Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
༈ བམ་པོ་བཅུ་གསུམ་པ
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༈ བམ་པོ་བཅུ་གསུམ་པ next

༈ བམ་པོ་བཅུ་གསུམ་པ

། དགུ་པ། མཐོང་ལམ་དང༌། །ཞེས་པ་མཐོང་བའི་ལམ་ལ་གདམས་པ་ནི། དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་བཞི་ན། འགྱུར་སྙམ་པ་དང༌། ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱིས་ཡུལ་ནི་ཉན་ཐོས་རྣམས་ཀྱིས་ཤེས་ནས་ཅིའི་ཕྱིར་ཉན་ཐོས་ལ་ཐེ་ཚོམ་འདི་འབྱུང་ཞེ་ན། དེ་ལ་ཉེས་པ་མེད་དེ། གནས་བརྟན་རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ཏེ། བསྐལ་པ་གྲངས་མེད་པ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ། ཆོས་ཟབ་མོ་ལ་བཟོད་པ་ཐོབ་པར་གྲགས་པ་སྟེ། དེ་བས་ན་ཐམས་ཅད་ཀྱང་དེ་ལྟར་ཐེ་ཙོམ་དུ་གྱུར་ཏོ། །དེའི་ཕྱིར་རབ་འབྱོར་གྱིས་བདག་ཉིད་ཀྱི་ཚིག་ཡིན་པར་བསྟན་ནས་གཟུང་བར་འགྱུར་བ་མ་ཡིན་པའི་སྐྱོན་དུ་འགྱུར་བ་བསལ་བའི་ཕྱིར་རོ། །འདི་ནི་བཅོམ་ལྡན་འདས་ཀྱིས་བཀའ་ཡིན་གྱིས་བདག་གི་ཚིག་མ་ཡིན་ནོ། །ཞེས་བསལ་ཏོ།། ཞེས་དབུ་མ་པ་གསུངས། དེ་ནས་ཚེ་དང་ལྡན་པ། དེ་ནས་ཕྲེང་གཉིས་ན། རུང་སྟེ། ཞེས་བྱ་བ་ནི་གདུལ་བ་རྣམ་གསུམ་པོ་དག་ལས་མདོ་དང་འབྲིང་དང་རྒྱས་པ་རྣམས་སུ་དབྱེ་བའམ། ཡང་ན་བདག་གི་ལྷག་པའི་བསམ་པ་དང༌། སྐབས་སུ་འབབ་པ་དང་རྣམ་པ་གསུམ་གྱི་ཕྱིར་རྣམ་གསུམ་དུ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ ཕྲེང་ཕྱེད་དང་གཉིས་ན། གཤེགས་པ་ཉིད་ཀྱི་བྱིན་གྱིས་བརླབས་ཀྱིས། བྱང་ཆུབ་སེམས་རྣམས་ལ། རབ་འབྱོར་ཆོས་ཀྱི་གཏམ་བྱེད་དུ་བཅུག་སྟེ། ཤེས་རབ་དེ་ནས་ ཕྲེང་གཅིག་ན། མ་ཡིན་ནོ། །ཞེས་བྱ་བས་མཚམས་སྦྱར་ནས་མཐོང་ལམ་སྐད་ཅིག་བཅུ་དྲུག་ལས། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་མིང་དང་བརྡར་གདགས་པས་བརྩོན་པ་ལ་གདམས་པ་དང༌། སེམས་ཅན་མི་དམིགས་པས་བརྩོན་པ་ལ་གདམས་པ་དང༌། ཚིག་བླ་དྭགས་མི་དམིགས་པས་བརྩོན་པ་ལ་གདམས་པ་དང༌། ཆོས་ཐམས་ཅད་དམིགས་སུ་མེད་པས་བརྩོན་པ་ལ་གདམས་པ་སྟེ། གདམས་པ་བཞི་སྐབས་དབྱེ་བའི་ཕྱིར། བཅོམ་ལྡན། དེ་ནས་ཕྲེང་གཅིག་ལྷག་པ་ན། བླ་དྭགས་ལགས། ཞེས་བྱ་བ་ལ་སོགས་པས་ཞུས་སོ། །དེ་ལ་མདོར་བསྟན་པ་ལས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་གསུངས་ལ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ནི་གང་ཡང་མེད་ཅིང༌། དེ་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་གསུངས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་གང་ཡང་མེད་ན། དེ་ལ་ཆོས་འདི་གཉིས་དམིགས་སུ་མེད་བཞིན་དུ་ཅི་ཞིག་སུ་ལ་གདམས་ཤིང་རྗེས་སུ་གདམས་པར་བགྱི་ཞེས་ཞུས། ཞེས་དབུ་མ་པ་གསུངས། སྐབས་འདི་དང༌། མདོར་བསྟན་གྱི་སྐབས་ཀྱི་ཤེར་ཕྱིན་རྣམས་ལམ་ཤེར་ཕྱིན་ལ་དགོངས་པ་ཡིན་པས། མེད་པ་དང༌། མི་དམིགས་ཞེས་གསུངས་པའི་ཚིག་འདིས་གཞི་འབྲས་ཀྱི་ཤེར་ཕྱིན་ཡང་མེད་པར་དགོངས་པ་མི་བྱའོ། །དེའི་དགོངས་པ་དེ་ལྟར་ལ་ཡིན་པ་ནི། འགྲེལ་པ་ཉིད་དུ་རྒྱས་པར་ཞིབ་ཏུ་ལྟ་དགོས་སོ། །བཅོམ་ལྡན་འདས། དེ་ནས་ཕྲེང་གསུམ་ན། བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཁྱོད་དེ་སླད་མ་སྨྲ་ཞིག །གལ་ཏེ་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་ཡང་མེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མེད་དོ། །སྙམ་དུ་བསམ་ནས་ཅང་མི་ཟེར་བར་གྱུར་ན། དེ་ལྟ་ན་ནི་སེམས་ཅན་གྱི་དོན་ཉམས་པར་འགྱུར་རོ། །དོན་དམ་པར་ཡོངས་སུ་གྲུབ་པའི་བདག་ཉིད་དུ་ཆོས་དེ་གཉིས་མེད་དུ་ཟིན་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པའི་དོན་དུ་ཐབས་མཁས་པས་ཀུན་བཏགས་པའི་མཚན་ཉིད་ཡོངས་སུ་བཟུང་ནས། ཀུན་རྫོབ་ཀྱི་ཚུལ་དུ་སེམས་ཅན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པར་བྱའོ། །གཞན་དུ་ནི་སེམས་ཅན་གྱི་དོན་རབ་ཏུ་ཉམས་པར་འགྱུར་རོ། །ཞེས་བསྟན་ནས། དང་པོར་བརྟགས་པའི་གདམས་པ་བསྟན་པ་རབ་འབྱོར་འདི། དེ་ནས་ཕྲེང་གཅིག་ཅུང་མེད་ན། མིང་ཙམ་སྟེ། ཞེས་བྱ་བས་མིང་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་མེད་པར་བསྟན་ནས། དེའི་གཏན་ཚིགས་སུ་གལ་ཏེ་ཡོད་ན་ཕྱི་ནང་ངམ་དེ་གཉིས་ལས་གཞན་དུ་དམིགས་དགོས་པ་ལས། མིང་དེ་ནི་ནང་ན་ཡང་དམིགས་པ་མེད། ཕྱི་རོལ་ན་ཡང་དམིགས་པ་མེད་མི་དམིགས་སོ། །ཞེས་བསྟན་ཏོ། །འདི་དག་གིས་ཀྱང་དོན་ཇི་ལྟ་བར་མིང་དུ་རྟོག་པ་སེལ་ལ། ཀུན་བཏགས་འགོག་པ་ཡང་ཡིན་ནོ། །དེའི་ཆོས་མཐུན་པའི་དཔེ་བསྟན་པ་འདི་ལ་བཞི་ལས་ཐ་སྙད་ཙམ་དུ་ཟད་པ་ཉན་ཐོས་ཀྱིས་ཚུལ་ལ་གྲགས་པའི་དཔེ་ནི། སྡུག་བསྔལ་ལ་ཆོས་ཤེས་པ་ནི་རབ་འབྱོར། དེ་ནས་ཕྲེང་ཅིག་ན་ཆོས་སྐྱེ་ཡང༌། མིང་སྐྱེ་བའམ། ཆོས་འགག་ཀྱང་མིང་འགག་པ། དེ་ནས་ཤོག་གུ་གཉིས་ཕྲེང་ཅིག་ལྷག་པ་ན། མི་དམིགས་སོ།། ཀུན་བཏགས་ཙམ་དུ་ཟད་པའི་ཕྱིར། བྱང་སེམས་ཀྱི་ཚུལ་ལ་གྲགས་པའི་དཔེ་ནི། རབ་འབྱོར་འདི་ལ། དེ་ནས་ཤོག་གུ་བཞི་དང་ཕྲེང་ལྔ་ན། མི་དམིགས་སོ། །ཉེ་བར་བཟུང་ནས་བཏགས་པ་ཙམ་དུ་ཟད་པའི་ཕྱིར་ཉན་ཐོས་དང་བྱང་སེམས་གཉིས་ཀ་ལ་གྲགས་པའི་དཔེ་ནི། རབ་འབྱོར། འདི་ལྟ་སྟེ། དཔེར། དེ་ནས་ཕྲེང་བཅུ་གསུམ་ན། བཅོམ་ལྡན་འདས་སྤྲུལ་པའི་སྐུ་རྣམས་ཀྱི་མཚན་ཙམ་མི་དམིགས་སོ། །ཤིན་ཏུ་མེད་པའི་ཕྱིར་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་དཔེའི་ནི། རབ་འབྱོར། དེ་ནས་ཕྲེང་ལྔ་ན་བསླབ་པར་བྱའོ། །ཞེས་བྱ་བས་མིང་དུ་བཏགས་པའི་གདམས་པ་མཇུག་བསྡུ་བ་མཛད་དོ། །སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་སྤངས་པའི་ཕྱིར་མིང་གི་བརྡར་བཏགས་པ་སྔར་སྨོས་སོ། །དེ་ལ་གནས་ཏེ་ཆོས་བཤད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། གདམས་པའི་བཏགས་ཕྱིར་སྨོས་སོ། །དེའི་འོག་ཏུ་དེ་གཉིས་ཀས་ཆོས་རྣམས་སུ་ཐ་སྙད་འདོགས་སོ། །ཞེས་ཀུན་བཏགས་པའི་ཆོས་སུ་གསུངས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་བཏགས་དེ་གསུམ་ཕན་ཡོན་བསྟན་པའི་ཕྱིར། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་མི་མཐོང་ངོ༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ནི་བརྟགས་པ་ཙམ་དུ་ཟད་པར་སློབ་པའི་འབྲས་བུར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། གཟུགས་ཤེས་དེ་ནས་ཤོག་གུ་བརྒྱད་དང་ཕྲེང་གསུམ་ན། བམ་པོ་བཅུ་བཞི་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་དྲུག་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་བཞི་དང་ཕྲེང་བཅུ་གཅིག་ན། མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་རྟོག་པ་དེ་དག་ཀྱང་རྣམ་པ་གསུམ་སྟེ། ལྷག་མཐོང་གི་སྤྱོད་ཡུལ་དང༌། རྣམ་པར་ཐར་པའི་སྒོའི་སྤྱོད་ཡུལ་དང༌། ཆོས་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པའི་སྤྱོད་ཡུལ་ལོ། །དེ་ལ་ལྷག་མཐོང་གི་སྤྱོད་ཡུལ་ནི། བླང་བ་དང༌། དོར་བའི་དབང་གིས་ནག་པོ་དང༌། དཀར་པོའི་ཕྱོགས་འཕགས་པའི་བདེན་པའི་གནས་སུ་གྱུར་པའི་ཆོས་ཀྱི་མདོར་རྣམ་པ་རྟོག་པ་བཞི་སྟེ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་རྣམ་པར་རྟོག་པ་རྣམས་དང༌། དེ་དག་གི་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྟག་པ་དང༌། བདེ་བ་དང༌། བདག་ཡོད་པ་དང༌། མ་ཞི་བར་རྣམ་པར་རྟོག་པ་རྣམས་སོ། །རྣམ་པར་ཐར་པའི་སྒོའི་སྤྱོད་ཡུལ་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པར་རྣམ་པར་རྟོག་པ་རྣམས་སོ། །དེ་སྤང་བར་བྱ་བ་སྟོང་པ་མ་ཡིན་པ་དང༌། མཚན་མ་དང༌། སྨོན་པའི་རྣམ་པར་རྟོག་པ་རྣམས་སོ། །ཆོས་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པའི་ནི་ལྷག་མ་རྣམས་ཏེ། འདུས་བྱས་དང༌། སྐྱེ་བ་དང༌། མི་དབེན་པ་དང༌། མི་དགེ་བ་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཟག་པ་དང་བཅས་པ་དང༌། ཉོན་མོངས་པ་དང་བཅས་པ་དང༌། འཇིག་རྟེན་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། འཁོར་བར་རྣམ་པར་རྟོག་པ་བཅུ་དང༌། དེ་དག་གི་གཉེན་པོ་འདུས་མ་བྱས་པ་དང༌། འགོག་པ་དབེན་པ་དང༌། དགེ་བ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཟག་པ་མེད་པ་དང༌། ཉོན་མོངས་པ་མེད་པ་དང༌། འཇིག་རྟེན་ལས་འདས་པ་དང༌། རྣམ་པར་བྱང་བ་དང༌། མྱ་ངན་ལས་འདས་པར་རྣམ་པར་རྟོག་པ་བཅུ་སྟེ། རྣམ་པར་རྟོག་པ་དེ་དག་ཐམས་ཅད་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དེ་སྤང་བར་བྱའོ། །རྣམ་པར་རྟོག་པ་སུམ་ཅུ་རྩ་བཞི་པོ་དེ་དག་སྤངས་པ་ནི་བཏགས་པའི་བསླབ་པའི་ཕན་ཡོན་དུ་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཕྲེང་ཕྱེད་དང་གཉིས་ནས། མི་མཐོང་ངོ༌། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འདུས་བྱས་སམ། འདུས་མ་བྱས་ཀྱི་ནང་དུ་མི་བགྲང་བ་སྟེ་མི་གཏོགས་པའོ། །དཀར་པོ་དང་ནག་པོའི་ཕྱོགས་དེ་ནི་བསྟན་པའི་ཕྱིར། རབ་འབྱོར་མི་རྟོག་སྟེ། ཞེས་བྱ་བ་གསུང་སྟེ། མུ་སྟེགས་ཅན་ལ་སོགས་པ་ལྟར་རྟག་པ་དང༌། བདེ་བ་དང༌། བདག་ཡོད་པ་ལ་སོགས་པའི་བྱེ་བྲག་གིས་མི་རྟོག་པ་དང༌། ཉན་ཐོས་ལ་སོགས་པ་ལྟར། ལྷག་མཐོང་ལ་སོགས་པས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་ལ་སོགས་པའི་བྱེ་བྲག་གིས་མི་རྟོག་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་བཟུང་སྟེ་འདྲེས་པ་ལ་ཐུག་པར་རྟོག་པ་དང༌། རྣམ་རྟོག་གི་གཉེན་པོ་རྒྱལ་སྲས་ཀྱིས་བསླབ་པ་སྟོན་ཏོ། །དེ་ཤེས་རབ་ཀྱི། དེ་ནས་ཤོག་གུ་བདུན་དང་ཕྲེང་ཕྱེད་དང་བཅུ་གཉིས་ན། སངས་རྒྱས་ཀྱི་མིང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉན་ཐོས་ཀྱི་ཡུལ་གྱི་གཉེན་པོར་གྱུར་པ་བསྟན་པའི་ཕྱིར། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། བྱང་ཆུབ་སེམས། དེ་ནས་ཕྲེང་གཅིག་ལྷགས་ན། རྣམ་པར་བྱང་བར་མི་འགྱུར་རོ། །ཞེས་བྱ་བར་གསུངས་སོ། །དེ་བཞིན་ཉིད་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་དྲི་མ་དང་བཅས་པའི་གནས་སྐབས་ནས་ཀུན་ནས་ཉོན་མོངས་པ་ཡང་མེད་ལ། དྲི་མ་མེད་པའི་གནས་སྐབས་ན་གློ་བུར་གྱི་རྣམ་པར་བྱང་བ་ཡང་མེད་དེ་དུས་ཐམས་ཅད་དུ་དེ་བཞིན་དུ་གནས་པའི་ཕྱིར་དེ་བཞིན་ཉིད་དུ་གནས་སོ། །ཞེས་བསྟན་ཏོ། །ཞེས་དབུ་མ་ཆེན་པོ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གསུངས། རབ་འབྱོར། ཆུད་པར་བྱ་སྟེ། ཞེས་བྱ་བས་བཏགས་པ་དེ་དག་ཉིད་བསྟན་ནས་དེའི་འབྲས་བུ་བསྟན་པའི་ཕྱིར། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། དེ་ལྟར་དེས་མིང་ཆུང་དེ་ཆོས་ཐམས་ཅད་བཏགས་པ་ཙམ་དུ་ཟད་པར་རིག་ནས། དེ་ནས་ཤོག་གུ་གཅིག་ཅུང་མེད་ན། ཀུན་འབྱུང་རྗེས་ཤེས་པའི་བཟོད་པ་ནི། སྦྱིན་པའི་ཕ། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཅིག་ན། མེད་དོ། །ལམ་ཤེས་ཀྱི་སྤྱོད་ཡུལ་བྱང་ཆུབ་སེམས་དཔའི་སས་བསྡུས་པ་ནི། དེ་བཞིན་ཉིད་དེ་དེ་ལ་ཆགས། ཐམས་ཅད་ཤེས་པ་ཉིད་ཀྱི་སྤྱོད་ཡུལ་ཉན་རང་གི་མྱང་འདས་ནི་ཡང་དག་པའི་མཐའ་སྟེ། དེ་ལ་ཆགས་པར་འགྱུར་བ་མེད་དོ། །རྣམ་མཁྱེན་གྱི་སྤྱོད་ཡུལ་ནི་སངས་རྒྱས་ཀྱི་སར་གཏོགས་པ་ཆོས་ཀྱི་སྐུ་ནི། ཆོས་ཀྱི་དབྱིངས་ཏེ། དེ་ལ་ཆགས་པ། དེ་ནས་ཕྲེང་གཅིག་ལྷག་པ་ན། ཆགས་པར་བྱེད་པ་མིང་གི་ངོ་བོའམ། གང་གིས་ཆགས་པར་བྱ་བ་འདོད་ཆགས་ཀྱི་ངོ་བོའམ། གང་ལ་ཆགས་པར་བྱ་བའི་དངོས་པོ་དེ་ལྟ་བུའི་ཆོས་ཐམས་ཅད་དམིགས་པ་མེད་པའི་ཕྱིར་རོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར་ཆེན་པོ། ཆགས་པ་མེད་པར། ཤེས་རབ། དེ་ནས་ཕྲེང་གཉིས་ན། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི། ཕྱིར་མི། འགོགས་ལ་ཆོས་ཤེས་པ་ནི་མངོན་པར་ཤེས། དེ་ནས་ཕྲེང་བདུན་ན། བམ་པོ་བཅུ་དྲུག་པ། དེ་ལྟར་བཏགས་པའི་གདམས་པ་ཡོངས་སུ་རྫོགས་པར་བྱས་ནས། སེམས་ཅན་མི་དམིགས་པའི་གདམས་པ་གཉིས་པ་བསྟན་པར་བྱ་སྟེ། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། གང་སྨྲས་པ་དེ་ལ། འདི་ལྟར་བྱང་ཆུབ་སེམས་དཔའ་ལ་སེམས་ཅན་དུ་འཛིན་ཅིང་བདག་ལ་སོགས་པ་བཞིན་དུ་ཐ་དད་པར་རྟོག་ན། རྣམ་པར་རྟོག་པའི་རྣམ་པ་གསུམ་དུ་འགྱུར་ཏེ། དེ་ཉིད་དང་གཞན་ཉིད་ཀྱི་དབང་དང༌། གནས་དང་གནས་པའི་དངོས་པོ་དང༌། དེ་ལས་གཞན་པར་རོ། །ཞེས་དབུ་མ་པ་གསུང་བས་རྟོག་པ་གསུམ་འགོག་གོ །དེ་ལ་དེ་ཉིད་དང་གཞན་ཉིད་ཀྱི་རྟོག་པ་ལ་དེ་ཉིད་ཀྱི་ཕྱོགས་དགག་པའི་ཕྱིར། རབ་འབྱོར། དེ་སྙམ་མམ། ཞེས་བྱ་བས་དྲིས་པས་མ་ལགས་སོ། །ཞེས་པས་བཀག་གོ །གཞན་ཉིད་ཀྱི་ཕྱོགས་དགག་པའི་ཕྱིར། བཅོམ་ལྡན་འདས་སྙམ་མམ། ཞེས་དྲིས་པས་མ་ལགས་སོ། །ཞེས་པས་བཀག་གོ །གནས་དང་གནས་པའི་དངོས་པོར་རྟོག་པ་དགག་པའི་ཕྱིར། བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ན། མ་ལགས་སོ། །ཞེས་དྲིས་པས་གཉིས་དང༌། ལན་གཉིས་ཀྱིས་བཀག་གོ །དེ་ལས་གཞན་དུ་རྟག་པ་དགག་པའི་ཕྱིར། བཅོམ་ལྡན་འདས་སྙམ་མམ། ཞེས་དྲིས་ཏེ་མ་ལགས་སོ། །ཞེས་པས་བཀག་གོ ། ཚོར་བ་ལ་སོགས་པ་རྣམས་ལའང་དྲི་བ་དང་ལན་གྱི་དོན་སྔ་མ་བཞིན་དུ་ཤེས་པར་བྱའོ། །བཅོམ་ལྡན་འདས། དེ་ནས་ཤོག་གུ་བདུན་དང་ཕྲེང་ལྔ་ན། བམ་པོ་བཅུ་བདུན་པ། དེ་ནས་བཅོམ་ལྡན་འདས་ཀྱིས་གལ་ཏེ་བྱང་ཆུབ་སེམས་དཔའ་འདི་ཆོས་གཞན་དུ་གྱུར་པ་ཞིག་ཡོད་ན། འདུས་བྱས་སམ། འདུས་མ་བྱས་པ་ཡིན་ཞིག་གང་ན། གལ་ཏེ་འདུས་བྱས་ཡིན་ན་ནི་ཕུང་པོ་ལ་སོགས་པ་འདི་དག་ལ་དམིགས་པར་འགྱུར་བ་ཞིག་ན་དམིགས་པར་ཡང་མ་གྱུར་ཏོ། །གལ་ཏེ་འདུས་མ་བྱས་ཤིག་ཡིན་པར་སེམས་ན་ཡང་དགོས་པ་དེ་བསལ་བའི་ཕྱིར། ཡང་ཕུང་པོ་ལ་སོགས་པའི་དེ་བཞིན་ཉིད་བཟུང་སྟེ། ཞེས་དབུ་མ་པ་གསུངས་པས། དེ་ཡན་ཆད་བྱང་ཆུབ་སེམས་དཔའ་འདུས་བྱས་སུ་ཡོད་པར་རྟོག་པ་བསལ་ནས་འདི་ནས་བཟུང་ནས་འདུས་མ་བྱས་སུ་ཡོད་པར་རྟོག་པ་སེལ་ཏོ། །འགོག་པ་ལ་རྗེས་སུ་ཤེས་པ་ནི། བཅོམ་ལྡན་འདས་སེམས་ཞེས་བྱ་བ་ལ་སོགས་པ་འདི་དག་ནི་དོན་ཡང་སྔར་འགོག་པ་ལ་རྗེས་བཟོད་ཀྱི་སྐབས་སུ་བཤད་པ་ལྟར་རམ།ཡང་ན་མཉམ་བཞག་ཟབ་མོའི་སྐབས་སུ་གཟུགས་ཡིན་པར་རྟོག་སྙམ་མམ། དེ་ལྟར་རྟོག་པ་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་སྐབས་སུ་ཅིར་ཡང་མི་རྟོག་པའི་ཕྱིར་རོ། །དེ་བཞིན་དུ་འགྲེས་མ་དང་ཕྱི་མ་རྣམས་ལ་ཡང་སྦྱར་ནས་བཤད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་གུ་བཅོ་བརྒྱད་ཕྲེང་བཅུ་པ། པོ་ཏི་དང་པོ་རྫོགས་སོ།། །།


previous༈ བམ་པོ་བཅུ་གསུམ་པ next