Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་མཆོག་ཆུང་ངུའི་དམིགས་རྣམ་ནི།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་མཆོག་ཆུང་ངུའི་དམིགས་རྣམ་ནི། next

ཆོས་མཆོག་ཆུང་ངུའི་དམིགས་རྣམ་ནི།

ཏིང་འཛིན་དེ་ཡི་བྱེད་པ་ཉིད། །རྣམ་པ་ཐམས་ཅད་མཁྱེན་བྱར་མེད། ཅེས་བྱ་བ་ལ་སོགས་པ་བཤད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པའི་གནས་སྐབས་ལ་བྱ་སྟེ། འདི་ལྟར་ཀུན་བཏགས་པའི་ཆོས་ཐམས་ཅད་ལ་གཟུང་བ་དང༌། འཛིན་པ་གཉིས་དང༌། ཡོད་པ་དང༌། མེད་པ་དང༌། དངོས་པོ་དང༌། དངོས་པོ་མེད་པ་དང༌། རྟག་པ་དང༌། ཆད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཆོས་དང༌། ཆོས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་དང༌། གང་ཡང་རྟག་པ་དང༌། མི་རྟག་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། བདག་ཡོད་པ་དང༌། བདག་མེད་པ་དང༌། ཞི་བ་དང༌། མ་ཞི་བ་དང༌། སྟོང་པ་དང༌། མི་སྟོང་པ་དང༌། མཚན་མ་དང༌། མཚན་མ་མེད་པ་དང༌། སྨོན་པ་དང༌། སྨོན་པ་མེད་པ་ལ་སོགས་པ་གཉིས་པ་དེ་དག་ཐམས་ཅད་ནི་ཀུན་བཏགས་པ་ཡིན་པས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་གཉིས་མེད་པ་ཞེས་བྱའོ། །རྟོགས་པས་བྱས་པའི་དངོས་པོ་རྣམ་པ་གཉིས་མེད་པས་གཉིས་སུ་དབྱེར་མེད་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཞེས་བྱ་བ་སྟེ། ཆོས་ཐམས་ཅད་སྐྱེ་མེད་དུ་རྟོག་པའི་ཕྱིར་རོ། །དེ་དག་ནི་བདག་དང་གཞན་གྱིས་དོན་རྒྱ་ཆེན་པོའི་རྒྱུ་ཡིན་པས། རྒྱ་ཆེ་བ། ཉན་རང་གི་རྒྱ་ཆེ་བས་ཏིང་ངེ་འཛིན་ལས། མཆོག་ཏུ་བྱ་བ། དེའི་ཡོན་ཏན་ཚད་གཟུང་དུ་མེད་པར་ངེས་པ་མི་འཕྲོགས་པ་སྟེ། སུན་འབྱིན་མི་ནུས་པའོ། །འཚང་རྒྱའོ། །དེ་ནས་ཕྲེང་གཅིག་ན། གཞན་དག་ཀྱང་ཡོད་དོ། །ཞེས་ཏིང་ངེ་འཛིན་གཞན་མང་པོའི་མིང་འཁོར་རྣམས་ལ་བསྟན་པའི་ཕྱིར་དྲིས་པའི་ལན། དེ་ནས་ཕྲེང་བཞི་ན། འཚང་རྒྱའོ། །དེ་བཞིན་དུ་འཚང་རྒྱའི་མཐར་གྲངས་ཡིག་རྣམས་རིམ་པས་གདབ་བོ། །རབ་འབྱོར་གྱིས་སྨྲས་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་བདུན་ན། མངོན་པར་རྫོགས་པར་འཚང་རྒྱའོ། །འདི་ཡར་བཅད་ཀྱིས་པོ་ཏི་ཁ་སྟེ་གཉིས་པ་རྫོགས་སོ།། །།


previousཆོས་མཆོག་ཆུང་ངུའི་དམིགས་རྣམ་ནི། next