Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
བཞི་པ། མ་ཞེན་པ་ལ་གདམས་པ་ནི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཞི་པ། མ་ཞེན་པ་ལ་གདམས་པ་ནི། next

བཞི་པ། མ་ཞེན་པ་ལ་གདམས་པ་ནི།

དེ་སྐད་ཅེས་ཤཱ་ར་དྭ་ཏིའི་བུས། གསུང་དེ་ཉིད་བཟུང་སྟེ། དེ་ནས་ཕྲེང་གསུམ་ལྷག་ཙམ་ན། བརྩམ་སྙམ་དུ་དམིགས་ཤིང་ལྟ་ན་དེ་ནི་ཡིད་ཀྱི་སྡིག་པ་མི་དགེ་བ་མ་ཡིན་ཡང༌། ལས་རྩོམ་པ་བཅས་པའོ། །དེ་དག་ཉིད་ལུས་དང་ངག་དང༌། ཡིད་ཀྱི་གནས་ངན་ལེན་ཏོ། །ཞེས་དབུ་མ་པ་གསུངས། གང་གིས་ན་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་འཇུངས་པ་སེར་སྣའི་སེམས། དེ་ནས་ཕྲེང་གཅིག་ན། བྱ་བ་དེ་ལྟ་བུ་འབྱུང་བའི་ལུས་མི་དམིགས་སོ། །དེ་ནས་ཕྲེང་ཕྱེད་དང་གཉིས་ན། དེ་ནི་གནས་མེད་དོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མ་ལུས་དང༌། ངག་དང༌། ཡིད་གསུམ་གྱི་སྒོ་ནས་དམིགས་པ་དང་བཅས་པའི་སྐྱོན་དེ་ལྟ་བུ་འབྱུང་མི་སྲིད་དོ། །ཞེས་བྱ་བའི་དོན་ཏེ། གནས་ངན་ལེན་ཞེས་བྱ་བ་དང༌། ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་འཕྱས་སུ་འགྱུར་པའམ། སྐྱོན་དུ་འགྱུར་བའི་རྣམ་གྲངས་སུ་རིག་པར་བྱའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་གཅིག་ན། ལུས་ཀྱི་གནས་ངན་ལེན། མི་སྐྱེད་ཀྱི་དག་པར་བྱེད་ཅིང་ཡོངས་སུ་སྦྱོང་ངོ༌། །དེ་ནས་ཕྲེང་ཕྱེད་བཞི་ན། སྒོ་གསུམ་མི་དམིགས་པ་དེ་ཉིད་བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་གཉིས་ན། སྒོ་གསུམ་གནས་ངན་ལེན་སྦྱོང་ཚུལ་གཞན་ཡང༌། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་ན། ལེན་ཡོངས་སུ་སྦྱོང་ཞིང༌། དག་པ་ཞེས་ངས་བཤད་དོ། །དེ་ནས་ཕྲེང་གཉིས་ལྷག་ན། ཕར་ཕྱིན་དྲུག་མ་གཏོགས་པར་བྱང་ཆུབ་ཀྱི་ལམ་གང་ཞིག་ཡོད་སྙམ་ནས། གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ལ་སོགས་པས་མི་དམིགས་པའི་རྣལ་འབྱོར་བྱང་ཆུབ་ཀྱི་ལམ་ཡིན་པར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ལྷག་པ་ན། གྱུར་པ་དེ་ནི་བྱང་ཆུབ་ཐོབ་པའི་རྒྱུ་ཡིན་པས། དེ་ནས་ཕྲེང་ཅིག་ལྷག་པ་ན། སེམས་དཔའ་ཆེན་པོ། མི་དམིགས་པའི་ལམ་དེ་ལྟ་དེ་དག་ནི། བདུད་དང་བར་དུ་གཅོད་པ་སུས་ཀྱང་ཐུབ་པ་མེད་དོ། །


previousབཞི་པ། མ་ཞེན་པ་ལ་གདམས་པ་ནི། next