Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཅ༽ གླེགས་བམ་ལྔ་པ། བམ་པོ་དང་པོ།
   
   
   
   
   
   
   
   
   
   
   
   
   


 
previousཅ༽ གླེགས་བམ་ལྔ་པ། བམ་པོ་དང་པོ། next

ཅ༽ གླེགས་བམ་ལྔ་པ། བམ་པོ་དང་པོ།

དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་དགུ་ན། བམ་པོ་གཉིས་པ། དེ་ནས་ཤོག་གུ་བཅོ་བརྒྱད་དང་ཕྲེང་བཞི་ན། གཞན་ཡང་དེ་བཞིན་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་མཉམ་པ་ཉིད་དང༌། བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་ཀུན་བཏགས་པ་ཡིན་པའི་ཕྱིར་མེད་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས་ཤིང༌། དེ་བཞིན་ཉིད་ལ་སོགས་པ་དེ་དང་དེ་ལ་རྟོག་པ་སྣང་ཡུལ་དང་བཅས་པ་ཀུན་བཏགས་པ་དེ་རྣམས་གཤིས་ལ་མེད་པ་ལ་དགོངས་པའི་གཞུང་ངོ༌། །དེ་ནས་ཤོག་གུ་ལྔ་དང་ཕྲེང་ལྔ་ན། བམ་པོ་གསུམ་པ། དེ་ནས་ཤོག་གུ་བཅུ་བདུན་ན། བམ་པོ་བཞི་པ། དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་བཞི་ན། གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ཆོས་ཉིད་ཀྱི་གཟུགས་ནི་ཀུན་བཏགས་པའི་གཟུགས་ཀྱིས་སྟོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། གཟུགས་མེད་ཅེས་བྱ་བ་གསུངས་ཏེ། གཟུགས་ཀྱི་སྟོང་པ་ཉིད་ལ་ཀུན་བཏགས་པའི་གཟུགས་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། སྟོང་པ་ཉིད་ལ་ཀུན་བཏགས་ཀྱི་བྱང་ཆུབ་སེམས་དཔའ་མེད་དོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། ཐམས་ཅད་མཁྱེན་པ་ཉིད་མེད་བྱང་ཆུབ་སེམས་དཔའ་མེད་དོ། །འདི་ལྟ་བུའི་གཞུང་ལ་སྒྲ་ཇི་ལྟ་བར་བཟུང་ནས་ཐམས་ཅད་རང་སྟོང་ཉིད་དུ་འདོད་པ་རྣམས་ནི་ཕྱི་རོལ་པ་ལས་ཀྱང་ཕྱི་རོལ་པ་ལོག་པར་ལྟ་བ་ཡིན་ཏེ། ཤེར་ཕྱིན་ལྔ་བརྒྱ་པར། རབ་འབྱོར། གང་ཡང་བཅོམ་ལྡན་འདས་ཀྱི་གཟུགས་རང་བཞིན་མེད་པ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། གདོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་གང་ཡིན་པའི་བསྟན་པ་དེ་དག་ཐམས་ཅད་ནི་ལྡེམ་པོར་དགོངས་པ་མ་ཡིན་པ་སྟེ། སྒྲ་ཇི་བཞིན་ཉིད་དུ་ཤེས་པར་བྱའོ། །ཞེས་དེ་སྐད་སྨྲ་ན་དེ་ནི་ཕྱི་རོལ་བས་ཀྱང་ཕྱི་རོལ་སོ་སོ་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ། །ཞེས་ངས་སྨྲས་སོ། །ཞེས་སོགས་རྒྱ་ཆེར་གསུངས་པས། དེས་ན་ཐམས་ཅད་རང་སྟོང་དང་ཅང་མེད་དུ་ལྟ་བ་ནི་ལོག་པར་ལྟ་བ་ཡིན་པས་རིང་དུ་སྤང་བར་བྱའོ། །དེ་ནས་ཕྲེང་ཕྱེད་དང་དགུ་ན། ཚོང་བ་ལ་མེད་ཅིང་མི་དམིགས་སོ། །ཞེས་བྱ་བ་ལ་སོགས་པས་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ལ་བཙལ་ན་ཆོས་ཐམས་ཅད་མི་དམིགས་པར་བསྟན་པ་སྟེ། འདིས་ནི་ཐམས་ཅད་ཀྱིས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་ཞེས་བྱ་བ་དེ་བཤད་པ་ཡིན་ནོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་ལྷག་པ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་བཅུ་གསུམ་ལ་ཕྲེང་གཅིག་ཆད་པ་ན། གློ་བུར་དུ་མིང་དུ་བཏགས་པ་སྟེ། ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ནི་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ན། ཀུན་རྫོབ་ཏུ་དེ་ལ་ཐ་སྙད་དུ་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་གློ་བུར་དུ་བཏགས་པ་སྟེ། གློ་བུར་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། མིང་དུ་བཏགས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཀུན་བཏགས་པའི་ཆོས་ཐམས་ཅད་མིང་ཙམ་དུ་ཟད་པར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། གང་ན་ཡང་མི་གནས་སོ། །ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་སྟོང་པ་ཉིད་དུ་སྟོན་ཏེ། དངོས་པོ་རྣམས་སྐྱེ་བའི་དུས་ན་ཡང་གང་ནས་ཀྱང་མི་འོང་ལ་འགག་པའི་དུས་ན་ཡང་གང་དུ་ཡང་མི་འགྲོའོ། །ཞེས་དབུ་མ་པ་གསུངས། གཟུགས་མ་ཡིན། ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་དང༌། མིང་དག་ཐ་དད་པ་ཡིན་པར་བསྟན་ཏེ། གཟུགས་ཞེས་བྱ་བའི་མིང་ཀུན་བཏགས་པ་གང་ཡིན་པ་དེ་དོན་དམ་པའི་གཟུགས་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན། མིང་མ་ཡིན་ཏེ། ཞེས་བྱ་བ་མིང་དང་སྟོང་པ་གཉིས་ཐ་དད་པའི་གཏན་ཚིགས་བསྟན་པ་སྟེ། ཀུན་བཏགས་པའི་མིང་གང་ཡིན་པ་དེ་ནི་མིང་གིས་ངོ་བོ་ཉིད་ཀྱིས་སྟོང་ལ་དེའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་ན། དེ་ལྟར་མིང་ཡོད་པ་མ་ཡིན་པ་དང༌། དོན་དམ་པའི་ཆོས་རྣམས་ཡོད་པའི་ཕྱིར་ཆོས་དེ་དག་མིང་གི་རང་བཞིན་མ་ཡིན་ནོ། །དེ་བས་ན་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཡང་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གློ་བུར་དུ་བཏགས་པ་བསྟན་པ་ཡིན་པའི་ཕྱིར། དེའི་ཕྱིར་འདི་ལྟ་སྟེ་མིང་ཙམ་ཞེས་བྱའོ། །ཞེས་བྱ་བ་གསུངས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན། མིང་མེད་དོ། །ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་ཀུན་བཏགས་པ་ཉིད་ཡིན་ལ་མིང་ཡང་ཀུན་བཏགས་པ་ཉིད་དོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མིང་གནས་པ་ཡང་མ་ཡིན་མིང་ལ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གནས་པ་མ་ཡིན་ཏེ་གཉིས་ཀ་ལ་ཡང་སྒྱུ་མ་དང་མཚུངས་པར་དངོས་པོ་མེད་པའི་ཕྱིར་རོ།། ཞེས་དབུ་མ་པ་གསུངས་ཤིང༌། སློབ་དཔོན་ཕྱོགས་གླང་གིས། མེད་ཅེས་བྱ་ལ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་སྟེ། །ཞེས་པ་ཡང་འདི་ལྟ་བུ་ལ་དགོངས་སོ། །དེ་ནས་ཤོག་གུ་བདུན་ན། བམ་པོ་དྲུག་པ། དེ་ནས་ཕྲེང་དྲུག་ན། འགྱུར་བ་ལྟ་ག་ལ་ཡོད། ཅེས་བྱ་བ་ལ་སོགས་པས། བདག་ལ་སོགས་པ་གང་ཟག་རྣམས་དང༌། གཟུགས་ལ་སོགས་པ་ཆོས་རྣམས་ཤིན་ཏུ་མེད་དེ། ཡོད་པ་མ་ཡིན་ན་མངོན་པར་གྲུབ་ཅིང་འབྱུང་བར་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་བས་ན་ཆོས་ཐམས་ཅད་མངོན་པར་གྲུབ་པ་ཤིན་ཏུ་མེད་པའི་མཚན་ཉིད་དུ་བསྟན་ཏོ། །མངོན་པར་འགྲུབ་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་བཞི་ན། འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཞེས་བྱ་བ་ནི་རང་གི་ངོ་བོ་ལ་ངོ་བོ་ཉིད་ཅེས་བྱ་སྟེ། རང་གི་གང་ཡིན་པ་དེ་ཉིད་ངོ་བོ་ཉིད་ཅེས་བྱ་སྟེ། བར་འགྱུར་གྱིས་གཞན་གྱི་ནི་མ་ཡིན་ནོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ནི་བརྟེན་ནས། འབྱུང་གི་མ་བརྟེན་པར་ནི་མ་ཡིན་ནོ། །གང་དག་གཞན་ལ་བརྟེན་ཏེ་འབྱུང་བ་དེ་དག་ནི་གཞན་གྱི་ཉིད་ཡིན་གྱི་རང་གི་ནི་མ་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེའི་ཕྱིར་གཟུགས་ལ་སོགས་པ་ཀུན་བཏགས་པ་རྣམས་ནུབ་པར་གྱུར་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ཞིང་གཞན་ལ་ལྟོས་པ་མ་ཡིན་པས་དེ་ཉིད་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་རིགས་སོ།། དེ་བས་ན་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཞེས་བཤད་དེ་འདུས་པ་ལས་བྱུང་བ་ནི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །འདུས་ནས་བྱུང་བས་ན་འདུས་པ་ལས་བྱུང་བ་ཞེས་བྱ་སྟེ། རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ཅུང་མེད་ན། མི་རྟག་པ་སྟེ་གང་ཡང་བྲལ་བས་མ་ཡིན་ནོ། །ཞེས་བྱ་བ་ལ་ཉན་ཐོས་ཀྱི་ཐེག་པའི་ཚུལ་གྱིས་དེ་མི་རྟག་པ་ཞེས་བྱ་བ་ཆོས་སྐྱེས་པ་གྱེས་པ་དང་ཞིག་པ་ལ་བྱའོ། །འདིར་ནི་མི་རྟག་པའི་མཚན་ཉིད་དེ་ལྟ་མ་ཡིན་པར་སྟོན་ཏེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་བྱ་བ་ནི་ཐེག་པ་ཆེན་པོ་འདི་ལ་མི་རྟག་པའི་དོན་ནི་མེད་པའི་དོན་ཏོ། །ཞེས་འབྱུང་བའི་ཕྱིར་མི་རྟག་པའི་སྒྲ་ནི་མེད་པ་ལ་བྱའོ། །ཇི་ལྟ་ཞེ་ན་རྟག་པ་ལས་བཟློག་པ་ནི་མི་རྟག་པ་ཞེས་བྱའོ། །རྟག་པ་ཞེས་བྱ་བ་ནི་གང་རྟག་ཏུ་ཡོད་པ་དེ་ལ་བྱ་སྟེ། དེ་བས་ན་མི་རྟག་པ་ཞེས་བྱ་བ་ནི་གང་རྟག་ཏུ་དུས་ཐམས་ཅད་དུ་མེད་པ་དེ་ལ་མི་རྟག་ཅེས་བྱའོ། །དེའི་ཕྱིར་མེད་པའི་དོན་ནི་མི་རྟག་པའི་དོན་ཞེས་བྱའོ། །དེ་ལྟར་གཟུགས་ལ་སོགས་པ་ཀུན་བཏགས་པའི་ཆོས་ཐམས་ཅད་མེད་པའི་ཕྱིར་མི་རྟག་པ་སྟེ། ཡོད་པ་ལ་ཞིག་པར་གྱུར་པ་གང་ཡང་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གསུམ་ན། དངོས་པོ་མེད་པ་དང་ཟད་པ་སྟེ། ཞེས་བྱ་བ་ལ་མི་རྟག་པ་ཞེས་བྱ་བའི་སྒྲ་ནི་མེད་པ་དང༌། དངོས་པོ་མ་ཡིན་པ་སྟེ། སྟོང་པ་ཉིད་ལ་བྱའོ། །ཟད་ཅེས་བྱ་བའི་སྒྲ་ནི་ཀུན་བཏགས་པའི་ཆོས་རྣམས་ལ་བྱའོ། །དེ་ལྟར་མི་རྟག་པ། གང་ཡིན་པའི་དེ་སྟོང་པ་ཉིད་དེ་ནི་ཀུན་བཏགས་པའི་ཆོས་ཟད་པའི་དངོས་པོ་མེད་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཆོས་ཐམས་ཅད་ནི་མི་རྟག་པའོ། །ཞེས་བྱ་བའི་ཆོས་ཐམས་ཅད་དངོས་པོ་མེད་པའོ། །ཞེས་བྱ་བ་ཉིད་དུ་བསྟན་པ་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་བསྟན་པ་ཡིན་ཏེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན་བྲལ་བས་མ་ཡིན་ནོ། །ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཀུན་བཏགས་པའི་ཆོས་ཐམས་ཅད་ལ་དངོས་པོའི་རྣམ་པར་མངོན་པར་ཞེན་ནས་ཉེ་བར་ལེན་ན། སྡུག་བསྔལ་གསུམ་གྱི་རྒྱུར་འགྱུར་བས་སྡུག་བསྔལ་ཞེས་བརྗོད་དོ། །གང་གི་ཚེ་ཀུན་བཏགས་པའི་རྣམ་པ་དངོས་པོ་མེད་པའི་བདག་ཉིད་དུ་ཡོངས་སུ་ཤེས་ནས་མངོན་པར་ཞེན་པར་མི་བྱེད་ཅིང་སྤོང་བ་དེའི་ཚེ་སྡུག་བསྔལ་མེད་པའི་རྒྱུར་གྱུར་པས་བདེ་བ་ཡིན་ནོ། །དེ་བས་ན་སྡུག་བསྔལ་ནི་ཀུན་བཏགས་པའི་ཆོས་ཞེས་བྱའོ། །ཆོས་ཐམས་ཅད་ནི་སྡུག་བསྔལ་བ་ཞེས་བྱ་བ་ནི་ཀུན་བཏགས་པ་རྣམས་དངོས་པོ་མེད་པའི་མཚན་ཉིད་ཁོ་ནར་བསྟན་པ་ཡིན་ཏེ། དངོས་པོ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི་སྡུག་བསྔལ་བའོ། །འདིར་ཡང་སྡུག་བསྔལ་བ་ནི་གང་དང་ཡང་བྲལ་བས་མ་ཡིན་ཞེས་བྱ་བར་སྦྱར་ཏེ། སྡུག་བསྔལ་ནི་བདེ་བའི་རྣམ་པ་ཡོད་པ་གང་དང་ཡང་བྲལ་བས་མ་ཡིན་གྱི་དངོས་པོ་མེད་པའི་ཕྱིར་སྡུག་བསྔལ་བའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་ཅུང་མེད་ན། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ནི་བདག་གཉིས་མེད་པ་སྟེ། ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར། གང་དང་ཡང་བྲལ་བ་མ་ཡིན་ནོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་དགུ་ཅུང་མེད་ན། དངོས་པོ་མེད་པ་དང་ཟད་པ་སྟེ། ཞེས་བྱ་བ་ནི་ཟད་པའི་ཆོས་རྣམས་ཀྱི་དངོས་པོ་མེད་པ་གང་ཡིན་པ་དེ་ཉིད་བདག་མེད་པའོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་གསུངས། གཞན་ཡང་ཀུན་བཏགས་ཀྱི། ཆོས་ཐམས་ཅད་ནི། གདོད་མ་ནས། ཞི་བ་སྟེ་གང་དང༌། གཟུགས། གདོད་མ་ནས། ཞི་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། ཚོར་བ། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་ལྔ་ན། གཞན་ཡང༌། ཀུན་རྫོབ་ཀྱི། ཆོས་ཐམས་ཅད། སྟོང་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་སམ། བདེན་པ་གཉིས་ཀར་ཡང་རུང་ངོ༌། །དེ་ནས་ཤོག་གུ་གཉིས་དང་ཕྲེང་གཅིག་ན། བམ་པོ་བདུན་པ། གཞན་ཡང་བདེན་གཉིས་བསྡུས་པའི། ཆོས་ཐམས་ཅད་ནི། དེ་ནས་ཤོག་གུ་ལྔ་དང་ཕྲེང་བརྒྱད་ཙམ་ན། གཞན་ཡང་དོན་དམ་གྱི། ཆོས་ཐམས་ཅད་ནི། ངོ་བོ་ཉིད་ཀྱིས། དགེ་བ་སྟེ་གང་དང་བྲལ་བས་མ་ཡིན་ནོ། །ཞེས་བྱ་བ་ནི་མི་དགེ་བའི་དངོས་པོ་འགའ་ཞིག་ཡོད་པ་ལས་དེ་དང་བྲལ་བས་དགེ་བ་ཞེས་བཏགས་པ་ནི་མ་ཡིན་གྱི་ཆོས་ཐམས་ཅད་དངོས་པོ་མེད་ཅིང་སྟོང་སྟེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་དགེ་བ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཞེས་འབུམ་ཏིག་ གསུངས། ཆོས་ཉིད་ཀྱི། གཟུགས། རྣམ་པར་སྣང་མཛད་ནི་འདུས་མ་བྱས་པའི་དགེ་བ་སྟེ། མི་མཐུན་ཕྱོགས། གང་དང་ཡང་བྲལ་བར་བྱས་པས་མ་ཡིན་ན། དེའི་རྒྱུ་མཚན་ནི་མི་མཐུན་ཕྱོགས་དང་གདོད་མ་ཉིད་ནས་བྲལ་བའི་ཕྱིར་རོ། །ཆོས་ཉིད་ཀྱི་ཚོར་བ་ནི་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ་སྟེ། ཆོས་ཉིད་ཀྱི་འདུ་ཤེས་སྣང་བ་མཐའ་ཡས་ནི་འདུས་མ་བྱས་པའི་དགེ་བ་སྟེ། འདུ་བྱེད་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ། རྣམ་པར་ཤེས་པ་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ། ཆོས་ཉིད་ཀྱི། མིག་སའི་སྙིང་པོ་ནི་འདུས་མ་བྱས་པའི་དགེ་བ་སྟེ། རྣ་བ་ཕྱག་ན་རྡོ་རྗེ་ནི་འདུས་མ་བྱས་པའི་དགེ་བ་སྟེ། སྣ་ནམ་མཁའི་སྙིང་པོ་འདུས་མ་བྱས་པའི་དགེ་བ་སྟེ། ལྕེ་འཇིག་རྟེན་དབང་ཕྱུག་ནི་འདུས་མ་བྱས་པའི་དགེ་བ་སྟེ། ལུས་སྒྲིབ་པ་ཐམས་ཅད་ངེས་པར་སེལ་བ་ནི་འདུས་མ་བྱས་པའི་དགེ་བ་སྟེ། ཡིད་ཀུན་ཏུ་བཟང་པོ་ནི་འདུས་མ་བྱས་པའི་དགེ་བ་སྟེ། གཟུགས་གཟུགས་རྡོ་རྗེ་མ་ནི་འདུས་མ་བྱས་པའི་དགེ་བ། སྒྲ་སྒྲ་རྡོ་རྗེ་མ་ནི་འདུས་མ་བྱས་པའི་དགེ་བ། དྲི་དྲི་རྡོ་རྗེ་མ་ནི་འདུས་མ་བྱས་པའི་དགེ་བ། རོ་རོ་རྡོ་རྗེ་མ་ནི་འདུས་མ་བྱས་པའི་དགེ་བ། རེག་རེག་བྱ་རྡོ་རྗེ་མ་ནི་འདུས་མ་བྱས་པའི་དགེ་བ། ཆོས་ཆོས་ཁམས་རྡོ་རྗེ་མ་ནི་འདུས་མ་བྱས་པའི་དགེ་བ། ཆོས་ཉིད་ཀྱི་མིག་གི་རྣམ་པར་ཤེས་པ་སའི་སྙིང་པོ་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ། རྣ་བའི་རྣམ་པར་ཤེས་པ། ཕྱག་ན་རྡོ་རྗེ་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ། སྣའི་རྣམ་པར་ཤེས་པ། ནམ་མཁའི་སྙིང་པོའི་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ། ལྕེའི་རྣམ་པར་ཤེས་པ། འཇིག་རྟེན་དབང་ཕྱུག་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ། ལུས་ཀྱི་རྣམ་པར་ཤེས་པ། སྒྲིབ་པ་རྣམ་སེལ་གྱི་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་བཟང་པོ་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ། མིག་གི་འདུས་ཏེ་རེག་པ་སའི་སྙིང་པོའི་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ། རྣ་བའི་འདུས་ཏེ་རེག་པ་ཕྱག་ན་རྡོ་རྗེ་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ། སྣའི་འདུས་ཏེ་རེག་པ་ནམ་མཁའ་སྙིང་པོ་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ། ལྕེའི་འདུས་ཏེ་རེག་པ་འཇིག་རྟེན་དབང་ཕྱུག་གི་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ། ལུས་ཀྱི་འདུས་ཏེ་རེག་པ་སྒྲིབ་པ་རྣམ་སེལ་གྱི་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ། ཡིད་ཀྱི་འདུས་ཏེ་རེག་པ་ཀུན་ཏུ་བཟང་པོ་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ། རྐྱེན་གྱིས་ཚོར་བ་སའི་སྙིང་པོ་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ། རྐྱེན་གྱིས་ཚོར་བ་ཕྱག་ན་རྡོ་རྗེའྀ་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ། རྐྱེན་གྱིས་ཚོར་བ་ནམ་མཁའ་སྙིང་པོའི་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ་རྐྱེན་གྱིས་ཚོར་བ་འཇིག་རྟེན་དབང་ཕྱུག་གི་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ། རྐྱེན་གྱིས་ཚོར་བ་སྒྲིབ་པ་རྣམ་སེལ་གྱི་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ། རྐྱེན་གྱིས་ཚོར་བ་ཀུན་ཏུ་བཟང་པོའི་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་བཞིན་དུ། གཟུགས་ཀྱི་ཕུང་པོ་དྲུག་དང༌། འདུ་ཤེས་ཀྱི་ཕུང་པོ་དྲུག་དང༌། ཡེ་ཤེས་ཀྱི་ཕུང་པོ་དྲུག་ཀྱང་གཞུང་འདིར་མ་གསུངས་མོད་ཀྱི། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གིས། ཕུང་པོ་དྲུག་དབང་པོ་དྲུག་གིས་དབྱེ་བས་ཕུང་པོ་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་འདི་ལྟ་སྟེ། ཞེས་སོགས་རྒྱས་པར་གསུངས་པ་ལྟར་སྐབས་འདིར་ཡང་རྟོགས་པར་བྱའོ། །ཆོས་ཉིད་ཀྱི། སའི་ཁམས་སངས་རྒྱས་སྤྱན་མ་ནི་འདུས་མ་བྱས་པའི་དགེ་བ། ཆུའི་ཁམས་མཱ་མ་ཀཱི་ནི་འདུས་མ་བྱས་པའི་དགེ་བ་སྟེ། མེའི་ཁམས་གོས་དཀར་མོ་ནི་འདུས་མ་བྱས་པའི་དགེ་བ། རླུང་གི་ཁམས་སྒྲོལ་མ་ནི་འདུས་མ་བྱས་པའི་དགེ་བ། ནམ་མཁའི་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་འདུས་མ་བྱས་པའི་དགེ་བ། རྣམ་པར་ཤེས་པའི་ཁམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ་གང༌། དེ་ནས་ཕྲེང་གཅིག་ན། རྣམ་པར་ཤེས་པ་གསུམ་ཡེ་ཤེས་རྡོ་རྗེའི། ཞལ་གསུམ་ནི་འདུས་མ་བྱས་པའི་དགེ་བ། རེག་པ་གསུམ་སྐུ་རྡོ་རྗེའི་ཞལ་གསུམ་ནི་འདུས་མ་བྱས་པའི་དགེ་བ། ལེན་པ་གསུམ་གསུང་རྡོ་རྗེའི་ཞལ་གསུམ་ནི་འདུས་མ་བྱས་པའི་དགེ་བ། རྒ་ཤི་གསུམ་ཐུགས་རྡོ་རྗེའི་ཞལ་གསུམ་ནི་འདུས་མ་བྱས་པའི་དགེ་བ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་མ་བྱས་པའི་དགེ་བ། དེ་ནས་ཕྲེང་གཉིས་ན། དེ་བཞིན་དུ་སྦྱར་ཏེ། བྲལ་བས་མ་ཡིན་ནོ། །དེ་ལྟར་དོན་དམ་པའི་ཕར་ཕྱིན་དྲུག་གི་དོན་དམ་པའི་ཕྱག་རྒྱ་དྲུག་གོ །དེ་ལ་དོན་དམ་གྱི་ཕར་ཕྱིན་ལྷག་མ་བཞི་བསྣན་ན་དོན་དམ་གྱི་ཕྱག་རྒྱ་བཅུ་སྟེ། ནུས་མ་བཅུ་དང་རིག་མ་བཅུ་ཡང་ཡིན་པར་དུས་འཁོར་ལ་སོགས་པ་གསང་སྔགས་ཟབ་མོ་རྣམས་སུ་རྒྱ་ཆེར་གསུངས་པའི་ཕྱིར། དོན་གཅིག་ན་ཡང་མ་རྨོངས་དང༌། །ཞེས་སོགས་ཡང་ཡང་དྲན་དགོས་སོ། །ཆོས་ཉིད་ཀྱི། ནང་སྟོང་པ། དེ་ནས་ཕྲེང་དྲུག་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དགེ་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདིར་བཅོ་བརྒྱད་གསུངས་ཀྱང༌། བསྡུ་ན། བཅུ་དྲུག་ཏུ་འདུ་ཞིང༌། དེ་ཡང་དང་པོའི་སངས་རྒྱས་སུ། །སྟོང་ཉིད་བཅུ་དྲུག་ཀ་བ་རྣམས། །ཞེས་དང༌། ཀྱེའི་རྡོ་རྗེར། ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །ཅེས་དང༌། འཁོར་ལོ་སྡོམ་ཆེན་དུ། པད་འདབ་བཅུ་དྲུག་དང༌། དུར་ཁྲོད་བཅུ་དྲུག་གིས་བསྟན་པ་དང༌། དྲི་མེད་འོད་དུ། དོན་དམ་གྱི་ཟླ་བའི་མར་ངོའི་ཆ་བཅུ་དྲུག་གིས་བསྟན་པ་དང༌། རྒྱུད་དང་འགྲེལ་པ་ཤིན་ཏུ་མང་པོར་དཀྱིལ་འཁོར་རྣམས་ཀྱི་ཆ་ཆེན་ནང་མ་བཅུ་དྲུག །དོན་དམ་གྱི་སྙིང་པོ་བཅུ་དྲུག་དང༌། ཕྱི་མ་བཅུ་དྲུག །དོན་དམ་གྱི་སྟོང་ཉིད་བཅུ་དྲུག་ཏུ་གསུངས་ཏེ། འདི་རྣམས་ཀྱང་སྟོང་གཞི་ལ་དགོངས་པ་ཡིན་པར་རྫོགས་ལྡན་གྱི་མན་ངག་ཟབ་མོ་ལས་རྟོགས་པ་ཡིན་གྱི་གསུམ་ལྡན་མར་བཅད་ཀྱི་ཆོས་ཙམ་ལ་མཆོག་ཏུ་ལྟ་བ་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི། དྲན་པ་ཉེ་བར་གཞག་པ་རྣམས། དེ་ནས་ཕྲེང་གཉིས་ན། ཡན་ལག་བརྒྱད་པ་དགེ་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཆོས་ཉིད་ཀྱི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་གཏོགས་པ་ལྷག་མ་སུམ་ཅུ་རྩ་དྲུག་གི་ནི་དོན་དམ་ཡེ་ཤེས་ཀྱི་ལྷ་སུམ་ཅུ་རྩ་དྲུག་དང༌། དོན་དམ་གྱི་ཡི་གེ་སུམ་ཅུ་རྩ་དྲུག་དང༌། དོན་དམ་གྱི་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་དང༌། དོན་དམ་གྱི་རྒྱུད་སུམ་ཅུ་རྩ་དྲུག་ལ་སོགས་པ་སྟེ་ཁྱབ་པར་བྱ་བའོ། །དེ་རྣམས་ལ་ཁྱབ་པར་བྱེད་པ་བསམ་དུ་མེད་པའི་ཐུགས་རྡོ་རྗེ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འཕགས་པའི་བདེན་པ་རྣམས་ནི་འདུས་མ་བྱས་པའི་དགེ་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་འཕགས་པ་རྡོ་རྗེ་སྙིང་པོས་སྐུ་བཞི་རྡོ་རྗེ་བཞིའི་རྣམ་གྲངས་མང་པོ་གསུངས་པ་ལས་སྡུག་བསྔལ་གྱི་བདེན་པ་ནི་དཔྲལ་བར་རོ། །ཀུན་འབྱུང་གི་བདེན་པ་ནི་མགྲིན་པར་རོ། །འགོག་པའི་བདེན་པ་ནི་སྙིང་གར་རོ། །ལམ་གྱི་བདེན་པ་ནི་ལྟེ་བར་རོ། །ཞེས་པ་དང་གཅིག་གོ །ཚད་མེད་པ་རྣམས་དགེ་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་ནི་དུས་འཁོར་རྒྱུད་འགྲེལ་དུ། གཙོ་བོའི་མདུན་ཞལ་ནག་པོ་བྱམས་པ་དང༌། གཡོན་ཞལ་དཀར་པོ་སྙིང་རྗེ་དང༌། གཡས་ཞལ་དམར་པོས་དགའ་བ་དང༌། རྒྱབ་ཞལ་སེར་པོ་བཏང་སྙོམས་སུ་གསུངས་པ་དང་དོན་གཅིག་གོ །རྣམ་པར་ཐར་པ་བརྒྱད་དགེ་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ།། ཞེས་པ་ཀྱེའི་རྡོ་རྗེར། ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། ཅེས་གསུངས་པ་དང་དོན་གཅིག་གོ །དེ་ནས་ཕྲེང་བཞི་ཅུང་མེད་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་འདུས་མ་བྱས་པའི་དགེ་བ་མ་ཡིན་ནོ། །ཞེས་པའི་འདི་རྣམས་ནི་འཕགས་པ་ཐོགས་མེད་ཀྱིས། དོན་དམ་པའི་དགེ་བ་གང་ཞེ་ན། དེ་བཞིན་ཉིད་དོ།། ཞེས་གསུངས་པ་དང་དོན་གཅིག་གོ །དེ་ནས་ཕྲེང་གཉིས་ན། ཆོས་ཐམས་ཅད། རང་བཞིན་གྱིས་གཙང་ཞིང༌། ཁ་ན་མ་ཐོ། དོན་དམ་གྱི་གཟུགས་ནི་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ་བ་མ་ཡིན་ནོ། །དེ་བཞིན་དུ་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སྦྱར་ཏེ། དེ་ནས་ཕྲེང་ཕྱེད་གཉིས་ན། རྣམ་པ་ཤེས་པ་ཁ་ན་མ་ཐོ་བ་མེད་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་ནི། ཀྱེའི་རྡོ་རྗེར། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ཡང་སུར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །ཞེས་གསུངས་པ་དང་དོན་གཅིག་གོ །མིག་ནི་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། གཟུགས་ནི་ངོ་བོ་ཉིད་ཀྱིས་ཁ་ན། དེ་ནས་ཕྲེང་གཉིས་ཅུང་མེད་ན། མིག་གི་རྣམ་པར་ཤེས་པ་ནི་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། མིག་གི་འདུས་ཏེ་རེག་པའི་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ། དེ་ནས་ཕྲེང་གཉིས་ལྷག་པ་ན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་ངོ་བོ་ཉིད་ཀྱིས་ཁ་ན། དེ་ནས་ཕྲེང་གསུམ་ཅུང་མེད་ན། སའི་ཁམས་ནི་ངོ་བོ་ཉིད་ཀྱིས་ཁ་ན། དེ་ནས་ཕྲེང་གཉིས་ལྷག་པ་ན། མ་རིག་པ་ནི་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ། དེ་ནས་ཕྲེང་ཕྱེད་བཞི་ན། རྒ་ཤི་ཁ་ན་མ་ཐོ་བ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་དཔལ་འཁོར་ལོ་དྲུག་གི་སྡོམ་པར། ཡན་ལག་བཅུ་གཉིས་འགག་པ་ཡིས། །དུས་སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཞེས་གྲགས་པ། །གནས་ལ་སོགས་པ་དོན་དམ་མོ། །ཞེས་གསུངས་པ་དང་གཅིག་གོ །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་ཀྱིས་ཁ། དེ་ནས་ཕྲེང་བཅུ་གསུམ་ཅུང་མེད་ན། ནང་སྟོང་པ་ཉིད་ནི་ངོ་བོ་ཉིད་ཀྱིས་ཁ། དེ་ནས་ཤོག་ལོགས་གཅིག་ན། དྲན་པ་ཉེ་བར་གཞག་པ་རྣམས་ནི་ངོ་བོ་ཉིད་ཀྱིས་ཁ། དེ་ནས་ཕྲེང་གསུམ་ཅུང་མེད་ན། འཕགས་པའི་བདེན་པ་རྣམས་ངོ་བོ་ཉིད་ཀྱིས་ཁ། དེ་ནས་ཕྲེང་དྲུག་ན། དོན་དམ་གྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ་བ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདིར་ཁ་ན་མ་ཐོ་བ་མེད་ཅེས་པ་གསུངས་པ་ཡང༌། ལམ་གྱིས་མེད་པར་བྱ་མི་དགོས་ཀྱིས་གདོད་མ་ནས་ངོ་བོ་ཉིད་ཀྱིས་མེད་པ་སྟེ། ཆོས་ཀྱི་དབྱིངས་ལ་བསྟོད་པར། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་པ་དང་གཅིག་གོ །དེ་ནས་ཕྲེང་གཉིས་ན། ཆོས་ཐམས་ཅད་ནི་གདོད་མ་ནས། ཟག་པ་མེད། བདེ་གཤེགས་སྙིང་པོའི་གཟུགས་ནི་གདོད་མ་ནས་རང་བཞིན་གྱིས་ཟག་པ། དེ་བཞིན་དུ་མ་འདྲེས་པའི་བར་དུ་སྦྱར་ཏེ། ཚོར་བ། དེ་ནས་ཕྲེང་གཉིས་ཅུང་མེད་ན། མིག་ནི་གདོད་མ་ནས་རང་བཞིན་གྱིས། ཟག་པ་མེད་པ་སྟེ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། གང་དང་ཡང་བྲལ་བས་མ་ཡིན་ནོ།། འདི་རྣམས་ནི། །ཀྱེའི་རྡོ་རྗེར། མིག་ལ་གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཞེས་བཤད། ཁ་ལ་འདོད་ཆགས་རྡོ་རྗེ་མ། ལུས་ལ་ཕྲག་དོག་རྡོ་རྗེ་མ། ཡིད་ལ་བདག་མེད་རྣལ་འབྱོར་མ། ཞེས་གསུངས་པ་དང་གཅིག་གོ། ཤཱ་ར་ཏྭ་ཏིའི་བུ། གཟུགས་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཅིག་ན། བདེ་གཤེགས་སྙིང་པོའི་རོ་ཟག་པ་མེད་པ་སྟེ། དེ་ནས་ཕྲེང་གཅིག་ན། མིག་གི་རྣམ་པར་ཤེས་པ་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཉིས་ལྷག་པ་ན། མིག་གི་འདུས་ཏེ་རེག་པ་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཉིས་ལྷག་ན། མིག་གི་རྐྱེན་གྱིས་ཚོར་བ་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཅིག་པ་ན། ལུས། བདེ་གཤེགས་སྙིང་པོའི་ལུས་ཀྱི་འདུས། དེ་ནས་ཕྲེང་གཅིག་ན། སའི་ཁམས་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཉིས་ན། མ་རིག་པ་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གསུམ་ལྷག་པ་ན། རྒ་ཤི་ཟག་པ་མེད་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་ནི། དྲི་མེད་འོད་དུ། བདེན་པ་བཅུ་གཉིས་ནི། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་སྟེ་བདེན་པ་བཅུ་གཉིས་ནི་མངལ་སྐྱེས་ཀྱིས་སྒྲིབ་པ་དང་བཅས་པ་ཡིན་ལ། སངས་རྒྱས་རྣམས་ནི་སྒྲིབ་པ་དང་བྲལ་བའོ། །འཕོ་བ་བཅུ་གཉིས་ཀྱི་སྲོག་ནི་བྱེ་བས་སྲོག་གི་རླུང་རྒྱུ་བའི་ཕྱིར་མངལ་ནས་སྐྱེས་པ་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ། ཡན་ལག་བཅུ་གཉིས་འགགས་པའི་ཕྱིར། སངས་རྒྱས་རྣམས་ནི་སྒྲིབ་པ་དང་བྲལ་བའོ། །ཞེས་གསུངས་པ་དང་དོན་གཅིག་གོ །དྭ་ཏིའི་བུ། བདེ་གཤེགས་སྙིང་པོའི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཉིས་ལྷག་པ་ན། ནང་སྟོང་པ་ཉིད་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་ཕྱེད་དང་ལྔ་ན། བྲལ་བས་མ་ཡིན་ནོ། །བདེ་གཤེགས་སྙིང་པོའི་རང་གི་མཚན་ཉིད་སྟོང༌། དེ་ནས་ཕྲེང་གཉིས་ན། དྲན་པ་ཉེ་བར་གཞག་པ་རྣམས་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གསུམ་ན། འཕགས་པའི་བདེན་པ་རྣམས་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཅིག་ལྷག་པ་ན། བདེ་གཤེགས་སྙིང་པོའི་རྣམ་པར་ཐར་པའི་སྒོ། དེ་ནས་ཕྲེང་བཞི་ཅུང་མེད་ན། འདྲེས་པ་བཅོ་བརྒྱད་ནི་གདོད་ནས་རང་བཞིན་གྱིས་ཟག་པ་མེད། བྲལ་བས་མ་ཡིན་ནོ། །འདིར་ཟག་པ་མེད་པའི་དོན་ནི་རང་བཞིན་གྱིས་ཟག་པ་དང་བྲལ་བ་སྟེ། ཕྲ་མོ་སོ་ན་ཟག་པ་མེད། ཅེས་མཚན་ཡང་དག་པར་བརྗོད་པར་གསུངས་པ་དང་མཐུན་ནོ། །དེ་ནས་ཕྲེང་གཉིས་ན། རབ་འབྱོར། ཆོས་ཐམས་ཅད་གཟོད་མ་ནས་ཞི་བའི་ཕྱིར་ཉོན། དྭ་ཏིའི་བུ། ཡོངས་གྲུབ་ཀྱི། གཟུགས་ནི་གདོད་ནས་ཉོན་ཡིན་ནོ། །དེ་བཞིན་མ་འདྲེས་པའི་བར་ཏུ་སྦྱར་ཏེ། ཡོངས་གྲུབ་ཀྱི། ཚོར་བ། དེ་ནས་ཕྲེང་གཉིས་ལྷག་པ་ན། དྭ་ཏིའི་བུ། མིག་ནི་གདོད་ནས། དེ་ནས་ཕྲེང་གཉིས་ན། དྭ་ཏིའི་བུ། གཟུགས་ནི་གདོད་ནས། དེ་ནས་ཕྲེང་གཉིས་ཅུང་མེད་ན། བྲལ་བས་མ་ཡིན་ནོ། །འདི་རྣམས་ནི། ཀྱེའི་རྡོ་རྗེར། གཟུགས་ལས་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མར་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ།། རོ་ལ་གྷ་སྨ་རི་རབ་གྲགས། །རེག་ལས་ས་སྤྱོད་མ་ཞེས་བཤད། །ཆོས་ཀྱི་དབྱིངས་ལས་མཁའ་སྤྱོད་མ། །ཞེས་གསུངས་པ་དང་གཅིག་གོ །མིག་གི་རྣམ་པར་ཤེས་པ་ནི་གདོད་ནས། དེ་ནས་ཕྲེང་གཅིག་ལྷག་པ་ན། ཡོངས་གྲུབ་ཀྱི་ལུས་ཀྱི། དེ་ནས་ཕྲེང་གཅིག་ན། མིག་གི་འདུས་ཏེ་རེག་པ་ནི་གདོད་ནས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། མིག་གི་རྐྱེན་གྱིས་ཚོར་བ་ནི་གདོད་ནས། དེ་ནས་ཕྲེང་ཕྱེད་དང་བཞི་ན། ཡོངས་གྲུབ་ཀྱི། མེའི་ཁམས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། མ་རིག་པ་ནི་གདོད་ནས། ཉོན་མོངས་པ་མེད། དེ་ནས་ཕྲེང་བཞི་ན། རྒ་ཤི་ཉོན་མོངས་པ་མེད་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་ནི། དོན་དམ་པའི་མཚན་བརྗོད་དུ། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང༌། །ཞེས་དང༌། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་གསུངས་པ་དང་གཅིག་གོ །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གདོད་ནས། ཉོན་མོངས་པ་མེད། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ནང་སྟོང་པ་ཉིད་ནི་གདོད་ནས། ཉོན་མོངས་པ་མེད། དེ་ནས་ཕྲེང་བདུན་ལྷག་པ་ན། དྲན་པ་ཉེ་བར་གཞག་པ་རྣམས་ནི་གདོད་ནས། ཉོན་མོངས་པ་མེད། དེ་ནས་ཕྲེང་གསུམ་ཅུང་མེད་ན། འཕགས་པའི་བདེན་པ་རྣམས་ནི་གདོད་ནས། ཉོན་མོངས་པ་མེད་པ། དེ་ནས་ཕྲེང་དྲུག་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་གདོད་ནས། ཉོན་མོངས་པ་མེད་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདིར་ཉོན་མོངས་པ་མེད་ཅེས་གསུངས་པ་ནི་གདོད་ནས་རང་བཞིན་གྱིས་ཉོན་མོངས་པ་མེད་པ་སྟེ། རྒྱུད་བླ་མར། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། མཚན་ཡང་དག་པར་བརྗོད་པ་ལས། ཉོན་མོངས་ཉེ་ཉོན་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་གསུངས་པ་དང་མཐུན་ནོ། །དེ་ནས་ཕྲེང་ཕྱེད་དང་གཉིས་ན། གཞན་ཡང་ཆོས་ཐམས་ཅད་ནི། རང་བཞིན་གྱིས་དག་པའི་ཕྱིར། རྣམ་པར་བྱང༌། དེ་ནས་ཕྲེང་གཅིག་ན། ཆོས་ཀྱི་དབྱིངས་ཀྱི། གཟུགས་ནི་རང་བཞིན་གྱིས་རྣམ་པར་བྱང་བ་སྟེ། མ་ཡིན་ནོ། །དེ་བཞིན་དུ་མ་འདྲེས་པའི་བར་དུ་སྦྱར་ཏེ། དེ་ནས་ཕྲེང་གཅིག་པ་ན། རྣམ་པར་ཤེས་པ་རྣམ་པར་བྱང་བ་མེད་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་ལྟར་ལྔ་ནི། སྟོང་པ་ཆེན་པོ་འགྱུར་མེད་ལྔ། །ཞེས་གསུངས་པ་དང་གཅིག་གོ །མིག་ནི་རང་བཞིན་གྱིས་རྣམ་པར། ཡིད་རྣམ་པར་བྱང་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་ལྟར་དྲུག་ནི། ཐིག་ལེ་སྟོང་པ་འགྱུར་མེད་དྲུག།ཞེས་གསུངས་པ་དང་དོན་གཅིག །དེ་ནས་ཕྲེང་གཉིས་ན། ཆོས་ཀྱི་དབྱིངས་ཀྱི། གཟུགས་ནི་རང་བཞིན་གྱིས་རྣམ་པར་བྱང༌། དེ་ནས་ཕྲེང་གཉིས་ན། མིག་གི་རྣམ་པར་ཤེས་པ་ནི་རང་བཞིན་གྱིས། རྣམ། དེ་ནས་ཕྲེང་གཉིས་ལྷག་པ་ན། མིག་གི་འདུས་ཏེ་རེག་པ་ནི་རང་བཞིན་གྱིས་རྣམ་པ། དེ་ནས་ཕྲེང་གཉིས་ལྷག་པ་ན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་རང་བཞིན་གྱིས་རྣམ་པར། དེ་ནས་ཕྲེང་གསུམ་ཅུང་མེད་ན། སའི་ཁམས་ནི་རང་བཞིན་གྱིས་རྣམ་པར། དེ་ནས་ཕྲེང་ཕྱེད་དང་གཉིས་ཙམ་ན། རྣམ་པར་ཤེས་པའི་ཁམས་ནི་རང་བཞིན་གྱིས་རྣམ་པར། མ་རིག་པ་ནི་རང་བཞིན་གྱིས་རྣམ་པར། དེ་ནས་ཕྲེང་ཕྱེད་དང་བཞི་ན། རྒ་ཤི་རྣམ་པར་བྱང་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་ལ། མཆོག་གི་དང་པོའི་སངས་རྒྱས་ལས། །ཡན་ལག་བཅུ་གཉིས་འགགས་པ་ཡིས། །སྒོ་ནི་བཅུ་གཉིས་པོ་རྣམས་ཏེ། །དེ་བཞིན་ས་ནི་བཅུ་གཉིས་ཀྱིས། །རྟ་བབས་དག་ནི་མཛེས་པ་རྣམས།། ཞེས་གསུངས་པ་དང་གཅིག་གོ །ཆོས་ཀྱི་དབྱིངས་ཀྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་རྣམ་པར་བྱས། དེ་ནས་ཕྲེང་གཉིས་ལྷག་པ་ན། ནང་སྟོང་པ་ཉིད་ནི་རང་བཞིན་གྱིས་རྣམ་པར་བྱང༌། དེ་ནས་ཤོག་གུ་ལོགས་གཅིག་ན། དྲན་པ་ཉེ་བར་བཞག་པ་རྣམས་ནི་རང་བཞིན་གྱིས་རྣམ། དེ་ནས་ཕྲེང་ཕྱེད་གསུམ་ལྷག་པ་ན། འཕགས་པའི་བདེན་པ་རྣམས་ནི་རང་བཞིན་གྱིས་རྣམ་པར། དེ་ནས་ཕྲེང་དྲུག་ན། ཆོས་ཀྱི་དབྱིངས་ཀྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་རང་བཞིན་གྱིས་རྣམ་པར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བམ་པོ་བརྒྱད་པ། གཞན་ཡང་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འཇིག་རྟེན། ཕྲེང་གཅིག་ན། མྱང་འདས་ཆེན་པོའོ། །གཟུགས་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་གཉིས་ན། མིག་ནི་ལམ་མ་ལྟོས་པར་འཇིག་རྟེན། དེ་ནས་ཕྲེང་གཉིས་ན། གཟུགས་ནི་ལམ་མ་ལྟོས་པར། འཇིག་རྟེན། དེ་ནས་ཕྲེང་གཉིས་ལྷག་པ་ན། མིག་གི་རྣམ་པར་ཤེས་པ་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན། དེ་ནས་ཕྲེང་ཕྱེད་དང་གསུམ་ན། མིག་གི་འདུས་ཏེ་རེག་པ་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་གསུམ་ཅུང་མེད་ན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལ་འདས། དེ་ནས་ཕྲེང་གསུམ་ན། སའི་ཁམས་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་གཉིས་ལྷག་པ་ན། མ་རིག་པ་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་བཞི་ལྷག་པ་ན། རྒ་ཤི་འཇིག་རྟེན་ལས་འདས་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་ནི། ཀྱེའི་རྡོ་རྗེར། གནས་དང་ཉེ་བའི་གནས་དང་ནི།། ཞིང་དང་ཉེ་བའི་ཞིང་ཉིད་དང༌། །ཚན་ཏོ་ཉེ་བའི་ཚན་དོ་ཧ། །དེ་བཞིན་འདུ་བའི་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །འདི་རྣམས་ས་ནི་བཅུ་གཉིས་སོ། །ཞེས་གསུངས་པ་དང་གཅིག་གོ །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་གསུམ་ན། ནང་སྟོང་པ་ཉིད་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཤོག་གུ་ལོགས་གཅིག་པ་ཕྲེང་ཕྱེད་དྲན་པ་ཉེ་བར་བཞག་པ་རྣམས་ནི། ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་གསུམ་ལྷག་པ་ན། འཕགས་པའི་བདེན་པ་རྣམས་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན། དེ་ནས་ཤོག་ལོགས་གཅིག་ཅུང་མེད་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་གཉིས་ན། ཆོས་ཐམས་ཅད་ནི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདིར་བསྟན་པ་འདི་དང་སྔར་མི་རྟག་པར་བསྟན་པ་འགལ་བ་ལྟར་སྣང་བ་ནི་དགོངས་པ་ལ་ལྟོས་ནས་ཤེས་པར་བྱ་བ་སྟེ། འདི་འདྲ་བདག་ལ་དགོངས་ནས། དགོངས་འགྲེལ་དུ་རྩོད་པའི་ཚིག་གིས་གནས་སུ་གྱུར་ཞེས་གསུངས་པ་ཡིན་ནོ། །འབུམ་ཏིག་ལས་ཀྱང་འདུས་བྱས་ཀྱི་དངོས་པོ་ཞིག་ཡོད་ལ་དེ་དང་བྲལ་བས་འདུས་མ་བྱས་པར་གྱུར་པ་ནི་མ་ཡིན་གྱི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་འདུས་མ་བྱས་པའོ། །ཞེས་བྱའོ། །ཞེས་བསྟན་པའོ། །ཞེས་གསུངས་སོ། །ཆོས་སྐུའི་གཟུགས། ལི་ཡིག་སྟོང་པ་ཆེན་པོ་ནི། འདུས་མ། ཚོར་བ། རི་ཡིག་སྟོང་པ་ཆེན་པོ་ནི། འདུས་མ། འདུ་ཤེས། ཨུ་ཡིག་སྟོང་པ་ཆེན་པོ་ནི། འདུས་མ་བྱས། འདུ་བྱེད། ཨི་ཡིག་སྟོང་པ་ཆེན་པོ་ནི། འདུས་མ་བྱས། རྣམ་པར་ཤེས་པ། ཨ་ཡིག་སྟོང་པ་ཆེན་པོ་ནི། འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་ནི། དྲི་མེད་འོད་དུ། འདིར་དབྱིངས་ཀྱི་མིང་ཅན་དུ་བརྗོད་དུ་མེད་པའི་ཡི་གེ་ལྔ་ནི་འདི་ལྟ་སྟེ། དབུས་སུ་ཨ་ཡིག་སྟོང་པ་གྲི་གུག་གི་རྣམ་པ་དང༌། ལྷོར་རི་ཡིག་སྟོང་པ་ཐིག་ལེ་གཉིས་དང༌། བྱང་དུ་ཨུ་ཡིག་སྟོང་པ་ཐིག་ལེ་གཅིག་དང༌། ཤར་དུ་ཨི་ཡིག་སྟོང་པ་དབྱུག་པའི་རྣམ་པ་དང༌། ནུབ་ཏུ་ལི་ཡིག་སྟོང་པ་ཐོད་པའི་རྣམ་པ་སྟེ། ཞེས་སོགས་སྟོང་ཆེན་ཡི་གེ་ལྔ་དོན་དམ་པའི་ཕུང་པོ་ལྔ་ལ་གསུངས་པ་དང༌། དོན་གཅིག་སྟེ་རྒྱས་པར་དུས་འཁོར་རྒྱུད་འགྲེལ་ཆེན་པོ་ལས་ཤེས་པར་བྱའོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ན། རྒ་ཤི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་པ་འདི་རྣམས་ནི། སངས་རྒྱས་ཕལ་པོ་ཆེ་ལས། འདུས་མ་བྱས་ཀྱི་རྟེན་འབྲེལ་བཅུ་གཉིས་གསུངས་པ་དང་དོན་གཅིག་གོ །དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ལྷག་པ་ཆད་པ་ན། ཚད་མེད་པ་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་ནི་དྲི་མེད་འོད་དུ། འདིར་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཀྱི་རང་བཞིན་ཅན་སྒྲོལ་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྤྱན་མ་སྟེ། ཞེས་གསུངས་པ་དང་དོན་གཅིག་གོ །དེ་ནས་ཤོག་ལོགས་གཅིག་ན། རྟག་པ་མ་ཡིན་འཇིག་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་གཏན་ཚིགས་ཡིན་ཏེ། གལ་ཏེ་ཀུན་བཏགས་པ་རྣམས་ལ་ངོ་བོ་ཉིད་འགལ་ཞིག་ཡོད་ན་ནི་ཐེག་ཟུར་ཏུ་གནས་པ་རྟག་པའམ། འཇིག་པ་མི་རྟག་པ་ཞིག་ཏུ་འགྱུར་གྲང་ན། འདི་ལྟར་དེ་ནི་སྒྱུ་མའི་གཟུགས་བཞིན་དུ་ངོ་བོ་ཉིད་མེད་པས་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཏེ། སྒྱུ་མའི་གཟུགས་ལ་རྟག་པ་ཞེས་བྱ་བའམ། མི་རྟག་ཅེས་བྱ་བར་བརྗོད་པར་མི་ནུས་པ་དེའི་ཕྱིར་ཆོས་ཐམས་ཅད་ནི་ཐེར་ཟུག་ཏུ་གནས་པ་མ་ཡིན་འཇིགས་པ་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། ཡང་ན་ཀུན་རྫོབ་ཀྱི་ཆོས་རྟག་པ་མ་ཡིན། དོན་དམ་གྱི་ཆོས་འཇིག་པ་མ་ཡིན་ཞེས་པ་ཡང་རུང་ངོ༌། །དེ་ནས་ཤོག་གུ་བཞི་ལ་ཕྲེང་ཕྱེད་གཉིས་ཙམ་ཆད་པ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཀུན་རྫོབ་དང་དོན་དམ་གྱི་དགེ་བའི་ཆོས་རིམ་པ་ལྟར། རྟག་པ་མ་ཡིན། དེ་ནས་ཕྲེང་གསུམ་ཅུང་མེད་ན། བདེན་གཉིས་ཆོས་དེའི་རང་བཞིན་དེ་ཡིན་ནོ། །གལ་ཏེ་དོན་དམ་གྱི་མི་དགེ་བ་དང་འདུས་བྱས་དང་ཟག་བཅས་རྣམས་མི་སྲིད་པས་ཁྱེད་ཀྱིས་བཤད་པ་དེ་ཕྱིན་ཅི་ལོག་གོ །ཞེ་ན། ངེད་ཀྱི་བཤད་པ་ནི་མ་ཡིན་གྱི་བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་པ་སྟེ། ཉི་ཁྲི་དང་ཁྲི་བརྒྱད་སྟོང་པར་བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུར་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་འདྲེས་རྐང་བརྒྱ་དང་ཉི་ཤུ་རྩ་བརྒྱད་རྩ་དགུར་གསུངས་པ་ལས། ཀུན་བཏགས་ཚར་གཅིག །གཞན་དབང་ཚར་གཅིག །ཆོས་ཉིད་ཡོངས་གྲུབ་ཚར་གཅིག་སྟེ། དེ་ལྟར་ཚར་གསུམ་གསུངས་པའི་ནང་ནས། ཆོས་ཉིད་ཀྱི་གཟུགས་ནས་རྒ་ཤིའི་བར་དང༌། ཆོས་ཉིད་ཀྱི་སྡུག་བསྔལ་ཀུན་འབྱུང༌། འགོག་པ། ལམ་དང༌། ཆོས་ཉིད་ཀྱི་གཟུགས་ཅན། གཟུགས་མེད། བསྟན་ཡོད། བསྟན་མེད། ཐོགས་བཅས། ཐོགས་མེད། འདུས་བྱས། འདུས་མ་བྱས། ཟག་བཅས། ཟག་མེད། ཁ་ན་མ་ཐོ་བ་ཡོད་མེད། བསྟེན་བྱ་ཡིན་མིན། ངན་པ། གྱ་ནོམ་པ། ནང་ཕྱི་མཐོང་བ། ཐོས་པ། བྱེ་བྲག་ཕྱེད་པ། རྣམ་པར་ཤེས་པ། འདས། མ་འོངས། ད་ལྟར་བྱུང་བ། དགེ་མི་དགེ །ལུང་མ་བསྟན། འདོད་པ་དང་རབ་ལྡན། གཟུགས་མེད་དང་རབ་ལྡན། ལྡན་པ་མ་ཡིན་པ། སློབ་པ། མི་སློབ་པ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ལྟ་བ། ཐེ་ཙོམ། སེར་སྣ། སྦྱིན་པ། ཚུལ་ཁྲིམས་འཆལ་པ། ཚུལ་ཁྲིམས་བཟང་པོ། གནོད་སེམས། བཟོད་པ། ལེ་ལོ། བརྩོན་གྲུས། རྣམ་གཡེང༌། བསམ་གཏན། ཤེས་རབ་འཆལ་པ། ཤེས་རབ། རྣམ་རྟོག ། སྟོང་ཉིད། མཚན་མ་མཚན་མེད། ལོག་པའི་སྨོན་ལམ། སྨོན་པ་མེད་པ། མི་སྡུག་པའི་ཆོས། མི་རྟག་པ། སྡུག་བསྔལ་བ། བདག་མེད་པ། ཉོན་མོངས་པ། ཉོན་མོངས་པ་སྤངས་པ། ཀུན་ནས་ཉོན་མོངས། རྣམ་བྱང༌། འཁོར་བ། མྱང་འདས། བྱང་ཆུབ། སངས་རྒྱས་ཀྱི་ཆོས་རྣམས་ཞེས་ལེགས་པར་གསུངས་པའི་ཕྱིར། སྐྱོན་བརྗོད་ན་སངས་རྒྱས་ལ་བརྗོད་ཅིག །ཁོ་བོ་ཅག་གིས་སངས་རྒྱས་ཀྱི་བཀའ་ཇི་ལྟ་བ་བཞིན་དུ་བརྗོད་པ་ཡིན་ནོ། །དེ་ནས་ཕྲེང་གཉིས་ལྷག་པ་ན། འདི་ལྟར་ཆོས་ཉིད་ཀྱི་གཟུགས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། མངོན་པར་འདུ་བྱེད་པ་པོ་མེད། འདུ་བྱེད་པ་པོ་མེད་དོ། །ཡོངས་གྲུབ་ཀྱི་མིག་ནི་འདུ་བྱེད་པ་པོ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་བཞི་དང་ཕྲེང་བཞི་ཅུང་མེད་ན། རྣམ་པར་ཤེས་པ་མངོན་པར་མ་གྲུབ་བོ། །ཞེས་བྱ་བས་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ན། གཞན་དུ་འགྱུར་བ་མེད་དོ། །ཞེས་བྱ་བ་ལ། གཟུགས་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ངོ་བོ་ཉིད་དེ་ཆོས་ཉིད་དོ། །སྟོང་པ་ཉིད་དོ། །སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །རང་བཞིན་གྱི་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་བདག་ཉིད་ཅན་གྱི་ཆོས་ཡོངས་སུ་གྲུབ་པ་རྣམས་ལ་སྐྱེ་བ་དང་འགག་པ་གཉིས་མེད་དོ། །དེ་གཉིས་མེད་པས་གཞན་དུ་འགྱུར་བ་དང་ཡང་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་གཉིས་ན། བམ་པོ་དགུ་པ། དེ་ནས་ཤོག་གུ་གསུམ་ན། རྣམ་གྲངས་དེས་ན། དེ་ལྟར་ངོ་བོ་ཉིད་ཀྱི་སྐྱེ་བ་དང༌། འགག་པ་དང༌། གཞན་དུ་འགྱུར་བ་རྣམས་མེད་པའི་ཕྱིར། སྐྱེ་བ་དང༌། འགག་པ་དང༌། གཞན་དུ་འགྱུར་བ་དང་ལྡན་པར་ཀུན་བཏགས་ཤིང་མངོན་པར་གྲུབ་པའི་མཚན་ཉིད་ཅན་གྱི་གཟུགས་ལ་སོགས་པ་གང་ཡིན་པ་དེ་དག་དོན་དམ་པར་མངོན་པར་མ་གྲུབ་པ་མེད་པའི་ཕྱིར། གང་མངོན་པར་མ་གྲུབ་པ་ཞེས་ཁྲི་བརྒྱད་སྟོང་པ་དང་གནོད་འཇོམས་སྔ་མར་བྱུང༌། འདུས་མ་བྱས་པ་སྟེ་གཟུགས་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ལོགས་གཅིག་ན། མངོན་པར་མ་གྲུབ་པ་སྟེ། ཞེས་བྱ་བ་ལ་སོགས་པ་མངོན་པར་མ་གྲུབ་པ་ཞེས་བྱ་བའི་སྒྲ་ནི་དེ་བཞིན་ཉིད་དེ་སྟོང་པ་ཉིད་ལ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་སྒྲ་ཡང་དེ་ཉིད་ལ་བྱའོ། །དེ་བས་ན་མངོན་པར་མ་གྲུབ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ལ་ཐ་དད་པ་མེད་དོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཕྲེང་གསུམ་ན། མངོན་པར་མ་གྲུབ་པ་ཡང་གཞན་ལ། དོན་དམ་པའི་བྱང་ཆུབ། མི་མཐོང་སྟེ། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པར་བསྟན་པའོ། །ཞེས་དབུ་མ་པ་གསུངས། བྱར་མེད་དོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་བཟུང་ནས་བསྟན་པའོ། །ཞེས་དབུ་མ་པ་གསུངས། མ་གཏོགས་པར། ཆོས་ཉིད་ཀྱི་གཟུགས། གཉིས་སུ་བྱར་མེད་དོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་བཟུང་ནས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གཅིག་ན། ཚོར་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་གཉིས་ན། མི་འཇིགས་མི་སྔངས་སྐྲག་པར་མི་འགྱུར་རོ། །དེ་ལྟར་རེ་ཞིག་རྣམ་པར་མི་རྟོག་པ་ཡིད་ལ་བྱེད་པ་བསྟན་ནས། དེའི་འོག་ཏུ་ཡིད་ལ་བྱེད་པ་དེ་དག་ནི་འབྲས་བུ་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། གཟུགས་ལ། འདུ་ཤེས་ཀྱིས། མི་དམིགས་ཤིང༌། ཁས་མི་ལེན་ལ་ཡིད་ཀྱིས་མ་འཛིན་ཅིང༌། མི་ལེན། ཤེས་རབ་ཀྱི་མི་གནས་ཏེ། ལྟ་བས། མངོན་པར་ཞེན་པར་མི་བགྱིད་ལ། ཚིག་གིས་གཞན་དག་ལ་འདོགས་པར་མི་བགྱིད་དོ། །དེ་ནས་ཤོག་གུ་ལྔ་ན། བམ་པོ་བཅུ་པ། དེ་ནས་ཕྲེང་གཉིས་ལྷག་པ་ན། ཀུན་རྫོབ་ཀྱི། མི་མཐོང༌། དེ་བཞིན་དུ་སྦྱར་ཏེ། གཟུགས། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་ཅུང་མེད་ན། དེ་ནི་འདི་ལྟར་གཟུགས་མ་སྐྱེས་པའི་གཞི། གང་ལགས་པ། ཡོངས་གྲུབ་ཏེ་ཀུན་བཏགས་ཀྱི། གཟུགས་མ་ལགས་ཏེ། ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ཀྱི་མ་སྐྱེས་པ་ཞེས་བྱ་བ་དེ་བཞིན་ཉིད་ལ་གང་ཡིན་པ་དེ་ཀུན་བཏགས་པའི་གཟུགས་ཀྱིས་ངོ་བོ་ཉིད་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། དེ་ལྟར་ན་ཆོས་ཉིད་ཀྱི་གཟུགས་བགྱིར་མ་མཆིས་སོ། །དེ་ལྟར་ཆོས་ཉིད་ཀྱི་གཟུགས་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང༌། སྐྱེ་བ་མེད་པ་ཡང་ཆོས་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། གཟུགས་ཞེས་བྱ་བ་དང་མ་སྐྱེས་པ་ཞེས་བྱ་བ་ནི་གཅིག་པ་ཉིད་དེ་ཐ་དད་པ་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། མང་བ་མ་ལགས། ཞེས་བྱ་བ་ལ་སྐྱེ་བ་མེད་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་བཞིན་ཉིད་དེ་དེ་བཞིན་ལ་ནི་གཅིག་ཅེའམ་གཉིས་ཞེའམ། གསུམ་ཞེས་བྱ་བའི་གྲངས་ཀྱི་བྱེ་བྲག་ཡོད་པ་མ་ཡིན་ཏེ། དེ་བས་ན་སྐྱེ་བ་མེད་པ་ཐ་དད་པ་མེད་པའི་ཕྱིར། ཡོངས་སུ་གྲུབ་པའི་གནས་སྐབས་ན་གཟུགས་ལ་སོགས་པ་ཐམས་ཅད་ཀྱང་རང་བཞིན་གཅིག་ཏུ་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། གཟུགས་མ་ལགས་སོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ཀྱི་སྐྱེ་བ་མེད་པའི་ཆོས་ཉིད་གང་ཡིན་པ་དེ་ཀུན་བཏགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་བརྒྱད་ན། བཅོམ་ལྡན་འདས་དེ་བཞིན་ཉིད་ཀྱི་མ་སྐྱེས་པ། དྲི་མེད་དེ་བཞིན་ཉིད། གང་ལགས་པ་དེ་དྲི་བཅས། དེ་བཞིན་ཉིད་ཀྱི་གནས་སྐབས་མ་ལགས་ཏེ། མ་སྐྱེས་པ། དྲི་མེད་དེ་བཞིན་ཉིད་དེ། ངོ་བོ་གཉིས་སུ་མ་མཆིས་ཏེ། མ་མཆིས་སོ། །ཞེས་བྱ་བ་ནི་དེ་བཞིན་ཉིད་དྲི་མ་དང་བཅས་པ་དང༌། དྲི་མ་མེད་པ་བཟུང་ནས་སྦྱར་བར་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་དྲུག་ན། བམ་པོ་བཅུ་གཅིག་པ། གཟུགས་མ་ལགས་ཏེ། ཞེས་བྱ་བ་ནི་འདི་ལྟར་གཟུགས་མེད་པ་ལ་ཀུན་བཏགས་པའི་རྣམ་པ་ནི་འགྱུར་བའི་ཕྱིར་འགྲིབ་པ་ཞེས་བྱ་སྟེ། བཏགས་པའི་གཟུགས་ཀྱིས་འགྲིབ་པ་བཏགས་པ་གང་ཡིན་པ་དེ་ཆོས་ཉིད་ཀྱི་གཟུགས་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། གཉིས་སུ་བགྱིར་མ་མཆིས་སོ། །ཞེས་བྱ་བ་ནི་གཟུགས་དང་འགྲིབ་པ་གཉིས་ཀ་ཡང་བཏགས་པ་ཡིན་པས་མེད་པའི་ཕྱིར། གཅིག་ཁོ་ན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། ཐ་དད་པར་མ་ལགས་ཏེ། ཞེས་བྱ་བ་ནི་འགྲིབ་པ་ཡོད་པ་མ་ཡིན་པའི་ཕྱིར་སྒྱུ་མའི་གཟུགས་བཞིན་དུ་དོན་དམ་པར་གྲངས་ཀྱི་བྱེ་བྲག་མེད་དོ། །དེ་བས་ན་བཏགས་པའི་རང་བཞིན་ཐམས་ཅད་ནི་དངོས་པོ་མེད་པའི་རང་བཞིན་དུ་གཅིག་པ་ཉིད་དོ། །ཞེས་དང༌། གཟུགས་མ་ལགས་སོ། །ཞེས་བྱ་བ་ནི་ཀུན་བཏགས་པའི་གཟུགས་ཀྱི་འགྲིབ་པ་ཀུན་བཏགས་པའི། དེ་ཆོས་ཉིད་ཀྱི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ ། ཞེས་པ་རྣམས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་ལྔ་ན། བམ་པོ་བཅུ་གཉིས་པ། གྲངས་སུ་བགྱིས་པའོ། །ཞེས་བྱ་བ་ལ་གཉིས་སུ་མེད་པ་ཞེས་བྱ་བའི་ཆོས་ཉིད་དེ། དོན་དམ་པ་ལ་བྱའོ། །དོན་དམ་པའི་གྲངས་སུ་བྱ་བ་ནི་འདི་ལྟ་སྟེ་གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པ་བྱས་པའོ། །དེས་ཅི་བསྟན་ཞེ་ན། དོན་དམ་པ་གཅིག་ཁོ་ན་སྟེ། གཉིས་སུ་མེད་པ་ལ་ཆོས་ཉིད་ཀྱི་གཟུགས། ཆོས་ཉིད་ཀྱི་ཚོར་བ། ཆོས་ཉིད་ཀྱི་འདུ་ཤེས། ཆོས་ཉིད་འདུ་བྱེད། ཆོས་ཉིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་རྣམ་པ་མང་པོར་ཕྱིན་ནས་བསྟན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཞི་དང་ ཕྲེང་ཕྱེད་དང་གཉིས་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་གསུམ་མོ།། །།

༈ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། །དེ་ནས་སྔར་རབ་འབྱོར་གྱིས་གཟུགས་མི་དམིགས་མི་ལེན་ཞེས་པ་ནས་བཟུང་བའི་འགྲེས་བཞི་བསྟན་པ་སྟེ། བཟུང་ནས་རྒྱ་ཆེར་བསྟན་པ་མཉན་འདོད་པའི་ཕྱིར། ཚེ་དང་ལྡན་པ། དེ་ནས་ཕྲེང་གསུམ་ཙམ་ན། སེམས་ཅན་བྱང་ཆུབ་ཆེན་པོའི་སྙིང་པོ་ཅན་ཡིན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་བྱ་བ་བྱང་ཆུབ་ཅེས་བྱ་བ་ནི་ཆོས་ཀྱི་སྐུ་ལ་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་བདག་ཉིད་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཀྱི་བདག་ཉིད་ཁོ་ནའོ། །དེ་བས་ན་བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་སེམས་དཔའ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཆོས་དེ་དག་ལ་མངོན་པར་ཆགས་པ་མེད་དོ། །ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པས་ནི་ཤེས་ཏེ། དོན་དམ་པར་ནི་མངོན་པར་ཞེན་པ་མེད་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་དགུ་ན། གང་ལ། གཞི་འབྲས་ངོ་བོ་དབྱེར་མེད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ། ཀུན་རྫོབ་ཀྱི་ཕུང་པོ་རྣམས་ལས། དེ་ནས་ཕྲེང་བཞི་ལྷག་པ་ན། གཞུང་ལམ་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ་ཀུན་བཏགས་ཀྱི་ཤེར་ཕྱིན་སོགས་ལས་རིང་དུ་སོང་བས་ན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། མཉམ་གཞག་ཟབ་མོའི་ཚེ། ཅིར་ཡང་མི་རྟོག་པའི་ཕྱིར། གཟུགས་རྟག །དེ་ནས་ཤོག་གུ་བཅུ་གསུམ་དང་ཕྲེང་ཕྱེད་དང་བཅུ་གསུམ་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་གསུམ་ན། བམ་པོ་བཅུ་བཞི་པ། དེ་ནས་ཤོག་གུ་བཞི་དང་ཕྲེང་གཅིག་ཅུང་མེད་ན། གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། ཞེས་བྱ་བ་ནི་རྣམ་པར་བཏགས་པའི་གཟུགས་ཏེ་གཟུགས་ཀྱི་དངོས་པོར་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། གཟུགས་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཞིང་སྐྱེ་བའི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །ཞེས་དང༌། གཟུགས་མ་ཡིན་ནོ། །ཞེས་བྱ་བ་ནི་འདི་ལྟར་ཀུན་བཏགས་པའི་གཟུགས་ནི་མེད་པ་སྟེ། སྐྱེ་བའི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །དེ་བས་ན་སྐྱེ་བ་མེད་པ་ནི་གཟུགས་མ་ཡིན་པར་དེ་ལྟར་གྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ཕྱེད་དང་བཅུ་གསུམ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཕྲེང་གསུམ་ལྷག་པ་ན། མཚན་ཉིད་གཅིག་པའོ། །ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་གཟུགས་ཀྱང་བཏགས་པ་འགྲིབ་པ་ཡང་བཏགས་པ་སྟེ། དེ་བས་ན་གཉིས་ཀ་ཡང་མཚན་ཉིད་མེད་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་དགུ་དང་ཕྲེང་བཅུ་ལྷག་པ་ན། གཟུགས་ཉིད་ཀྱང་མ་སྐྱེས་པ་སྟེ། ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་གཟུགས་ཞེས་བྱ་བ་དང༌། མ་སྐྱེས་པ་ཞེས་བྱ་བ་ནི་ཆོས་ཉིད་ལ་བྱ་སྟེ། དེའི་ཕྱིར་གཉིས་སུ་མེད་དོ། །ཞེས་དབུ་མ་པ་གསུངས། འདི་ལྟར་ཆོས་ཉིད་ཀྱི། ཚོར་བ་ཡང་གཞན་མ་ཡིན། མ་སྐྱེས་པའི་གཞི་དོན་དམ། ཡང་གཞན་མ་ཡིན་ཏེ། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དྲུག་ན། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དང་དྲུག་ན། དེ་ལྟར་མི་རྟོག་པའི་ཚུལ་གྱིས་ཡོངས་སུ་རྟོག་པའི་ཚེ། གཟུགས་ཀྱིས་མ་སྐྱེས་པ། ཆོས་ཉིད་ཀྱི་གཟུགས་མཐོང་བར་འགྱུར། ཞེས་བྱ་བ་ནི་དེ་བཞིན་ཉིད་མངོན་སུམ་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །གཟུགས་ཀྱི་སྐྱེ་བ་མ་མཆིས་པ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཆོས་ཉིད་ཀྱི་གཟུགས་དང༌། དེ་བཞིན་ཉིད་གཅིག་པའི་ཕྱིར་དེ་སྐད་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཚོར་བའི་མ་སྐྱེས་པ། ཆོས་ཉིད་ཀྱི་ཚོར་བ་མཐོང་བར་འགྱུར། དེ་བཞིན་དུ་ཅི་རིགས་པར་སྦྱར་ཏེ། ཤིན་ཏུ་རྣམ་པར་དག །དེ་ནས་ཤོག་གུ་བདུན་དང་ཕྲེང་ཕྱེད་དང་བརྒྱད་ན། སངས་རྒྱས་ཀྱི་ཆོས་ཀྱང་སྐྱེ་བ་མེད་ན་ནི། དེ་གཟུགས་ལ་སོགས་པ་དང༌། དེ་བཞིན་ཉིད་གཅིག་པ་ཡིན་ན། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ཡོད་པར་མི་འདོད་དོ། །ཞེས་བྱ་བས་ཅི་བསྟན་ཞེ་ན། ཆོས་མ་སྐྱེས་པ་ནི་སུས་ཀྱང་ཐོབ་པའམ་མངོན་པར་རྟོགས་པར་མི་ནུས། མ་སྐྱེས་པ་ལ་གང་ཡང་རྒྱུན་ཏུ་ཞུགས་པར་མི་འགྱུར་གྱི། ཀུན་བཏགས་པའི་སྒྲིབ་པ་ཙམ་བསལ་བའི་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར། ཐོས་པ་དང་མངོན་པར་རྟོགས་པར་འདོད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་ལོགས་གཅིག་དང་ཕྲེང་ཕྱེད་ན། བདག་ནི་མ་སྐྱེས་པ་ལ་དེ་བཞིན་གཤེགས་པ་ཡོད་པར་མི་འདོད། ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་བ་མེད་པས་ཆོས་ཀྱི་སྐུ་ལ་དེ་བཞིན་གཤེགས་པ་གང་གིས་སྐྱེ་བ་མེད་པ་རྟོགས་པར་འགྱུར་བའི་དེ་བཞིན་གཤེགས་པ་གཉིས་པ་ཡོད་པར་མི་འདོད་པའོ། །དེ་བས་ན་སྐྱེ་བ་མེད་པ་ཉིད་དེ་བཞིན་གཤེགས་པ། སྐྱེ་བ་མེད་པ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ནོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་བཞི་ན། མ་སྐྱེས་པས་སྐྱེ་བ་འཐོབ་པ་དང༌། སྐྱེས་པས་མ་སྐྱེས་པ་འཐོབ་པ། གཉིས་ཀྱིས་མ་ཡིན་གྱིས། འཇིག་རྟེན་གྱི་ཐ་སྙད་ཀྱིས། སྒྲིབ་གཉིས་སྤོང་བ་ཙམ་ལ་གདགས་པའོ། །སངས་རྒྱས་ལ་སོགས་པ་གང་ཟག་དག་ཀྱང༌། གདགས་པ་ཙམ་ཡིན་ཏེ། དེ་ནས་ཕྲེང་གཉིས་ན། འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད། ཙམ་ཡིན་གྱི་དོན་དམ་པར་གྲུབ་པ་མ་ཡིན་ནོ། །དེ་ནས་ཕྲེང་གཉིས་ན། གློ་བུར་གྱི། རྣམ་པར་བྱང་བ། དེ་ནས་ཕྲེང་གཅིག་ལྷག་པ་ན། བདག་ནི་མ་སྐྱེས་པའི་ཆོས་ཆོས་ཉིད་ཀྱང་སྐྱེ། སྐྱཻས་པའི་ཆོས་ཀུན་རྫོབ་ཀྱང་མེད་པའི་ཕྱིར་དོན་དམ་དུ་སྐྱེ་བར་མི་འདོད་དོ། །བམ་པོ་བཅུ་བདུན་པ། བདག་ནི་ཆོས་ཉིད་ཀྱི་གཟུགས་སྐྱེ་བར་མི་འདོད་དོ།། དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་ཕྱེད་དང་དགུ་ན། ཀུན་རྫོབ་ཀྱི། གཟུགས་དོན་དམ་དུ་སྐྱེ་བར་མི་འདོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱར། མི་སྐྱེ་བའི་ཆོས་ཀྱང་མི་སྐྱེའོ། །ཞེས་བྱ་བ་གསུངས་ཏེ། སྐྱེ་བ་མེད་པ་ནི་ཡོངས་སུ་གྲུབ་པས་ཡིན་པས་མི་སྐྱེའོ། །སྐྱེ་བ་ནི་ཀུན་བཏགས་པ་ཡིན་ཏེ་མེད་པའི་ཕྱིར་མི་སྐྱེའོ། །དེ་བས་ན་རྣམ་གྲངས་འདི་ལ་སྐྱེ་བ་ཡང་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ། ཞེས་དབུ་མ་པ་གསུངས། འདི་ལྟར་སྐྱེ་བ་གང་ཡིན་པ་ཀུན་བཏགས་པ་དང༌། སྐྱེ་བ་མེད་པ་གང་ཡིན་པ། ཡོངས་སུ་གྲུབ་པའི་ཆོས་དེ་གཉིས་ཀ་ཡང་དྲི་མེད་དེ་བཞིན་ཉིད་ཀྱི་གནས་སྐབས་ན། ལྡན་པ་ཡང་མ་ཡིན། དྲི་བཅས་དེ་བཞིན་ཉིད་ཀྱི་གནས་སྐབས་ན། མི་ལྡན་པ་ཡང་མ་ཡིན། རྡུལ་ཕྲ་རབ་ལས། འདས་པའི་གཟུགས་མེད་པ། རྣམ་ཤེས་ཀྱིས་བལྟར། གཤིས་ལ་མེད་པ། ཐོགས་པ་གཤིས་ལ་མེད་པ་སྟེ། དེ་ནས་ཕྲེང་གཉིས་ཙམ་ན། སྤོབས་པར་འགྱུར་རམ། ཞེས་དྲིས་པ་དེའི་ཚེ། གནས་བརྟན་རབ་འབྱོར་གྱིས་མ་སྐྱེས་པ་དང་སྐྱེ་བ་མེད་པའི་སྒྲ་གཉིས་ཀ་ཡང་ཀུན་བཏགས་པའི་ཚིག་ཏུ་ཡང་གྲགས་པ་ཡིན་ནོ། །སྙམ་དུ་བསམ་ནས། དེ་ནས་ཕྲེང་གཉིས་ཙམ་ན། སྤོབས་པ་མེད་དེ། ཞེས་བྱ་བ་གསུངས་སོ། །དེའི་འོག་ཏུ་མ་སྐྱེས་པ་དང་སྐྱེ་བ་མེད་པ་གཉིས་ཀ་ཡང་ཀུན་བཏགས་པ་ཉིད་དུ་སྟོན་ཏེ། དེ་ནས་ཕྲེང་གཅིག་ན། ཆོས་དེ་དག་ཐམས་ཅད་ཀྱང་སེམས་ལས་བྱུང་བའི་དངོས་པོ་མེད་པས། ལྡན་པ་ཡང་མ་ཡིན། སེམས་དང་མི་ལྡན་པའི་དངོས་པོར་ཡོད་པ། ཡང་མ་ཡིན། རྣམ་པར་རིག་བྱེད་མ་ཡིན་པ་ལ་སོགས་པའི། གཟུགས་སུ་མེད་པ། ཁ་དོག་བཞིན་དུ། བལྟར་མེད་པ། དབང་པོའི་གཟུགས་སུ་མེད་པས། ཐོགས་པ་མེད་པ་སྟེ། འདི་ལྟར། འདུས་མ་བྱས་ཀྱི། མཚན་ཉིད་དུ་མེད་པར་མཚན་ཉིད་གཅིག་པར་དགོས་སོ། །ཞེས་བྱ་བ་ནི་མ་སྐྱེས་པའི་ཆོས་དང་སྐྱེ་བ་མེད་པར་བརྗོད་པར་སྤོབས་སམ། ཞེས་བྱ་བའི་ཚིག་ལ། མ་སྐྱེས་པ་དང༌། སྐྱེ་བ་དང༌། ཆོས་དང༌། སྤོབས་པ་དང༌། བརྗོད་པ་ཞེས་བྱ་བའི་ཆོས་འདི་དྲུག་བསྟན་ཏེ། དེ་དག་ཐམས་ཅད་ཀྱང་ཀུན་བཏགས་པའི་ཡིན་པས་མེད་པའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་པ་རྣམས་དབུ་མ་པ་ཆེན་པོ་གསུངས་སོ། །འོ་ན་སྔར་སྐྱེ་བ་མེད་པ་ཡོངས་གྲུབ་ཏུ་བཤད་པ་དང་འགལ་ལོ།། ཞེ་ན། སྐྱེ་བ་མེད་པ་ལ་སྒྲ་འདི་བདེན་པ་གཉིས་ཀ་ལ་འཇུག་པས། སྔར་ཡོངས་གྲུབ་སྐབས་སུ་བབ་ཅིང༌། འདིར་ཀུན་བཏགས་སྐབས་སུ་བབ་པས་སྐྱོན་མེད་དོ།། དེ་ནས་ཕྲེང་གཉིས་ལྷག་པ་ན། གཟུགས་སྐྱེ་བ་མེད་དོ། །ཞེས་བྱ་བ་ལ་སོགས་པས་ཐམས་ཅད་ཀྱང་སྐྱེ་བ་མེད་པའི་ངོ་བོ་ཉིད་དུ་སྟོན། ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ལྷག་ན། གང་དང་གང་ཡོངས་སུ་དྲིས་པ་དེ་ལ་སྤོབས་པ་ཐོགས་པ་མེད་དོ། །མི་གནས་པ་མེད་པའི་ཚུལ་རྟོགས་པ། ངག་གིས། འདི་ལྟར། ཆོས་ཉིད། ཡོངས་གྲུབ་ཀྱི། ཆོས་ཐམས་ཅད། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་མ་འབྲེལ་བཞིན་དུ་ཁྱབ་པར་བཞུགས་ཀྱང་འབྲེལ་བའི་ཚུལ་གྱིས། དེ་ནས་ཕྲེང་གཅིག་ན། རང་བཞིན་གྱིས་སྟོང་པ་སྟེ། ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་བསྟན་པ་སྟེ། དེ་བས་ན་མི་དམིགས་སོ། །ཞེས་བྱ་བ་གསུངས་སོ། །གལ་ཏེ་དེ་འགའ་ཞིག་ལ་གནས་ན་ནང་ངམ། ཕྱི་རོལ་ལམ་གཉིས་ཀ་ལས། གཞན་པ་འགའ་ཞིག་ལ་གནས་གྲང་ན། འདི་ལྟར་དེ་གསུམ་ཆར་ལ་ཡང་དོན་དམ་པར་མེད་དེ། དེ་དོན་དམ་པར་མེད་པའི་ཕྱིར་རོ། །དེ་བས་ན་མི་གནས་པའོ།། ཞེས་དབུ་མ་པ་གསུངས། ཆོས་ཉིད་ཀྱི་ཚོར་བ་ནི། གདོད་མ་ནས། རང་བཞིན་གྱིས། ཀུན་རྫོབ་པའི་ཆོས་ཀྱིས་སྟོང་པ། གཞན་སྟོང་སྟེ། དེ་ནས་ཤོག་གུ་ཕྱེད་དང་བདུན་ལ་ཕྲེང་གཅིག་ཆད་པ་ན། རྣམ་གྲངས་དེས་ན། རང་བཞིན་གཉུག་མ་དོན་དམ་གྱི། ཆོས་ཐམས་ཅད་ནི། རང་བཞིན་གྱིས་སྟོང་པ། མ་སྐྱེས་པའི་སྟོང་པ་གཞན་སྟོང་ཉིད་ཀྱི་ཕྱིར་མ་གནས་པའོ། །བམ་པོ་བཅོ་བརྒྱད་པ། དེ་ལྟར་ན་གཟུགས་ཡོངས་སུ་བྱང་བར་བྱའོ། །ཞེས་པ་ནི་འགོག་བདེན་གྱི་ཆོས་ཐམས་ཅད་ལ་མ་འབྲེལ་བཞིན་དུ་གནས་པའི་སྡུག་བསྔལ་ཀུན་འབྱུང་གི་ཆོས་ཐམས་ཅད་ལམ་བདེན་གྱི་ཆོས་ཐམས་ཅད་ཀྱིས་སྦྱངས་ནས་དག་པ་གཉིས་ལྡན་གྱིས་འགོག་བདེན་འཐོབ་པས་ནོར་བུ་སྤྱོད་པ་བཞིན་དུ་སྦྱང་བར་བྱའོ། །ཞེས་པའི་དོན་ཏོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད། སྦྱང་བའི་གཞི། སྦྱང་བྱའི་དྲི་མ། སྦྱོང་བྱེད་ཀྱི་ལམ། སྦྱངས་པའི་འབྲས་བུ། བྲལ་འབྲས་རྣམས་ཀྱི་ཚུལ། ནམ་མཁའ་དང༌། སྤྲིན་དང༌། རླུང་དང༌། དེས་ནམ་མཁའ་དག་པར་བྱས་པ་ལྟར་ཡོངས་སུ་སྦྱང་བར་བྱའོ། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་བསྒྲུབ་པ་ཡིན་ཞེས་བྱ། །དེ་ནས་ཡང༌། དེ་ནས་ཕྲེང་གཉིས་ན། འཇིག་རྟེན་ལས་འདས་པ་ཡང་ཡོད། ཅེས་བྱ་བ་ལ་སོགས་པས་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་པའི་ཐབས་སྟོན་ཏེ། ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཞི་ན། ཐེག་པ་སྟེ་བཞོན་པ། འདོད་པ་ལ། འདི་ལྟར་འཁོར་གསུམ་མ་དག་པས། འཇིག་རྟེན་ལས་མི་གཡོ། དེ་ནས་ཤོག་གུ་བཞི་ན། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ། །ཞེས་པ་འཇིག་རྟེན་ལས་འདས་པའི་སྦྱིན་སོགས་ནི་ལམ་སྦྱོང་བ་དངོས་དང༌། འཇིག་རྟེན་པའི་སྦྱིན་སོགས་ནི་ལམ་སྦྱོང་བའི་བརྒྱུད་རྒྱུ་ཡིན་ནོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་བཅུ་གཅིག་ན། འཚང་མི་རྒྱ་བར་རིག་པར་བྱའོ། །ཞེས་པའི་དོན་ནི་ཡིད་ལ་མི་བྱེད་པའི་ཚུལ་ཅན་གྱི་ཡིད་ལ་བྱེད་པ་ལྔ་པོ་འདི་སེམས་ཅན་གཞན་ལ་མེད་པས་བྱང་ཆུབ་སེམས་དཔའ་མིན་ལ་རྒྱལ་སྲས་ལ་ཡོད་དོ། །ཞེས་པ་སྟེ། མཉམ་གཞག་ཟབ་མོ་སྟོན་ཏོ། །ཀུན་བཏགས་ཀྱི་གཟུགས་མེད་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་བདུན་དང་ཕྲེང་གཅིག་ཙམ་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་བཅུ་བདུན་ན། སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་གྱིས་ལེའུ་སྟེ་བཅུ་བཞི་པའོ།། །།

༈ དེ་རྣམས་ཀྱིས་ནི། ངེ༷ས་པ༷ར་འབྱུ༷ང་བཅ༷ས་རྣ༷མས། །ཐུ༷བ་པ༷འི་རྣ༷མ་ཀུ༷ན་མཁྱེ༷ན་པ༷་ཉི༷ད། །ཅེས་པ་དོན་བཅུ་པ་གསུངས་ཟིན་ཏོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་དེ་དང་པོའོ།། །།

༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲིང་དུ་བཤད་པ་བསྟན་ཟིན་ཏོ། །འདིར་གསུམ་ལྡན་མར་བཅད་ཀྱི་མཁས་པ་དག །སྐབས་དང་པོ་རྣམ་མཁྱེན་གྱི་ཡེ་ཤེས་གསུངས་པ་མེད་ཀྱི་དེའི་རྒྱུ་བསྟན་པ་ཙམ་མོ། །ཞེས་བཞེད་པ་མང་མོད། འོ་ན་རང་བཞིན་གྱི་རིགས་དང༌། རང་བཞིན་འོད་གསལ་གྱི་སེམས་དང་འགྱུར་བ་མེད་ཅིང་རྣམ་རྟོག་མེད་པའི་སེམས་དང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་སོགས་པ་ཡོངས་གྲུབ་མང་པོ་གསུངས་པ་རྣམ་མཁྱེན་གྱི་ཡེ་ཤེས་མ་ཡིན་ནམ། མ་ཡིན་ནོ་ཞེ་ན། ཡོངས་གྲུབ་བཅུ་གཉིས་ནི་མིང་གི་རྣམ་གྲངས་ཡིན་ལ། དེའི་ནང་ནས་གཅིག་ནི་རྣམ་མཁྱེན་གྱི་ཡེ་ཤེས་ཡིན་པར་རབ་ཏུ་གསལ་བར་གསུངས་པ་དང་འགལ་ལོ། །གལ་ཏེ་འགྱུར་མེད་ཡོངས་གྲུབ་ནི་འདུས་མ་བྱས་རྟག་པ་ཡིན་པས་དེ་ཤེས་པར་མ་རིག་པ་ཡིན་ན། འདུས་མ་བྱས་རྟག་པའི་ཤེས་པའམ་རིག་པ་ཡིན་པས་སྲིད་པར་འགྱུར་རོ། །ཞེ་ན། རྫོགས་ལྡན་གྱི་ལུགས་ལ་ནི་ཤིན་ཏུ་འདོད་དེ། རྫོགས་ལྡན་གྱི་ཆོས་ལས་དེ་སྐད་གསུངས་པའི་ཕྱིར་རོ། །གསུམ་ལྡན་མར་བཅད་སྐྱོན་ཅན་གྱི་ཆོས་ལ་མངོན་པར་ཞེན་པ་རྣམས་ཀྱིས་ནི་སྤྱོད་ཡུལ་མ་ཡིན་ནོ། །གལ་ཏེ་ཡོངས་གྲུབ་དགུའམ་བཅུ་གཉིས་རིག་པ་མ་ཡིན་ན་དོན་དམ་ཆོས་སྐུ་དང་ངོ་བོ་ཉིད་སྐུ་ཡང་འགྱུར་མེད་ཡོངས་གྲུབ་ཡིན་པས། རིག་པ་མ་ཡིན་པར་འགྱུར་ལ་འདོད་ན་དེས་ཅི་ཡང་མི་རིག་པར་འགྱུར་ཏེ། རིག་པ་མ་ཡིན་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཤེས་ཀུན་རིག་དམ་པ་པོ་ཡིན་པའི་ཕྱིར་རོ།། གཞན་ཡང་ཡོངས་གྲུབ་དགུའམ་བཅུ་གཉིས་རིག་པ་མ་ཡིན་ན། སྐད་ཅིག་ལས་འདས་པའི་ཡེ་ཤེས་མ་ཡིན་པར་འགྱུར་ལ། དེ་འདོད་ན་མཐར་ཐུག་དེ་ཁོ་ན་ཉིད་མ་ཡིན་པར་འགྱུར་ཏེ། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི། རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་པའི་ཕྱིར། ཡེ་ཤེས་མ་ཡིན་ན། ཡོངས་གྲུབ་ཏུ་མི་རུང་བས་མཐར་ཐུག་དེ་ཁོ་ན་ཉིད་དུ་མི་རུང་བའི་ཕྱིར་རོ། །འདིར་ཡར་བཅད་ཀྱི་ཅ་པ་སྟེ་པོ་ཏི་ལྔ་པ་རྫོགས་སོ།། །།


previousཅ༽ གླེགས་བམ་ལྔ་པ། བམ་པོ་དང་པོ། next