Nitartha Digital Library
Tibetan
 
previousའཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་ཆོས་དབྱིངས་བསྟོད་པ་བཞུགས་སོ། ། no next

འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་ཆོས་དབྱིངས་བསྟོད་པ་བཞུགས་སོ། །

རྒྱ་གར་[གྱི་]སྐད་དུ། དྷརྨ་དྷཱ་དུ་སྟོཏྲ། [ཞེས་པ་འདི།] བོད་[ཀྱི་]སྐད་དུ། [བསྒྱུར་ན།] ཆོས་ཀྱི་དབྱིངས་སུ་བསྟོད་པ། [ཞེས་པའོ། །དཔལ་གྱི་འབྱུང་གནས་]འཇམ་དཔལ་གཞོན་ནུར་གྱུར་པ་ལ་[ལོ་པཎ་ལ་སོགས་པ་རྣམས་ཀྱིས་]ཕྱག་འཚལ་ལོ། །

གང་ཞིག་[ནོར་གཅིག་ཡེ་ཤེས་ཀྱིས་]ཀུན་ཏུ་མ་ཤེས་ན། །[སྣོད་ཀྱི་འཇིག་རྟེན་]སྲིད་པ་གསུམ་དུ་རྣམ་[པར་]འཁོར་བ། །[བཅུད་ཀྱི་འཇིག་རྟེན་]སེམས་ཅན་[དེ་སྣོད་བཅུད་]ཀུན་ལ་[ཁྱབ་བྱེད་དུ་]ངེས་[པར་]གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །[ཆོས་དབྱིངས་] གང་ཞིག་[གློ་བུར་གྱི་དྲི་མ་མཐའ་དག་དང་བཅས་པས་]འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་[ལམ་གྱི་དྲི་མ་]སྦྱངས་པ་བྱས་པ་ལས། །[ཆོས་དབྱིངས་དྲི་མ་]དག་པ་དེ་ཉིད་མྱ་ངན་[ལས་]འདས[པ་སྟེ]། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །[དྲི་མ་མཐའ་དག་དང་འདྲེས་པས་ཆོས་དབྱིངས་མི་མཐོང་བ་དཔེར་ན་] ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །[དཔེ་] དེ་བཞིན་[དུ་] ཉོན་མོངས་[ཀུན་]དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །[དྲི་མ་སྦྱངས་པ་ལས་མཐོང་བ་དཔེ་]ཇི་ལྟར་འོ་མ་རྣམ་[པར་]སྦྱངས་པས། །མར་གྱི་སྙིང་པོ་[སྒྲིབ་པའི་]དྲི་[མ་]མེད་[པ་མཐོང་བར་]འགྱུར། །[དཔེ་]དེ་བཞིན་[དུ་ལམ་གྱི་]ཉོན་མོངས་རྣམ་[པར་]སྦྱངས་[ཤིང་ཟད་པར་བྱས་]པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་[མངོན་སུམ་དུ་མཐོང་བར་]འགྱུར། །[གཞི་སེམས་ཅན་གྱི་དུས་སུ་དཔེ་]ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །[དཔེ་]དེ་བཞིན་[དུ་]ཉོན་མོངས་[ཀྱི་]བུམ་[པའི་] ནང་[ན་]གནས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །[ལམ་གྱི་དུས་སུ་ས་ལམ་བགྲོད་པའི་] ཕྱོགས་ནི་གང་དང་གང་དག་ནས། །[ཉོན་མོངས་]བུམ་པ་[ལ་]བུ་ག་བཏོད་གྱུར་པ། །[ས་ལམ་]དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་[གསལ་]ཀྱི་རང་བཞིན་འབྱུང་བར་འགྱུར[བའི་མཐར་ཐུག་པ]། །གང་ཚེ་ཏིང་[ངེ་]འཛིན་རྡོ་རྗེ་ཡིས། །[སྒྲིབ་པའི་]བུམ་པ་[མ་ལུས་པ་]དེ་ནི་བཅག་[པར་]གྱུར་པ[ན]། །[འབྲས་བུ་ཐོབ་པ་]དེ་[ཡི་]ཚེ་[ཆོས་དབྱིངས་]དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་[ཞིང་མཐོང་ལ་གསལ་]བར་བྱེད། །[འོ་ན་ཆོས་དབྱིངས་སེམས་ཅན་གྱི་དུས་ན་འགགས་པ་ལམ་དང་འབྲས་བུའི་དུས་སུ་སྐྱེས་པའི་འདུས་བྱས་མིན་ནམ་ཞེ་ན་] ཆོས་ཀྱི་དབྱིངས་ནི་[གསར་དུ་]སྐྱེ་[བའང་]མ་ཡིན། །[སེམས་ཅན་གྱི་དུས་སུ་]ནམ་ཡང་[ཆོས་དབྱིངས་ཀྱི་ངོ་བོ་]འགག་པར་འགྱུར་བ་མེད། །[གཞི་ལམ་འབྲས་བུའི་]དུས་རྣམ་ཀུན་ཏུ་[རང་བཞིན་དུ་གྱུར་པའི་]ཉོན་མོངས་མེད། །ཐོག་མ་[གཞིའི་དུས་དང་]བར་[མ་ལམ་གྱི་དུས་དང་] མཐའ་[མ་འབྲས་བུའི་དུས་སུ་རང་བཞིན་གྱིས་]དྲི་མ་[ཡེ་ནས་]བྲལ། །[གལ་ཏེ་ཆོས་དབྱིངས་དུས་ནམ་ཡང་སྐྱེ་འགག་མེད་པར་འོད་གསལ་བར་ཡོད་ན་སེམས་ཅན་དང་བྱང་སེམས་དང་སངས་རྒྱས་ཐམས་ཅད་ཀྱིས་ཁྱད་པར་མེད་པར་འོད་གསལ་དུ་མི་མཐོང་བ་ཅི་ཞེ་ན་]ཇི་ལྟར་རིན་ཆེན་བཻཌཱུརྻ། །དུས་རྣམས་ཀུན་ཏུ་འོད་གསལ་[བར་ཡོད་ན་]ཡང༌། །[སྒྲིབ་བྱེད་ཀྱི་]རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་[སུས་ཀྱང་]གསལ་མ་ཡིན། །[དཔེ་]དེ་བཞིན་[དུ་]ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་[རང་བཞིན་གྱིས་]ཤིན་ཏུ་དྲི་[མ་]མེད་[པ་འོད་གསལ་]པའང༌། །[ཉོན་མོངས་ཀྱི་]འཁོར་བར་[མྱ་ངན་གྱི་ནང་ན་དེའི་]འོད་ནི་[སུ་ལ་ཡང་]གསལ་མ་ཡིན། །མྱ་ངན་[ལས་]འདས་ན་[མངོན་སུམ་དུ་]འོད་གསལ་[བར་]འགྱུར[རོ]། །[དང་པོ་ནས་སངས་རྒྱས་ཡོད་ན་འབད་པ་དོན་ཅན་དེ་དཔེ་གསེར་གྱི་]ཁམས་ཡོད་ན་ནི་[བྲག་ལ་སོགས་པ་ལ་བརྐོ་བ་སོགས་ཀྱི་]ལས་བྱས་པས། །[གསེར་གྱི་]ས་ལེ་སྦྲམ་དག་[མངོན་སུམ་དུ་]མཐོང་[ཞིང་ཐོབ་]བར་འགྱུར། །[དང་པོ་ནས་]ཁམས་མེད་ན་ནི་ལས་བྱས་ན[འང་]། །[འབྲས་བུ་མེད་པར་དུབ་པའི་]ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། །[གདོད་ནས་ཡོད་ཀྱང་བསྒྲིབས་པའི་ཚེ་སངས་རྒྱས་ཀྱི་བྱ་བ་མི་བྱེད་པ་དཔེ་]ཇི་ལྟར་སྦུན་པས་གཡོགས་གྱུར་པས། །སོ་བ་འབྲས་བུར་[ལོངས་སྤྱོད་དུ་]མི་འདོད་[པ་]ལྟར། །དེ་བཞིན་[དུ་ཡེ་ནས་སེམས་ཅན་ལ་རང་ཆས་སུ་ཡོད་པའི་སངས་རྒྱས་ཀྱང་]ཉོན་མོངས་ཀྱིས་གཡོགས་པས། །[དྲི་བཅས་]དེ་ནི་[སེམས་ཅན་གྱི་དུས་ན་]སངས་རྒྱས་ཞེས་མི་བརྟག །[དྲི་མ་ལས་གྲོལ་ན་སངས་རྒྱས་སུ་སྣང་བ་དཔེ་]ཇི་ལྟར་སྦུན་པ་ལས་གྲོལ་ན། །འབྲས་[བུ་]ཉིད་[མངོན་སུམ་དུ་]སྣང་བར་འགྱུར་བ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །[ཡེ་ནས་བཞུགས་པའི་]ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ[བ་ཡིན]། །ཆུ་ཤིང་གི་[སྡོང་པོ་ལ་]སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ན་ནི་[སྙིང་པོ་མེད་པའི་]དཔེར་བྱེད་ཀྱང༌། །[འབྲས་བུ་མེད་པ་མ་ཡིན་ཏེ་ཆུ་ཤིང་]དེ་ཡི་འབྲས་བུ་སྙིང་པོ་ཉིད། །མངར་བོ་[ཡོད་པ་]ཟ་བར་བྱེད་པ་ལྟར། །[རང་གི་ངོ་བོ་ཡིན་པའི་]སྙིང་པོ་མེད་[པར་གྲགས་]པའི་འཁོར་བ་[སངས་རྒྱས་ཀྱི་སྙིང་པོ་ཅན་]ལས། །ཉོན་མོངས་གཟེབ་དང་བྲལ་གྱུར་ན། །[སྐྱེས་བུ་]དེ་ཡི་[བྲལ་བའི་] འབྲས་བུ་སྙིང་པོ་[སངས་རྒྱས་]ཉིད[ཐོབ་ནས]། །ལུས་ཅན་ཀུན་གྱི་[སྐྱེ་རྒ་ན་འཆི་སེལ་བའི་]བདུད་རྩིར་འགྱུར། །[རྒྱུ་ཡོད་ན་འབྲས་བུ་འབྱུང་བ་]དེ་བཞིན་ས་བོན་ཐམས་ཅད་ལས། །[རང་རང་གི་]རྒྱུ་དང་འདྲ་བའི་འབྲས་བུ་འབྱུང༌། །ས་བོན་མེད་པར་[དེའི་]འབྲས་ཡོད་པར། །ཤེས་[པ་དང་]ལྡན་[པ་]གང་གིས་བསྒྲུབ་པར་ནུས། །[རྒྱུ་མེད་ཀྱི་འབྲས་བུ་སྒྲུབ་པར་མི་ནུས་པ་དེ་བཞིན་དུ་ཆོས་སྐུའི་]ས་བོན་[དུ་]གྱུར་པ་[སངས་རྒྱས་ཀྱི་]ཁམས་དེ་ཉིད། །[འཁོར་འདས་ཀྱི་] ཆོས་རྣམས་ཀུན་གྱི་རྟེན་དུ་[ཡེ་དང་པོ་ནས་དུས་ནམ་ཡང་ཡོད་པར་ཀླུ་སྒྲུབ་ཁོ་བོས་]འདོད། །[ས་ལམ་ལ་]རིམ་གྱིས་[འཇུག་པའི་དྲི་མ་]སྦྱངས་པར་གྱུར་པ་ལས། །[དྲི་མ་དང་བྲལ་བའི་]སངས་རྒྱས་[ཀྱི་]གོ་འཕང་འཐོབ་པར་འགྱུར། །[རང་བཞིན་གྱིས་དག་ཀྱང་སྒྲིབ་བྱེད་ཀྱིས་བསྒྲིབས་པ་དཔེར་ན་]དྲི་མེད་ཉི་མ་ཟླ་བ་ཡང༌། །[འདོད་པའི་དཔེ་]སྤྲིན་དང་[གནོད་སེམས་ཀྱི་]ཁུག་རྣ་[ལེ་ལོའི་]དུ་བ་དང༌། །[རྒོད་པའི་]སྒྲ་གཅན་གདོང་དང་[ཐེ་ཚོམ་གྱི་དཔེ་]རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར། །དེ་བཞིན་[དུ་སེམས་ཅན་ཀུན་གྱི་རང་བཞིན་]འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར[བ་དེས་ན་སྟོབས་སོགས་ཀྱི་ཡོན་ཏན་ཐམས་ཅད་རང་ཆས་སུ་ཚང་བའི་སངས་རྒྱས་སེམས་ཅན་ཀུན་ལ་ཡེ་ནས་ཡོད་ཀྱང་]། །[སྒྲིབ་པ་སེལ་བའི་ལམ་ལ་འབད་པས་དྲི་མ་ཟད་ཀྱང་འོད་གསལ་མི་འཛད་པ་དཔེ་]ཇི་ལྟར་མེ་ཡིས་[དྲི་མ་]དག་[པར་བྱེད་]པའི་[རྡོ་དྲེག་གི་]གོས། །སྣ་ཚོགས་[པའི་]དྲི་མས་དྲི་མ་ཅན[དུ་གྱུར་པ་དང་]། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་[རྣམས་]ཚིག་[པར་]འགྱུར་[ཀྱང་]གོས་[འཚིག་པ་]མིན་[པ་]ལྟར། །དེ་བཞིན་[དུ་སེམས་ཅན་གྱི་རང་བཞིན་]འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན[དུ་གྱུར་པ་དེ]། །[ལམ་གྱི་]ཡེ་ཤེས་མེ་ཡིས་དྲི་མ་སྲེག[ཀྱང་འོད་གསལ་སྲེག་པ་མ་ཡིན་པས་འབྲས་བུ་ཐོབ་པའི་ཚེ།] །[ལྕགས་ཟད་བརྡར་ཟད་ཀྱི་ཚུལ་དུ་འོད་གསལ་གྱི་ཡོན་ཏན་མེད་པ་མ་ཡིན་པས་ལམ་]དེ་ཉིད་[ཀྱིས་]འོད་གསལ་[བསྲེག་པ་]མ་ཡིན་ནོ། །[འོ་ན་རྒྱལ་བའི་གསུངས་པའི་སྟོང་པ་ཉིད་སྟོན་པའི་མདོ་རྣམས་ཀྱི་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པས་འོད་གསལ་ཡང་ཡིན་ལུགས་ལ་བཀག་པ་མིན་ནམ་ཞེ་ན་]སྟོང་པ་ཉིད་ནི་སྟོན་[བྱེད་ཡུམ་ལ་སོགས་]པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ[འི་དགོངས་པ་]གང༌། །[མདོ་]དེ་དག་ཀུན་གྱིས་[བདག་འཛིན་གྱི་]ཉོན་མོངས་ལྡོག[པར་བྱེད་ཀྱི།] །ཁམས་དེ་ཉམས་[ཤིང་འགོག་]པར་བྱེད་[པ་ནི་]མ་ཡིན[ནོ]། །[དོན་དམ་པར་ཆོས་དབྱིངས་འགོག་མི་ནུས་པ་དཔེར་ན་]ས་ཡི་ནང་ན་གནས་པའི་ཆུ། །[རང་བཞིན་]དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་[ནམ་ཡང་མེད་དུ་མི་རུང་བར་རྟག་ཏུ་] གནས། །[དེས་ན་སྟོང་ཉིད་སྟོན་པའི་མདོ་རྣམས་ཀྱི་དགོངས་པ་དོན་དམ་པར་ཀུན་རྫོབ་ཀྱི་བདག་གིས་སྟོང་གི་ཆོས་ཀྱི་དབྱིངས་སྟོང་པ་ནི་མ་ཡིན་ནོ། །དོན་དམ་པར་ཆོས་དབྱིངས་ཡོད་ན་དེ་ཉིད་བདག་མིན་ནམ་སྙམ་ན་]ཆོས་དབྱིངས་གང་ཕྱིར་[ཀུན་རྫོབ་ཀྱི་]བདག་མ་ཡིན། །[ཀུན་རྫོབ་ཀྱི་]བུད་མེད་མ་ཡིན་[ཀུན་རྫོབ་ཀྱི་]སྐྱེས་པའངམིན། །[ཀུན་རྫོབ་ཀྱི་]གཟུང་བ་ཀུན་ལས་རྣམ་གྲོལ་བ། །[ཆོས་ཀྱི་དབྱིངས་ལ་]ཇི་ལྟར་བདག་ཅེས་[རྟོག་པས་] བརྟག་[ཅིང་གཟུང་]པར་བྱ། །ཆགས་པ་མེད་[པ་དོན་དམ་]པའི་ཆོས་ཀུན་ལ། །[ཀུན་རྫོབ་]བུད་མེད་[ཀྱི་]སྐྱེས་པ་དམིགས་[པ་]མ་ཡིན། །[ཀུན་རྫོབ་]འདོད་ཆགས་ཀྱིས་གདུངས་གདུལ་བྱའི་ཕྱིར། །བུད་མེད་སྐྱེས་པ་ཤེས་རབ་[དང་ཐབས་སུ་ཡོད་པར་]བསྟན། །[མདོ་ལས་]མི་རྟག་སྡུག་བསྔལ་སྟོང་པ་ཞེས། །བྱ་བ་གསུམ་པོས་[རེ་ཞིག་རྟག་པ་དང་བདེ་བ་དང་བདག་གིས་མི་སྟོང་པར་འཛིན་པའི་]སེམས་སྦྱོང་བྱེད། །མཆོག་ཏུ་སེམས་ནི་སྦྱོང་བྱེད་[དོན་དམ་]པའི། །ཆོས་ནི་[སྤྲོས་པའི་]རང་བཞིན་མེད་པ་ཡིན། །[ཡོད་ཀྱང་སྒྲིབ་པ་མ་སྦྱངས་ན་མི་མཐོང་བའི་དཔེ་]ཇི་ལྟར་སྦྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པ། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པའི། །ཆོས་ཀྱི་དབྱིངས་[རྟག་ཏུ་བཞུགས་]ཀྱང་མཐོང་[བ་]མ་ཡིན། །[འོ་ན་སྒྲིབ་བྱེད་ཀྱི་རྟོག་པ་གང་དང་གང་དུ་རྒྱུ་གང་ལས་]བདག་[ཏུ་རྟོག་པ་]དང་བདག་གིར་རྣམ་རྟོག་དང༌། །མིང་གི་འདུ་ཤེས་[ཀྱི་རྟོག་པ་]རྒྱུ་མཚན་གྱིས[རྟོག་པ]། །རྣམ་རྟོག་བཞི་པོ་འབྱུང་བ་ཡང༌། །འབྱུང་[བ་]དང་འབྱུང་ལས་གྱུར་[པ་ལས་བྱུང་བའི་སྒྲིབ་]པས་སོ། །[སྒྲིབ་པ་དང་བྲལ་བའི་ཆོས་དབྱིངས་]སངས་རྒྱས་རྣམས་ཀྱི་སྨོན་ལམ་ཡང༌། །[བདག་དང་བདག་འཛིན་གྱི་]སྣང་བ་མེད་ཅིང་[རྣམ་རྟོག་གི་]མཚན་ཉིད་མེད། །སོ་སོ་རང་རིག་[ཡེ་ཤེས་]སྦྱོར་[བ་དང་]ལྡན་[པ་]ཉིད[ཡིན་པས]། །སངས་རྒྱས་[ཆོས་ཀྱི་སྐུ་]རྟག་པའི་ཆོས་ཉིད་ཅན[ནོ]། །[མི་རྟག་པ་ཀུན་རྫོབ་ཀྱི་ཆོས་རྣམས་ཤེས་བྱ་ལ་མ་གྲུབ་སྟེ་དཔེར་ན་] ཇི་ལྟར་རི་བོང་མགོ་ཡི་རྭ། །[ཞེས་མ་གྲུབ་ཀྱང་སྒྲོ་]བཏགས་པ་ཉིད་དེ་[དོན་ལ་]མེད་པ་ལྟར། །དེ་བཞིན་[དུ་ཀུན་རྫོབ་འཁྲུལ་བའི་]ཆོས་རྣམས་ཐམས་ཅད་ཀྱང༌། །[མ་རིག་པས་སྒྲོ་]བཏགས་པ་ཉིད་དེ་[གཤིས་ལ་]ཡོད་མ་ཡིན། །[རི་བོང་གི་རྭར་མ་ཟད་]ཕྲ་རབ་རྡུལ་གྱི་ངོ་བོ་[དང་རྡུལ་ཡང་ཕྱོགས་ཆའི་དབྱེ་བ་]ཡིས། །གླང་གི་རྭ་ཡང་[གཤིས་ལ་]དམིགས་མ་ཡིན[པ་སྒྱུ་མ་ལྟ་བུའི་ཆོས་རྣམས་ལ]། །ཇི་ལྟར་སྔོན་[སྐྱེ་བ་མེད་པ་]བཞིན་[དུ་]ཕྱིས་[འགག་པའི་དངོས་པོ་ཡང་] དེ་བཞིན[དུ་མེད་པ]། །དེ་ལ་[དངོས་མེད་ཀྱི་རང་བཞིན་]ཅི་ཞིག་བརྟག་པར་བྱ[དེར་བརྟག་པར་བྱ་རྒྱུ་མེད་དོ]། །[དེས་ན་སྒྱུ་མ་ལྟར་སྔོན་]བརྟེན་ནས་འབྱུང་བར་འགྱུར་བ་དང༌། །[ཕྱིས་ཀྱང་]བརྟེན་ནས་འགག་པར་འགྱུར་བས་ན། །[བ་ལང་རི་བོང་གི་རྭ་ལྟར་སྐྱེ་འགག་གི་དངོས་པོ་]གཅིག་ཀྱང་ཡོད་པ་མ་ཡིན་ན། །[འོ་ན་རྟག་ཆད་ལ་ཞེན་པའི་]བྱིས་པས་[དབུ་མ་]ཇི་ལྟར་རྟོགས་པར་བྱེད[སྙམ་ན་ཆད་པ]། །རི་བོང་[གི་རྭ་དང་བརྟག་པ་]བ་ལང་[གི་]རྭ་[ལྟར་མེད་པ་]ཡི་དཔེས། །ཇི་ལྟར་བདེ་གཤེགས་[དབུ་མའི་]ཆོས་རྣམས་ཉིད། །[རྟག་ཆད་དེ་གཉིས་སེལ་བའི་] དབུ་མ་ཉིད་དུ་[བྱིས་པ་སོ་སྐྱེའི་བློ་ངོར་]སྒྲུབ་པར་བྱེད། །[དེ་ལྟར་ཉམས་སུ་བླངས་པའི་དཔེ་]ཇི་ལྟར་ཉི་ཟླ་སྐར་མའི་གཟུགས། །དྭངས་པའི་སྣོད་ཀྱི་ཆུ་ནང་དུ། །གཟུགས་བརྙན་མཐོང་བར་འགྱུར་བ་ལྟར། །[དབུ་མའི་]མཚན་ཉིད་རྫོགས་[པར་མཐོང་]པའང་དེ་དང་འདྲ། །ཐོག་མ་བར་དང་མཐར་དགེ་བ། །བསླུ་བ་མེད་ཅིང་བརྟན་པ་ཡི། །[དབུ་མའི་ཆོས་]གང་ཞིག་དེ་ལྟར་[རྟག་ཆད་ཀྱི་]བདག་མེད་པ[ལ]། །ཇི་ལྟར་བདག་དང་བདག་གིར་བརྟག[སྟེ་བརྟག་ཅིང་བདག་ཏུ་འཛིན་པ་འཁྲུལ་བའི་ཕྱིར་དོན་མེད་དོ།]། [ཆུ་གཅིག་ཉིད་རྒྱུ་རྐྱེན་གཞན་དང་འབྲེལ་བས་གནས་སྐབས་མི་གཅིག་སྟེ་]ཇི་ལྟར་སོས་ཀའི་དུས་སུ་ཆུ། །དྲོ་བོ་ཞེས་ནི་བརྗོད་པར་བྱེད། །[ཆུ་གཅིག་པོ་] དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །[དེ་ལྟར་བདག་མེད་ཀྱང་ཆོས་དབྱིངས་དྲི་བཅས་དང་དྲི་མེད་ལ་སེམས་ཅན་དང་སངས་རྒྱས་སུ་བསྟན་པ་དེ་བཞིན་དུ་ཆོས་དབྱིངས་གཅིག་ཉིད་ཆོས་གཞན་དང་མ་བྲལ་བ་དང་བྲལ་བའི་དབང་གིས་གནས་སྐབས་མི་གཅིག་སྟེ་ཆོས་དབྱིངས་དེ་]ཉོན་མོངས་དྲ་བས་གཡོགས་པ་ན། །[ཆོས་དབྱིངས་]སེམས་ཅན་ཞེས་ནི་བརྗོད་པར་བྱ[སྟེ]། །[ཆོས་དབྱིངས་]དེ་ཉིད་ཉོན་མོངས་[དང་]བྲལ་[བར་]གྱུར་[པའི་གནས་སྐབས་]ན། །[ཆོས་དབྱིངས་]སངས་རྒྱས་[ཡིན་]ཞེས་ནི་བརྗོད་པར་བྱ། །[འོ་ན་ཆོས་ཉིད་གང་ལས་ཤེས་སྙམ་ན་སྙིང་པོ་དང་ཆོས་ཉིད་ཀྱི་]མིག་དང་གཟུགས་ལ་བརྟེན་ནས་ནི། །དྲི་མ་མེད་[པ་འོད་གསལ་]པའི་སྣང་བ་[རྣལ་འབྱོར་པ་ལ་]འབྱུང༌། །[འོད་གསལ་གྱི་སེམས་]སྐྱེ་མེད་འགག་པ་མེད་[པ་]ཉིད་[མཐོང་བ་]ལས། །ཆོས་ཀྱི་དབྱིངས་ནས་[སམ་མི་རྟོག་ཡེ་ཤེས་ཀྱིས་]རབ་ཏུ་ཤེས། །[ཆོས་དབྱིངས་ཀྱི་]སྒྲ་དང་རྣ་བ་ལ་བརྟེན་ནས། །[གཟུང་འཛིན་]རྣམ་པར་དག་པའི་[ཡུལ་ཡུལ་ཅན་རང་རིག་དག་པའི་]ཤེས་པ་གསུམ། །[ཀུན་རྫོབ་ཀྱི་]མཚན་ཉིད་མེད་པའི་ཆོས་ཀྱི་དབྱིངས། །[སོ་སོར་]རྟོག་[པའི་ཡེ་ཤེས་]དང་བཅས་པས་ཐོས་པར་འགྱུར། །[ཆོས་དབྱིངས་ཀྱི་]སྣ་དང་དྲི་ལ་བརྟེན་ནས་[རྣལ་འབྱོར་པས་]སྣོམས། །དེ་ནི་གཟུགས་སུ་མེད་པའི་དཔེར། །དེ་བཞིན་[ཆོས་དབྱིངས་ཀྱི་] སྣ་ཡི་རྣམ་ཤེས་ཀྱིས། །ཆོས་ཀྱི་དབྱིངས་ལ་[སོར་རྟོག་ཡེ་ཤེས་ཀྱིས་]རྟོགས་པར་བྱེད། །[ཆོས་དབྱིངས་ཀྱི་]ལྕེ་ཡི་རང་བཞིན་[བདག་གིས་]སྟོང་པ་ཉིད། །[ཆོས་དབྱིངས་ཀྱི་]རོ་ཡི་ཁམས་ཀྱང་དབེན་པ་སྟེ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལ། །རྣམ་པར་ཤེས་པ་[དངོས་པོའི་ངོ་བོར་] གནས་མེད་པ། །[ཀུན་རྫོབ་ཆོས་ཀྱི་]དག་པའི་ལུས་ཀྱི་[ཆོས་ཉིད་ཀྱི་]ངོ་བོ་དང༌། །[ཆོས་དབྱིངས་ཀྱི་]རེག་བྱའི་རྐྱེན་གྱི་མཚན་ཉིད་དང༌། །[ཀུན་རྫོབ་ཀྱི་]རྐྱེན་དག་ལས་ནི་གྲོལ་གྱུར་པ། །[དོན་དམ་པའི་ཁམས་བཅོ་བརྒྱད་པོ་དེ་]ཆོས་ཀྱི་དབྱིངས་[ཡིན་]ཞེས་བརྗོད་པར་བྱ[འོ]། །[དོན་དམ་པའི་]ཡིད་[ཀུན་ཏུ་བཟང་པོ་]གཙོར་གྱུར་[པ་དོན་དམ་]པའི་ཆོས་རྣམས་ལ། །[མཉམ་བཞག་ཟབ་མོའི་སྐབས་སུ་མཚན་བཅས་ཀྱི་]རྟོག་དང་བརྟག་པ་རྣམ་སྤངས་ནས། །[དོན་དམ་གྱི་]ཆོས་རྣམས་[སྤྲོས་པའི་]རང་བཞིན་མེད་པ་ཉིད། །ཆོས་ཀྱི་དབྱིངས་སུ་[ཅིར་ཡང་འཛིན་པ་ཟད་པས་]བསྒོམ་པར་བྱ[དོན་དམ་པའི་ཁམས་བཅོ་བརྒྱད་པོ་དེ]། །[དེའི་ངང་ནས་ཆོས་ཉིད་ཀྱི་ཡུལ་]མཐོང་དང་ཐོས་དང་བསྣམས་པ་དང༌། །མྱང་དང་རེག་པར་གྱུར་པ་དང༌། །ཆོས་རྣམས་དེ་ལྟར་རྣལ་འབྱོར་པས། །[མཉམ་བཞག་གི་མི་རྟོག་ཡེ་ཤེས་རྫོགས་པར་]ཤེས་ནས་[ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ཀྱི་]མཚན་ཉིད་རྫོགས་པ་ཡིན། །[འོ་ན་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་གང་ཞེ་ན་དོན་དམ་གྱི་]མིག་དང་རྣ་བ་སྣ་དག་དང༌། །ལྕེ་དང་ལུས་དང་དེ་བཞིན་ཡིད། །སྐྱེ་མཆེད་དྲུག་པོ་[གློ་བུར་གྱི་དྲི་མ་]རྣམ་[པར་]དག་པ། །འདི་ཉིད་དེ་[ཁོ་ན་]ཉིད་[ཀྱི་]མཚན་ཉིད་དོ། །[དེས་ན་དག་མ་དག་ལས་]སེམས་ཉིད་[འབའ་ཞིག་འཁོར་འདས་ཀྱི་]རྣམ་པ་གཉིས་སུ་མཐོང༌། །[མཐོང་ཚུལ་] ཇི་ལྟར་འཇིག་རྟེན་[འཁོར་བ་དང་]འཇིག་རྟེན་[ལས་]འདས[པ་མྱང་འདས་སུ་མཐོང་བ་དེ་ཡང་]། །བདག་ཏུ་འཛིན་ལས་འཁོར་བ་སྟེ། །[བདག་མེད་པར་]སོ་སོར་རིག་ན་[མྱང་འདས་]དེ་ཉིད་དོ། །[དེ་ཡང་དུག་གསུམ་མ་ཟད་པར་མི་ཐོབ་པས་ལམ་གྱིས་]འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང༌། །[དུག་གསུམ་]དེ་དག་[བག་ཆགས་དང་བཅས་པ་] འགགས་པ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་[གནས་ཐོབ་པ་]ཉིད་དོ། །[ཡེ་ཤེས་ཀྱི་]ཤེས་[པ་]དང་[རྣམ་ཤེས་ཀྱི་]མི་ཤེས་པ་དག་[གི་བྱེ་བྲག་]ལས[མེད་པས་ད་ལྟར་གྱི]། །ལུས་འདི་ཉིད་ལས་[འཁོར་འདས་]ཐམས་ཅད་[འབྱུང་ཞིང་ཚང་]དེ། །རང་གི་རྣམ་པར་རྟོག་པས་[མྱང་འདས་]བཅིངས། །[མྱང་འདས་ཀྱི་]བདག་ཉིད་[རང་རིག་ཡེ་ཤེས་ཀྱིས་]ཤེས་ནས་[རྣམ་རྟོག་ལས་]གྲོལ་བར་འགྱུར། །[དེ་ཕྱིར་]བྱང་ཆུབ་[སེམས་ཅན་གྱི་རང་རྒྱུད་དུ་ཡོད་པས་ཐག་] རིང་[བ་]མིན་[སངས་རྒྱས་རང་ཡིན་པས་]ཉེ་བའང་[བརྗོད་པ་]མིན། །[སེམས་ཅན་གྱི་རང་རྒྱུད་ལས་གཞན་དུ་]འགྲོ་[བ་]མིན་[སངས་རྒྱས་རང་ཉིད་ཡིན་པ་ལ་མདུན་དུ་]འོང་བ་མ་ཡིན་ཞིང༌། །ཉོན་མོངས་གཟེབ་གྱུར་[ད་ལྟར་གྱི་ལུས་]འདི་ཉིད་ལ། །[བྱང་ཆུབ་ཡོད་པར་སངས་རྒྱས་ཀྱིས་མངོན་སུམ་དུ་]མཐོང་བ་དང་[སངས་རྒྱས་ཡིན་པ་]ནི་མ་མཐོང་[བ་སེམས་ཅན་དུ་འཇོག་པའི་ཁྱད་ཙམ་ཞིག་]ཡིན། །[དེས་ན་]ཤེས་རབ་མར་མེ་ལ་གནས་ནས། །[ཉོན་མོངས་]མཆོག་ཏུ་ཞི་བར་གྱུར་པ་ཡིས། །[རང་ལུས་ལ་ཡོད་པའི་སངས་རྒྱས་]བདག་ལ་རྟག་པར་གནས་[པར་]བྱ[འོ་]ཞེས། །མདོ་སྡེའི་ཚོགས་ལས་[རྒྱུ་མཚན་དུ་མས་བྱང་ཆུབ་རང་ལ་ཡོད་པ་དེ་]གསུངས་པ་ལགས[པས་དེ་ལྟར་གནས་པར་བྱས་ནས་རང་ལ་ཡོད་པའི་སངས་རྒྱས]། །སྟོབས་བཅུ་[མངའ་བའི་]སྟོབས་ཀྱིས་[འཕགས་པར་མ་གྱུར་པའི་]བྱིས་པ་རྣམས[ཀྱང་]། །བྱིན་[གྱིས་]རླབས་[ནས་སངས་རྒྱས་ཀྱི་སྐུ་]ཟླ་བ་ཚེས་པ་[མཐོང་བ་]བཞིན[ཅུང་ཟད་མཐོང་ངོ་]། །ཉོན་མོངས་ཅན་གྱི་སེམས་ཅན་གྱིས[ནི]། །དེ་བཞིན་གཤེགས་པ་[རང་ལ་ཡོད་ཀྱང་]མི་མཐོང་ངོ༌། །[དཔེ་]ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་[ཡོད་ཀྱང་]སྐམས་[ནས་མེད་]པར་མཐོང་བ་བཞིན། །དེ་བཞིན་[སངས་རྒྱས་ཡོད་ཀྱང་]མི་ཤེས་པས་བསྒྲིབས་པའི། །སངས་རྒྱས་རྣམས་ནི་མེད་པར་བཏགས[སོ]། །[དེ་ནི་རང་གི་ངོ་བོ་ངན་ཞིང་]དམན་པ་བསོད་ནམས་[ཀྱང་]དམན་པ་ལ། །[རང་ལ་ཡོད་པའི་] བཅོམ་ལྡན་འདས་ཀྱི་[སྐུ་སྟོན་པ་ལ་སོགས་པའི་ཕན་པ་]ཅི་བགྱིར་མཆིས[ཏེ་མ་མཆིས་སོ]། །[བསོད་ནམས་མ་བྱས་པའི་རང་ལ་བཞུགས་པའི་སངས་རྒྱས་མི་མཐོང་བ་དཔེ་]ཇི་ལྟར་དམུས་ལོང་ལག་པ་རུ། །རིན་ཆེན་མཆོག་ནི་བཞག་པ་[རང་གིས་མི་མཐོང་བ་དང་]འདྲ[འོ]། །སེམས་ཅན་[དད་པ་ལ་སོགས་པའི་]བསོད་ནམས་བྱས་[པ་]རྣམས་ལ། །འོད་ཀྱིས་གསལ་ཞིང་དཔལ་ལྡན་པ། །སུམ་བཅུ་རྩ་གཉིས་མཚན་འབར་བ། །སངས་རྒྱས་དེ་ཡི་མདུན་ན་[མངོན་སུམ་དུ་] བཞུགས[སོ]། །མགོན་པོ་[སངས་རྒྱས་]དེ་ཡི་གཟུགས་ཀྱི་སྐུ[ཡིན་ཡང་]། །བསྐལ་པ་མང་པོར་[མི་འདའ་བར་]བཞུགས་ནས་ཀྱང༌། །གདུལ་བྱ་རྣམས་ནི་འདུལ་བའི་ཕྱིར། །[ཆོས་ཀྱི་]དབྱིངས་[ཀྱི་སྐུ་]ཉིད་[གཟུགས་སྐུའི་རྣམ་པ་]ཐ་དད་[དུ་]གྱུར་པ་[རྣམས་]ལགས[སོ]། །[དོན་དམ་བྱང་ཆུབ་]སེམས་ཀྱི་ཡུལ་ནི་ངེས་[པར་]རྟོགས་ནས། །[རྟོགས་བྱའི་ཡེ་ཤེས་]དེར་ནི་[ཡུལ་གཞན་གྱི་]ཤེས་པ་[དང་རོ་མཉམ་དུ་]འཇུག་པར་འགྱུར། །[དེར་བཞུགས་པའི་ཡེ་ཤེས་]སོ་སོ་རང་རིག་རྣམ་དག་ན། །ས་རྣམས་[ཀྱི་ཡེ་ཤེས་]དེ་ཡི་བདག་ཉིད་[དུ་]གནས། །[རྣམ་པར་དག་པའི་ཆོས་དབྱིངས་དེ་ཉིད་]དབང་ཕྱུག་ཆེན་པོའི་གནས་[ཆོས་སྐུ་]མཆོག་དང༌། །འོག་མིན་ཉིད་དེ[འི་ལོངས་སྐུ་དང་]རྣམ་[འགྱུར་སྤྲུལ་སྐུའོ་]མཛེས་པ། །[དེ་དག་གང་ལ་སྨྲ་ན་སྐུ་གསུམ་གྱི་]ཤེས་པ་གསུམ་པོ་[རོ་]གཅིག་ཉིད་དུ། །འདྲེས་པར་གྱུར་ལ་[ཀླུ་སྒྲུབ་]བདག་སྨྲའོ། །[ཡང་དེ་ཉིད་]བྱིས་པའི་ནང་ན་ཀུན་མཁྱེན་[སྤྲུལ་སྐུ་]དང༌། །འཕགས་པའི་ནང་ན་[ལོངས་སྐུ་]སྣ་ཚོགས་ཉིད[དང་]། །དབང་ཕྱུག་ཆེན་པོ་[ཆོས་ཀྱི་སྐུ་]ཚེ་དཔག་མེད[དོ]། །བསྐལ་པ་[མང་པོར་གཟུགས་སྐུ་བཞུགས་པའི་སྐུ་]ཚེ་ཡི་རྒྱུ་གང་ཡིན[སྙམ་ན]། །ཕྱི་རོལ་སེམས་ཅན་ཁམས་ཀྱི་ཡང༌། །དཔག་ཏུ་མེད་པའི་བསྐལ་པར་ནི། །ཚེ་ཡང་[སངས་རྒྱས་] གང་གིས་བསྲུངས་གྱུར་ཅིང༌། །སྲོག་ཆགས་ཀུན་གྱི་སྲོག་གནས་[པར་བྱས་]པའི། །[དེས་ན་སངས་རྒྱས་རང་གི་ཚེ་ཞིང་]རྒྱུ་གང་[དཔག་ཏུ་མེད་པའི་བསྐལ་པར་]མི་ཟད་པ་[དང་ཡང་སངས་རྒྱས་]དེ་ཉིད། །[རྒྱུ་] གང་གིས་[འཁོར་བར་འཇུག་པའི་]འབྲས་བུ་[འཕྲིན་ལས་]མི་ཟད་[པ་]གང་[ཞིག]། །[འཇིག་རྟེན་] སྣང་བ་མེད་པའི་[ཆོས་སྐུ་]བྱེ་བྲག་གིས། །[གཟུགས་ཀྱི་སྐུ་དག་གདུལ་བྱའི་]ཤེས་རབ་བསྐྱེད་[པའི་]དོན་[དུ་]རབ་ཏུ་འཇུག[ན།] །བྱང་ཆུབ་[འཁོར་བ་ལས་ཐག་]རིང་བར་མི་བསམ་ཞིང༌། །[སངས་རྒྱས་རང་ཉིད་ཡིན་པ་ལ་ཐག་]ཉེ་བར་ཡང་ནི་བསམ་མི་བྱ། །[དེས་ན་སངས་རྒྱས་ཀྱིས་ནི་སྔར་འཁོར་བ་དོར་ནས་ཐག་རིང་ལོགས་ཤིག་ཏུ་སོང་མེད། སླར་ཡང་སེམས་ཅན་གྱི་དོན་དུ་ལྡོག་ནས་བྱོན་པ་ཡིན་མིན་གྱི་འཇིག་རྟེན་ལས་ཅུང་ཟད་མ་གཡོས་ཀྱང་གཟུང་འཛིན་འཁྲུལ་བའི་]ཡུལ་དྲུག་སྣང་བ་མེད་པར་ནི། །ཡང་དག་ཇི་བཞིན་[འཁོར་བའི་ཆོས་ཉིད་]རིག་གྱུར་པ[འོ]། །[དཔེར་ན་]ཇི་ལྟར་འོ་མ་དང་འདྲེས་[པའི་]ཆུ། །སྣོད་གཅིག་ན་[ལྷན་གཅིག་ཏུ་]ནི་གནས་པ་ལས། །ངང་བས་འོ་མ་འཐུང་བྱེད་ཅིང༌། །ཆུ་ནི་མ་ཡིན་[ལྷན་གཅིག་ཏུ་འདྲེས་ནས་]དེ་བཞིན་གནས[ཀྱང་འབྱེད་ཐུབ་པ]། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་ནས། །ཡེ་ཤེས་[དང་བཅས་པའི་ད་ལྟར་གྱི་] ལུས་འདིར་[ཡེ་ཤེས་དང་མི་ཤེས་པ་གཉིས་ཐོག་མ་མེད་པ་ནས་ལྷན་]གཅིག་གནས་ཀྱང༌། །[ངང་བ་དང་འདྲ་བའི་]རྣལ་འབྱོར་པ་ཡིས་[འོ་མ་དང་འདྲ་བའི་]ཡེ་ཤེས་ལེན། །[ཆུ་དང་འདྲ་བའི་]མི་ཤེས་པ་ནི་འདོར་བར་བྱེད[ཀྱི་འཁོར་བ་ལས་ལོགས་སུ་འོ་མ་སྒོར་ནས་ཕྱི་ནས་མེད་དོ། །འོ་ན་འཁོར་འདས་སུ་གང་གིས་འགྱུར་སྙམ་ན]། །བདག་དང་བདག་གི་ཞེས་འཛིན་པས། །ཇི་སྲིད་ཕྱི་[རོལ་གྱི་དངོས་པོའི་]རྣམ་[པར་བདེན་པར་]སྒྲོ་བཏགས་པས། །[དེ་སྲིད་དུ་འཁོར་བ་དང་]བདག་མེད་རྣམ་པ་གཉིས་[ཡེ་ཤེས་ཀྱིས་]མཐོང་ནས། །སྲིད་པའི་ས་བོན་འགག་[ཅིང་མྱ་ངན་ལས་འདས་]པར་འགྱུར[རོ]། །གང་ཕྱིར་སངས་རྒྱས་[ནི་]མྱ་ངན་[ལས་]འདས[པ]། །གཙང་བ་རྟག་པ་དགེ་བའི་གཞི[ཡིན་པ་དེ་བདག་འཛིན་གྱིས]། །དག་[པ་དེའི་]ཕྱིར་[བདག་]གཉིས་ནི་བྱིས་པས་བརྟགས། །དེ་ཡི་[དངོས་པོ་]གཉིས་[དངོས་པོ་]མེད་[པའི་མྱང་འདས་]རྣལ་འབྱོར་[པ་]གནས[སོ]། །[གང་ཕྱིར་ཆོས་དབྱིངས་གློ་བུར་གྱི་དྲི་མ་དང་བྲལ་བ་ཉིད་མྱང་འདས་ཡིན་པས་རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་དེ་ཕར་ཕྱིན་བཅུའི་དགེ་བའི་རྐྱེན་གྱིས་ས་བཅུ་རིམ་པས་ཇེ་འཕེལ་ཇེ་རྒྱས་སུ་སོང་བ་རྒྱས་པའི་རིགས་ཏེ། དེའི་ཕྱིར་ཟླ་བ་ཚེས་པའི་ཆ་འཕེལ་ཞིང་རྒྱས་པ་བཞིན་དུ་སྒྲིབ་པའི་ཆ་ཤས་ཅི་ཙམ་བྲི་བ་བཞིན་ཆོས་དབྱིངས་རིམ་གྱིས་རྒྱས་པའི་རིགས་སུ་བྱེད་པའི་རྒྱུ་མཚན་ནི།]དཀའ་སྤྱད་[ལུས་ཀྱི་སྦྱིན་པ་ལ་སོགས་]སྣ་ཚོགས་སྦྱིན་པ་དང༌། །[བྱང་ཆུབ་སེམས་དཔའི་མི་དགེ་བ་སྡོམ་པའི་]ཚུལ་ཁྲིམས་[དང་]སེམས་ཅན་དོན་[བྱེད་པའི་ཚུལ་ཁྲིམས་དང་དགེ་བའི་ཆོས་]སྡུད་[པའི་ཚུལ་ཁྲིམས]དང༌། །སེམས་ཅན་ཕན་བྱེད་བཟོད་པ་སྟེ། །[ཕར་ཕྱིན་]གསུམ་པོ་འདི་ཡིས་[ཆོས་ཀྱི་དབྱིངས་རང་བཞིན་རིགས་ཀྱི་] ཁམས་[འཕེལ་ཞིང་]རྒྱས་[པའི་རིགས་སུ་]འགྱུར། །ཆོས་རྣམས་ཀུན་ལ་བརྩོན་འགྲུས་དང༌། །བསམ་གཏན་ལ་སེམས་འཇུག་པ་དང༌། །རྟག་ཏུ་ཤེས་རབ་བརྟན་པ་སྟེ། །[ཕར་ཕྱིན་གསུམ་པོ་]འདི་ཡང་བྱང་ཆུབ་[ཀྱི་རིགས་]རྒྱས་བྱེད་ཡིན། །ཐབས་དང་བཅས་པའི་ཤེས་རབ་དང༌། །སྨོན་ལམ་རྣམ་པར་སྦྱངས་པ་དང༌། །སྟོབས་ལ་ངེས་གནས་ཡེ་ཤེས་ཏེ། །[ཆོས་ཀྱི་དབྱིངས་ཀྱི་]ཁམས་[རིམ་གྱིས་]རྒྱས་[པར་]བྱེད་པའི་ཆོས་[ཕར་ཕྱིན་]བཞི་པོ[འོ]། །[དེས་ན་བྱང་ཆུབ་ཀྱི་རིགས་རྒྱས་པར་བྱེད་པའི་]བྱང་ཆུབ་སེམས་[དཔའ་ལ་]ཕྱག་མི་བྱ་ཞེས། །སྨྲ་བ་[བྱུང་ན་]ངན་པར་སྨྲ་བ་སྟེ། །བྱང་ཆུབ་སེམས་དཔའ་མ་བྱུང་བར། །[སངས་རྒྱས་]ཆོས་ཀྱི་སྐུ་ནི་[དྲི་མ་དང་བྲལ་བར་]འབྱུང་མ་ཡིན། །[དཔེར་ན་]བུར་ཤིང་ས་བོན་ལ་སྡང་གང་[ཡིན་པ་དེ་ལ་འབྲས་བུ་བུ་རམ་མི་འབྱུང་ཞིང་]། །ཀ་ར་སྤྱད་པར་འདོད་པ་དེས། །བུར་ཤིང་ས་བོན་མེད་པར་ནི། །ཀ་ར་འབྱུང་བར་འགྱུར་མ་ཡིན། །བུར་ཤིང་ས་བོན་གང་[ཡིན་པ་དེ་]བསྲུངས་ནས། །[འཕེལ་བའི་རྒྱུ་རྐྱེན་]ཉེར་གནས་ཤིང་ལ་[རྒྱས་པར་]བསྒྲུབས་པ་ལས། །བུར་རམ་ཀ་ར་ཧྭགས་རྣམས་ནི[འཕེལ་ཞིང་རྒྱས་པ]། །དེ་ལས་འབྱུང་བར་འགྱུར་བ་ལྟར། །བྱང་ཆུབ་སེམས་ནི་རབ་བསྲུངས་ནས། །[འཕེལ་བའི་རྒྱུ་རྐྱེན་]ཉེ་བར་གནས་ཤིང་[རིགས་རྒྱས་པར་]བསྒྲུབས་པ་ལས། །[ཉན་ཐོས་]དགྲ་བཅོམ་[པ་དང་]རྐྱེན་རྟོགས་[རང་སངས་རྒྱས་དང་རྫོགས་པའི་]སངས་རྒྱས་[ཐེག་པ་གསུམ་གྱི་འབྲས་བུ་མཐར་ཐུག་པ་]རྣམས། །དེ་ལས་[དྲི་བྲལ་དུ་]སྐྱེ་ཞིང་འབྱུང་བར་འགྱུར[རོ]། །[དེ་ལྟར་བརྩོན་པའི་ཐོག་མ་ནས་སངས་རྒྱས་ཀྱི་རྗེས་སུ་འཛིན་པ་དཔེར་ན།]ཇི་ལྟར་སཱ་ལུའི་ས་བོན་སོགས། །ཞིང་པས་བསྲུང་བར་བྱེད་པ་ལྟར། །དེ་བཞིན་ཐེག་མཆོག་[ཐེག་ཆེན་ལ་]མོས་[པ་ཚོགས་སྦྱོར་གྱི་ལམ་ལ་གནས་པ་]རྣམས་ལའང༌། །འདྲེན་པ་རྣམས་ཀྱིས་བསྲུང་བར་མཛད། །[མོས་སྤྱོད་ཀྱི་སྐབས་དེར་ཆོས་ཀྱི་དབྱིངས་ཅུང་ཟད་མཐོང་བ་དཔེར་ན།]ཇི་ལྟར་མར་ངོའི་བཅུ་བཞི་ལ། །ཟླ་བ་ཅུང་ཟད་མཐོང་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ལའང༌། །[རང་གི་]སངས་རྒྱས་སྐུ་ནི་ཅུང་ཟད་མཐོང༌། །[ས་ལ་ཞུགས་ནས་ཆོས་སྐུའི་རིགས་རིམ་གྱིས་རྒྱས་པ་དཔེ།] ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ཀྱང༌། །རིམ་གྱིས་རིམ་གྱིས་[ཆོས་སྐུའི་རིགས་]འཕེལ་བར་མཐོང༌། །ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་པར་[བྱང་ཆུབ་ཀྱི་སེམས་མངོན་སུམ་དུ་]འགྱུར་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ[ལོ]། །[དེ་ལྟ་བས་ན་མོས་སྤྱོད་ཀྱི་སྐབས་སུ་]སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་མོས་པ་བརྟན་པོ་ཡིས། །[བྱང་ཆུབ་ཀྱི་]སེམས་དེ་ཡང་དག་བསྐྱེད་བྱས་ནས། །[བྱང་ཆུབ་ལས་]ཕྱིར་མི་ལྡོག་[པའི་བསམ་]པ་ཡང་ཡང་འབྱུང་[བ་དེའི་ངང་ནས]། །ནག་པོ་[མི་དགེ་བའི་]གཞི་[ཐམས་ཅད་]ནི་ཡོངས་[སུ་]སྤངས་ནས། །དཀར་པོ་[དགེ་བའི་]གཞི་[ཐམས་ཅད་]ནི་རབ་[ཏུ་]བཟུང་བས། །[ས་དང་པོ་ཐོབ་པ་]དེ་ཚེ་[ཆོས་དབྱིངས་] དེ་ནི་ངེས་[ཤིང་]རྟོགས་པ། །[ས་དང་པོའི་མིང་ནི་]དགའ་བ་ཞེས་ནི་མངོན་པར་བརྗོད། །[ཆོས་ཀྱི་དབྱིངས་ཀྱི་སེམས་སྔར་འཁོར་བར་]འདོད་ཆགས་ལ་སོགས་སྣ་ཚོགས་པའི། །དྲི་མས་རྟག་ཏུ་དྲི་མ་ཅན[དུ་ཡོད་པ་ལས]། །[ས་གཉིས་པ་འདིར་]དྲི་མ་མེད་པས་གང་དག་པ། །[ས་གཉིས་པའི་མིང་ནི་]དྲི་མ་མེད་ཅེས་བརྗོད་པ་ཡིན། །[ས་གསུམ་པར་]ཉོན་མོངས་དྲ་བ་རབ་འགགས་ནས། །དྲི་མེད་ཤེས་རབ་རབ་གསལ་བས། །ཚད་མེད་པ་ཡི་[གཏི་མུག་གི་]མུན་པ་དག །སེལ་བར་བྱེད་པས་[ས་གསུམ་པའི་མིང་ནི་]འོད་བྱེད་པའོ། །[ས་བཞི་པར་]རྟག་ཏུ་དག་པའི་འོད་ཀྱིས་གསལ། །འདུ་འཛི་རྣམ་པར་སྤང་བ་ཡི། །ཡེ་ཤེས་འོད་ཀྱིས་རབ་བསྐོར་བས། །ས་[བཞི་པ་]དེ[འི་མིང་ནི་]འོད་འཕྲོ་ཅན་དུ་འདོད། །[ས་ལྔ་པར་]རིག་[པ་]དང་སྒྱུ་རྩལ་བཟོ་གནས་ཀུན། །བསམ་གཏན་རྣམ་པ་སྣ་ཚོགས་ཉིད། །ཉོན་མོངས་ཤིན་ཏུ་སྦྱངས་དཀའ་ལས། །རྣམ་པར་རྒྱལ་བས་[ས་ལྔ་བའི་མིང་ནི་]སྦྱངས་དཀར་འདོད། །[ས་དྲུག་པར་]བྱང་ཆུབ་རྣམ་པ་གསུམ་པོ་དང༌། །ཕུན་སུམ་ཚོགས་ཀུན་བསྡུ་བ་དང༌། །སྐྱེ་དང་འཇིགས་པ་ཟད་པ་ལ། །ས་[དྲུག་པ་]དེ[འི་མིང་ནི་]མངོན་དུ་གྱུར་པར་འདོད། །[ས་བདུན་པར་]འཁོར་ལོའི་བཀོད་པ་རྣམ་ཀུན་ཏུ། །འོད་ཀྱི་དྲ་བས་རྩེ་བ་དང༌། །འཁོར་བའི་མཚོ་ཡི་འདམ་བརྒལ་བས། །[ས་བདུན་པ་]དེ་ལ་[མིང་ནི་]རིང་དུ་སོང་ཞེས་བྱ། །[ས་བརྒྱད་པར་]སངས་རྒྱས་ཀྱིས་ངེས་འདི་བཟུང་ཞིང༌། །ཡེ་ཤེས་རྒྱ་མཚོར་ཞུགས་པ་དང༌། །འབད་མེད་ལྷུན་གྱིས་གྲུབ་གྱུར་པས། །བདུད་ཀྱི་འཁོར་གྱི་[ས་བརྒྱད་པའི་མིང་ནི་]མི་གཡོ་བ[ཞེས་པ]འོ། །[ས་དགུ་པ་ལ་]སོ་སོ་ཡང་དག་རིག་ཀུན་ལ། །ཆོས་སྟོན་པ་ཡི་འབེལ་བའི་གཏམ། །རྣལ་འབྱོར་པ་དེ་མཐར་སོན་པས། །ས་[དགུ་པ་]དེ[འི་མིང་ནི་] ལེགས་པའི་བློ་གྲོས་[ཞེས་]འདོད། །[ས་བཅུ་པར་]ཡེ་ཤེས་རང་བཞིན་དེ་ཡི་སྐུ། །དྲི་མེད་ནམ་མཁའ་དང་མཉམ་པ། །སངས་རྒྱས་རྣམས་ཀྱིས་འཛིན་པ་ལས། །[ས་བཅུ་པའི་མིང་ནི་]ཆོས་ཀྱི་སྤྲིན་ནི་ཀུན་ཏུ་འབྱུང༌། །སངས་རྒྱས་རྣམས་ཀྱི་ཆོས་ཀྱི་གནས། །[སའི་མཐར་ཐུག་པ་ན་སྔར་ལམ་ལ་]སྤྱོད་པའི་འབྲས་བུ་[རྫོགས་པར་]ཡོངས་འཛིན་པས། །[ཆོས་དབྱིངས་དྲི་བཅས་ཀྱི་]གནས་ནི་[དྲི་མེད་དུ་]ཡོངས་སུ་གྱུར་པ་སྟེ། །[སངས་རྒྱས་རྣམས་ཀྱི་]ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན[ནོ]། །[ཆོས་སྐུ་དེ་ཅི་འདྲ་ཞིག་ཡིན་སྙམ་ན་འཁོར་བའི་]བག་ཆགས་ལས་གྲོལ་[བའི་སྤྲོས་པའི་བློས་]བསམ་མི་ཁྱབ། །འཁོར་བའི་བག་ཆགས་[སྤྲོས་པའི་བློས་ཀྱང་]བསམ་དུ་ཡོད། །[ཆོས་སྐུ་]ཁྱོད་ནི་ཀུན་ཏུ་བསམ་མི་ཁྱབ། །[མཚན་བཅས་ཀྱི་བློ་]གང་གིས་[ཆོས་སྐུ་] ཁྱོད་ནི་[མཐའ་གཅིག་ཏུ་]ཤེས་པར་[མི་]ནུས། །[མཚན་བཅས་ཀྱི་]ངག་གི་སྤྱོད་ཡུལ་[བརྗོད་བྱའི་དངོས་པོ་]ཀུན་ལས་འདས། །[གཟུང་འཛིན་གྱི་]དབང་པོ་ཀུན་གྱི་སྤྱོད་ཡུལ་མིན། །[དོན་དམ་གྱི་]ཡིད་ཀྱི་ཤེས་པས་རྟོགས་བྱ་བ། །[ཆོས་སྐུ་ལ་དོན་དམ་གྱི་སྣོད་བཅུད་ལ་སོགས་གང་ཡང་མི་རུང་བ་མེད་པས་]གང་ཡང་རུང་ལ་ཕྱག་འཚལ་བསྟོད། །[ས་ལམ་ལ་]རིམ་གྱིས་འཇུག་པའི་ལུགས་[སྔར་བཤད་པ་དེ་]ཉིད་ཀྱིས། །སངས་རྒྱས་སྲས་པོ་གྲགས་ཆེན་[ས་བཅུ་པ་ཐོབ་པ་]རྣམས། །ཆོས་ཀྱི་སྤྲིན་གྱི་ཡེ་ཤེས་ཀྱིས། །ཆོས་ཉིད་[ཆོས་ཀྱི་དངོས་པོས་]སྟོང་པ་མཐོང་གྱུར་ནས། །[སངས་རྒྱས་ཀྱི་ཕྱག་གིས་དབང་བསྐུར་བ་]གང་ཚེ་སེམས་ནི་རབ་བཀྲུས་པས། །འཁོར་བའི་གཟེབ་ལས་འདས་གྱུར་ནས། །[ཡེ་ཤེས་ཀྱི་དག་པའི་རང་སྣང་ཆོས་ཀྱི་དབྱིངས་ཀྱི་མེ་ཏོག་] པདྨ་ཆེན་པོའི་རང་བཞིན་གྱིས། །སྟན་ལ་དེ་ནི་རབ་གནས་འགྱུར། །[མེ་ཏོག་གི་]འདབ་མ་རིན་ཆེན་དུ་མའི་འོད། །[རབ་ཏུ་འབར་བར་]འདོད་པར་བྱ་བའི་ཟེའུ་འབྲུ་ཅན། །[ཆེན་པོ་དེ་ལ་མེ་ཏོག་]པདྨ་བྱེ་བ་དུ་མ་ཡིས། །རྣམ་པ་ཀུན་ཏུ་ཡོངས་སུ་བསྐོར། །[བྱང་ཆུབ་སེམས་དཔའ་དེ་]སྟོབས་བཅུ་པོ་ཡིས་ཡོངས་སུ་གང༌། །མི་འཇིགས་པ་[བཞི་]ཡིས་ཡང་དག་ངོམས། །བསམ་མི་ཁྱབ་པའི་སངས་རྒྱས་ཆོས། །སྤྲོས་མེད་རྣམས་ལས་ཉམས་མི་མངའ། །[སྔར་དགེ་བ་]ལེགས་པར་སྤྱད་པའི་ལམ་ཀུན་གྱིས། །བསོད་ནམས་ཡེ་ཤེས་རབ་བསགས་པའི། །[ཚོགས་གཉིས་ཀྱི་]ཟླ་བ་ཉ་[གང་བ་]ལ་སྐར་མ་ཡིས། །འཁོར་དུ་རྣམ་པ་ཀུན་གྱིས་བསྐོར[ནས་གནས་པ་དེའི་ཚེ]། །སངས་རྒྱས་[ཀྱི་]ཕྱག་གི་[མཐིལ་མ་རིག་པའི་མུན་པ་སེལ་བའི་]ཉི་མ་དེར། །དྲི་མེད་རིན་ཆེན་འབར་གྱུར་[པའི་ཕྱག་]དེས། །སྲས་ཀྱི་ཐུ་བོར་[ས་བཅུ་པ་རྣམས་]དབང་བསྐུར་བས། །དབང་བསྐུར་བ་ནི་ཀུན་ཏུ་སྩོལ། །རྣལ་འབྱོར་ཆེན་པོ་[ས་བཅུ་པ་དེ་དབང་བསྐུར་བ་]དེར་གནས་ནས། །རྨོངས་པས་དམན་[ཅིང་ཉོན་མོངས་]པའི་འཇིག་རྟེན་རྣམས། །སྡུག་བསྔལ་གྱིས་གཡེངས་འཇིགས་པ་ལ། །ལྷ་ཡི་སྤྱན་གྱིས་གཟིགས་གྱུར་ནས། །[བྱང་ཆུབ་སེམས་དཔའ་]དེ་ཡི་སྐུ་ལས་འོད་ཟེར་རྣམས། །[རྟོག་བཅས་ཀྱིས་]འབད་པ་མེད་པར་འབྱུང་འགྱུར་ཏེ། །[གཏི་མུག་གིས་]རྨོངས་པའི་མུན་པར་[འོད་ཟེར་དེ་རྣམས་]ཞུགས་[པས་འཇིག་རྟེན་པ་]དེ་ཡི། །[དག་པའི་]སྒོ་རྣམས་འབྱེད་པར་མཛད་པ་[འཇིག་རྟེན་པ་ལ་ཕན་པའི་འཕྲིན་ལས་]ཡིན[ནོ]། །[འཇིག་རྟེན་ལས་འདས་པ་ལ་ཕན་པའི་འཕྲིན་ལས་ནི་]ལྷག་བཅས་[ཀྱི་]མྱ་ངན་[ལས་]འདས་པ་[ཐོབ་པ་]རྣམས། །ལྷག་མེད་[ཀྱི་]མྱ་ངན་[ལས་]འདས་[པ་ལ་འགོད་]པར་འདོད། །[སྐབས་]འདིར་ནི་མྱ་ངན་འདས་པ་ཉིད། །[གང་ལ་ཟེར་ན་]དྲི་མ་མེད་པར་སེམས་[གནས་པ་ཡོངས་སུ་]འགྱུར་བའོ། །[ཀུན་རྫོབ་ཀྱི་]སེམས་ཅན་ཀུན་གྱི་དངོས་[པོ་]མེད་པའི། །ངོ་བོ་[སེམས་ཀྱི་རང་བཞིན་འོད་གསལ་]དེ་ཡང་[མྱང་འདས་]དེའི་སྤྱོད་ཡུལ། །[འོད་གསལ་]དེ་[རྫོགས་པར་]མཐོང་[བའི་ས་བཅུ་པ་ལ་དབང་བསྐུར་བའི་]བྱང་ཆུབ་སེམས་དཔའ་འོ། །[ས་བཅུའི་མཐར་ཐུག་པ་དེ་ནས་]ཤིན་ཏུ་དྲི་མེད་ཆོས་ཀྱི་སྐུ། །དྲི་མ་མེད་པའི་ཆོས་སྐུ་ལ། །[ནམ་མཁའ་གང་བ་ཟད་པ་མེད་པ་རྟག་ཏུ་]ཡེ་ཤེས་རྒྱ་མཚོ་གནས་གྱུར་ནས། །[འདོད་པ་ཐམས་ཅད་ཆར་བཞིན་དུ་འབབ་པའི་]སྣ་ཚོགས་ནོར་བུ་ཇི་བཞིན་དུ། །[ཆོས་སྐུ་]དེ་ལས་སེམས་ཅན་[ཐམས་ཅད་ཀྱི་]དོན་རྣམས་[ཅིག་ཅར་དུ་ལྷུན་གྱིས་གྲུབ་པར་འཁོར་བ་ཇི་སྲིད་ཀྱི་བར་དུ་]མཛད[པའི་འཕྲིན་ལས་རྣམས་འབྱུང་ངོ་]། །

ཆོས་ཀྱི་དབྱིངས་སུ་བསྟོད་པ་[རྫོགས་པར་]སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།

རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །།

[རྒྱལ་བའི་སྲས་པོ་འཕགས་མཆོག་ཀླུ་སྒྲུབ་ཀྱིས། །ཆོས་དབྱིངས་བསྟོད་འདིས་དབུ་མའི་ཡིན་ལུགས་བསྟན། །དེ་རྗེས་འབྲང་འདོད་དབུ་མ་ཁས་ལེན་རྣམས། །སླན་ཆད་དབུ་མ་འདི་བཞིན་མཁྱེན་པར་མཛོད། །ཆོས་མཆོག་ཁྱད་འཕགས་བླ་མའི་བཀའ་དྲིན་ལས། །མཆན་བུས་བཀྲོལ་འདི་ཤེས་རབ་རྒྱལ་མཚན་གྱིས། །སྨན་ཆུའི་རི་ཁྲོད་དབེན་པར་བཀོད་པ་ཡིན། །གང་མཆིས་དགེ་བས་ཆོས་ཀྱི་དབྱིངས་ལ་རོལ།།]

[མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།]

དཔར་བྱང་སྨོན་ཚིག

རྣམ་གྲོལ་ཞི་བའི་རྒྱ་མཚོར་རོ་གཅིག་ཏུ། །གཞོལ་བའི་མཐའ་ཡས་ཆོས་ཚུལ་དལ་འབབ་ཀླུང༌། །ཚིག་གི་གཟེགས་མ་རེས་ཀྱང་དུག་གསུམ་གྱི། །དྲི་མ་ཡོངས་འཁྲུད་ལེགས་བཤད་བདུད་རྩི་འདི། །དཔར་དུ་བསྐྲུན་པའི་རྣམ་དཀར་ཕུང་བོའི་མཐུས། །ཡང་དག་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱ། །གདངས་ཏེ་རྒྱུད་ལྔའི་འགྲོ་བ་མ་ལུས་པ། །ངེས་ལེགས་ནོར་བུའི་མཛོད་ལ་དབང་འབྱོར་ཤོག །ཅེས་འཛམ་གླིང་ཡངས་པའི་ཁྱོན་ལ་འཚེ་མེད་ཞི་བའི་ལམ་སྟོན་རྣམ་འདྲེན་ཤཱཀྱ་སེང་གེའི་རིང་ལུགས་སྒོ་ཀུན་ནས་རྒྱས་པ་སོགས་འཕྲལ་ཡུན་ལེགས་ཚོགས་དུ་མའི་ཆེད་དུ་དམིགས་ནས། ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་རྣམས་དཔར་དུ་བསྐྲུན་དང་བསྐྲུན་འགྱུར་གང་ལའང་སྦྱར་ཆོག་པའི་དགེ་བསྔོའི་སྨོན་ཚིག་ཏུ་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་སྦྱར་བའོ།། །།

ལུང་སྐྱ་དགོན་འདོད་འབྱུང་ནོར་བུའི་དཔེ་ཚོགས་རྩོམ་སྒྲིག་ཁང་གིས་འཕྲུལ་དེབ་ཏུ་བཀོད།

གསལ་བསྒྲགས།

གཅིག །ངེད་འདོད་འབྱུང་ནོར་བུའི་དཔེ་ཚོགས་རྩོམ་སྒྲིག་ཁང་གི་ངོས་ནས། དཔེ་དེབ་ཁག་འཕྲུལ་དེབ་ཏུ་ཆེད་བཟོ་དང་། འགྲེམས་སྤེལ་བྱེད་པའི་གློག་རྡུལ་དཔེ་ཁང་ཞིག་གཉེར་བཞིན་ཡོད་པ་འདིས། ནང་བསྟན་གཞུང་ལུགས་ཁག་ཁྱད་མེད་དང་། ངེད་དཔེ་ཁང་གི་སྒྲིག་གཞི་དང་མཐུན་པར་དེང་རབས་དཔེ་ཆ་གསར་བ་གང་ཡིན་གློག་རྡུལ་དཔེ་དེབ་ཏུ་བཟོ་བཞིན་ཡོད་པར་དཔེ་དེབ་འཕྲུལ་དེབ་ཏུ་བཟོ་དགོས་ཡོད་པ་དང་། འགྲེམས་སྤེལ་དགོས་རིགས་སོགས་ཀྱིས་དེབ་ཀྱི་ནང་དོན་གནད་བསྡུས་དང་། རྩོམ་པ་པོ་ངོ་སྤྲོད་བཅས་ངོས་སྦྱོར་མཛད་ན། འདི་གའི་དེབ་ཚོགས་ཞིབ་བཤེར་ཚན་ཆུང་གིས་ཞིབ་བཤེར་བརྒྱུད་འཕྲུལ་དེབ་ཏུ་བཟོས་ནས་འཕྲུལ་དེབ་ཁང་གི་དེབ་གྲས་སུ་འཇོག་པར་ངེས་ལ།

གཉིས་པ། གང་ཟག་སྒེར་བས་འཕྲུལ་དེབ་ཏུ་བཟོས་པའི་འཕྲུལ་དེབ་ཁག་ཀྱང་དོ་བདག་གིས་འདི་གའི་འཕྲུལ་དེབ་གྲས་སུ་འཇོག་འདོད་ཡོད་ཚེ། གཤམ་གསལ་ཁ་བྱང་ཁག་བརྒྱུད་འབྲེལ་བ་བྱས་ན། འདི་གའི་ཞིབ་བཤེར་ཚན་ཆུང་གི་ཞིབ་བཤེར་གྱི་ཆོག་མཆན་བརྒྱུད་འཕྲུལ་དེབ་ཁང་གི་དཔེ་དེབ་གྲས་ལ་འཇོག་གི་ཡོད།

གསུམ་པ། ངེད་ཚོའི་འཕྲུལ་དེབ་ཁང་གི་འཕྲུལ་དེབ་ཀློག་པའི་རྒྱ་ཆེའི་ཤེས་ལྡན་པ་རྣམ་པས། དཔེ་དེབ་ཁག་ནང་གི་ལྷག་ཆད་ནོར་གསུམ་གྱི་སྐྱོན་ཆ་གང་གཟིགས་ལ་དགོངས་འཆར་སྩོལ་བ་དང་། དཔེ་དེབ་ཀྱི་སྒྲིག་བཟོའི་ཐད་ལའང་དགོངས་འཆར་གང་གནང་ངེད་ཚོས་གནས་ཚུལ་ལ་གཞིགས་ཏེ་སྡུད་ལེན་བྱེད་འདོད་ཡོད་པས། རྒྱ་ཆེའི་ཀློག་པ་པོ་དང་། ཤེས་ལྡན་པའི་སྡེ་ཁག་གིས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་མཁྱེན་མཁྱེན། མཁྱེན།


previousའཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་ཆོས་དབྱིངས་བསྟོད་པ་བཞུགས་སོ། ། no next