Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
ད་ནི་རྒྱས་པར་བཤད་པ་མཛད་པ་ལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousད་ནི་རྒྱས་པར་བཤད་པ་མཛད་པ་ལ། next

ད་ནི་རྒྱས་པར་བཤད་པ་མཛད་པ་ལ།

གང་སྔར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པར་འདོད་པས་ཞེས་སྨོས་པ་ནི་བྱང་ཆུབ་སེམས་དཔའི་བསམ་པ་བསྟན་ཏོ། །ད་ནི་བསམ་པ་དེ་ཉིད་ཀྱི་བསམ་པའི་རྒྱུ་དང་འབྲས་བུ་དང་བཅས་པ་ལ་སོགས་པས་རྒྱས་པར་རྣམ་པར་ཕྱེ་སྟེ་བསྟན་པར་བྱའོ། །དེ་ཡང་རྣམ་པ་གསུམ་གྱིས་སྟོན་ཏེ། ཐེག་པ་གསུམ་འབྲས་བུ་དང་བཅས་པ་དང༌། བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་དང༌། སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་དེ། དེ་ནས་ཡང་ཕྲེང་ལྔ་ཙམ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པའི་བར་གྱི་ཚིག་ལྔས་ཐེག་པ་གསུམ་འབྲས་བུ་དང་བཅས་པ་བསྟན་ཏོ། །བསླབ་པར་བྱའོ། །ཞེས་བྱ་བ་ནི་ཉན་ཐོས་དང༌། རང་སངས་རྒྱས་ཉིད་ལས་ལྡོག་པ་ལས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཞེས་ཟེར་རོ། །གཞན་དག་ན་རེ། སྐྱོན་མེད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱའོ། །ཞེས་སོ། །དེ་ལ་གནས་སྐབས་ནི་གསུམ་སྟེ། ཀུན་ནས་ཉོན་མོངས་པའི་སྐྱོན་མེད་པ་ཉིད་དང༌། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་དེ་བཞིན་ཉིད། དེ་ཡང་རྣམ་པ་གསུམ་སྟེ། བྱིས་པ་སོ་སོའི་སྐྱེ་བོའི་ས་ལ་མ་དག་པའི་གནས་སྐབས་དང༌། བྱང་ཆུབ་སེམས་དཔའི་ས་ལ་དག་པ་དང་མ་དག་པའི་གནས་སྐབས་དང༌། དེ་བཞིན་གཤེགས་པའི་ས་ལ་དག་པའི་གནས་སྐབས་རྣམས་སོ། །དེ་ལ་མ་དག་པའི་དེ་བཞིན་ཉིད་ལ་ནི་སེམས་ཅན་ཞེས་བྱ་སྟེ། དེ་ཡང་ཀུན་ནས་ཉོན་མོངས་པའི་སྐྱོན་མེད་པ་ཉིད་ཅེས་བྱའོ། །དག་པ་དང་མ་དག་པའི་གནས་སྐབས་ལ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བྱང་ཆུབ་ཀྱི་གནས་སྐབས་དག་པ་དང་སེམས་ཅན་གྱི་གནས་སྐབས་མ་དག་པའི་ཕྱིར་རོ། །དེ་ཉིད་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཞེས་བྱའོ། །དག་པའི་གནས་སྐབས་ལ་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། རབ་འབྱོར། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཡང་དག་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དྭགས་སོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱའོ། །དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཞེས་བྱ་བ་ནི་མ་དག་པ་ཀུན་ནས་ཉོན་མོངས་པའི་སྐྱོན་མེད་པའི་གནས་སྐབས་གང་ཡིན་པའི་དེ་ཡོངས་སུ་སྤངས་ནས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དག་པ་དང་མ་དག་པ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཉིད་ཀྱིས་གནས་སྐབས་ཐོབ་པ་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་བཞིན་ཉིད་སྐྱོན་མེད་པའི་གནས་སྐབས་ཐོབ་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུའི་དབྱིག་གཉེན་གསུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་བྱ་བའི་ཡོན་ཏན་ཁྱད་ཞུགས་པའི་ཕྱིར། སའི་ཡེ་ཤེས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི། ཡོན་ཏན་རྣམ་པ་བཞིས་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་ལས་འདས་པ་ཡིན་ཏེ། དབང་པོའི་ཁྱད་པར་དང༌། བསྒྲུབ་པའི་ཁྱད་པར་དང༌། ཡེ་ཤེས་ཀྱི་ཁྱད་པར་དང༌། འབྲས་བུའི་ཁྱད་པར་གྱིས་སོ། །ཞེས་དབུ་མ་པ་གསུངས། ཕྱིར་མི་ལྡོག་པའི་ས། རབ་ཏུ་དགའ་བ་ལ་སོགས་པ་ལ་གནས་བསླབ་པར་བྱའོ། །དེ་ལ་ཕྱིར་མི་ལྡོག་པའི་ས་ནི་རིགས་དང་མི་ལྡན་པ་དང༌། སྡིག་པའི་གྲོགས་པོས་ཟིན་པ་དང༌། སྙིང་རྗེ་ཆུང་བ་དང༌། འཁོར་བའི་སྡུག་བསྔལ་ཡུན་རིང་ཞིང་མི་བཟད་པས་འཇིགས་པ་སྟེ་རྒྱུ་བཞིས་བྱང་ཆུབ་ཀྱི་སེམས་ལ་སོགས་ལ་རྒྱལ་སྲས་ལ་རྒྱུ་བཞི་པོ་མེད་པས་ཕྱིར་མི་ལྡོག་པའི་སའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལྷུར་ལེན་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཅི་སེམས་པ་དང་སྤྱོད་པ་རྣམ་པར་གཡོ་བ། གང་ལ་དད་པ་ཤེས་པར་འདོད་པར་བྱའོ། །ཐམས་ཅད་ཀྱི་ཡེ་ཤེས་གང་ཟག་ལ་བདག་མེད་པ་ཙམ་ཤེས་པར་བྱས་ཏེ། བྱང་ཆུབ་སེམས་དཔའི་ཡེ་ཤེས་གང་ཟག་དང་ཆོས་གཉིས་ཀ་ལ་བདག་མེད་པར་ཤེས་པ་དེས་ཟིལ་གྱིས་མནན་བསླབ་པར་བྱའོ། །སྔར་བཤད་པའི་གཟུངས་ཀྱི་སྒོ་དང༌། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་བསླབ་པར་བྱའོ། །དེ་ནས་ཕྲེང་ཅིག་ལྷག་སོང་བ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་བྱ་བ་ནི་ཉན་ཐོས་དང༌། རང་སངས་རྒྱས་དག་སྦྱིན་པ་བྱེད་པའི་སེམས་ནི་སྲེད་པ་དང་བཅས་ཤིང་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རོ། །སྲེད་པའི་འབྲས་བུ་དང་བདག་གི་དོན་དུ་བྱེད་པར་འགྱུར་བས་དག་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་ནི་སྲེད་པ་མེད་པ་དང༌། རྣམ་པར་མི་རྟོག་པ་དང༌། མཚན་མའི་སྤྱོད་ཡུལ་མ་ཡིན་པ་དང༌། བདག་དང་གཞན་ལ་ཕན་པ་བསྒྲུབ་སྟེ། ཡོན་ཏན་དེ་དག་གིས་འཕགས་པའི་ཕྱིར་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ལ་ཡང་སྦྱར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཡིག་ཕྲེང་བཅུ་གཅིག་ཙམ་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཡོ་བྱད་དང་མི་ལྡན་ཏེ་སྦྱིན་པ་ཆུང་ངུ་ཙམ་བྱིན། ཡོངས་སུ་བསྔོ་བ་དང་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་ཇི་ལྟ་བུར་ན་འབྲས་བུ་བྱའོ། །དེ་ནས་ཕྲེང་བརྒྱད་ལྷག་པ་ན། འདོད་པ་དང༌། འཁོར་གསུམ་ཡོངས་སུ་དག་པས། སྦྱིན་པའི་བྱའོ། །དེ་ནས་ཡིག་ཕྲེང་བདུན་ལྷག་པ་ན། སངས་རྒྱས་ཀྱི་ཆོས་ཀྱི་དང་གཟུགས་ཀྱི་སྐུ་མངོན་སུམ་མཐོང་བར་འགྱུར། མཐོང་ནས་ཀྱང་ཇི་ལྟར་སངས་རྒྱས་ཀྱིས། དགེ་བ་ལ་བསྐུལ་བར་འགྱུར། སངས་རྒྱས་ཀྱིས་ཐུགས་ཀྱིས་དགོངས་པར་འགྱུར། སངས་རྒྱས་ཀྱི་སྐུ། ཡོངས་སུ་བསྒྲུབ་བྱའོ། །དེ་ནས་ཡིག་ཕྲེང་ཕྱེད་དང་བཅུ་གཉིས་ན། བསླབ་པར་བྱའོ། །ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་རིགས་ནི་འདིར་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ལ་བྱ་སྟེ། ས་བརྒྱད་པ་ལ་རྣམ་པར་རྟོག་པ་ཐམས་ཅད་དང༌། རྩོལ་བ་ཐམས་ཅད་དང༌། མཚན་མ་ཐམས་ཅད། རྒྱུན་ཆད་པའི་ཕྱིར། རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་གནས་གྱུར་པ་ལ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་གསུངས། གཞོན་ནུའི་ས་ནི་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པའི་ཕྱིར་ས་བརྒྱད་པ་སྟེ་དེ་བྱའོ། །དེ་ནས་ཡིག་ཕྲེང་བཅུ་གསུམ་གྱི་རྗེས་སུ། ཆོས་ཀྱི་རྗེས་སུ་དབྱིངས་ཀྱིས་ཀླས་པ། ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ལ་བྱ་སྟེ། སེམས་ཅན་གྱི་འཇིག་རྟེན་ལ་ཡང་མཐའ་མེད་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོས་ཀླས་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པའི། སྣོད་ཀྱི་འཇིག་རྟེན་ན་ཡོད་པའི་སེམས་ཅན། དེ་ནས་ཕྲེང་གསུམ་ན། སེམས་བསྐྱེད་པ་ཅིག་འགའ་ཡང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་ཡང་ཆུའི་ཐིགས་པས་གཅིག་རྒྱ་མཚོར་བླུགས་ནས། རྒྱ་མཚོ་མ་ཟད་པར་ཟད་པར་མི་འགྱུར་བ་བཞིན་དུ། སྙིང་པོ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་གི་རྗེས་སུ་བསླབ་པར་བྱའོ། །ཞེས་པ་ནི་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པ་ཡིན་པས་སངས་རྒྱས་སྐྱེ་བའི་རྒྱུན་མི་འཆད་པའི་ཕྱིར་རོ། །ཞེས་འབུམ་ཏིག་གསུངས། རིགས་ཡོངས་སུ་མི་ཉམས་པར་བསྲུང་བར་འདོད། རིགས་སམ་གདུང་རྒྱུན་མི་གཅད། དེ་ནས་ཤོག་གུ་གཅིག་ལྷག་སོང་བ་ན། དཔའ་ཆེན་པོ་རྣམ་ཤེས་སྐྱེ་བའི་རྐྱེན་བཞི་ལས་གཟུགས་སོགས་ཡུལ་དྲུག་ནི་དམིགས་པའི་རྐྱེན་དང༌། མིག་སོགས་དབང་པོ་དྲུག་ནི་དབང་གི་རྐྱེན་དང༌། རྣམ་པར་ཤེས་པ་དྲུག་འདས་པའི་དེ་མ་ཐག་པ་ནི། དེ་མ་ཐག་པའི་རྐྱེན་དང༌། ཀུན་གཞིའི་རྣམ་ཤེས་ནི་རྒྱུའི་རྐྱེན་ཏེ། དེ་དག་ཁོང་དུ་ཆུད་དེ་རྟོགས་བྱའོ། །དཔའ་ཆེན་པོ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་དོན་དམ་དང་ཀུན་རྫོབ་ཀྱི་རྣམ་པ་དང༌། དེ་ནས་ཡང་ཤོག་གུ་གཅིག་གི་རྗེས་སུ། རླུང་གི་དཀྱིལ་འཁོར། རྩིག་པ་ལ་སོགས་པས་རླུང་བཅིལ་བ་བཞིན་དུ་སོར་མོ་གཅིག ། དེ་ནས་ཡིག་ཕྲེང་དྲུག་ལྷག་ཙམ་ན། ཐམས་ཅད་ལ་དུས་གཅིག་ཏུ། བསོད་སྙོམས། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། ཕུད་དུད་དང༌། བསྟི་སྟང་དུ་བྱ་བར། དེ་ནས་ཤོག་གུ་བདུན་དང་ཡིག་ཕྲེང་གཅིག་གི་རྗེས་སུ་བྱེད་དོ། །ཞེས་བྱ་ལ་སོགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཅིག་པུའི་ནང་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྷག་མ་ལྔ་རྣམས་འདུས་པར་བསྟན་པ་སྟེ། དེ་ལ་ཟང་ཟིང་དང་ཆོས་དང་མི་འཇིགས་པ་གསུམ་ལས་གང་ཡང་རུང་བ་གཅིག་སྦྱིན་པར་བྱེད་པའི་ཚེ། འཁོར་གསུམ་ཡོངས་སུ་དག་པར་བྱིན་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྦྱིན་པ་བྱེད་པ་དེ་ཉིད་ཀྱི་ཚེ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པ་སྤོང་པ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ་ལེན་པ་པོ་ལ་སེམས་འཁྲུག་པ་མེད་ཅིང་བྱམས་པ་དང་སྙིང་རྗེ་བསྐྱེད་པ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ་བདག་གི་ལམ་དར་ཅིང་སྦྱིན་པ་བྱ་བར་སྤྲོ་བའི་སེམས་བསྐྱེད་པ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ་སེམས་གཞན་དུ་མ་གཡེངས་ཤིང་རྩེ་གཅིག་ཏུ་གྱུར་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ་འཁོར་གསུམ་ཡོངས་སུ་དག་པར་བྱེད་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །ཞེས་འབུམ་ཏིག་གསུངས། བམ་པོ་བཞི་པ། དེ་ནས་ཡིག་ཕྲེང་བཅུ་ན། མི་དམིགས་པའི་ཚུལ་གྱིས། ཞེས་བྱ་བ་ནི་ཆོས་ཐམས་ཅད་ཤེས་རབ་ཀྱིས་ཤེས་སོ། །ཞེས་བྱ་བར་མི་དམིགས་པའོ། །ཞེས་དབུ་མ་པ་གསུངས་ཏེ། དེའི་ཚུལ་གྱིས། དེ་ནས་ཡིག་ཕྲེང་ཅིག་ན། སངས་རྒྱས་ཀྱི་དོན་དམ་པ་དང་ཀུན་རྫོབ་ཀྱི་ཡོན་ཏན་ཐམས་ཅད། ཆོས་རྒྱུ་རྐྱེན་རྣམས་ཚོགས་པས། འདུས་བྱས་དང༌། ཕ་རོལ་ཏུ་ཕྱིན་པ་ནི། ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། མཐར་ཕྱིན་ཅིང་ཆུབ་པར་འདོད་པས། ཆོས་གང་ལ་ཉོན་མོངས་པ་རྣམས་འབྱུང་བ། ཟག་པ་དང་བཅས་པ་དང༌། ཉོན་མོངས་པ་རྣམས་མི་འབྱུང་བ། ཟག་པ་མེད། སེམས་དཔའ་ཆེན་པོ། དགེ་རྩ་གསུམ་ལ་སོགས་པ། ཆོས་དགེ་བ་དང༌། དུས་གསུམ་ལ་སོགས་པ། མི་དགེ་བ། ཆོས་འཇིག་རྟེན་པ། མོས་པ་སྤྱོད་པའི་ས་མན་ཆད་དང༌། འཇིག་རྟེན་ལས་འདས་པ། ས་དང་པོ་ཡན་ཆད་རྣམས་ཀྱི། ཆོས་གཟུགས་ཡོད་པ། ལྟར་སྣང་ཞིང་ཐོགས་པ་དང་བཅས་པ་དང༌། ཆོས་གང་གིས་འབྲས་བུ་མཐོ་རིས་ལ་སོགས་པར་ལུང་བསྟན། བཟོ་ལ་སོགས་པ་འབྲས་བུ་བདེ་སྡུག་ཏུ་ལུང་བསྟན། གང་ཉན་རང་དང་བྱང་ཆུབ་ཀྱི་སེམས་དཔའི་རིགས་སུ་ངེས་པ་དང༌། ཆོས་ཁམས་གསུམ་ནས་འབྱུང་བ་དང༌། མི་འབྱུང་བ་འཁོར་བའི་རྒྱུར་གྱུར་པ་རྣམས་ཀྱི། ཚུལ་ཅན་སྒྲིབ་གཉིས་དང༌། ཁྱད་པར་གྱི་ཚུལ་ཅན། སྒྲིབ་གཉིས་ཀྱི་གཉེན་པོར་གྱུར་པ་རྣམས་ཀྱི། སོ་སོའི་སྐྱེ་བོའི་ཆོས། ཕྱིན་ཅི་ལོག་གི་སྤྱོད་པ་རྣམས་དང༌། དེ་ལས་བཟློག་པ་འཕགས་པའི་ཆོས། སློབ་པའི་ཆོས་རྒྱུན་དུ་ཞུགས་པ་ནས་ཕྱིར་མི་འོང་གི་བར་དང༌། མི་སློབ་པ། དགྲ་བཅོམ་པའི་འབྲས་བུའི་ཆོས་རྣམས། ཉན་ཐོས་ཀྱི་ཆོས་བདེན་བཞིའི་སྒོ་ནས་འཇུག་པ་དང༌། རང་སངས་རྒྱས་ཀྱི་ཆོས། རྟེན་འབྲེལ་རྟོགས་པའི་སྒོ་ནས་འཇུག་པ་རྣམས་ཀྱིས། དེ་ནས་ཕྲེང་གཉིས་ནས་སེམས་དཔའ་ཆེན་པོ། སྔར་སྨོས་པའི་ཆོས་ཐམས་ཅད་ཀྱི། དེ་ནས་ཕྲེང་ཕྱེད་དང་བཞི་ལྷག་པ་ན། སྔོན་དུ་འགྲོ་བ། ས་བཅུ་པ་ཐོབ་པར་འདོད་པ། དེ་ནས་ཕྲེང་གཉིས་ན། ནང་གི་འཁོར་ཞེས་བྱ་བ་ནི་གང་སངས་རྒྱས། བཅོམ་ལྡན་འདས་ཀྱིས་གསང་བར་འཇུག་པའི་ཡེ་ཤེས་དང་ཕྲ་བར་འཇུག་པའི་ཡེ་ཤེས་ལ་ཞུགས་པའོ། །ཞེས་ཉི་ཁྲི་སྣང་བར་གསུངས། དེ་ཉིད་དུ་འགྱུར་བར་འདོད་པ་དང༌། དཔའ་ཆེན་པོ་བརྒྱ་བྱིན་དང༌། ཚངས་པ་ལ་སོགས་པ་འཁོར་མང་པོ་དང་ལྡན། དཔའ་ཆེན་པོ་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་ཕྱིར། སྦྱིན་བདག་ཐམས་ཅད། དཔའ་ཆེན་པོ་སྦྱིན་པའི་མི་མཐུན་ཕྱོགས་སེར་སྣ་དང་བྲལ་བའི་ཕྱིར། སྦྱིན་པ་ལ་ཐོགས་པ་མེད། དེ་ནས་ཕྲེང་བཅུ་གཅིག་ན། ཤའི་མིག་ནི་གཟུགས་སྐུའི་སྤྱན་ཏེ་དེ་ཡོངས་སུ་གྲུབ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པའི་ཡེ་ཤེས་ཐམས་ཅད་ནི། ལྷའི་མིག་སྟེ་དེ་ཡོངས་སུ་གྲུབ། ཤེས་རབ་ཀྱི་མིག་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་གྲུབ། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་དང༌། མོས་པ་སྣ་ཚོགས་དང་ཁམས་སྣ་ཚོགས་མཁྱེན་པ་ནི་ཆོས་ཀྱི་མིག་སྟེ་དེ་ཡོངས་སུ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་དགྲ་བཅོམ་པའི་ལམ་གྱིས་ཡེ་ཤེས་ནི་སངས་རྒྱས་ཀྱི་སྤྱན་བྱ་སྟེ། དེ་ཡོངས་སུ་བྱའོ། །དཔའ་ཆེན་པོ། མངོན་པར་ཤེས་པ་ཁྱད་པར་ཅན་ཐོབ་པས་ས་གོང་མ་ས་རྣམས་ཀྱང་མཁྱེན་པའི་ཕྱིར། ཤར་ཕྱོགས་དེ་ནས་ཤོག་གུ་ཕྱེད་དང་གསུམ་ལྷག་པ་ན། དྲན་པའི་གཟུངས་ཁྱད་པར་ཅན་ཐོབ་སྟེ། དེའི་སྟོབས་དང༌། ཞིང་ཡོངས་སུ་དག་པ་དང༌། མ་དག་པ་མང་པོ་མཐོང་བར་འདོད་པ་དང༌། དག་པའི་ཞིང་མང་པོ་ཡོངས་སུ། དེ་ནས་ཕྲེང་གསུམ་ན། དེ་དག་ཐམས་ཅད་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་ཐོས་པར་འདོད་པ་དང༌། ཐོས་ནས་ཀྱང་གཟུང་བར་འདོད། དེ་ནས་ཤོག་གུ་གཉིས་ཀྱི་རྗེས་སུ། བྱེ་མ་སྙེད་ཀྱི་བར་དག་ན་མུན་པ། དེ་ནས་ཤོག་གུ་ཕྱེད་གཉིས་ལྷག་ཙམ་ན། སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སེམས་ཅན་དེ་དག་ཐམས་ཅད་ཀྱིས། དེ་ནས་ཤོག་གུ་གཅིག་དང་ཡིག་ཕྲེང་བཅུའི་རྗེས་སུ་བདག་གི་མཐུས། སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་མིག་གིས་གཟུགས་མཐོང༌། དེ་ནས་ཤོག་གུ་གཉིས་དང་ཡིག་ཕྲེང་ལྔ་ན། མིའི་ལུས་ཐོབ་སྟེ། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་ལ་སོགས་པའི་འབྲས་བུ་ཕུན་སུམ་ཚོགས་པ་ལ་དགོད་པར་བྱ་སྙམ་སྟེ་བྱའོ། །དེ་ནས་ཕྲེང་བཞི་ན། ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་སྟོན་ཏོ། །འདི་མན་ཆད་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་སྟོན་ཏོ། །འདོད་པ་དང༌། ཞེས་བྱ་བ་ནི་སྐུའི་གསང་བ་ནི་ས་བཅུ་ཐོབ་པའི་སྤྱོད་ཡུལ་ཡིན་པས་དེ་སྐད་བཤད་དོ། །ཞེས་དབུ་མ་པ་གསུངས། དེ་བཞིན་གཤེགས་པའི་སྐུའི་འཕྲིན་ལས་ཡེ་ཤེས་སྔོན་དུ་འགྲོ་བ་དང༌། དེ་ནས་ཕྲེང་གཉིས་ན། གླང་པོ་ཆེན་པོའི་ལྟ་སྟངས་ཀྱིས། ཞེས་བྱ་བ་ནི་དམ་པ་རྣམས་ཀྱི་ལྟ་སྟངས་ཏེ། དེ་དག་ནི་སྟེང་ན་འདུག་པ་ལ་བཀྱེད་དེ་མི་ལྟ། འོག་ན་འདུག་པ་ལ་བཏུད་དེ་མི་ལྟ། གཡས་གཡོན་ན་འདུག་པ་ལ་མིག་བཟུར་ཏེ་མི་ལྟ། རྒྱབ་ན་འདུག་པ་ལ་མཇིང་པ་བསྒྱུར་ཏེ་མི་ལྟ། ཐག་རིང་པོ་ན་འདུག་པ་ན་བསྒྲིམས་ཏེ་མི་ལྟ། ཐག་ཉེ་བ་ན་འདུག་པ་ལ་བསྒྲིམ་པ་མེད་པར་ཡང་མི་ལྟའི། ཇི་ལྟར་འདུག་པའི་སྤྱོད་ལམ་དང༌། ཇི་ལྟར་ལྟ་བའི་མིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་དང་ཆོས་ཐམས་ཅད་ལ་ལྟ་བ་ནི་གླང་པོ་ཆེའི་ལྟ་སྟངས་ཞེས་འཆད་དོ། །ཞེས་དབུ་མ་པ་ཆེན་པོས་གསུངས་པས། ཚུལ་དེས་བལྟས་ཏེ་བསྒྱིངས་པར་འགྱུར། དེ་བཞིན་གཤེགས་པའི་མཐུ་དང༌། གཟི་བྱིན་གྱིས་བདུད་དང་ཕས་ཀྱི་རྒོལ་བ་ལ་སོགས་པ་སྐྱོང་ཞིང་ཟིལ་གྱིས་མནན་པའི་མཐུ་བསྟན་པའོ། །ཞེས་འབུམ་ཏིག་གསུང༌། ཇི་ལྟར་ན་བདག་གི་ཆོས་ལ་འགོད་པའི་དོན་ཡོད་རྣམ་པར་གནན་ནས་ཆོས་ལ་འགོད་པར་བྱ། མི་རིག་པ་སྐུའི་སྤྱོད་པ་སྐྱོན་མེད་པས་འགྲོ་བར་འགྱུར། དེ་ནས་ཤོག་གུ་གཅིག་དང་ཡིག་ཕྲེང་ཕྱེད་དང་བཅུ་ན། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་འདུག་པ་སྟེ། སྤྱོད་ལམ་གསུམ་གྱིས་བཞུགས་པ་དང༌། མྱ་ངན་ལས་འདའ་བ་ན། ཉལ་བའི་སྤྱོད་ལམ་གྱིས་བཞུགས་ཏེ། དུས་དེ་གཉིས་ཀས་ཐ་མལ་བས་འདེག་པར་མི་ནུས་པའི་ཕྱིར་ས་ཕྱོགས་ཏེ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བཞིན་བྱའོ། །དེ་ལྟར་སེམས་བསྐྱེད་མདོར་བསྟན་དང་རྒྱས་བཤད་ལ་རིམ་པ་ལྟར་མདོའི་དུམ་བུ་གཅིག་དང་སུམ་བརྒྱ་ལྔ་བཅུ་རྩ་གསུམ་མོ།། འདི་མན་ཆད་སངས་རྒྱས་ཀྱི་ཡོན་ཏན་ཆེ་བའི་བདག་ཉིད་སྒྲུབ་པའི་ཕྱིར། བརྩོན་པའི་ཕན་ཡོན་སྟོན་ཏེ། ཤྭ་ར་དྭ་ཏིའི་བུ། དེ་ནས་ཕྲེང་ཕྱེད་དང་བཅུ་བདུན་ན། བམ་པོ་ལྔ་པ། དེ་ནས་ཕྲེང་ལྔ་ན། ཡོངས་སུ་སྤྱད་དེ། ཞེས་བྱ་བ་ནི་ས་བརྒྱད་པ་ལ། བྱང་ཆུབ་སེམས་དཔའ་རྣམས་དགྲ་བཅོམ་པ་དང་འདྲ་བར་ཉོན་མོངས་པ་དང་ཤིན་ཏུ་བྲལ་བ་དེ་དག་ལ་ཉོན་མོངས་པ་ཀུན་ཏུ་འབྱུང་བ་ཤིན་ཏུ་ཕྲ་བ་ཡང་མེད་པ་ན། འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱོད་མི་སྲིད་མོད་ཀྱི། འོན་ཀྱང་བདག་ཅག་གིས་བྱང་ཆུབ་སེམས་དཔའ་ནི་བསྡུ་བའི་དངོས་པོ་ལ་མཁས་ཏེ། དོན་མཐུན་པས་སེམས་ཅན་རྣམས་བསྡུ་བའི་ཕྱིར། བུད་མེད་ཉི་ཁྲི་བཞི་སྟོང་རེ་རེ་ལས་ཡང་བདག་གི་ལུས་ཀྱང་དེ་སྙེད་དུ་སྤྲུལ་ཏེ། དེ་དག་ཐམས་ཅད་དགའ་བར་མཛད་དོ། །དེ་བས་ན་ས་མཚོ་མ་ལ་སོགས་པ་བུད་མེད་ཉི་ཁྲི་བཞི་སྟོང་དང༌། གར་མཁན་དགུ་སྟོང་དང༌། གར་མཁན་མོ་དགུ་སྟོང་དང༌། དེ་དག་གི་འཁོར་གཡོག་མང་པོ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་སྟོན་པ་རྣམས་དང༌། ལྷ་དང་ཚངས་པ་རྣམས་ཀྱི་ནང་ན་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་མཛད་པ་གང་ཡང་མེད་དོ། །དེ་བས་ན་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཉིད་ཀྱི་ཕྱིར། འདོད་པ་ལ་སྤྱོད་པ་བསྟན་ཏོ། །ཞེས་དབུ་མ་པ་གསུངས་ཤིང༌། འདི་ནི་རྗེས་སུ་འཕགས་པ་རྒྱ་ཆེར་རོལ་པའི་མདོ་ཡང་དྲངས་སོ། །ཆུང་མའི། དེ་ནས་ཕྲེང་ཕྱེད་དང་བཅུ་གསུམ་ན། སྡིག་ཏོའི་ལས་བྱེད་པར་འགྱུར་བ་ཡང་མེད་དོ། །དེ་ཡང་ས་གསེར་ཟླ་བ་མེ།། གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུ་བོའི་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་འདིའི་དོན་ནི་ཉི་ཁྲི་སྣང་བ་དང༌། སློབ་དཔོན་སེང་གེ་བཟང་པོ་དང༌། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ་རྣམས་ཀྱིས། ཉི་ཁྲི་ལེ་བརྒྱད་མ་ལ་སོ་སོར་སྦྱར་ཡང༌། སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་ཞབས་དང༌། འབུམ་ཏིག་དང༌། བཙུན་པ་གྲོལ་སྡེས་མ་སྦྱར་ཞིང༌། གཞུང་འདི་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ལ་ཇི་ལྟ་བ་བཞིན་སྦྱར་དུ་མི་རུང་བའི་ཕྱིར་དང༌། དབུ་མ་པ་ཆེན་པོ། སློབ་དཔོན་དབྱིག་གཉེན་ཞལ་སྔ་ནས། དཔེ་ཉི་ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། མི་ཟད་པ་ཉིད་འབྱུང་བ་དང་སྦྱར་བར་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང༌། སེམས་བསྐྱེད་ཉེར་གཉིས་དང༌། མི་ཟད་པ་བརྒྱད་ཅུ་དོན་གཅིག་ཏུ་སྦྱོར་དགོས་པའི་ཕྱིར། མདོ་དེ་དང་སྦྱོར་བ་ཉིད་རྒྱལ་བ་བྱམས་པ་དཔོན་སློབ་གྱི་དགོངས་པ་ཡིན་ནོ། །མི་ཟད་པ་དང༌། ཇི་ལྟར་སྦྱོར་ན། སེམས་བསྐྱེད་ཉེར་གཉིས་ཀྱི་དང་པོ་ནི་བྱང་ཆུབ་ཀྱི་སེམས་མི་ཟད། བྲལ་འབྲས་དང་སྨིན་འབྲས་གཉིས་སྐུ་ལ་ཕོར་དང་འབི་འབིའི་ཚུལ་དུ་འབྱུང་བ་གོང་མ་རྣམས་ལ་ཡང་རྒྱལ་ཆོས་བརྒྱད་ཅུའི་བར་ལ་འདྲི། གཉིས་པ་དང་གསུམ་པ་ནི་བསམ་པ་དང་སྦྱོར་བ་མི་ཟད་པ། བཞི་པ་ནི་ལྷག་པའི་བསམ་པ་མི་ཟད་པ། ལྔ་པ་ནས་བཅུ་པའི་བར་ནི་སྦྱིན་སོགས་ཕར་ཕྱིན་དྲུག་མི་ཟད་པ། བཅུ་གཅིག་པ་ནི་ཚངས་པའི་གནས་པ་བཞི་མི་ཟད་པ། བཅུ་གཉིས་པ་ནི་མངོན་ཤེས་དྲུག་མི་ཟད་པ། བཅུ་གསུམ་པ་ནི་བསྡུས་དངོས་བཞི་མི་ཟད་པ། བཅུ་བཞི་པ་ནི་སོ་སོ་ཡང་དག་པར་རིག་པ་བཞི་མི་ཟད་པ། བཅོ་ལྔ་པ་ནི་རྟོན་པ་བཞི་མི་ཟད་པ། བཅུ་དྲུག་པ་ནི་ཚོགས་གཉིས་མི་ཟད་པ། བཅུ་བདུན་པ་ནི་བྱང་ཆུབ་ཀྱི་ཆོས་སོ་བདུན་མི་ཟད་པ། བཅོ་བརྒྱད་པ་ནི་ཞི་གནས་དང་ལྷག་མཐོང་མི་ཟད་པ། བཅུ་དགུ་པ་ནི་གཟུངས་དང་སྤོབས་པ་མི་ཟད་པ། ཉི་ཤུ་པ་ནི་ཆོས་ཀྱི་སྡོམ་བཞི་མི་ཟད་པ། ཉེར་གཅིག་པ་ནི་བགྲོད་པ་གཅིག་པའི་འགོག་ལམ་གཉིས་མི་ཟད་པ། ཉེར་གཉིས་པ་ནི་ཐབས་མཁས་པའི་སྐུ་བཞི་མི་ཟད་པ་སྟེ། དེ་ལྟར་ན་གནས་ལུགས་ལ་ཇི་ལྟར་ཡོད་པ་བཞིན། རྒྱས་འགྱུར་ལ་འབྱུང་བར་ཤེས་པ་ནི་ཐུབ་པའི་བཀའ་ལ་མི་རྨོངས་འགྱུར། ཉེར་གཉིས་ཡིན་ཡང་བརྒྱ་ཅུ་དང༌། བརྒྱད་ཅུ་དོན་ཇི་ལྟ་བ་བཞིན་དུ་གཅིག་པའི་ཕྱིར་ཡིན་ཡང་ཉེར་གཉིས་སུ་འགྱུར་རོ། །རྣམ་མཁྱེན་གྱི་དོན་བཅུ་ལས། སེ༷མས་བསྐྱེ༷ད་པ༷་ད༷ང་། ཞེས་པའི་དོན་དང་པོ་གསུངས་ཟིན་ཏོ། །


previousད་ནི་རྒྱས་པར་བཤད་པ་མཛད་པ་ལ། next