Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
བཞི་པ་ལམ་བདེན་པ་ལ་གདམས་པ་ནི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཞི་པ་ལམ་བདེན་པ་ལ་གདམས་པ་ནི། next

བཞི་པ་ལམ་བདེན་པ་ལ་གདམས་པ་ནི།

ཤཱ་ར་དྭ་ཏིའི་བུ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། མི་མཐོང་ངོ༌། །ཞེས་བྱ་བ་ནི་བདག་ལ་བྱེད་པ་པོ་ལ་སོགས་པར་རྣམ་པར་རྟོག་པ་མེད་པའི་ཕྱིར་དང༌། ངར་འཛིན་པ་མི་འཇུག་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་ལྔ་ན། ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ།། ཞེས་བྱ་བས་བདག་ལ་བརྩོན་པ་དང་མི་བརྩོན་ཞེས་བྱ་བའི་རྟོག་པ་ཡོངས་སུ་སྤང་བར་བསྟན་ཏོ། །མི་འབྱེད་དེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པ་ན་གལ་ཏེ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་གཞན་ཡོད་དོ་སྙམ་དུ་སྒོམ་ན་ནི་དེའི་ཚེ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དང༌། སྟོང་པ་ཉིད་སྦྱོར་བར་འགྱུར་ན། འདི་ལྟར་ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་དེ། སྟོང་པ་ཉིད་ཀྱི་རྣམ་པར་ཡང་རྣམ་པ་མེད་པར་བསྒོམ་སྟེ། དེའི་ཕྱིར་སྟོང་པ་ཉིད་དང༌། སྟོང་པ་ཉིད་དུ་སྦྱོར་བར་མི་བྱེད་ཅེས་བྱའོ།། ཞེས་དབུ་མ་པ་གསུངས། སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །ཞེས་བྱ་བ་ལ་སྟོང་པ་ཉིད་རྣལ་འབྱོར་ནི་སྟོང་པ་ཉིད་ཏིང་ངེ་འཛིན་ཏོ། །སྟོང་པ་ཉིད་ཀྱི་རྣལ་འབྱོར་དེ་ཡང་སྟོང་པ་ཉིད་ཀྱི་རྣལ་འབྱོར་གྱི་ངོ་བོ་ཉིད་གཞན་དང་མི་སྦྱོར་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་མཚན་མ་མེད་པའི་ཆོས་གཞན་དུ་རྣམ་པར་རྟོག་པ་མེད་པ་དང༌། སྨོན་པ་མེད་པའི་ཆོས་གཞན་དུ་རྣམ་པར་རྟོག་པ་མེད་པའི་ཕྱིར་ཞེས་བྱ་བ་དང་ཡང་སྦྱར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གསུམ་ཙམ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཞེས་པ་འདིས་ནི་ལམ་གྱི་བདེན་པ་རྣམ་པར་མི་རྟོག་པ་ཉིད་ཡིན་པར་གསལ་བར་བསྟན་ཏོ། །ཞེས་ཉི་ཁྲི་སྣང་བ་གསུངས་ལ། འདིས་རྣམ་པར་ཐར་པའི་སྒོ་རྣམས་ལ་བརྩོན་པ་དང༌། མི་བརྩོན་པའི་རྟོག་པ་སྤང་བར་བསྟན་ཏོ། །དེ་ནས་ཕྲེང་ཅིག་ན། གཟུགས་མི་སྦྱོར་མི་འབྱེད་དོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་གཟུགས་སུ་ཡོད་པ་ལ་སོགས་པའི་མཚན་ཉིད་རྣམས་ལ་མཐོང་བས་མི་སྦྱོར་རོ། །ཆོས་ཉིད་ཀྱི་བདག་ཉིད་དུ་བསྒོམ་པར་བྱ་བ་ཡིན་པས་མི་འབྱེད་དོ། །ཞེས་དབུ་མ་པ་གསུངས། དེ་བཞིན་དུ་སྦྱར་ཏེ། རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དོ། །ཞེས་བྱ་བས་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ལ་བརྩོན་པ་དང་མི་བརྩོན་པའི་རྟོག་པ་སྤང་བར་བསྟན་ཏོ། །དེའི་གཏན་ཚིགས་ནི་འདི་ལྟར་མཐོང་ངོ༌། །སྔོན་གྱི་མཐའ་ལ་སོགས་པ་དུས་གསུམ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན་ཇི་ལྟར་སྦྱར་བར་བྱ། ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་བཅུ་གཅིག་གི་རྗེས་སུ། བམ་པོ་བདུན་པ། ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཞེས་བྱ་བས་ཆོས་རྣམས་མཐའ་དང་སྦྱོར་བའི་རྟོག་པ་ཡོངས་སུ་སྤང་བར་བསྟན་ཏོ། །ཤཱ་ར་དྭ་ཏིའི་བུ། དུས་གསུམ་མཉམ་པ་ཉིད་དུ་མཐོང་བ་ལ་དུས་ཐ་དད་པ་མེད་དོ། །དུས་ཀྱི་བདག་ཉིད་ཐམས་ཅད་དུ་མི་དམིགས་པས། དུས་གསུམ་མཉམ་པ་ཉིད། དེ་ནས་ཕྲེང་གཉིས་ནས། མི་འབྱེད་དོ། །ཞེས་བྱ་བ་ནི་སྔོན་གྱི་མཐའི་ལས་རྣམ་པར་སྨིན་པ་ཕྱི་མའི་མཐའ་འདི་འདྲ་བ་མྱོང་ངོ༌། །ཞེས་ལས་དང་འབྲས་བུ་དམིགས་པའི་ཚུལ་གྱིས་སྤྱོད་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐར་སྦྱོར་བ་དང་ཕྱི་མའི་མཐའ་དང་ཡང་སྔོན་གྱི་མཐའ་སྦྱོར་རོ་ཞེས་བྱའོ། །སྔོན་གྱི་མཐའི་ལས་དེའི་རྣམ་པར་སྨིན་པ་ནི། ད་ལྟར་བྱུང་བ་ན་འདི་ཡིན་ནོ། །ཞེས་རྣམ་པར་རྟོག་པ་ལ་སྤྱོད་ན། སྔོན་གྱི་མཐའ་དང་ད་ལྟར་བྱུང་བར་སྦྱོར་བ་དང༌། ད་ལྟར་བྱུང་བ་དང་ཡང་སྔོན་གྱི་མཐར་སྦྱོར་ཞེས་བྱའོ། །ད་ལྟར་བྱུང་བ་ན་ལས་བྱས་པའི་ཕྱི་མའི་མཐར་རྣམ་པར་སྨིན་པར་འགྱུར་རོ། །ཞེས་སྤྱོད་ན་ད་ལྟར་བྱུང་བ་དང་ཕྱི་མའི་མཐར་སྦྱོར་བ་དང༌། ཕྱི་མའི་མཐའ་དང་ད་ལྟར་བྱུང་བར་སྦྱོར་རོ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཅིག་ལྷག་པ་ན། བརྩོན་ཞེས་བྱའོ། །ཞེས་བྱ་བས་མཐའ་རྣམས་གཅིག་ལ་གཅིག་སྦྱོར་བ་ཡོངས་སུ་སྤང་བར་བསྟན་ཏོ། །ཤཱ་ར་དྭ་ཏིའི་བུ། དེ་ནས་ཕྲེང་ལྔ་ནས་བརྩོན་ཞེས་བྱའོ། །


previousབཞི་པ་ལམ་བདེན་པ་ལ་གདམས་པ་ནི། next