Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཟོད་པ་འབྲིང་གི་དམིགས་རྣམ་ནི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཟོད་པ་འབྲིང་གི་དམིགས་རྣམ་ནི། next

བཟོད་པ་འབྲིང་གི་དམིགས་རྣམ་ནི།

དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཕྲེང་ཕྱེད་དང་གཉིས་ན། འབྱུང་བ་ཡང་མི་དམིགས་སོ།། ཞེས་བྱ་བ་ནི། འདི་ལྟར་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་ནི་ཀུན་བཏགས་པའི་གཟུགས་ཀྱི་ངོ་བོ་ཉིད་ཀྱི་སྟོང་སྟེ། དེའི་ཕྱིར་ཆོས་ཀྱི་གཟུགས་ལས་ནི་འཁོར་བའི་གནས་སྐབས་ནས་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ལས་སྐྱེ་བ་དང༌། འབྱུང་བ་མེད་དོ། །དག་པའི་གནས་སྐབས་ན་རྣམ་པར་བྱང་བའི་བདག་ཉིད་ལ་ཕྱིན་ཅི་ལོག་གི་དངོས་པོ་མེད་པས་གློ་བུར་གྱི་ངེས་པར་འབྱུང་བ་མེད་དེ། ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཆོས་ཉིད་ལས་འགྱུར་བ་མེད་པའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་བ་མེད་ཅེས་བྱ་བ་ནི་དྲི་མ་དང་བཅས་པའི་གནས་སྐབས་ནའོ།། ངེས་པར་འབྱུང་བ་མེད། ཞེས་བྱ་བའི་དྲི་མ་མེད་པའི་གནས་སྐབས་ནའོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་བརྒྱད་ལྷག་ཙམ་ན། ཡང་དག་པའི་མཐའ་སྟོང་སྟེ། ཞེས་པ་འདི་དག་ནི་དོན་ཡང་སྔར་བསྟན་པ་བཞིན་རིག་པར་བྱའོ། །དེ་ནས་ཕྲེང་བཅུ་ན། ཉེ་བར་གྱུར་པ་ཡིན་ནོ། །ཞེས་བྱ་བའི་བར་གྱིས་འདི་ནི་ཅི་ཞིག་ན་ཞེས་བྱ་བ་དེ་བསྟན་ཏོ།། སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔའོ།། །། ༈ དེ་ལྟར་ཡོངས་སུ་བརྟགས་པའི་སྒྲུབ་པ་རྫོགས་ནས། ད་ནི་བརྩོན་པར་བསྒྲུབ་པ་བསྟན་པ། འདི་ལ་ཐབས་མ་ཡིན་པ་སྤང་བ་དང༌། ཐབས་ལ་རྟེན་པ་གཉིས་ཡིན་ནོ། །བམ་པོ་བཅུ་གཉིས་པ། བཟོད་པ་ཆེན་པོའི་དམིགས་རྣམ་ནི། དེ་དག་མཚན་མ་མེད། །དེ་ཡི་མཚན་མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །དེ་ནས་ཚེ་དང་ལྡན་པ་རབ། དེ་ནས་ཕྲེང་གཅིག་ན། གཟུགས་ལ་རྟོག་ཅིང༌། སྤྱོད་ན་མཚན་མ། དེ་ནས་ཕྲེང་གཉིས་ན། མཚན་མ་ལ་སྤྱོད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་ཕྱེད་དང་བཅོ་ལྔ་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་བཅོ་ལྔ་ལ་ཕྲེང་གཅིག་ཆད་པ་ན། བམ་པོ་བཅུ་བཞི་པ། དེ་ནས་ཤོག་གུ་བཅུ་བདུན་དང་ཕྲེང་ཕྱེད་ལྔ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་གཉིས་ལྷག་ན། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་བཅུ་གཅིག་དང་ཕྲེང་བདུན་ན། བམ་པོ་བཅུ་བདུན་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཤེར་ཕྱིན་ལ་སྤྱོད་པ་མ་ཡིན་ལ། དེ་ནི་བྱང་ཆུབ་སེམས་བགྱི་སྟེ། ཐབས་མི་མཁས་པ་དེ་སྤང་བར་བགྱིའོ།། དེ་ནས་ཕྲེང་ཕྱེད་དང་གཉིས་ནས། གཟུགས་ལ་ལྟ་བ་ཕྱིན་ཅི་ལོག་གི་དངོས་པོར་མོས་ཤིང༌། འདུ་ཤེས་ཕྱིན་ཅི་ལོག་གིས་བཟང་ངན་ལ་སོགས་པར་འདུ་ཤེས་ཏེ། སེམས་ཕྱིན་ཅི་ལོག་གིས་ཆགས་ཤིང་གནས་པས་བྱིན་གྱིས་རློབ་ན། དེ་ནས་ཕྲེང་ཕྱེད་དང་གཉིས་ན། འགྲོལ་བར་བརྗོད་དོ། །དེ་འཁོར་བ་ལས་མི་འགྲོལ་ཞིང་ཐར་པར་མི་འཐོབ་བོ། །འོག་མ་རྣམས་ལ་དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་བཞི་ལ་ཕྲེང་གཅིག་ཆད་པ་ན། བམ་པོ་བཅོ་བརྒྱད་པ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ན། སེམས་དཔའ་ཆེན་པོ། ཆོས་རྣམས་མངོན་པར་འདུ་བྱ་བ་ལ་སྤྱོད་པ་དེ་ནི། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཤེས་པར་བྱའོ། །ཞེས་པའི་བར་གྱིས་གཞུང་མང་པོས་ཐབས་མ་ཡིན་པ་སྤང་བར་བྱ་བ་བསྟན་ཏོ། །དེ་ནས་ཕྲེང་ཕྱེད་གཉིས་ན། སྤྱོད་པའི་ཚེ། མཉམ་བཞག་ཟབ་མོ་ལ་ཅིར་ཡང་མི་རྟོག་པ་དགོས་པས། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་དགུ་ལྷག་ཙམ་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་བཞི་ན། བམ་པོ་ཉི་ཤུ་པ། དེ་ནས་ཕྲེང་གཅིག་ལྷག་པ་ན། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །འདི་དག་གི་དོན་ནི་སྔར་རྩེ་མོར་ཆུང་ངུའི་དམིགས་རྣམས་ཀྱི་སྐབས་སུ་བསྟན་ཟིན་ཏོ། །དེ་ནས་ཤོག་གུ་དགུ་དང་ཕྲེང་ཕྱེད་དང་བདུན་ན། འཚང་རྒྱ་བའི་སྐལ་བ་ཡོད་དོ། །འདིར་ཁྲི་བརྒྱད་སྟོང་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་གལ་ཏེ་ཆོས་འགའ་ཞིག་ཁས་ལེན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། ཁས་མི་ལེན་པ་དང༌། ཁས་ལེན་ཀྱང་ལེན་ལ་མི་ལེན་ཀྱང་མི་ལེན་པ་དང༌། ཁས་ལེན་པ་ཡང་མ་ཡིན་ཁས་མི་ལེན་པ་ཡང་མ་ཡིན་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཞེས་པའི་གཞུང་བྱུང་སྟེ། འདིས་ཀྱང་ལ་ཟློ་བ་མཉམ་བཞག་ཟབ་མོ་ལ་རྟོག་པ་ཐམས་ཅད་དང་བྲལ་བ་དགོངས་པར་སྟོན་པ་ཡིན་ནོ། །འདི་དང་འདི་འདྲ་བའི་གཞུང་གི་དགོངས་པ་མ་ལོངས་པ་རྣམས་ཀྱིས་རྗེས་ཐོབ་ཏུ་དོན་དང་མཐུན་པའི་ཁས་ལེན་ཡང་མེད་ཅེས་འདོད་པ་ནི་མཉམ་གཞག་ཏུ་ཁས་ལེན་གང་ཡང་མེད་པ་དང༌། རྗེས་ཐོབ་ཏུ་དོན་དང་མི་མཐུན་པའི་ཁས་ལེན་པ་མེད་པ་ལ་དགོངས་ནས་ཁས་ལེན་མེད་ཅེས་གསུངས་པའི་དགོངས་པ་ལས་རིང་དུ་གྱུར་པ་ཡིན་ཞིང༌། དེ་དེ་ལྟར་འཁྲུལ་པའི་གཞི་ཡང་གཞུང་དེ་དང་དེ་འདྲ་བ་དག་ཡིན་ནོ། །དེ་ནས་ཤོག་གུ་ལོགས་ཅིག་ཅུང་མེད་ན། ཁོང་དུ་ཆུད་དེ། མཚན་མར་བཟུང་བའི་ཚུལ་གྱིས་མ་བླངས་པའི་ཕྱིར་རོ།། དེ་ནས་ཕྲེང་གཉིས་ན། ཤེས་པར་བྱའོ། །ཞེས་བྱ་བའི་བར་གྱིས་ཐབས་ལ་བརྟེན་པར་བྱ་བ་བསྟན་ཏེ། དེ་ལྟར་བརྩོན་པའམ་ཐབས་ཀྱི་སྒྲུབ་པ་རྫོགས་ནས། མྱུར་དུ་མངོན་པར་བྱང་ཆུབ་པའི་སྒྲུབ་པ་བསྟན་པ། འདི་ཡང་བཞི་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་སློབ་པ། ཆོས་ཐམས་ཅད་མི་དམིགས་པར་སློབ་པ། སྒྱུ་མ་ལྟ་བུ་ལ་སོགས་པར་སློབ་པ་ཐབས་ལ་མཁས་པར་སློབ་པའོ།།


previousབཟོད་པ་འབྲིང་གི་དམིགས་རྣམ་ནི། next