Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
གཉིས་པ་ཀུན་འབྱུང་བ་ལ་གདམས་པ་ནི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཉིས་པ་ཀུན་འབྱུང་བ་ལ་གདམས་པ་ནི། next

གཉིས་པ་ཀུན་འབྱུང་བ་ལ་གདམས་པ་ནི།

གཟུགས་ཀུན་འབྱུང་བ་ཞེས་ཉི་ཁྲི་སྣང་བར་གསུངས། དེ་སྐྱེ་བའི་ཆོས་མི་མཐོང་ངོ༌། །ཇི་སྐད་དུ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་ལས་མིན། །དངོས་པོ་གང་དག་གང་ནས་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་བཤད་པ་ལྟ་བུའོ། །ཞེས་དང༌། དངོས་པོ་ཀུན་གྱི་སྐྱེ་བ་གང༌། །མི་འཐད་པ་ནི་གང་ཡིན་པ། །དེ་ཉིད་དངོས་པོ་ཐམས་ཅད་ཀྱི། །འགག་པ་འཐད་པ་མ་ཡིན་ནོ། །ཡོད་པ་དང་ནི་མེད་པ་གཉིས། །གཅིག་ལས་འཐད་པ་མ་ཡིན་ནོ། །ཡོད་པ་མིན་པའི་དངོས་པོ་ལས་ འང༌། །འགག་པ་འཐད་པ་མ་ཡིན་ཏེ། །ཇི་ལྟར་མགོ་ལ་ལན་གཉིས་སུ། །གཅད་དུ་མེད་པ་དེ་བཞིན་ནོ། །ཞེས་ཀྱང་བཤད་དོ། །དེ་བས་ན་སྐྱེ་བ་སྐྱེས་ཞེས་བྱ་བ་དང་འགག་པ་ཞེས་བྱ་བ་ནི་ཀུན་བཏགས་པ་ཡིན་ཏེ། ཐ་སྙད་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །ཞེས་དབུ་མ་ཆེན་པོ་ཀུན་མཁྱེན་གཉིས་པ་གསུངས་ཏེ། འདིས་ནི་སློབ་དཔོན་འདིས་འཕགས་པ་ཀླུ་སྒྲུབ་ཀྱི་ལུང་གསལ་པོར་དྲངས་ནས་བཤད་པ་མཛད་པའི་ཕྱིར་རོ། །ཁ་ཅིག །སློབ་དཔོན་འདི་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང༌། གྲུབ་མཐའ་འགལ་བ་སྨྲ་བ་ཡིན་པར་འདོད་པའི་ལོག་རྟོག་བསལ་བ་ཡིན་ནོ། །དེ་ནས་ཕྲེང་ལྔ་ན་མི་མཐོང་ངོ༌། །ཞེས་བྱ་བས་གཟུགས་ལ་སོགས་པ་ངོ་བོ་ཉིད་མེད་པའི་ཚུལ་བསྟན་ཏོ། །གཟུགས་ནི་ཚོར་བ་དང་ལྷན་ཅིག་འདུ་ཞིང༌། ཀུན་གཟུགས་དང་ལྷན་ཅིག །འདུ་ཞིང་ཀུན་ཏུ་དེ་ནས་ཕྲེང་བཞི་ཅུང་མེད་ན། རྣམ་པར་འགྲོ་བ་མེད་དོ། །ནམ་མཁའ་ནམ་མཁའ་དང་འདུ་བ་མེད་པ་ལྟར་འདུ་བ་མེད་དོ།། རྣམ་པར་འདུ་བ་མེད་དོ། །ཞེས་བྱ་བས་འདུས་པ་ལ་ཕུང་པོའི་མཚན་ཉིད་མེད་པར་བསྟན་ཏོ། །ཡིན་པས་ཆོས་ཉིད་ཀྱི་གཟུགས་དེ་ནི་ཀུན་རྫོབ་ཀྱི་གཟུགས་མ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པས་གཟུགས་ལ་སོགས་པས་དེ་དག་གི་རང་གི་མཚན་ཉིད་སེལ་ཏོ། །དེ་ལྟར་སྟོང་པ་ཉིད་ལ་བརྩོན་པར་བྱས་ནས་གཟུགས་ལ་སོགས་པ་ཀུན་བཏགས་པ་རྣམས་གཟུགས་པའི་བདག་ཉིད་དུ་མི་སྣང་གི །དེ་དག་སྟོང་པ་ཉིད་ཀྱི་བདག་ཉིད་དུ་སྣང་སྟེ། དེའི་ཚེ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས་གང་ཡིན་པ། ཆོས་ཉིད་ཀྱི་གཟུགས་ཏེ་ཐོགས་པར་བྱེད་པ་ཀུན་རྫོབ་ཀྱི་གཟུགས་སུ་མེད་དོ། །དེ་བཞིན་དུ། ཕྱི་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཕྲེང་གསུམ་སོང་བ་ན། ཤཱ་ར་དྭ་དིའི་བུ། གཟུགས་ལ་སོགས་པའི་སྒྲ་ནི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ལ་བྱ་སྟེ། དེ་བས་ན་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་ཐ་དད་པ་མེད་ཅེས་དབུ་མ་པ་གསུངས་པས། འདིར་ཡོངས་གྲུབ་ཀྱི་གཟུགས་ཀྱང་དོན་དམ་པ་སྟོང་པ་ཉིད། དོན་དམ་པ་སྟོང་པ་ཉིད་ཡོངས་གྲུབ་ཀྱི་གཟུགས། དེ་བས་ན་ཐམས་ཅད་དུ་གཟུགས་ལ་སོགས་པའི་སྒྲ་ནི་སྟོང་པ་ཉིད་ལ་བྱ་སྟེ། སྟོང་པ་ཉིད་ཀྱི་སྒྲ་ཡང་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ལ་བྱའོ། །ཞེས་དབུ་མ་པ་གསུངས་པས་ཡོངས་གྲུབ་ཀྱི་གཟུགས་ཉིད་ཀྱང༌། དོན་དམ་པ་སྟོང་པ་ཉིད་ལ་དོན་དམ་པ་སྟོང་པ་ཉིད་ཀྱང༌། ཡོངས་གྲུབ་ཀྱི་གཟུགས་སོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཕྲེང་བཞི་ལྷག་ཙམ་ན། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །འདི་རྣམས་ཀྱིས་ནི་དོན་དམ་གྱི་སྟོང་པ་ཉིད་སྣང་སྟོང་དབྱེར་མེད་ཟུང་འཇུག་ཏུ་བསྟན་པ་སྟེ། བདེན་པ་གཉིས་ལ་བདེན་ལུགས་གཉིས་དང༌། སྟོང་ལུགས་གཉིས་དང༌། སྣང་ལུགས་གཉིས་ལ་སོགས་པ་རྫོགས་ལྡན་གྱི་ཆོས་ལ་གོམས་ཤིང༌། འདྲིས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། གསུམ་ལྡན་མན་ཆད་ཀྱི་ཆོས་ཙམ་ལ་མཆོག་ཏུ་ལྟ་བ་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ། །


previousགཉིས་པ་ཀུན་འབྱུང་བ་ལ་གདམས་པ་ནི། next