ཡིན་ནོ། །ཞེས་གསུངས་པར་འགྱུར། འཇིག་རྟེན་ཐམས་ཅད་ཀྱང་དེའི་ཆོས་བསྟན་པ་ལ་ལེགས་པར་བསྟན་ཏོ། །ཞེས་ཡིད་ཆེས་པར་འགྱུར་རོ། །ཞེས་དང༌། འགྲོ་བ་ལ་དཀོན་མཆོག་གསུམ་གྱི་བསྔགས་པའི་སྒྲ་བརྗོད་པའི་ཚུལ་གྱིས་སངས་རྒྱས་ཀྱི་གསང་བ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྟག་པ། བརྟན་པ། ཞི་བ། ཐེར་ཟུག་པའོ། །ཞེས་སངས་རྒྱས་ཀྱི་གསང་བ་འདི་སྒྲོགས་སོ། །ཞེས་དང༌།

སྤྲིན་ཆེན་པོའི་མདོར་ཡང༌། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཟབ་པ་དང༌། མཉམ་པ་ཉིད་དང༌། རྟག་པ་དང༌། ཐེར་ཟུག་པ་དང༌། བརྟན་པ། འཆད་པའི་མདོའི་མིང་གི་དོན་ཡང་རུང་སྟེ། གང་ན་ཡང་དག་པར་གནས་པ་དེར་ནི། མིའི་ལམ་གྱི་བཞི་མདོའི་དབུས་སུ་ཡང་འགྲོ་བར་བྱའོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་མཉན་པའི་དོན་དང་བཀུར་སྟི་བྱ་བ་དང༌། རི་མོར་བྱ་བ་དང༌། མཆོད་པ་དང༌། རིམ་གྲོ་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་མེས་ཤིན་ཏུ་གང་བའི་ནང་དུ་ཡང་ཞུགས་ཏེ་འགྲོ་བར་བྱའོ། །ཞེས་སོགས་དང༌།

དེ་བཞིན་དུ། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ་ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་དཀོན་པའི་མདོར་ཡང༌། སྐྱེ་འགག་ལ་སོགས་པ་སྐྱོན་གྱི་ཆ་རྣམས་རང་བཞིན་གྱིས་མེད་པ་དང༌། ཆོས་ཉིད་ཀྱི་མཚན་དཔེ་མཐའ་ཡས་པ་ལ་སོགས་པ་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་མང་པོ་ཅན་སངས་རྒྱས་ཀྱི་དབྱིངས་སམ། དབྱིངས་ཀྱི་སངས་རྒྱས་དེ་ཉིད་སེམས་ཅན་ལ་ཡོད་པར་གསུངས་ཏེ། ཇི་སྐད་དུ། སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བདག་ཉིད་ཀྱིས་བཙལ་ཡང་དབྱིངས་བྱུང་བར་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱུང་བའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བདག་ཉིད་ཀྱིས་བཙལ་ཡང་དབྱིངས་མི་རྟག་པ་མི་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་རྟག་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཐེར་ཟུག་མ་ཡིན་པ་མ་བརྙེས་ཏེ་སེམས་ཅན་ཐམས་ཅད་ལ་ཐེར་ཟུག་གི་དབྱིངས་སངས་རྒྱས་ཀྱིས་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་གཡུང་དྲུང་མ་ཡིན་པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་གཡུང་དྲུང་གི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནང་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་ནད་མེད་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་རྒ་ཤི་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་རྒ་ཤི་མེད་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་འཇིག་པ་མ་བརྙེས་ཏེ། མི་འཇིག་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་གཞིག་ཏུ་རུང་བ་མ་བརྙཻས་ཏེ། མི་ཤིག་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་དྲི་མ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་དྲི་མ་མེད་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །དཔེར་ན་ཆུ་དང་འབྲུ་མར་བསྲེས་པ་མི་དམིགས་པ་དེ་བཞིན་དུ། སངས་རྒྱས་ཀྱྀ་དབྱིངས་ཀྱང་ཉོན་མོངས་པ་བྱེ་བས་གཡོགས་མོད་ཀྱི། ཉོན་མོངས་པ་དང་སངས་རྒྱས་ཀྱི་དབྱིངས་འདྲེས་པར་གྱུར་པའི་གནས་མེད་དོ། །དབྱིངས་ཀྱང་ཉོན་མོངས་པ་བྱེ་བའི་ནང་ན་འདུག་མོད་ཀྱི་བུམ་པའི་ནང་ན་མར་མེ་འདུག་པ་བཞིན་དུ་བུམ་པ་བཅག་ན་མར་མེ་རབ་ཏུ་འབར་ཞིང་མཛེས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་རྫོགས་པའི་སངས་རྒྱས་སོ། །ཞེས་སོགས་དང༌།

རྒྱན་སྟུག་པོའི་མདོར་ཡང༌། དེ་བཞིན་གཤེགས་པ་ནི་རྟག་པ་བརྟན་པ་ཐེར་ཟུག་མི་འཇིག་པ་སྟེ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་རྣལ་འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ་མྱ་ངན་ལས་འདས་པའི་དབྱིངས་དང༌། ནམ་མཁའ་ལྟ་བུར་མི་འཇིག་པ་སྟེ། མྱ་ངན་ལས་འདས་པའི་སྒྲ་ཆོས་ཀྱི་དབྱིངས་ཀྱི་ཚིག་གིས་འདས་པ་དང༌། བྱུང་བ་དང༌། འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་ཀྱི་གནས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་འདི་ནི་དེ་བཞིན་གཤེགས་པའོ། །རྡོ་རྗེའི་སྙིང་པོ་སྐྱོན་མེད་པ་ཞེས་བྱ་བ་ནི་ཡང་འབྱུང་བའི་ཉེས་པ་ཐམས་ཅད་དང་བྲལ་བའོ། །རྡོ་རྗེའི་སྙིང་པོ་སྐྱོན་མེད་པ་ནི་ཉེས་པ་ཐམས་ཅད་དང་བྲལ་བར་མ་ཟད་ཀྱི་ཏིང་ངེ་འཛིན་ལ་ཡང་འཇུག་གོ །ཞེས་དང༌། མཁས་པས་སོ་སོ་རང་རིག་པ། །ཡང་དག་ཉིད་དང་ཡང་དག་མཐའ། །ཚིག་གིས་སྤྱོད་ཡུལ་འདས་པ་ནི། །སངས་རྒྱས་དངོས་པོ་མི་སྣང་སྟེ། །སངས་རྒྱས་སྒྲས་ནི་མྱ་ངན་འདས། །མྱ་ངན་འདས་ཀྱང་སངས་རྒྱས་ཏེ། །རྣམ་རྟོག་རྟོག་དང་བྲལ་བས་ན། །དེ་ནི་བསྟན་དུ་མི་ནུས་པའོ། །རྒྱུ་དང་འབྲས་བུ་མེད་པ་སྟེ། །ཡོད་དང་མེད་ཀྱིས་རྣམ་པར་སྤངས། །རྡོ་བ་ཕྱེ་མར་བཏགས་པ་ལ། །གསེར་ནི་ཡོད་པར་མི་སྣང་སྟེ། །སྦྱང་བའི་ལས་ཀྱི་ཁྱད་པར་གྱིས། །གསེར་ནི་སྣང་པར་འགྱུར་བ་ཡིན། །གཟུགས་རྣམས་རྡུལ་དུ་རྣམ་གཞིགས་ཏེ། །མཁས་པས་ཕུང་པོ་ལྷག་མ་དང༌། །ཁམས་དང་འདུ་བྱེད་ཚོགས་རྣམས་དང༌། །རྣམ་པར་ཤེས་དང་དབང་པོ་དག །གཅིག་དང་ཐ་དད་དངོས་པོ་ཡང༌། །རྡུལ་ཕྲན་རྣམ་པར་རབ་སྦྱང་ན། །དངོས་པོ་སངས་རྒྱས་ཡོད་པ་མིན། །སངས་རྒྱས་མེད་པའང་མ་ཡིན་ཏེ། །རྣལ་འབྱོར་ཅན་རྣམས་སངས་རྒྱས་མཐོང༌། །མཚན་རབ་སུམ་ཅུ་རྩ་གཉིས་ཅན། །གང་ན་སྡུག་བསྔལ་དེ་ན་བདེ། །དེ་ཉིད་ལ་ནི་སྣང་བ་ཡིན། །སངས་རྒྱས་མེད་ཅེས་མི་བྱ་སྟེ། །སངས་རྒྱས་མཉམ་པར་བཞག་པ་ཡོད། །ཅེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཡོད། །མཚན་རབ་སུམ་ཅུ་རྩ་གཉིས་ཅན། །དེ་བས་སངས་རྒྱས་ཡོད་པ་སྟེ། །རྣལ་འབྱོར་ཅན་གྱི་ཐུབ་པས་མཐོང༌། །ཁམས་རྣམས་གསུམ་པོ་འདས་པ་དང༌། །རྣམ་པ་དུ་མར་སངས་རྒྱས་ཞིང༌། །ཞེས་དང༌། ཐུབ་པ་རྣལ་འབྱོར་མཁས་པའི་རྣམས། །ཀུན་གྱི་སྙིང་ལ་གནས་པ་ཡིན། །ཡོད་དང་མེད་ཀྱི་ཕྱོགས་དང་འབྲལ། །སངས་རྒྱས་ཕྱོགས་ནི་དྲི་མ་མེད། །བློ་དང་ཤེས་བྱ་གྲོལ་བ་སྟེ། །ཚངས་དང་དབང་པོ་སྤངས་པ་ཡིན། །སེམས་ཤེས་རྣམས་ཀྱི་ཡུལ་མ་ཡིན། །དེ་ནི་གྲོལ་བ་རྣམས་ཀྱི་ཡུལ། །མཚན་རྣམས་ཀུན་ཀྱང་སྣང་བ་སྟེ། །དེ་བཞིན་གཤེགས་ནི་མཚན་མེད་པའང༌། །དྲེགས་ཅན་རྣམས་ཀྱི་དྲེགས་མེད་མཛད། །ཅེས་དང༌། རྡོ་རྗེ་སྙིང་པོ་སྐྱབས་དང་མགོན། །གང་ལ་སྐྱབས་སུ་མཆི་བར་བགྱི། །སངས་རྒྱས་ཡོད་མིན་མེད་པ་མིན། །ཕུང་པོའི་སྐྱེ་ཤིང་རྣམ་བསྲེགས་ཏེ། །དཔུང་དང་བཅས་པའི་བདུད་བཅོམ་ནས། །སྟུག་པོ་སངས་རྒྱས་ས་ལ་གནས། །ཤེས་བྱ་དྲི་མེད་ཞི་བ་ལ། །སྐྱབས་སུ་སོང་ཤིག་གྲོགས་པོ་དག །རྟག་དང་ཆད་ལས་བྲལ་བ་སྟེ། །བློ་དང་རྟོགས་བྱའི་གནས་མ་ཡིན། །སྟུག་པོའི་དཀྱིལ་བཞུགས་རྣལ་འབྱོར་ཅན། །དེ་ཡང་གྲོགས་པོ་མགོན་སྐྱབས་སོ། །ཞེས་དང༌། རྒྱལ་པོ་སེམས་ནི་བསམ་མི་ཁྱབ། །རྟག་ཏུ་རང་བཞིན་འོད་ཅན་ནོ། །དེ་བཞིན་གཤེགས་པའི་སྙིང་པོ་སྟེ། །རྡོ་བ་རྣམས་ཀྱི་གསེར་བཞིན་གནས། །ཞེས་དང༌། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་དང༌། ཀུན་གཞི་སྙིང་པོར་བསྒྲགས་པ་ནི། །རྟོག་པའི་སེམས་ཀྱི་ཡུལ་མ་ཡིན། །རང་བཞིན་རྣམ་པར་བརྟགས་པ་ན། །བརྟག་པར་ནུས་པ་མ་ཡིན་དང༌། །ཡོངས་སུ་གྲུབ་པའི་རང་བཞིན་ཡང༌། །རྣལ་འབྱོར་ཐུབ་ཅན་རྟག་ཏུ་མཐོང༌། །ཞེས་སོགས་དང༌། འཇམ་དཔལ་སུས་ཤིན་ཏུ་རྒྱས་པ་ཆེན་པོ་རྨད་དུ་བྱུང་བའི་ཆོས་སྟུག་པོའི་རྒྱན་རིན་པོ་ཆེ་འདི་ཐོས་པ་དང༌། འབྲི་བ་དང༌། འདྲིར་འཇུག་པ་དང༌། འཛིན་པ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང༌། ཆུང་ངུུ་ན་ཡི་གེ་གཅིག་ཀྱང་རུང་སྟེ་བརྗོད་པ་དང༌། སུའང་ཆོས་དེ་སྨྲ་བ་ལ་མཆོད་ཅིང་རིམ་གྲོ་བྱེད་པ་དང༌། ནངས་པར་ལངས་ནས་ངོ་ཕྲད་པར་བྱེད་ཅིང༌། ལྟ་བར་སྔར་སྨྲ་བ་སྦྱིན་པར་བྱེད་པ་དང༌། ལག་པས་རེག་པར་བྱེད་པའི་སེམས་ཅན་དེ་དག་ཐམས་ཅད་འཇམ་དཔལ་སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་འགྲོལ་བར་འགྱུར་རོ། །འཇམ་དཔལ་སའི་ཕྱོགས་གང་ན་ཆོས་སྨྲ་བ་དེ་འདུག་གམ། དེའི་དུར་རམ། རོའམ། རོ་བམ་པ་ཞིག་ཡོད་ལ། དེའི་རོ་མཐོང་ན་ཡང་མཚམས་མེད་པའི་ལས་ལྔ་རྣམས་བྱང་བར་འགྱུར་རོ། །འཇམ་དཔལ་རྒྱ་མཚོ་ཆེན་པོའི་ནང་ན་ཡི་དྭགས་ལྟོ་དཔག་ཚད་བརྒྱད་སྟོང་དུ་མར་སྐྱེས་པ་ཡོད་དེ། ཡི་དྭགས་དེ་བདག་གི་ལས་ཀྱི་སྡུག་བསྔལ་མི་ཟད་པའི་ཚོར་བ་ཡོད་དོ། །འཇམ་དཔལ་དེ་བཞིན་དུ་སེམས་ཅད་སུ་མདོ་སྡེ་རིན་པོ་ཆེ་འདི་སྨོད་པ་དེ་དག་ཀྱང་སྡུག་བསྔལ་མྱོང་བར་འགྱུར་རོ། །འཇམ་དཔའ་སུས་མདོ་སྡེ་རིམ་པོ་ཆེ་འདི་རིམ་གྲོར་བྱས་ཏེ། མེ་ཏོག་དང༌། གདུག་སྤོས་དང༌། མར་མེ་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ཆོས་གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། ལྷའི་བ་དན་གྱིས་མཆོད་པ་དང༌། ཆོས་སྨྲ་བ་དེ་ཡང་མཆོད་པར་བྱས་ཏེ། ཅི་སྟེ་ཆོས་སྨྲ་བ་དེ་མཚམས་མེད་པ་ལྔ་བྱེད་ན་ཡང་འོན་ཀྱང་དེའི་སེམས་འཁྲུག་པར་མི་བྱའོ། །ཆུང་ངུ་ན་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པར་རི་དྭགས་དང༌། བྱ་གང་ལ་ལས་ཆོས་སྨྲ་བ་དེ་ཤི་བའི་རོ་བམ་པ་དུར་ཁྲོད་ན་འདུག་པའི་ཤ་ཟོས་ཀྱང་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ། །རི་དྭགས་དང་བྱ་གཞན་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་སྟུག་པོ་འདི་ཉིད་དུ་འཐོབ་པར་འགྱུར་ཏེ། དེ་ལ་ནེམ་ནུར་དང༌། ཐེ་ཚོམ་དང་ཡིད་གཉིས་མི་བྱའོ། །སེམས་ཅན་གང་ལ་ལ་སྔོན་དགེ་བའི་རྩ་བ་བསྐྱེད་པ་སྔོན་བྱང་ཆུབ་སེམས་དཔས་ཡོངས་སུ་བཟུང་བ་སྔོན་གྱི་བྱང་ཆུབ་སེམས་དཔའི་ས་བོན་ལས་ཡོངས་སུ་མ་ཉམས་པ་དེ་དག་ཐམས་ཅད་ཕྱི་མའི་དུས་ན་མདོ་སྡེ་ཆེན་པོ་རིན་པོ་ཆེ་འདི་ཐོས་པར་འགྱུར་རོ། །ཐོས་ནས་ཀྱང་མཆོད་པ་ཆེན་པོས་མཆོད་པར་འགྱུར་རོ། །ཞེས་སོགས་དང༌།

རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོར་ཡང༌། དེ་བཞིན་གཤེགས་པ་ནི་ཚོར་བ་ཐམས་ཅད་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ། ཚོར་བ་དང་བྲལ་བ། ཚོར་བ་ཐམས་ཅད་ཀྱི་མཆོག་བརྙེས་པ། ཞེས་དང༌། ཆོས་གྱི་དབྱིངས་ནི་སངས་རྒྱས་ཏེ། །སངས་རྒྱས་ནི་ཡང་དག་པའི་མཐའོ། །རྡུལ་མེད་པའོ། །ཞི་བའོ། །བསིལ་བར་གྱུར་པའོ། །མ་སྐྱེས་པའོ། །མ་འགགས་པའོ། །ཞེས་དང༌། ཆོས་ཐམས་ཅད་མི་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །ཞེས་དང༌། གང་ཆོས་ཐམས་ཅད་ཀྱི་རང་བཞིན་མི་མཐོང་བ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །གང་ཆོས་གང་ཡང་མི་མཐོང་བ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །ཞེས་སོགས་དང༌། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་ལྷའི་བསྐལ་པ་བྱེ་བར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེད་འཁོར་བཞི་ལ་ཅི་འདོད་པ་སྦྱིན་པ་བྱིན་པ་བས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གཞན་གྱིས་མཐུན་པར་བྱ་བའི་དོན་དུ་གཡོ་ཡིས། དེ་བཞིན་གཤེགས་པ་ནི་རྟག་པའོ། །དེ་བཞིན་གཤེགས་པ་ནི་གཡུང་དྲུང་ངོ༌། །ཞེས་ཚིག་ཏུ་སྨྲས་ན་ཡང་དེ་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །ཞེས་སོགས་དང༌།

འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང༌། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནི་རྒྱུ་གཉིས་ཀྱི་བདག་ལ་རྨ་འབྱིན་ཏེ་ཆོས་ཟབ་མོ་ལ་ངེས་པར་སེམས་པར་མི་འགྱུར་རོ། །གཉིས་གང་ཞེ་ན། སྔོན་མ་ཐོས་པའི་མདོ་སྡེ་ཟབ་མོ་ཐོས་ན་སྐྲག་ཅིང་ཐེ་ཚོམ་དུ་གྱུར་ནས། རྗེས་སུ་ཡི་རང་བར་མི་བྱེད་ཀྱི་སྟེང་དུ་འདི་སྟོན་པར་གྱུར་ཀྱང་འདི་ལྟ་བུ་བདག་ཅག་གིས་སྔོན་མ་ཐོས་ན་ང་གང་ནས་འོངས་ཞེས་སྤོང་བར་བྱེད་པ་དང༌། རིགས་ཀྱི་བུ། གང་མདོ་སྡེ་ཟབ་མོ་འཛིན་པ་དང༌། ཆོས་ཟབ་མོའི་སྣོད་དུ་གྱུར་པ་དང༌། ཆོས་ཟབ་མོ་སྟོན་པ་དེ་དག་ལ་མི་བརྟན་མི་འགྲོགས་བསྙེན་བཀུར་མི་བྱེད་ཅིང་དེ་དག་ལ་སྟི་སྟང་མི་བྱེད་པར་འགྱུར་ཏེ། བར་བར་དུ་དེ་དག་ལ་ཡང་མི་སྙན་པ་ཡང་བརྗོད་པའོ། །ཞེས་སོགས་དང༌།

དེ་བཞིན་དུ་དཀོན་མཆོག་སྤྲིན་གྱི་མདོར་ཡང༌། རིགས་ཀྱི་བུ། གང་ཆོས་ཉིད་དང་མཐུན་པ་དེ་ནི་རིགས་པའོ། །གང་ཆོས་ཉིད་དང་མི་འགལ་བ་དེ་ནི་རིགས་པའོ། །གང་ཆོས་ཉིད་ལ་མི་འཁྲུལ་བ་དེ་ནི་རིགས་པའོ། །གང་ཆོས་ཉིད་ལ་འབབ་པ་དེ་ནི་རིགས་པའོ། །གང་ཆོས་ཉིད་སྟོན་པ་དེ་ནི་རིགས་པའོ། །ཞེས་དང༌། རིགས་ཀྱི་བུ། འདི་ལྟ་སྟེ། དེ་ཁོ་ན་ཞེས་བྱ་བ་འདི་ནི་ཡང་དག་པའི་དོན་གྱི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས་ཡང་དག་པ་ཞེས་བགྱི་བ་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གང་མི་བསླུ་བ་དེ་ནི་ཡང་དག་པའོ། །གསོལ་པ། བཅོམ་ལྡན་འདས་མི་བསླུ་བ་ཞེས་བགྱི་བ་འདི་ཅི་ལགས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། དེ་ནི་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་ཉིད་ཅེས་བགྱི་བ་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཆོས་འདི་ནི་སོ་སོ་རང་གིས་རིག་པ་ཡིན་ཏེ། འདི་ནི་ཡི་གེ་དག་གིས་གདམས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་ནི་ཡི་གེ་ཐམས་ཅད་ལས་ཡང་དག་པར་འདས་པ་དང༌། སྨྲ་བ་ཐམས་ཅད་ལས་ཡང་དག་པར་འདས་པ། ཚིག་གི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ། ངག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། བླང་བ་དང་དོར་བ་ཐམས་ཅད་དང་བྲལ་བ། ཕྱེ་བ་དང་བཙུམས་པ་ཐམས་ཅད་དང་བྲལ་བ། རྟོག་གེ་ཐམས་ཅད་དང་བྲལ་བ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ། མཚན་མ་མེད་པ། མཚན་མ་དང་བྲལ་བ། མཚན་མའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བྱིས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བདུད་ཐམས་ཅད་ཀྱི་གཡུལ་ལས་ཡང་དག་པར་འདས་པ། ཉོན་མོངས་པ་ཐམས་ཅད་ཀྱི་གཡུལ་ལས་ཡང་དག་པར་འདས་པ། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། གནས་མ་ཡིན་པ། མི་གནས་པ། ཞི་བ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། དེ་དག་ཉིད་ཀྱི་སོ་སོ་རང་གིས་རིག་པ། དྲི་མ་མེད་པ། མ་གོས་པ། དང་བ་རྣམ་པར་དག་པ། གྱ་ནོམ་པ། མཆོག་དམ་པ། ཕུལ་རྟག་པ། བརྟན་པ། ཐེར་ཟུག །མི་འཇིག་པའི་ཆོས་ཅན་ཏེ། དེ་བཞིན་གཤེགས་པ་རྣམ་བྱུང་ཡང་རུང༌། མ་བྱུང་ཡང་རུང་སྟེ། ཆོས་ཀྱི་དབྱིངས་འདི་ནི་འདུག་པ་ཁོ་ནའོ། །ཞེས་སོགས་དང༌།

རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོར་ཡང༌། བདེན་པ་གཉིས་སུ་ལེགས་པར་ཕྱེས་ནས་གསུངས་ཏེ། ཕུང་པོ་ལྔ་ནི་ཡང་དག་པ་མ་ཡིན་པ་སྒྱུ་མ་ལྟ་བུ་གསོབ་གསོག །དངོས་པོ་མེད་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བའོ། །ཆོས་ཀྱི་དབྱིངས་ནི་གསོབ་མ་ཡིན། གསོག་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བ་མ་ཡིན། སྒྱུ་མ་ལྟ་བུ་མ་ཡིན་ཏེ། སྨིག་རྒྱུ་ལྟ་བུ་མ་ཡིན། ཆུ་ཟླ་ལྟ་བུ་མ་ཡིན། བྲག་ཆ་ལྟ་བུ་མ་ཡིན། སུ་ཞིག་ཆོས་འདི་སྟོན། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ནི་དག་པ། ཡང་དག་པ་གཞན་མ་ཡིན་པ། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད་ཡིན་ན་དེ་སྟོན་པ་སུ་ཡིན། ཕུང་པོ་ལྔ་རྣམས་ནི་མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ། རྟེན་ཅིང་འབྲེལ་བར་འབྱུང་བ། ངན་པ་འཇིག་པའི་ཆོས་ཅན་ནོ། །ཞེས་དང༌། གཟུགས་ནི་རྟེན་ཅིང་འབྲེལ་བ་ལས་འབྱུང་ངོ༌། །གང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་མི་རྟག་པའོ། །གང་མི་རྟག་པ་དེ་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་བདག་མེད་པའོ། །གང་བདག་མེད་པ་དེ་རང་བཞིན་མེད་པའོ། །གང་རང་བཞིན་མེད་པ་དེ་སྣང་བ་མེད་པའོ། །གང་སྣང་བ་མེད་པ་དེ་ཡང་དག་པ་མ་ཡིན་པའོ། །གང་ཡང་དག་པ་མ་ཡིན་པ་དེ་བརྫུན་པ་བསླུ་བའི་ཆོས་སོ། །གང་བརྫུན་པ་བསླུ་བའི་ཆོས་དེ་མི་བདེན་པའོ། །གང་མི་བདེན་པ་དེ་དེ་བཞིན་ཉིད་མ་ཡིན་པའོ། །གང་དེ་བཞིན་ཉིད་མ་ཡིན་པ་དེ་དེ་བཞིན་གཤེགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་བདེན་པ་ཡང་དག་པ། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། མ་ལོག་པ། བདེན་པ་སྨྲ་བ། ཡང་དག་པར་སྨྲ་བ། ཤེས་པ་སྨྲ་བ། ཡེ་ཤེས་ཀྱི་མཚོན་ཆ་ཅན། ཡེ་ཤེས་མཐའ་ཡས་པ་དང་ལྡན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། སྟོབས་བཅུ་དང་ལྡན་པ། མི་འཇིགས་པ་བཞིའི་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ། མི་རྟོག་པ། རྣམ་པར་མི་རྟོག་པ། མི་གོས་པ། ནམ་མཁའ་དང་མཚུངས་པ། གྲངས་ཀྱི་ཆོས་རྣམས་ཀྱིས་མི་འགྲངས་པ། མ་བྱས་པ། མ་སྐྱེས་པ། མ་འགགས་པ། འཇུག་པ་བདེ་བ། མཐའ་ཡས་པ། གནས་མེད་པ། རྣམ་པར་མི་རིགས་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། ཀུན་ཏུ་རྒྱུ་བ་མེད་པ། ཤིན་ཏུ་དག་པ། ཉོན་མོངས་པ་མེད་པ། མ་བྱུང་བ། སྤྱོད་པ་མེད་པ། གནས་པ་མེད་པའོ། །སྙམ་མོ། །ཞེས་དང༌། རྟོག་པའི་མཚན་ཉིད་གང་ཡིན་པ་དེ་བཞིན་གཤེགས་པ་མ་ཡིན་ཏེ། ཚོར་བ་ནི་ཆུ་བུར་ལྟ་བུའོ། །ངན་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བའོ། །རེག་པ་འདུས་པ་ལས་འབྱུང་བའོ། །རེག་པ་ལས་སྐྱེས་པ་ནི་ཚོར་བའོ། །ཞེས་གསུངས་ན། དེ་བཞིན་གཤེགས་པ་ནི་ཆུའི་ཆུ་བུར་ལྟ་བུ་མ་ཡིན། ངན་པ་མ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན། དེ་བཞིན་གཤེགས་པ་ནི་རེག་པ་ལས་སྐྱེས་པ་མ་ཡིན། རེག་པ་འདུས་པ་ལས་བྱུང་བ་མ་ཡིན། ཚོར་བ་ཇི་ལྟ་བ་བཞིན་དུ་རེག་པ་ལས་སྐྱེས་པ་མ་ཡིན་ནོ། །ཞེས་དང༌། འདུ་ཤེས་ནི་སྨིག་རྒྱུ་ལྟ་བུ་མིང་དང༌། གཟུགས་དང༌། སྣང་བ་དང༌། ཡིད་ལས་བྱེད་པ་ལས་ངེས་པར་འབྱུང་བ་མ་ཡིན། འདུ་ཤེས་ཇི་ལྟ་བ་བཞིན་དུ་མིག་དང༌། གཟུགས་དང༌། སྣང་བ་དང༌། ཡིད་ལ་བྱེད་པ། འདུས་པ་ལས་བྱུང་བ་མ་ཡིན་ནོ། །ཞེས་དང༌། འདུ་བྱེད་རྣམས་ནི་དངོས་པོ་མེད་པ། བརྫུན་པ། བསླུ་བའི་ཆོས་ཅན་མ་རིག་པ་འདུས་པ་ལས་བྱུང་བའོ། །འདུ་བྱེད་རྣམས་ནི་མ་རིག་པ་འདུས་པ་ལས་སྐྱེས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་དངོས་པོ་མེད་པ་མ་ཡིན། བརྫུན་པ་མ་ཡིན། བསླུ་བའི་ཆོས་མ་ཡིན། འདུ་བྱེད་རྣམས་ཇི་ལྟ་བ་བཞིན་དུ་མ་རིག་པ་འདུས་པ་ལས་སྐྱེས་པ་མ་ཡིན་ནོ། །ཞེས་དང༌། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་གསོབ་གསོག་ཡང་དག་པ་མ་ཡིན་པ། འདུ་བྱེད་འདུས་པ་ལས་སྐྱེས་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། འདུས་པ་ལས་བྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་གསོབ་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་ངེས་པར་སྐྱེས་པ་མ་ཡིན། རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་མ་ཡིན་ནོ། །ཞེས་དང༌།

ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོར་ཡང༌། དེ་བཞིན་ཉིད་ནི་བདེན་པ་སྟེ། དེ་བཞིན་ཉིད་མ་གཏོགས་པའི་ཆོས་གཞན་རྣམས་ནི་བརྫུན་པའོ། །བདེན་པའི་ངོ་བོ་ཉིད་ནི་དེ་བཞིན་ཉིད་དེ། དེ་བཞིན་ཉིད་ཀྱི་དེ་ཉིད་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་དག་པའི་མཐའ་ནི་སྤྲོས་པ་མེད་པ། ཆོས་གཞན་ནི་སྤྲོས་པའི་ངོ་བོ་ཉིད་དེ་ཡང་དག་པའི་མཐའ་མཉམ་པའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །སྐྱེ་བ་མེད་པ་ནི་བདེན་ཏེ། སྐྱེ་བ་ལ་སོགས་པའི་ཆོས་གཞན་རྣམས་ནི་མི་བདེན་པ། ལོག་པ། བརྫུན་པ། བསླུ་བའི་ཆོས་ཅན་ནོ། །དེ་བཞིན་གཤེགས་པ་ནི་བརྫུན་པ། བསླུ་བའི་ཆོས་ཅན་མ་ཡིན་ཏེ། བདེན་པའི་ངོ་བོ་ཉིད་ནི། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་དག་པ་མ་ཡིན་པ་ནི་མངོན་པར་འདུ་བྱེད་དེ། ཡང་དག་པ་ལ་ནི་མངོན་པར་འདུ་བྱ་བ་མེད་དོ། །ཡང་དག་པ་ས་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སྟེ། འདུས་མ་བྱས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། ཞེས་སོགས་གསུངས་ལ།

གཞན་ཡང་མཐར་ཐུག་ཐུན་མོང་མ་ཡིན་པའི་མདོ་ཟབ་ཁྱད་འཕགས་འདི་རྣམས་ཉན་པ་ལ་སོགས་པ་ལ་གདུལ་བྱ་སྣོད་རྣམ་པར་དག་པ་དགོས་པར་ཡང་གསུངས་ཏེ། རྔ་བོ་ཆེ་ཆེན་པོའི་མདོར། ཀུན་དགའ་བོ། མདོ་འདི་ནི་ཤིན་ཏུ་རྙེད་པར་དཀའ་སྟེ། ཀུན་དགའ་བོ། རྔ་བོ་ཆེ་ཆེན་པོ་འདི་ནི། འདི་ལྟ་སྟེ་དཔེར་ན། འཇིག་རྟེན་ན་མེ་ཏོག་ཨུ་དུམ་ཝཱ་ར་རྙེད་པ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། འདི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཆོས་ཉིད་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡང་ཆོས་ཉིད་ཡིན་ནོ། །ཞེས་དང༌། ཀུན་དགའ་བོ། འདི་ནི་ཟབ་ཅིང་རྟོགས་པར་དཀའ་བ། ཡིད་ཆེས་ཤིང་དད་པར་དཀའ་བ། སངས་རྒྱས་ཀྱི་གསང་བ་ཡིན་ཏེ། ཞེས་དང༌། ཀུན་དགའ་བོ། དེའི་ཕྱིར་རྔ་བོ་ཆེ་ཆེན་པོ་ཞེས་བྱ་བའི་མདོ་འདི་ནི་ཀུན་དགའ་བོ་ཁྱོད་ཀྱིས་ཀྱང་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ཆོས་ཀྱི་སྒོའི་མདོ་འདི་ལ་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ཡིད་ཆེས་པར་མི་འགྱུར་རོ། །ཞེས་དང༌། བཀའ་སྩལ་པ། འོད་སྲུང་སེམས་ཅན་སྦུན་པ་ལྟ་བུ་མ་ཡིན་པ་དེ་དག་རྔ་བོ་ཆེ་ཆེན་པོ་ཞེས་བྱ་བའི་མདོ་འདི་ཉན་པར་འགྱུར་རོ། །ཞེས་དང༌། བཀའ་སྩལ་པ། འོད་སྲུང་འཁོར་འདི་ཐམས་ཅད་ཚུལ་ཁྲིམས་སྲུང་བ་ཚུལ་དང་ལྡན་པ་མ་ཡིན་ཡང༌། ཅི་དགོངས་པའི་ཚིག་ལ་མཁས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དགོངས་པའི་ཚིག་ཅེས་བགྱི་བ་ཅི་ལགས། བཀའ་སྩལ་པ། འོད་སྲུང་དགོངས་པའི་ཚིག་ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ད་ལྟར་འདི་ལས་དེ་བཞིན་གཤེགས་པ་རྟག་པ། བརྟན་པ། ཞི་བ། ཐེར་ཟུག་པ། ཡོངས་སུ་མྱ་ངན་ལས་འདས་ཀྱང༌། ཉམས་པར་མི་འགྱུར་བ་ཞེས་བྱ་བ་སྟེ། མདོ་འདི་ནི་དགོངས་པའི་ཚིག་ཅེས་བྱའོ། །འོད་སྲུང་མི་མཐུན་པའི་མདོ་དག་ལ་འོད་གསལ་བ་འདི་ནི་སེམས་ཅན་དམྱལ་བ་རྣམས་ཀྱི་རྒྱུ་དང་གཏན་ཚིགས་བརྒྱ་སྟོང་གིས་རིགས་པར་བྱ་དགོས་སོ། །འོད་སྲུང་དེ་ལྟ་བས་ན་ཡང་ཁྱོད་ཀྱིས་རེ་ཞིག་འཁོར་འདི་རྟོགས་ཤིག །ཞེས་དང༌། དེ་ན་རྒྱ་ཆེན་པོ་མ་ཡིན་པའི་སེམས་ཅན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་རྣམས་ཀྱང་བདག་ཅག་ནི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་བཞིན་དུ་ཡང༌། ང་ནི་རྟག་པ། བརྟན་པ། ཞི་བ། ཐེར་ཟུག་པ་ཡིན་ནོ། །ཞེས་སྟོན་པ་འདི་ནི་རྟོགས་པར་མི་ནུས་སོ། །ཞེས་འདོར་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ཡུན་རིང་པོར་སྟོང་པ་ཉིད་ཀྱི་ལྟ་བ། ཉམས་པར་བྱེད་པའི་ལྟ་བ། བསྒོམས་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། དམན་པའི་སེམས་ཅན་རྣམས་ཀྱིས་མདོ་དག་པ་འདི་ཐོས་ནས་དོང་ངོ༌། །ཕྱོགས་བཅུ་དེ་དང་དེ་དག་ནས། ལྷག་པའི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ཅན་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་ལ་གསར་དུ་ཞུགས་པ་གང་དང་གང་དག་ཡིན་པ་དེ་དང་དེ་དག་ལྷན་ཅིག་ཏུ་གང་དག་ལྷགས་པ་དེ་དང༌། དེ་དག་ལས་ཀྱང་བཅུའི་ཆའི་ཆ་དང༌། བརྒྱའི་ཆའི་ཆ་དང༌། སྟོང་གི་ཆའི་ཆ་དང༌། བརྒྱ་སྟོང་གི་ཆའི་ཆ་དང༌། བྱེ་བའི་ཆའི་ཆ་དང༌། གྲངས་མེད་པའི་ཆའི་ཆ་གང་ཡིན་པ་དག་འདུས་པར་གྱུར་ཏོ། །ཞེས་དང༌། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་འདྲ་བ་དག་ཅིག་ཞེ་ན། ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཆོས་འདོད་པ་དག །ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྡེ་འཛིན་པ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་ཕན་པ་སྟོན་པ། ཐམས་ཅད་ཀྱང་སངས་རྒྱས་རྟག་པ་ཉིད་འདོད་པ། ཐམས་ཅད་ཀྱང་དགོངས་པའི་ཚིག་ལ་བྱང་བ། ཐམས་ཅད་ཀྱང་ངེས་པའི་དོན་གྱི་མདོ་སྡེ་སྟོན་པ། སྲན་ཐུབ་པ། ཐམས་ཅད་ཀྱང་ཚུལ་ཁྲིམས་འཆལ་བ་རྣམས་ཚར་གཅོད་ཅིང་ཕན་འདོགས་པར་ཞུགས་པ། དེ་བཞིན་གཤེགས་པ་རྣམ་ལ་མཆོག་ཏུ་གུས་པ། ཐེག་པ་ཆེན་པོ་ལ་དད་པ་ཆེན་པོ་ཐོབ་པ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ། ཡ་མཚན་དུ་མི་འཛིན་པ། འདི་ལྟ་བུའི་མདོ་སྡེ་རྒྱ་ཆེན་པོའི་མཆོག་བོར་ནས། མདོ་སྡེ་གཞན་མི་སྒྲོགས་པའི་ཤེས་རབ་ཅན་གང་དུ་སངས་རྒྱས་རྟག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ། །ཞེས་བསྟན་པ། གཞན་ཡང་སྒྲོགས་ཤིང་མི་སྤོང་བ། བརྟན་པ། འཇིག་ཚོགས་ལ་ལྟ་བས་སྟོང་པས་སྟོང་པ་ཉིད་མ་ཡིན་གྱི། འདུས་བྱས་ཐམས་ཅད་རང་བཞིན་གྱིས་སྟོང་པ། ཐེར་ཟུག་མཆོག་གི་གཞི་དེ་འདོད་པ་དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་ལ་བརྟན་པ་དག་སྟེ། ཡོན་ཏན་ལྷག་མ་ནི་བསམ་གྱིས་མི་ཁྱབ་བོ། །འོད་སྲུང་དེ་ལྟ་བས་ན་ཁྱོད་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་འཁོར་སོལ་ཅིག །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་བལྟས་ཤིང་བརྟགས་ཏེ་བསལ་ན་སྦུན་པ་ལྟ་བུའི་སྐྱེས་བུ་ལྷག་མའི་འཁོར་དག་ཡོད་པར་གྱུར་ཏོ། །ཡང་ལན་གསུམ་གྱི་བར་དུ་བསྩལ་བས་བསྩལ་བ་ན། སྐྱེས་བུ་སྦུན་པ་ལྟ་བུ་མ་ཡིན་པ་ཤ་སྟག་ཏུ་གྱུར་ཏོ། །ཞེས་དང༌། འོད་སྲུང་དེ་དག་ལས་བྱེ་བ་བརྒྱ་སྟོང་གི་ཆའི་ཆ་གང་དག་ཡིན་པ་ནི་མི་མཆོག་བག་ཚ་བ་མེད་པའི་འཁོར་འདུག་པ་འདི་དག་ཡིན་གྱིས། འོད་སྲུང་ང་ཡང་ཁྱོད་ཀྱིས་འཁོར་རྣམས་ལ་གྲོགས་པོ་དག་ཅིང་ཁྱཽད་ཅག་རྔ་བོ་ཆེ་ཆེན་པོ་ཞེས་བྱ་བའི་མདོ་ཆེན་པོ། ཡངས་པ་ཐེག་པ་གཅིག་པ་འདི་ལྟ་སྟེ། ཐེག་པ་ཆེན་པོ་དད་པར་དཀའ་བ། ཡིད་ཆེས་པར་དཀའ་བ་འདི་མཉན་པར་ནུས་སམ། ཞེས་དྲིས་ཤིག །འོད་སྲུང་དེ་བཞིན་དུ་ཁྱོད་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་འཁོར་རྣམས་ལ་དྲིས་ཤིག །བཅོམ་ལྡན་འདས་ལགས་སོ། །ཞེས་གསོལ་ནས། དེ་ནས་འོད་སྲུང་ཆེན་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལངས་ཏེ། ལན་གསུམ་བསྐོར་བ་བྱས་ནས་འཁོར་མང་པོ་དེ་ལ་སྨྲས་པ། ཤེས་ལྡན་དག །ཅི་རྔ་བོ་ཆེ་ཆེན་པོ་ཞེས་བྱ་བའི་མདོ་ཉན་པའི་འོས་ཡིན་ནམ། དེ་བཞིན་གཤེགས་པ་ཐེག་པ་གཅིག་པ་འདི་ལྟ་སྟེ། ཐེག་པ་ཆེན་པོ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལས་འདས་པ། དེ་ཁྱོད་ལ་སྟོན་པར་འགྱུར་རོ། །དེ་བཞིན་དུ་གནས་བརྟན་འོད་སྲུང་ཆེན་པོས་ལན་གཉིས་ལན་གསུམ་དུ་ཡང་བསྐུལ་བ་བསྐུལ་བ་དང༌། དེ་རྣམས་ཀྱིས་སྨྲས་པ། བཙུན་པ་འོད་སྲུང་བདག་ཅག་ཆོས་ཉན་པའི་ཆེད་དུ་མཆིས་ལགས་པས། ཉན་པར་འཚལ་གྱིས་བཙུན་པ་འོད་སྲུང༌། དེ་བཞིན་གཤེགས་པས་བདག་ཅག་ལ་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ། མདོ་སྡེ་ཆེན་པོ་དེ་ལེགས་པར་བསྒྲགས་པར་མཛད་དུ་གསོལ། འོད་སྲུང་ཆེན་པོས་སྨྲས་པ། ཇི་ལྟར་ཡིད་ཆེས་པར་འགྱུར། དེ་དག་གིས་སྨྲས་པ། བཙུན་པ་འོད་སྲུང་དཔེར་ན། སྐྱེས་བུ་བཙས་ནས་ལོ་ཉི་ཤུ་ལོན་པ་ཞིག་ལ། བུ་ལོ་བརྒྱ་ལོན་པ་དག་ཡོད་དོ། །ཞེས་སྨྲས་ན། གལ་ཏེ་དེ་བཞིན་གཤེགས་པ་དེ་ཁོ་ན་བཞིན་གསུང་ན་བདག་ཅག་གིས་ཀྱང་དེ་བཞིན་དུ་ཡིད་ཆེས་པར་བགྱི་ལགས་ན། བཙུན་པ་འོད་སྲུང་དམ་པའི་ཆོས་མཉན་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ནི་ཅི་གསུང་བ་དེ་བཞིན་དུ་མཛད་པ། དེ་བཞིན་གཤེགས་པ་ནི་ཀུན་ནས་སྤྱན་མངའ་བ། དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་ཡིན་ནོ། །བཙུན་པ་འོད་སྲུང་གཞན་ཡང་བདག་ཅག་ནི་དེ་བཞིན་གཤེགས་པས་མཁྱེན་ཏོ། །སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་ནི་རྔ་བོ་ཆེ་ཆེན་པོའི་མདོ་མཉན་པ་དང༌། ཀློག་པ་དང༌། བཟུང་བ་དང༌། བསྟན་པའི་འོས་ཡིན་ནོ། །ཞེས་གསུངས་སོ། །

ཡང་དེ་ལ་འཁོར་ལོ་གསུམ་གྱི་བདེ་གཤེགས་སྙིང་པོའི་དྲི་མ་རྣམས་རིམ་པ་ལྟར་སྦྱོང་བར་གསུངས་པ་ནི། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོར། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ། དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ལྭ་བས་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་ཡང་སྦངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻཌཱུརྻའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་གཙང་བ་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་དེ། འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །

དེ་ཙམ་གྱིས་དེ་བཞིན་གཤེགས་པས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །ཞེས་གསུངས་ལ།

འཁོར་ལོ་གསུམ་ལ་དྲང་དོན་དང་ངེས་དོན་གང་ཡིན་པ་དང༌། ལེགས་པར་རྣམ་པར་ཕྱེ་སྟེ་གསལ་བར་སྟོན་པ་ཡིན་མིན་གྱི་ཁྱད་པར་ལ་སོགས་པ་ནི། དགོངས་པ་ངེས་པར་འགྲེལ་པའི་མདོར། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། བཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆོས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང༌། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་དང༌། འགག་པ་མ་མཆིས་པ་ཉིད་དང༌། བཟོད་མ་ནས་ཞི་བ་ཉིད་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། རང་བཞིན་གྱིས་ཡོངས་སུ་མྱ་ངན་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་འདི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཐོས་ནས་མོས་པར་བགྱིད་པ་དང༌། ཡི་གེར་འབྲིར་སྩོལ་བ་དང༌། ཡི་གེར་བྲིས་ནས་ཀྱང་འཆང་བ་དང༌། ཀློག་པ་དང༌། མཆོད་པ་དང༌། ཡང་དག་པར་བགྱིད་པ་དང༌། ལུང་ནོད་པ་དང༌། ཁ་དོན་བགྱིད་པ་དང༌། སེམས་དཔའ་དང༌། བསམ་པ་དང༌། སྒོམ་པའི་རྣམ་པས་སྦྱོར་བར་བགྱིད་པ་དེ་བསོད་ནམས་ཇི་ཙམ་ཞིག་བསྐྱེད་པར་གྱུར་པ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་ཡང་དག་འཕགས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད། གྲངས་མེད་པ་བསྐྱེད་དེ། དེའི་དཔེ་བྱ་བར་བླ་བ་མ་ཡིན་མོད་ཀྱི། འོན་ཀྱང་མདོར་བསྡུས་ཏེ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་ཡང་དག་འཕགས། འདི་ལྟ་སྟེ། དཔེར་ན། སེན་མོའི་རྩེ་མོ་ལ་གནས་པའི་སའི་རྡུལ་གང་ཡིན་པ་དེ་དག་ནི་ས་ལ་གནས་པའི་སའི་རྡུལ་རྣམས་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང༌། སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེ་དང༌། རྒྱུར་ཡང་ཉེ་བར་མི་འགྲོའོ། །བ་ལང་གི་རྗེས་ཀྱི་ཆུ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དོན་དམ་ཡང་དག་འཕགས། དེ་བཞིན་དུ་ངས་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས། སྒོམ་པའི་རྣམ་པས་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་གང་བཤད་པ་དེ་ནི། ངེས་པའི་དོན་བསྟན་པ་ལ་མོས་པ་ལས་ཡང་དག་པར་གྲུབ་པ་ནས། སྒོམ་པའི་རྣམ་པས་སྦྱོར་བ་ལས་ཡང་དག་པར་གྲུབ་པའི་བར་གྱི་བསོད་ནམས་འདི་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་པར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཞེས་དང༌།

ཤེར་ཕྱིན་ལྔ་བརྒྱ་པར་ཡང༌། རབ་འབྱོར་གང་ཡང་བཅོམ་ལྡན་འདས་ཀྱིས་གཟུགས་རང་བཞིན་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། གདོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་གང་ཡིན་པའི་བསྟན་པ་དེ་ཐམས་ཅད་ལྡེམ་པོར་དགོངས་པ་མ་ཡིན་པ་སྟེ། སྒྲ་ཇི་བཞིན་ཉིད་དུ་ཤེས་པར་བྱའོ། །ཞེས་དེ་སྐད་སྨྲ་ན། དེ་ནི་ཕྱི་རོལ་པ་བས་ཀྱང་ཕྱི་རོལ་སོ་སོ་སྐྱེ་བོའི་ཕྱཽགས་ལ་གནས་པ་སྟེ། ལོག་པར་བལྟ་བའོ། །ཞེས་ང་སྨྲའོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །

དེས་ན་ཐམས་ཅད་རང་སྟོང་དང༌། མེད་དགག་ཏུ་ལྟ་བ་ནི། ཐ་ཆད་པ་ཡིན་པས་སྤང་བར་བྱ་དགོས་པར་གསུངས་ཏེ། ཡུམ་བར་མའི་ལེའུ་ལྔ་བཅུ་དགུ་པར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་ཆོས་འདི་དག་ལ་ནེམ་ནུར་ཡང་མ་མཆིས། ཐེ་ཚོམ་ཡང་མ་མཆིས་ཏེ། འོན་ཀྱང་བཅོམ་ལྡན་འདས་མ་བྱུང་བའི་དུས་ན། དགེ་སློང་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་འདི་སྐད་དུ་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། ཆོས་ཐམས་ཅད་ངོ་བོ་ཉིད་དངོས་པོ་མེད་པ་ལ་སུ་ཞིག་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་ཞེས་མཆི་ཞིང༌། དེ་དག་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་མ་འཚལ་བས་ཚུལ་ཁྲིམས་ལོག་པར་འགྱུར། ལྟ་བ་ལོག་པར་འགྱུར། སྤྱོད་པ་ལོག་པར་འགྱུར། འཚོ་བ་ལོག་པར་འགྱུར། ཚུལ་ཁྲྀམས་ལོག་པར་འགྱུར་བ་དང༌། ལྟ་བ་ལོག་པར་འགྱུར་བ་དང༌། སྤྱོད་པ་ལོག་པར་འགྱུར་བ་དང༌། འཚོ་བ་ལོག་བར་འགྱུར་བ་དག་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་གསུམ་ལས་གཅིག་ཏུ་མཆི་བར་འགྱུར་ཏེ། བཅོམ་ལྡན་འདས་བདག་གིས་མ་བྱུང་བའི་འཇིགས་པ་དེ་མཐོང་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་དེ་ཞུས་པ་ལགས་ཀྱི། བཅོམ་ལྡན་འདས་བདག་ནི་ཆོས་ཉིད་འདི་ལ་ནེམ་ནུར་རམ་ཐེ་ཚོམ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །དེ་དེ་བཞིན་ཏེ། ཇི་སྐད་དུ། སྨྲས་པ་དེ་བཞིན་ནོ། །ཞེས་དང༌།

དཀོན་མཆོག་བརྩེགས་པར་ཡང༌། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱྀར་ཞེ་ན། འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུང་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ༌། །ཞེས་ངས་བཤད་དོ། །ཞེས་སོགས་རྒྱས་པར་གསུངས་པའི་མཐར་ཡང༌། དཔེར་ན། སྨན་པས་ནད་ནི་བསལ་བའི་ཕྱིར། །མི་ཞིག་ལ་ནི་བཀྲུ་སྨན་བཏང་བ་ལས། །ནད་རྣམས་བསྐྱོད་ནས་འཁྲུས་པར་མ་གྱུར་ན། །དེ་ཡི་གཞི་ལས་ནད་ནི་སོས་མི་འགྱུར། །དེ་བཞིན་ལྟ་བའི་ཐིབས་པོར་གནས་པ་ལས། །འབྱུང་བའི་མཆོག་ནི་སྟོང་པ་ཉིད་ཡིན་ན། །གང་ཞིག་སྟོང་པ་ཁོ་ནར་ལྟ་གྱུར་པ། །དེ་ནི་སོར་མི་རུང་ཞེས་རྒྱལ་བས་གསུངས། །ཞེས་དང༌།

འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས་ཀྱང༌། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་དང༌། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་པར་འགྱུར། །ཞེས་སོགས་དང༌།

ཡང་སྟོང་ཉིད་གཉིས་ལེགས་པར་ཕྱེ་ནས་ཀྱང་གསུངས་ཏེ། །ལང་ཀར་གཤེགས་པའི་མདོ་དང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་དབུ་མ་སྒོམ་རིམ་དུ། མ་སྐྱེས་པ་ཡི་སྟོང་ཉིད་གཅིག །གཅིག་ནི་སྐྱེས་པའི་སྟོང་པ་སྟེ། །མ་སྐྱེས་པ་ཡི་སྟོང་ཉིད་མཆོག ། སྐྱེས་པའི་སྟོང་ཉིད་འཇིག་པ་ཡིན། །ཞེས་དང༌།

དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས་ཀྱང༌། ཇི་ལྟར་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ཞེ་ན། དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་གང་གིས་སྟོང་པ་ཉིད་དེ་ཡང་མི་འདོད་ལ། གང་གིས་གང་སྟོང་པ་དེ་ཡང་མི་འདོད་པ་དེ་ལྟ་བུ་འདི་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོང་པ་དེ་མེད་པ་དང༌། གང་སྟོང་པ་དེ་ཡོད་པའི་སྟོང་པ་ཉིད་ནི་རིགས་པའི་ཕྱིར་རོ། །ཐམས་ཅད་མེད་ན་ནི། གང་དུ་ཅི་ཞིག་གང་གིས་སྟོང་པར་འགྱུར་ཏེ། དེས་དེ་ཉིད་སྟོང་པ་ཉིད་དུ་འགྱུར་དུ་མི་རུང་ངོ༌། །དེ་ལྟ་བས་ན་དེ་ལྟ་བུ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ནོ། །ཇི་ལྟར་ན་སྟོང་པ་ཉིད་ལ་ལེགས་པར་ཟིན་པ་ཡིན་ཞེ་ན། གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་མཐོང་ལ། དེ་ལས་ལྷག་མ་གང་ཡིན་པ་དེ་ནི་འདི་ན་ཡང་དག་པར་ཡོད་དོ། །ཞེས་ཡང་དག་པ་ལ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་སྟོང་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཞུགས་པ་ཞེས་བྱའོ། །ཞེས་སོགས་གསུངས་ལ།

དོན་དམ་བདེན་པ་དོན་དམ་པར་གྲུབ་པར་ཡང་བསྟན་ཏེ། དེ་ཡང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རང་འགྲེལ་ག་ལས་འཇིགས་མེད་དུ། དོན་དམ་པའི་བདེན་པ་ནི། འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པ་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །ཞེས་དང༌།

སློབ་དཔོན་དེ་ཉིད་ཀྱི་དབུ་མ་སྒོམ་རིམ་དུ། ཇི་ལྟར་ཤེས་རབ་དག་པ་ཡིས། །རང་གི་ངོ་བོ་དོན་དམ་འདི། །ཤིན་ཏུ་ཡང་ནི་གྲུབ་པས་ན། །བརྟགས་པའི་གཞན་དངོས་འབྱུང་བ་མིན། །ཞེས་དང༌། ཆོས་ཀྱི་དབྱིངས་ལ་བསྟོད་པར་ཡང༌། ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཕྱོགས་ནི་གང་དང་གང་དག་གནས། །བུམ་པ་བུ་ག་བཏོད་གྱུར་པ། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ནི་ཆག་གྱུར་ན། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་དང༌། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་དེས་གནས་པ། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་གསུངས་སོ། །

དགེ་བའི་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུའང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་སྤངས་ནས། །སྐྱོན་མེད་ཡོན་ཏན་ཚང་བ་རྫོགས་ལྡན་གྱི། །ཆོས་མཆོག་ཐོབ་ཅིང་གཞན་ལའང་སྟོན་པར་ཤོག །

ལྟ་བ་ངན་སེལ་ཞེས་བྱ་བ་མཐར་ཐུག་གི་དབུ་མ་ཆེན་པོ་རྫོགས་ལྡན་གྱི་ཆོས་མཆོག་ཟབ་མོ་ཁྱད་འཕགས་རྣམས་ཤོག་གུའི་ངོས་ལ་དེང་སང་ཡང་བཞུགས་གདའ་བ་རྣམས་ལས་འདི་ཉུང་ཤས་ཞིག་བསྡུས་པའོ། །རྫོགས་སོ།། །།མངྒལཾ། བྷ་ཝན་ཏུ། ཞུས་དག །


previousལྟ་བ་ངན་སེལ་ཞེས་བྱ་བ་བཞུགས་སོ། ། next