Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
བརྒྱད་པ། མངོན་ཤེས་ཀྱི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྒྱད་པ། མངོན་ཤེས་ཀྱི། next

བརྒྱད་པ། མངོན་ཤེས་ཀྱི།

།ཡོན་ཏན་དྲུག་དང་། ཞེས་པ་མངོན་ཤེས་དྲུག་ལ་གདམས་པ་ནི། ཤཱ་ར་དྭ་ཏིའི་བུ། དེ་ཡང་དྲུག་ལས་དང་པོ་རྫུ་འཕྲུལ་གྱི་མངོན་ཤེས་ནས་ནི་དེ་རྫུ་འཕྲུལ་པར། དེ་ནས་ཕྲེང་ཕྱེད་བརྒྱད་ན། གཉིས་ལྷའི་རྣ་བའི་མངོན་ཤེས་ནི། དེ་ལྷའི་རྣ་བའི། དེ་ནས་ཕྲེང་གསུམ་ན། གསུམ་པ་གཞན་གྱི་སེམས་ཤེས་པའི་མངོན་ཤེས་ནས་ནི། དེས་སེམས་ཅན། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ན། བཞི་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ནས་ནི། དེ་ནི་སྔོན་གྱི་གནས། དེ་ནས་ཕྲེང་བཅུ་ན། ལྔ་པ་ལྷའི་སྤྱན་གྱི་མངོན་ཤེས་ནས་ནི། དེ་ནི་ལྷའི་མིག་དེ་ནས་ཕྲེང་དགུ་ན། དྲུག་པ་ཟག་པ་ཟད་ཀྱི་མངོན་ཤེས་ནི། དེ་ནི་ཟག་པ། དེ་ནས་ཕྲེང་གསུམ་ལྷག་ན། རང་བཞིན་སྟོང་པ། དངོས་པོ་མེད་པའི་ངོ་བོ་ཉིད་དང་དབེན་པ། ཤིན་ཏུ་ཡོངས་སུ་དག་པ་དང༌། མ་སྐྱེས་པ། འདུས་མ་བྱས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་ནས་ཕྲེང་བཞི་ཅུང་མེད་ན། འཕེལ་ལོ། །སྐབས་འདི་དང་སྔར་མངོན་ཤེས་བཟླས་ཏེ། གསུངས་པ་ཡང་སྤྱན་ལྔ་ལ་བཤད་པ་བཞིན་ནོ། །དེ་ན་ཕྲེང་གཅིག་ན་ཉིད་ཀྱི་ཕྱིར། ཞེས་བྱ་བ་ནི་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པའི་མཐའ་སྤངས་སོ། །ཞེས་དབུ་མ་པ་གསུངས། འཁོར་གསུམ་ལ་ཆགས་པ་མེད། ཡོད་དོ།། ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ལ་གནས་ཀྱང་རུང༌། ཕ་རོལ་ཏུ་ཕྱིན་པ་ལ་གནས་ཀྱང་རུང་སྟེ། བྱང་ཆུབ་ཀྱི་ལམ་སྦྱོང་བ་བྱེད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཅུ་ན། ཕྱིར་འོང་བའམ། སྐྱེ་བ་མེད་པ་དང༌། འགྲོ་བའམ་འགག་པ་མེད་པ། ཆོས་རྣམས་ལ་ཆོས་སུ་ཡོངས་སུ་འཛིན་ཅིང༌། མངོན་པར་ཞེན་པ་མེད་པ། བཟུང་བ་ལས་གདགས་སོ། །ཞེས་བྱ་བ་ལ་སོགས་པ་ཅི་ལས་དགོས་ཞེ་ན། འཇིག་རྟེན་ན་ཡང་སེར་སྣ་ཡོད་ན་སྦྱིན་པ་ཞེས་བྱ་བའི་མིང་འབྱུང་ལ། འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་ཡོད་ན་ཚུལ་ཁྲིམས་ལ་སོགས་པའི་མིང་དུ་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སེར་སྣ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཀྱིས་བློ་མེད་པ་དེའི་ཕྱིར་སྦྱིན་པ་ལ་སོགས་པའི་བློ་ཡང་མེད་དོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། དེ་ནི་སེར་སྣ་ལ་སོགས་མི་མཐུན་པའི་ཕྱོགས་ལས་རྒལ་ཏོ་ཞེས་བྱ། དེ་ནས་ཕྲེང་གཅིག་ཅུང་མེད་ན། རློམ་སེམས་མེད་དོ། །ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་བསྟན་ཏོ། །མི་མཐུན་པའི་ཕྱོགས་དང་གཉེན་པོ་གཉིས་ཀར་ཡང་མི་སེམས་སོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་བཞི་ན། མེད་དོ། །ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་རློམ་སེམས་མེད་དོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། རིམ་གྲོ་བ་བྱས་སོ། །མ་སྐྱེས་པ་ཞེས་བྱ་བ་ནི་ཡང་དག་པའི་མཐའི་ཚིག་བླ་དྭགས་སོ། །ཞེས་དབུ་མ་པ་གསུང་བས་དེ་ནི་གཡོས་སོ། །དེ་ནས་ཕྲེང་ལྔ་ཅུང་མེད་ན། སེམས་བསྐྱེད་ནས། ཞེས་བྱ་ནི་གང་ཟག་སྟོང་པ་ཉིད་ཀྱིས་བཏང་སྙོམས་ཚད་མེད་པའོ། །ཞེས་དང༌། འཐོབ་བོ།། ཞེས་བྱ་ནི་ཆོས་སྟོང་པ་ཉིད་ཀྱིས་དབུ་མར་གནས་པའི་ཕྱིར་བཏང་སྙོམས་དེ་འདི་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པའི་བཏང་སྙོམས་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་གཉིས་ན། ཡིད་དུ་འོང་ཞིང་དབེན། ཞེས་པ་ནི་ཁྲི་བརྒྱད་སྟོང་པར་སྡུག་པར་བྱ་བ་ཡིན། དེ་ནས་ཕྲེང་ཕྱེད་གསུམ་ན། འཁོར་ཡོངས་སུ་སྨིན་པ་བསྟན་པ། ཤེས་རབ་ཀྱི་ཕ། དེ་ནས་ཕྲེང་གཅིག་ན། ཡོངས་སུ་སྨིན་པ་རྣམས་ལུང་བསྟན་ཚུལ། དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་བཞི་ལྷག་ཙམ་ན། སངས་རྒྱས་དཔལ་ལ་མེ་ཏོག་ཆེན་པོ། དེ་ནས་ཤོག་གུ་གཅིག་སོང་བ་ན། རྒྱན་གྱི་བཀོད་པའི། ཞེས་ཁྲི་བརྒྱད་སྟོང་པར་བྱུང༌། རྒྱལ་པོ་ཞེས། ཤེར་ཕྱིན་གྱི་ཡོན་ཏན་བསྔགས་ཤིང་བསྟོད་པ། དེ་ནས་ཚེ་དང་ལྡན་པ་བཤེས་པ། བྱམས་མའི་བུ་གང་པོ་དང༌། དེ་ནས་ཕྲེང་བཅུ་གཅིག་ལྷག་ན། མཉམ་པའོ། །ཁྲི་བརྒྱད་སྟོང་པར་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཞི་བ་དང་དུལ་བ་ལགས་སོ། །ཞེས་པ་བྱུང༌། དེ་ནས་ཕྲེང་བརྒྱད་ན། མ་མཆིས་པའོ། །ཤེར་ཕྱིན་ལ་སྤྱོད་པའི་རྒྱལ་སྲས་ཀྱི་ཡོན་ཏན་བསྔགས་པ་བསྟན་པ། བཅོམ་ལྡན་འདས་ཀྱིས་ནི། འཁོར་གསུམ་ཡོངས་སུ་དག་པས། མི་མཉམ་པ་སྦྱིན་པ་འདས་པའི་དུས་ན་ཡོངས་སུ་བཏང་ངོ༌། །ད་ལྟའི་དུས་ན་ཡོངས་སུ་བཏང་ངོ༌། །མ་འོངས་པའི་དུས་ན་ཡོངས་སུ། དེ་ནས་ཕྲེང་གཅིག་ཅུང་མེད་ན་འགྱུར་རོ།། ཞེས་པ་ཡང་དུས་གསུམ་དང་སྦྱར་རོ། །མཉམ་པ་དེ་བདེ་བའི་ལུས་འགྱུར་རོ། །ཞེས་པ་ཡང་དུས་གསུམ་ལ་སྦྱར་རོ། །དེ་ནས་ཤོག་བུ་གཅིག་དང་ཕྲེང་ཕྱེད་དྲུག་ན། མཉམ་པ་བདེ་གཤེགས་སྙིང་པོའི་གཟུགས་མཉམ་པ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཚོར་བ་མཉམ་པ། དེ་བཞིན་ཉིད་གདོད་ནས་གྲོལ་བའི་འདུ་ཤེས་མཉམ་པ། ཡང་དག་པའི་མཐའི་འདུ་བྱེད་མཉམ་པ། རང་བཞིན་གྱི་འོད་གསལ་བའི་རྣམ་པར་ཤེས་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན། ཡང་དག་པར་བྲལ་བའི་བདེ་བ་ཡང་རུང་སྟེ། ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཚེ་ན་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀ་དང་ལེགས་པར་བྲལ་བའི་ཕྱིར། མྱ་ངན་ལས་འདས་པ་ཉིད་ལ་ཡང་དག་པར་བྲལ་བའི་བདེ་བ་ཞེས་བྱའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་ཕྱེད་དྲུག་ན། བདེ་བའི་དོན་དུ་བཞུགས་པ་ཡིན་ནོ། །འོད་ཟེར་འགྱེད་པ་བསྟན་པ། དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་བདུན་ན་འགྱུར་ཏོ། །འོད་དེས་བྱང་ཆུབ་སེམས་དཔའ་འདུས་པ་བསྟན་པ། དེ་ནས་ཤར་ཕྱོགས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་བཅུ་ན་དོང་ངོ༌། །མཆོད་པའི་བཀོད་པ་བསྟན་པ། དེ་ནས་ཕྲེང་བརྒྱད་ན། འདུག་གོ །འཁོར་ས་བརྒྱད་པ་ཐོབ་ནས་སྨོན་ལམ་བཏབ་པ། དེ་ནས་འཁོར། དེ་ནས་ཕྲེང་གསུམ་ན། བཏབ་བོ།། དེ་དག་ལུང་བསྟན་ཚུལ། དེ་ནས་བཅོམ། དེ་ནས་ཕྲེང་ཕྱེད་དྲུག་ན། ཤཱ་རིའི་བུའི། ལེའུ་སྟེ་གཉིས་པའོ།། །།


previousབརྒྱད་པ། མངོན་ཤེས་ཀྱི། next