Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
དེ་ལྟར་སེམས་བསྐྱེད་ནས་སྒྲུབ་པ་ཉམས་སུ་ལེན་པ་ལ་བཅུ་ལས་དང་པོ། སྒྲུབ་དང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདེ་ལྟར་སེམས་བསྐྱེད་ནས་སྒྲུབ་པ་ཉམས་སུ་ལེན་པ་ལ་བཅུ་ལས་དང་པོ། སྒྲུབ་དང་། next

དེ་ལྟར་སེམས་བསྐྱེད་ནས་སྒྲུབ་པ་ཉམས་སུ་ལེན་པ་ལ་བཅུ་ལས་དང་པོ། སྒྲུབ་དང་།

ཞེས་པ་སྒྲུབ་པའི་ངོ་བོ་ནི། དེ་སྐད་དེ་ནས་ཕྲེང་གཅིག་ན་སྤྱད་པར་བགྱི། ཞེས་བྱ་བ་དམིགས་པ་དང་བཅས་པ་དང་མཚན་མ་དང་བཅས་པ་ཞུས་སོ། །བཅོམ་ལྡན་འདས་ཀྱིས་དམིགས་པ་དང་བས་མཚན་མ་དེ་དག་བསལ་བའི་ཕྱིར་བཀའ་སྩལ་པ། དཔའ་ཆེན་པོ་ཤེས་རབ་ཀྱི་སྤྱོད་ཅིང་རྣལ་འབྱོར་དུ་བྱེད་པའི་ཚེ། ཅིར་ཡང་མི་རྟོག་ཅིང་མི་དམིགས་པ་དགོས་ཏེ། མདོ་སྡེའི་རྒྱན་དུ། རྒྱལ་བའི་སྲས་རྣམས་ཀྱིས་ནི་མེད་དང་ཡོད་པ་དང༌། །སྒྲོ་འདོགས་སྐུར་བའི་རྟོག་པ་གཅིག་ཉིད་དུ་མ་ཉིད། །རང་དང་ཁྱད་པར་རྟོག་དང་མིང་དོན་ཅི་བཞིན་དུ། །མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ། །ཞེས་རྣམ་རྟོག་བཅུ་སྤང་དགོས་པར་གསུངས་ཤིང༌། འཕགས་པ་ཐོགས་མེད་སྐུ་མཆེད་དང༌། འཕགས་པ་ཕྱོགས་གླང་གིས་ཀྱང་དེ་དང་མཐུན་པར་གསུངས་པ། བྱང་ཆུབ་སེམས་དཔའ་གྱུར་བཞིན་དུ། བྱང་ཆུབ་སེམས་དཔའ་སྙམ་དུ་ཡང་དག་པར་མི་དམིགས་ཤིང་རྗེས་སུ་མི་མཐོང་ངོ༌། །སའི་མིང་ཡང་ཀུན་བཏགས་པའི་བདག་ཉིད་ཀྱིས་ཡང་དག་པར་འཕགས་པ་ཕྱོགས་གླང་གིས་མེད་ཅེས་བྱ་ལ་སོགས་ཚིག་གིས་བརྟགས་པ་ཐམས་ཅད་འགོག་པ་སྟེ། ཞེས་བརྒྱ་སྟོང་དོན་བསྡུས་སུ་གསུངས་པ། ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཡང་དག་པར་མ་གཏོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུང་སྟེ། ལུང་འདིས་ཀྱང་ཤེར་ཕྱིན་མཚན་ཉིད་པ་འདུས་མ་བྱས་ཡོངས་གྲུབ་དགུ་ལ། སོགས་པ་དང་དོན་གཅིག་པ་བསྟན་པས་ཤེས་རབ་གང་ཡིན་འདུས་བྱས་སུ་འདོད་པ་བསལ་བ་ཡིན་ནོ། །མིང་ཡང་ཀུན་བཏགས་ཡིན་པས། ཆོས་ཐམས་ཅད་ལ་བྱ་བ་མེད་པ་སྤྱོད་ཅེས་བྱ། མི་སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌།། ཞེས་བྱ་བ་ནི་བྱ་བ་མེད་ཀྱང་ཆོས་ཀྱི་དབྱིངས་སྦྱང་བར་བྱ་བ་ཡོད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ལྟར་གང་ཟག་སྟོང་པ་ཉིད་བསྟན་ནས་ཆོས་བདག་མེད་པ་བསྟན་པའི་ཕྱིར། གཟུགས་ཀྱང་མི་དམིགས་ཤིང༌། ཡང་དག་པར་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བས་ན་ཕུང་པོ་ལྔའི་རྣམ་པ་ཡང་མེད་དོ། །སྤྱོད་པའི་རྣམ་པར་རྟོག་པས་དེ་ལྟར་དམིགས་སུ་མེད་པ་བསྟན་ནས། དེ་ཅིའི་ཕྱིར་ཞེ་ན། ཞེས་དྲི་བ་བྱས་ནས་གཏན་ཚིགས་སྟོན་ཏོ། །ད་ནི་འདི་ལྟར་སྐབས་འདིའི། བྱང་ཆུབ་སེམས་དཔའ་ཡང་ཀུན་བཏགས་ཡིན་པས། དེ་ཅིའི་ཕྱིར་ཞེ་ན། ཀུན་རྫོབ་དེའི་རང་བཞིན་རང་སྟོང་པ་དེ་ཡིན་ཏེ། འདི་ལྟར་རང་རང་ངོ་བོས་སྟོང་པ་ཉིད་ཀྱི། ཀུན་རྫོབ་ཀྱི་གཟུགས་གཞན་གྱིས་སྟོང་པ་མ་ཡིན། གུད་ན་ཡང་རང་རང་ངོ་བོས་སྟོང་པ་ཉིད། སྟོང་པ་ཉིད་ཀྱི་གཟུགས་སོ། །ཞེས་པ་འདིས་ཀུན་རྫོབ་ཀྱི་སྣང་སྟོང་དབྱེར་མེད་བསྟན་ཏེ། ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ནས་ཕྲེང་དྲུག་ན་མིང་ཙམ་མོ། །ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའ་ལ་སོགས་པའི་མིང་གིས་གོང་དུ་སྨོས་པ་རྣམས་ཀུན་རྫོབ་ཏུ་མིང་ཙམ་དུ་བརྗོད་དུ་ཟད་ཀྱི་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་བོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་འགའ་ཞིག་འདི་སྙམ་དུ་རྟོག་སྟེ། བྱང་ཆུབ་སེམས་དཔའ་དང་གཟུགས་ལ་སོགས་པ་དེ་དག་དེ་ལྟར་རང་བཞིན་གྱི་སྟོང་སྟེ་མེད་ན་རི་བོང་རྭ་བཞིན་དུ་བལྟར་མི་སྣང་བའི། རང་བཞིན་ན་གཟུགས་ལ་སོགས་པ་ནི་དེ་ལྟ་མ་ཡིན་ནོ། །སྙམ་པ་ལ་དེ་ཡང་འདི་སྒྱུ་མ་ལྟ་བུའོ། །ཞེས་བྱ་བ་ལ་སོགས་པས་སྒྱུ་མའི་དཔེས་བསྟན་ཏེ་སྒྱུ་མ་མཁན་གྱིས་རྟ་དང་གླང་པོ་ཆེ་ལ་སོགས་པ་སྒྱུ་མར་བྱས་པ་རྣམས་རྟ་དང༌། གླང་པོ་ཆེ་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཡང་རྟ་དང༌། གླང་པོ་ཆེ་ལ་སོགས་པའི་གཟུགས་སུ་སྣང་བ་མ་ཡིན་པ་དང་འདྲའོ།། ཞེས་བྱ་བའི་ཐ་ཚིག་གོ །ཞེས་འབུམ་ཏིག་གསུངས། སྒྱུ་མ་ནི་ཀུན་བཏགས་པ་ཡིན་པས་མིང་ཙམ་སྟེ། རྣམ་པར་ཤེས་པ་ལ་སོགས་པ་ལྟར་གཟུགས་མེད་པའི་མཚན་ཉིད་ཕྱོགས་ན། གཟུགས་ཅན་མ་ཡིན་པས་ཡུལ་ན་མ་ཡིན་པས་ན་མེད་དོ།། སྒྱུ་མ་མཐོང་བ་སྟེ་འཛིན་པའི་ཤེས་པ་ནི་ཡོད་པ། བདེན་པ་མ་ཡིན་པས་ལོག་པར་གྱུར་པ། དེ་ནས་ཕྲེང་གཅིག་ན། ཆེན་པོ་ནི། ཅིར་ཡང་མི་རྟོག་པས། ཆོས་དེ་ནས་ཕྲེང་ཕྱེད་ལྔ་ལྷག་ཙམ་ན། ཐ་སྙད་དུ་བརྗོད་དོ། །ཞེས་བྱ་བ་ལ་སོགས་པས་ཡང་དག་པར་རྗེས་སུ་མི་མཐོང་བའི་གཏན་ཚིགས་བསྟན་པ་སྟེ། ཆོས་རྣམས་ལ་སོ་སོའི་མིང་དང་མཚན་མར་བརྟགས་པས་རྣམ་པ་ཡང་དག་པར་ཡོད་པ་མ་ཡིན་པ་ལས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས། གློ་བུར་དུ་མིང་དང་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱི་དོན་དམ་པར་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་ཕྱེད་གསུམ་ན། ཡོངས་སུ་རྟོག་སྟེ། ཞེས་བྱ་བ་ལ་སོགས་པ་འདི་རྣམས་ཀྱིས་དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྟོགས་པ་སྤངས་དགོས་པར་བསྟན་ཏེ། བརྒྱད་སྟོང་དོན་བསྡུས་སུ། བདེན་དོན་རྣམ་རྟོག་སེལ་བ་ན། །ཤེས་རབ་ཕ་རོལ་ཏུ་ཕྱིན་པ་དང༌། །སངས་རྒྱས་དེ་བཞིན་བྱང་སེམས་དཔའ། །མིང་ཙམ་ཞེས་ནི་རབ་ཏུ་གསུངས། །འདི་ནི་སྒྲ་དོན་འགོག་པ་སྟེ། །དངོས་པོ་སེལ་བར་བྱེད་པ་མིན།། ཞེས་གསུངས། དེ་ནས་ཕྲེང་བཞི་སོང་བ་དང༌། དམིགས་སུ་མེད་དོ། །ཞེས་བྱ་བ་ལ་སོགས་པ་ནི། མུ་སྟེགས་ཅན་གྱིས་རྣམ་པ་སྣ་ཚོགས་སུ་བསྟན་པ་རྣམས་ཉན་ཐོས་གང་ཟག་ལ་བདག་མེད་པ་རྟོགས་པ་རྣམས་ཀྱིས་མེད་པར་ཁོང་དུ་ཆུད་པའི་དཔེས་བྱང་ཆུབ་སེམས་དཔའ་བྱང་ཆུབ་དང་སངས་རྒྱས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་རྗེས་སུ་མི་མཐོང་བ་བསྟན་ཏོ། །ཞེས་འབུམ་ཏིག་ གསུངས་ཏེ། མཉམ་གཞག་ཟབ་མོ་ལ་ཅིར་ཡང་མི་རྟོག་པའི་དོན་ཏོ། །དེ་ནས་ཤོག་གུ་གཅིག་སོང་བ་ན། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་པ་ལ་སོགས་པ་འདི་དག་ནི་ཡོད་པའི་རྟོག་པ་སེལ་ཏེ། བརྒྱད་སྟོང་དོན་བསྡུས་སུ། བདག་གིས་བྱང་ཆུབ་སེམས་དཔའ་ནི། །མ་མཐོང་ཞེས་སོགས་རྒྱས་རྣམས་ཀྱིས། །བཅོམ་ལྡན་དངོས་པོར་ཀུན་རྟོག་གི །འཁྲུལ་བ་འགོག་པར་མཛད་པ་ཡིན། །ཞེས་གསུངས་པ་དང་མཐུན་ནོ། །དེ་ནས་ཕྲེང་ཕྱེད་དང་བཞི་སོང་བ་ན། སེམས་དཔའ་ཆེན་པོ་ཁྱད་པར་འཕགས་ཏེ། སྟོང་པ་ཉིད་ཉེ་བར་བཟུང་བ། ཡིད་ཡེ་ཤེས་དེས་ཟིལ་གྱིས་གནོན་ཏོ། །དེ་ནས་ཕྲེང་གཅིག་ན། དེའི་འོག་ཏུ་དམིགས་པ་མེད་པའི་སྤྱོད་པ་འདི་ལ་བཞུགས་པའི་རྒྱལ་སྲས་ཀྱི་ཆེ་བའི་བདག་ཉིད་བསྟན་པ། ཤཱ་ར་དྭ་ཏིའི་བུ། འཕགས་པ་ཉན་ཐོས་ཀྱི་ནང་ན་དགེ་སློང་མོའུ་འགལ་གྱི་བུ་ལས། ཤེས་རབ་ཆེ་བ་མེད་པ་དེ་ལྟ་བུ་ཤ་སྟག །དེ་ནས་ཡིག་ཕྲེང་ཕྱེད་དྲུག་ན། ཤེས་རབ་ནི་དེ་ལྟ་མ་ཡིན་ནོ། །ཞེས་བྱ་བས་ད་ལྟར་ཤེས་རབ་ཁྱད་པར་ཅན་དུ་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ནི་བདག་གི་དོན་ལྷུར་ལེན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་ལྷུར་ལེན་པའི་ཕྱིར་ཁྱད་པར་བཞུགས་སོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་གཅིག་ན། མནན་ཅིང་གནས་ཏེ། ཞེས་བྱ་བ་ལ་སོགས་པས་དེ་བས་ཀྱང་ཤེས་རབ་ཁྱད་ཞུགས་པ་བསྟན་ཏོ། །དེ་བཞིན་དུ། ཤར་ཕྱོགས་ལ་སོགས་པ་ཀུན་ཏུ་སྦྱར་བར་བྱའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་བཞི་སོང་བ་ན། ཤཱ་ར་དྭ་ཏིའི་བུས། འཁོར་དེའི་ནང་ནས་ཁ་ཅིག་ཐེ་ཚོམ་དུ་གྱུར་པ་ཤེས་ནས་དེ་བསལ་བའི་ཕྱིར། དོན་དམ་པའི་ཚུལ་ལ་གནས་ཏེ། གསོལ་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། ཤེས་རབ་དེ་དག་ཐམས་ཅད་ཀྱང༌། གཅིག་པའི་བདག་ཉིད་ཡིན་པས་ཐ་མི་དད་པ་སྟེ། སྟོང་པ་རྣམ་པར་དག་པའི་ཕྱིར། དབེན་པས་འདུས་མ་བྱས་ཡིན་པས་རང་བཞིན་གྱིས་མ་བྱུང་བའི་ཡང་དག་པ་མ་ཡིན་པ་ཀུན་བཏགས་པའི་ངོ་བོ་དང་བྲལ་བས། ངོ་བོ་ཉིད་ཀྱིས། དེ་ནས་ཕྲེང་གཉིས་ནས། གནོན་པར་འགྱུར་བ་ཇི་ལྟར་རིགས་ལགས། ཞེས་ཞུས་པའི་ལན་དུ། འདས་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ། བཀའ་སྩལ་པ། དེ་ཅི་སྙམ་དུ་སེམས། ཞེས་བྱ་བ་ལ་སོགས་པས་ནི། བཅོམ་ལྡན་འདས་ཀྱིས། ངོ་བོ་ཉིད་ལ་བྱེ་བྲག་མེད་དུ་ཟིན་ཀྱང༌། སྔོན་གྱི་སྨོན་ལམ་གྱིས་མཐུས། རྒྱུ་ཐ་དད་པ་དང༌། འབྲས་བུ་ཐ་དད་དུ་ཡོད་དོ། །ཞེས་སྟོན་ཏོ། །རྒྱུ་ཡང་རྣམ་པ་གསུམ་སྟེ། བསམ་པ་དང༌། སྤྱོད་པ་དང༌། བྱ་བའོ། །འབྲས་བུ་ནི་གཉིས་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཞེས་དབུ་མ་པ་གསུངས། གཅིག་ཏུ་བསྒོམ་པ། སྤྱོད་པའི་ཁྱད་པར་བདག་གིས་ཕྱེད་བྱ་བའི་ཁྱད་པར་སེམས་ཅན་དོན་བྱས་ལ། མངོན་པར་རྫོགས་པར་བྱང་ཆུབ་པའི་འབྲས་བུས། ཆོས་ཐམས་ཅད་རྒྱས་པར་བྱ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བས། སེམས་ཅན་དོན་གང་གི་ཕྱིར། བསམ་པ་རྒྱ་ཆེན་པོ་ནས། སྟ་གོན་དུ། དེ་ནས་ཕྲེང་བཅུ་གཉིས་སོང་བ་ན། སེམས་དཔའ་མ་མཆིས་སོ། །ཞེས་བྱ་བས། ཉན་རང་ལ་བྱང་སེམས་ཀྱི་སྨོན་ལམ་དང༌། རྒྱུ་དང་འབྲས་བུའི་སྨོན་ལམ་མེད་པར་བསྟན་ནས། ད་ནི་བྱང་ཆུབ་སེམས་དཔའ་ལ་དེ་དག་ཡོད་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེ་ནས་ཕྲེང་ཕྱེད་དང་བཅུ་གསུམ་ན། མྱ་ངན་ལས་བཟླའོ། །ཞེས་དཔེ་གཉིས་དང་སྦྱར་ནས་བསམ་པ་དང༌། སྤྱོད་པ་རྒྱ་ཆེ་ཆུང་གི་ཁྱད་པར་གསལ་བར་བསྟན་ཏོ། །དེ་ནས་ཕྲེང་གཉིས་ན། དེ་སྐད་ཅེས་ཞུ་བ་གསུམ་གསོལ་པ་དང༌། དེ་ནས་ཕྲེང་གཅིག་ན། སེམས་དང་པོ་བསྐྱེད་པ། བསྐལ་པ་གྲངས་མེད་པ་དང་པོ་འདས་ཏེ། ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ནས། ཉེ་བར་བཟུང་ནས་ཆོས་རྟོགས་པ་ལ་གནས་ཏེ། དཔེའི་ས་བརྒྱད་པ་འཐོབ་བོ། །ཤཱ་ར་དྭ་ཏིའི་བུས་བྱང་སེམས་ཏེ་ཉན་རང་གི་ས་ལས་འདས་མ་ཐག་ཏུ་ཉན་རང་གི་མཆོད་གནས་སུ་འགྱུར་རམ། དུས་གཞན་ཞིག་ནས་འགྱུར་སྙམ་ནས་གསོལ་པ། དེ་ནས་ཕྲེང་གཅིག་ལྷག་ཙམ་ནས། སེམས་བསྐྱེད་པ་སྟེ་ས་དང་པོ་ཐོབ། ཕྱི་ཅང་?དེ་ནས་ཡང་ཕྲེང་གཅིག་ལྷག་པ་ནས། ཆེན་པོ་ཡོད་པས། ཟག་བཅས་ཟག་མེད་ཀྱི་དགེ་བའི་ཆོས་ཐམས་ཅད་དང༌། ཟག་བཅས་ཀྱི་དགེ་བའི་རྣམ་སྨིན་དང༌། ཟག་མེད་ཀྱི་དགེ་བའི་རྣམ་སྨིན་ཏེ་ཆོས་གསུམ། འཇིག་རྟེན་དེ་ནས་ཤོག་གུ་གཅིག་དང་ཕྲེང་གསུམ་ཅུང་མེད་ན། བཅོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཞེས་པའི་བར་གྱིས་ཟག་བཅས་ཟག་མེད་ཀྱི་ཆོས་ཐམས་ཅད་འབྱུང་བ་བསྟན་ཏོ། །དེ་ནས་ཕྲེང་ཕྱེད་དགུ་སོང་བ་ན། འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན། ཞེས་བྱ་བའི་བར་གྱིས་ཟག་པ་དང་བཅས་པའི་དགེ་བའི་རྣམ་སྨིན་བསྟན་ཏོ། །དེ་ནས་ཕྲེང་གཉིས་ན་ཡོད་པ་ཡིན་ནོ།། ཞེས་བྱ་བས་ནི་ཟག་པ་མེད་པའི་དགེ་བའི་རྣམ་པར་སྨིན་པ་བསྟན་ཏོ། །གསོལ་པ་ལགས་སམ། ཞེས་པས་སྦྱིན་གནས་སུ་གྱུར་པ་དེ་དག་ལ་མཆོད་ཅིང་ཕུལ་ནས་འབྲས་བུ་ཆེན་པོར་འགྱུར། མི་འགྱུར་ཞེས་ཞུས་པའོ། །ཡོངས་སུ་གཏོང་སྟེ། ཞེས་བྱ་བས་ནི་གང་དེ་ལ་སྦྱིན་པ་བྱེད་པ་དེ་དག་འབྲས་བུ་ཆེན་པོར་གྱུར་པ་དང༌། རྣམ་པར་དག་པར་འགྱུར་བ་ལ་སྦྱིན་པས་ཡོངས་སུ་སྦྱོང་བ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། སྦྱིན་པ་བྱིན་པ་ཀུན་ཀྱང་ཤིན་ཏུ་རྣམ་པར་དག་པ་སྟེ། སྦྱིན་པ་པོ་ཡིན་པའི་ཕྱིར་རོ། །གང་སྦྱིན་པ་པོ་ཡིན་ན། ཆེན་པོ་ནི་དེ་ལ་སྦྱིན་པ་བྱིན་ན། ཚེ་རབས་ཕྱི་མ་ལ་སྦྱིན་པའི་འབྲས་བུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་རྣམ་པ་དུ་མ་འཐོབ་པར་འགྱུར་བའི་ཕྱིར། སྦྱིན་པ་ཡོངས་སུ་གཏོང་བ་པོ་ཡིན་ཏེ། གཏོང་སྟེ་གང་ཞེ་ན། དེ་ནས་ཕྲེང་དགུ་ན། བཅོ་བརྒྱད་ཀྱི་སྦྱིན་པ་ཡོངས་སུ་གཏོང༌། དེ་རྣམས་ཀྱིས་ནི་ཅིར་ཡང་མི་རྟོག་པའི་ཤེར་ཕྱིན། ཟབ་མོའི་སྒྲུབ་པ་རང་གི་ངོ་བོ་ཕན་ཡོན་དང་བཅས་པ་གསུངས་ཟིན་ཏོ། །


previousདེ་ལྟར་སེམས་བསྐྱེད་ནས་སྒྲུབ་པ་ཉམས་སུ་ལེན་པ་ལ་བཅུ་ལས་དང་པོ། སྒྲུབ་དང་། next