Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཁ༽ གླེགས་བམ་གཉིས་པ། བམ་པོ་དང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁ༽ གླེགས་བམ་གཉིས་པ། བམ་པོ་དང་པོ། next

ཁ༽ གླེགས་བམ་གཉིས་པ། བམ་པོ་དང་པོ།

དེ་ནས་ཡང་བཅོམ་ལྡན་འདས། དེ་ནས་ཤོག་གུ་བཅུ་གཉིས་དང་ཡི་གེ་ཕྲེང་བཅུ་ན། ཞེས་ཟེར། ཞེས་གཏན་ཚིགས་ཀྱིས་དྲིས་པས། རབ་འབྱོར། ལྟ་ག་ལ་མཆིས། ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། རི་བོང་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་ལ་རིང་བ་དང་ཐུང་བ་དང༌། དཀར་ཤམས་དང༌། སྔོ་བསངས་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་དུ་སེམས་ཅན་ཤིན་ཏུ་མེད་པ་ལ་གཟུགས་ལ་སོགས་པ་ལ་འདུས་བྱས་ཀྱི་ངོ་བོ་ཉིད་དམ། དེ་བཞིན་ཉིད་འདུས་མ་བྱས་པའི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུའི་དབྱིག་གཉེན་གསུངས། གཟུགས་མ་ལགས། དེ་ནས་ཤོག་གུ་བདུན་ན། བམ་པོ་གཉིས་པ། དེ་ནས་ཤོག་གུ་བཅུ་གཉིས་ཕྲེང་ཕྱེད་བཞི་ན། བསླབ་པར་བྱའོ། །དེ་ལྟར་སེམས་ཅན་མི་དམིགས་པའི་གདམས་པ་བསྟན་ནས་ཚིག་བླ་དྭགས་མི་དམིགས་པའི་ཚིག་གདམས་པ་བསྟན་པའི་ཕྱིར། ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་རབ་འབྱོར་སྙམ་དུ་སེམས། དེ་ནས་ཕྲེང་ཅིག་ཅུང་མེད་ན། བྱང་ཆུབ་སེམས་དཔའི་ཚིག་བླ་དྭགས་ཀྱི་ངོ་བོ་ཉིད་ཡིན་ན་གཟུགས་ལ་སོགས་པ་ལྔ་དང་དེ་དག་རྟག་པ་ལ་སོགས་པ་བཅུ་བཞིའི་ཚིག་བླ་དྭགས་ཀྱི་ངོ་བོ་ཉིད་དུ་འགྱུར་བ་བྱང་ཆུབ་སེམས། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དང་དགུ་ན། ཡིན་སྙམ་མམ། ཞེས་སོ་སོའི་ཚིག་བླ་དྭགས་རྣམས་བཟུང་སྟེ་དྲིས་སོ། །གསོལ་པ། མ་ལགས་སོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་གཟུགས་ལ་སོགས་པ་ཉིད་ཀུན་བཏགས་པ་ཡིན་པའི་ཕྱིར། ཤིན་ཏུ་མེད་པ་ཡིན་ན་དེ་དག་གི་ཚིགས་བླ་དྭགས་དམིགས་པ་ལྟ་ག་ལ་འགྱུར། ཚིག་བླ་དྭགས་མི་དམིགས་ན་བྱང་ཆུབ་སེམས་དཔའ་ལྟ་ག་ལ་འགྱུར། ཞེས་ཚིག་བླ་དྭགས་མི་དམིགས་པ་དང༌། བྱང་ཆུབ་སེམས་དཔའི་ཚིག་བླ་དྭགས་ཀྱི་ངོ་བོ་ཉིད་དུ་མེད་པ་སྟོན་ཏོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཤོག་གུ་བཞི་དང་ཕྲེང་གསུམ་ལྷག་ན། བཅོམ་ལྡན་འདས་ཀྱིས་ཚིག་བླ་དྭགས་མི་དམིགས་པ་ཉིད་ལ་བརྟེན་ནས་གདམས་པ། བཀའ་སྩལ་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ལྷག་ན། བསླབ་པར་བྱའོ། །དེ་ལྟར་ཚིག་བླ་དྭགས་པ་མི་དམིགས་པའི་གདམས་པ་བསྟན་ནས། ཆོས་ཐམས་ཅད་མི་དམིགས་པའི་གདམས་པ་བསྟན་པའི་ཕྱིར། ལམ་ལ་ཆོས་ཤེས་པས་ནི་རབ་འབྱོར། དེ་ནས་ཕྲེང་གཅིག་ལྷག་ན། མི་མཐོང་སྟེ། ཞེས་བྱ་བ་ལ་སོགས་པས་གསུང་སྟེ། ཀུན་བཏགས་པའི་ཆོས་ཀྱི་ཡོངས་སུ་གྲུབ་པའི་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ལ། ཡོངས་སུ་གྲུབ་པའི་ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཀུན་བཏགས་པའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་དབུ་མ་པ་གསུངས་ལ། འདིའི་དགོངས་པ་ནི་གཞན་བྱུང་ཡེ་ཤེས་མ་གཏོགས་པ་ཀུན་བཏགས་ཀྱིས་ཆོས་ཀྱིས་ཡོངས་གྲུབ་མི་མཐོང་ལ་ཡོངས་གྲུབ་ཀྱི་ཀུན་བཏགས་སྣང་ནས་མི་མཐོང་བ་ལ་དགོངས་སོ། །དེ་ཉིད་རྒྱས་པར་བཤད་པའི་ཕྱིར། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། གཟུགས། དེ་ནས་ཕྲེང་བརྒྱད་ནས། ལམ་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར། དབྱིངས་དྲི་བཅས་དེ་བཞིན་ཉིད་ཀྱིས་འདུས་མ་བྱས་ཀྱི་དབྱིངས་དྲི་མེད་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །


previousཁ༽ གླེགས་བམ་གཉིས་པ། བམ་པོ་དང་པོ། next