Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
བདུན་པ། སྤྱན་ལྔ་དང་ནི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུན་པ། སྤྱན་ལྔ་དང་ནི། next

བདུན་པ། སྤྱན་ལྔ་དང་ནི།

ཞེས་པ་སྤྱན་ལྔ་ལ་གདམས་པ་ནི། ཤཱ་ར་དྭ་ཏིའི་བུ། དེ་ནས་ཕྲེང་གཅིག་ན། ཐམས་ཅད་ལ་འཇུག་པའི་ཤེས་པ་ནི། ཤའི་མིག་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ཐམས་ཅད་ཤེས་པ་ནི་ལྷའི་མིག་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་མིག་དང༌། གནས་དང༌། གནས་མིན་མཁྱེན་པ་མ་གཏོགས་པའི་ཤེས་པ་རྒུ་ནི་ཆོས་ཀྱི་མིག་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི། སངས་རྒྱས་ཀྱི་མིག་གོ །དེ་ལྟར་སྤྱིར་བསྟན་ནས་བྱེ་བྲག་ཏུ་བཤད་ན་ལྔའི། དང་པོ་ཤའི་སྤྱན་ནི། གསོལ་བས་མཐོ་དམན་དང༌། ཡོན་ཏན་ཆེ་ཆུང་གི་དབང་གིས། བྱང་ཆུབ་སེམས། ཆེན་པོ་ལ་ལའི་ཤའི་མིག །དཔའ་ཆེན་པོ་ལ་ལའི་ཤའི་མིག །གཉིས་པ་ལྷའི་སྤྱན་ནི། གསོལ་པ། དེ་ནས་ཤོག་གི་གསུམ་ལ་ཕྲེང་ཕྱེད་དང་གཉིས་ཆད་པ་ན། བམ་པོ་བཅུ་གཉིས་པ། གསུམ་པ་ཤེས་རབ་ཀྱི་སྤྱན་ནི། གསོལ་པ། དེ་ནས་ཕྲེང་བཞི་ན། བཞི་པ་ཆོས་ཀྱི་སྤྱན་ནི། གསོལ་པ། དེ་ནས་ཕྲེང་བཞི་ལྷག་པ་ན། འདི་ནི་དབང་པོ་རྟུལ་བོ། དད་པའི་རྗེས་སུ། འདི་ནི་དབང་པོ་རྣོན་པོ། ཆོས་ཀྱི་རྗེས་སུ་འབྲང༌། དེ་ནས་ཕྲེང་གཉིས་ཅུང་མེད་ན། མཐོང་བས། ཕུང་པོ་ལྔ། འཇིག་པའི་རང་བཞིན་ཚོགས་པ་རྟག་པ་གཅིག་པུར་ལྟ་བ་དང༌། བདེན་པ་ལ་ཡིད་གཉིས་ཟ་བའི་ཐེ་ཙོམ་དང༌། ཚུལ་ཁྲིམས་བསྲུངས་པ་དང༌། བརྟུལ་ཞུགས་ཀྱི་དཀའ་བ་ཉམས་སུ་བླངས་པ་ཙམ་གྱིས་མྱ་ངན་འདས་ཐོབ་པར་བསྙེངས་པའི། འདོད་པའི་ཁམས་ཀྱིས་འདོད་ཆགས་དང༌། ཞེ་སྡང་གིས་སེམས་ཅན་གཞན་ལ་གནོད་པ་སེམས་པའི་ངན་སེམས་རབ་ཏུ། དེ་ནས་ཕྲེང་གཅིག་ལྷག་ན། གཟུགས་ཀྱི་ཁམས་ཀྱིས་འདོད་ཆགས་དང༌། གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང༌། ཁམས་གསུམ་གྱི་ཉོན་མོངས་པ་དང་བྲལ་བའི་གང་ཟག་འདི་ནི་དགྲ་བཅོམ་པའོ། །ཞེས་བྱ་བས་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་ལ་གནས་ནས་འབྲས་བུ་ཐོབ་པ་བསྟན་ཏོ། །དེ་ནས་ཕྲེང་ཕྱེད་དང་དྲུག་ཅུང་མེད་ན། དགྲ་བཅོམ་པའོ། །ཞེས་བྱ་བས་མཚན་མ་མེད་པ་ལ་གནས་ནས་འབྲས་བུ་ཐོབ་པ་བསྟན་ཏོ། །དེ་ནས་ཕྲེང་ཕྱེད་དྲུག་ན། རབ་ཏུ་ཤེས། ཞེས་བྱ་བས་སྨོན་པ་མེད་པ་ལ་གནས་ནས་འབྲས་བུ་ཐོབ་པ་བསྟན་ཏེ། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། ཀུན་འབྱུང་བ་སྟེ་སྐྱེ་བའི་ཆོས་ཅན་ཡོངས་སུ་དག་པའོ། །ཞེས་བྱ་བ་མོས་སྤྱོད་ཀྱི་ས་ལ་གནས་པའི་ཡོན་ཏན་ཤེས་པ་ཡང་ཆོས་ཀྱི་མིག་ཏུ་བསྟན་ཏོ། །དེ་ནས་ཕྲེང་དགུ་ན། མིག་ཡོངས་སུ་དག་པའོ། །ཞེས་བྱ་བས་ས་དང་པོའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཡོན་ཏན་ཤེས་པ་ཡང་ཆོས་ཀྱི་མིག་ཏུ་བསྟན་ཏོ། །དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཅིག་ཆད་པ་ན། ཡོངས་སུ་དག་པ་ཡིན་ནོ། །ཞེས་བྱ་བས་ས་གཉིས་པ་ཡན་ཆད་ཀྱི་རྒྱལ་སྲས་རྣམས་ཀྱིས་རང་བཞིན་དང༌། སྤྱོད་པ་དང༌། ཡོན་ཏན་ཤེས་པ་ལ་ཆོས་ཀྱི་མིག་ཏུ་བསྟན་ཏོ། །ལྔ་པ་སངས་རྒྱས་ཀྱི་སྤྱན་ནི། གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་ལྔ་ན། མིག་ཡོངས་སུ་དག་པའོ། །སྔར་སྤྱན་ལྔ་བསྟན་པ་ནི་དེ་བཞིན་གཤེགས་པའི་སྐབས་ཡིན་ལ་འདིར་བྱང་ཆུབ་སེམས་དཔའི་སྐབས་ཡིན་པས་ལན་གཉིས་ཟློས་པའི་ཉེས་པ་མེད་དོ། །དེ་ནས་ཕྲེང་གསུམ་ཙམ་ན། ཡང་དག་པར་སྨ་བས་བདེན་པར་བརྗོད་དེ། དེ་ནས་ཕྲེང་གཅིག་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའི་སྤྱན་ལྔ་པོ་ཐོབ་པ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པས་ཐོབ་བོ། །ཞེས་བསྟན། ཞེས་འབུམ་ཏིག་གསུངས།


previousབདུན་པ། སྤྱན་ལྔ་དང་ནི། next