Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆ༽ གླེགས་བམ་དྲུག་པ། བམ་པོ་དང་པོ།
   
   
   
   
   
   
   
   
   
   
   
   


 
previousཆ༽ གླེགས་བམ་དྲུག་པ། བམ་པོ་དང་པོ། next

ཆ༽ གླེགས་བམ་དྲུག་པ། བམ་པོ་དང་པོ།

ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བཤད་པ་སྟོན་ཏེ། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང༌། །དེ་ནས་སྟོང་གསུམ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ལྷག་པ་ན། གོང་ན་མེད་པར་སྣང་ངོ༌། །དེའང་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་རང་བཞིན་གྱི་ལུས་བཟང་ཞིང་འོད་གསལ་བ་སྙེམས་པ་རྣམས་དེ་བཞིན་གཤེགས་པའི་རང་བཞིན་གྱིས་འོད་ཀྱིས་ཟིལ་གྱིས་མནན་ནས་དེ་དག་གི་ང་རྒྱལ་བཅག་སྟེ། དེ་བཞིན་གཤེགས་པ་ལ་ཆོས་གུས་པས་ཉན་དུ་གཞུག་པའི་ཕྱིར། ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་ལྔ་ན། ཡུལ་ངེས་པ་དང་། ཀེའུ་ཤི་ཀ །དེ་ནས་ཕྲེང་གསུམ་ན། ཞུགས་པར་གྱུར་པ། ཉན་ཐོས་རྒྱུན་ཞུགས་ཡན་ཆད་དེ་དག་ནི་བསྐྱེད་པའི་མཐུ་མེད་དེ། ཞེས་བྱ་བ་ནི་གང་དག་ལོག་པ་ཉིད་དུ་ངེས་པ་དེ་དག་ནི་རེ་ཞིག་སྐལ་བ་མེད་པས་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཁྱབ་པ་དང༌། །འོན་ཀྱང༌། དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ༌། །བཤད་པ་འདི་དེ་དག་གི་རྣམ་པར་ཐོས་ན་དོན་མེད་པར་མི་འགྱུར་བའི་ཕྱིར་ཏེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་གྲངས་མེད་པའི་ཕ་རོལ་ཏུ་དེ་དག་སངས་རྒྱས་ལ་འཇུག་པར་འགྱུར་རོ། །ཞེས་དབུ་མ་པ་གསུངས། རང་བཞིན་དང་ནི་དེ་ཡི་ལས།། མུ་སྟེགས་ལས་ཁྱད་པར་འཕགས་པའི་ཉན་ཐོས་ཀྱི། ཆོས་རྣམས་ལས་ཉན་ཐོས་ལས། ཁྱད་པར་དུ་འཕགས་པའི་བྱང་སེམས་ཀྱི། ཆོས་ཉན་ཐོས་དེ་དག་གི་དགེ་བའི་ཕྱོགས། བྱང་ཆུབ་སེམས་ཀྱི་ཆོས་ཐོབ་པས། ལ་བདག་ནི་བར་ཆད་མི་བྱེད་དོ། །རྣམས་ཀྱིས། མོ༷ག་མོ༷ག་པོ༷ར་བྱེ༷ད་ལ༷་སོ༷གས་ད༷ང༌། །ཞེས་པ་དོན་དང་པོ་གསུངས་ཟིན་ཏོ། །ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཀོའུ་ཤི་ཀ །དེ་ལ། དེ་ནས་ཕྲེང་གཅིག་ལྷག་པ་ནི། དེ་ནས་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སའི་ཚུལ་གྱིས་མི་རྟག་པ་ལ་སོགས་པའི་ཚིག་རྣམས་ཀྱི་དོན་བཤད་པར་བྱ་སྟེ། གཟུགས་ནི་མ་བྱུང་བ་ལས་འབྱུང་ཞིང་བྱུང་ནས་དེས་ཀྱང་མེད་པར་འགྱུར་བས། མི་རྟག་པར་ཡིད་ལ་བྱའོ། །གཟུགས་ནི་བདག་ཉིད་སྡུག་བསྔལ་གསུམ་དང་ལྡན་པ་དང༌། གཞན་གྱི་སྡུག་བསྔལ་གྱི་རྒྱུར་འགྱུར་བས། སྡུག་བསྔལ་བར་ཡིད་ལ་བྱའོ། །གཟུགས་ནི་དབང་བསྒྱུར་བའི་མེད་པ་ལ་སོགས་པས་བདག་ལ་རང་གི་མཚན་ཉིད་མེད་པའི་ཕྱིར། བདག་མེད་པར་ཡིད་ལ་བྱའོ། །གཟུགས་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བས། ཞི་བར་ཡིད་ལ་བྱའོ། །གཟུགས་ནི་ཞེ་ན་ཉོན་མོངས་པ་དང་མི་ལྡན་པས། དབེན་པར་ཡིད་ལ་བྱའོ། །གཟུགས་ནི་རྐྱེན་དུ་མས་གོས་དགོས་ཤིང་ལུས་དང་ཡིད་ཀྱི་སྡུག་བསྔལ་གྱི་རྩ་བ་ཡིན་པས། ནང་དུ་ཡིད་ལ་བྱའོ། །གཟུགས་ནི་ཞེན་པའི་གནོད་པ་དང་ལྡན། ཉོན་མོངས་པའི་མི་གཙང་བ་ཟག །སྐྱེ་བ་རྒ་བ་འཇིག་པས་རིམ་པ་བཞིན་སྐྲན་སྨན་རྡོལ་བའི་ཕྱིར་འབྲས་སམ། ཤི་བར་ཡིད་ལ་བྱའོ། །གཟུགས་ནི་ཕྱི་ནང་གི་གནོད་པས་ཟུག་པར་བྱེད་ཅིང་བཅོས་དཀའ་བས། ཟུག་རྔུར་ཡིད་ལ་བྱའོ། །གཟུགས་ནི་སྨད་པར་བྱ་བ་དང༌། གནོད་པར་འགྱུར་བས། སྡིག་པར་ཡིད་ལ་བྱའོ། །གཟུགས་ནི་ཡུན་རིང་པོར་གནོད་པ་དང་ལྡན་པས་ནད་རྙིང་འདྲ་བའི་ཕྱིར་ན་བར་ཡིད་ལ་བྱའོ། །གཟུགས་ནི་མི་བདེ་བ་དང་གནོད་པ་སྣ་ཚོགས་འབྱུང་བའི་རྒྱུ་ཡིན་པས་དགྲར་ཡིད་ལ་བྱའོ། །གཟུགས་ནི་ན་རྒ་འཆི་བས་རིམ་པ་བཞིན་དུ་འཇིག་པས། འཇིག་པའི་ཆོས་ཅན་དུ་ཡིད་ལ་བྱའོ། །གཟུགས་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་དང་འཇིག་རྟེན་གྱི་ཆོས་མི་བརྟན་པ་བརྒྱད་དང་ལྡན་པས། མི་བརྟན་པར་ཡིད་ལ་བྱའོ། །གཟུགས་ནི་རང་གི་ངང་གནོད་པས་ཀྱང་འཇིག་པས། འཇིག་པར་ཡིད་ལ་བྱའོ། །གཟུགས་ནི་འཇིག་པ་ཐམས་ཅད་ཀྱི་རྒྱུ་ཡིན་པས། འཇིག་པར་ཡིད་ལ་བྱའོ། །གཟུགས་ནི་གནོད་པ་རྣམ་པ་མང་པོ་དང་འདྲེས་པ་དང༌། འགོས་ནད་དང་འདྲ་བས། འགོ་བའི་ནང་དུ་ཡིད་ལ་བྱའོ། །གཟུགས་ནི་ཆུ་ཤིང་ལྟར་ནང་བདག་གིས་སྟོང་པས། སྟོང་པ་ཉིད་དུ་ཡིད་ལ་བྱའོ། །གཟུགས་ནི་བདག་པོས་སྟོང་པས། བདག་ནི་མེད་པར་ཡིད་ལ་བྱའོ། །གཟུགས་ནི་ཡང་དག་པ་མ་ཡིན་པ་ལས་ཀུན་བཏགས་པ་ཡིན་ཏེ། འགྱུར་ཞིང་མི་བརྟན་པའི་ཆོས་ཅན་ཡིན་པས། ཡིད་བརྟན་དུ་མི་རུང་བར་ཡིད་ལ་བྱའོ། །གཟུགས་ནི་ལུས་སེམས་ལ་མི་བདེ་བ་དང༌། གནོད་པ་སྣ་ཚོགས་འབྱུང་བའི་རྒྱུ་ཡིན་པས། གནོད་པར་ཡིད་ལ་བྱའོ། །དེ་ནས་ཤོག་གུ་ཕྱེད་དང་བཅུ་གསུམ་པ། བམ་པོ་གཉིས་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་བཅུ་ན། རྒ་ཤི་ནི་གནོད་པར་ཡིད་ལ་བྱའོ། །དེ་དག་ནི་ཉན་རང་གི་ས་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་དང་མཐུན་པའོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བརྒྱད་ཙམ་ན། འདི་ལྟར་ཆོས་རྣམས་སེམས་ཅན་གྱི་སེམས་རྒྱུད་འདོད་ཆགས་ལ་སོགས་པས་གདུངས་པ་རྣམས་བྱང་ཆུབ་ཀྱི་སེམས་ལ་སོགས་པས་བྱམས་པ་དང་སྙིང་རྗེས་མངོན་པར་བརླན། དེ་ལྟར་སེམས་བསྐྱེད་ནས་སྦྱིན་སོགས་དངོས་སུ་སྒྲུབ་ཏུ་འཇུག་པ། ཡོངས་སུ་བརླན་པར་བྱེད་པ་དང༌། སྦྱིན་སོགས་དེ་དག་འཁོར་གསུམ་ཡོངས་སུ་དག་ཅིང་མཐར་ཕྱིན་པར་བྱེད་པ། རྫོགས་ཡོངས་སུ་རྫོགས། བསྔོ་བའི་སེམས་ཀྱིས་བདག་གཞན་བྱང་ཆུབ་ཏུ་འགྲུབ་པར་བསྔོ་ཞིང་ཁྱབ་པར་བྱེད་པ། ཡོངས་སུ་རྒྱས། སྦྱིན་སོགས་ཀྱི་འཁོར་གསུམ་མི་དམིགས་པར། ཡོངས་སུ་སྦྱོང༌། བྱང་ཆུབ་ཀྱི་སེམས་ལ་སོགས་པས། ཆོས་ཁོ་ནས་བྱས་པར་ཟད་དེ། བདག་གི་པའི་བྱེད་པ་པོ་མེད་དོ། །དེ་ནས་ཕྲེང་གཉིས་ན། མི་དམིགས་ཏེ་དེ་གཉིས་ཀ་ཡང་དོན་དམ་པར་མེད་པའི་ཕྱིར་རོ། །དེ་ནས་ཕྲེང་གཅིག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་ནི་ཀུན་རྫོབ་ཏུ་གང་ཟག་དང་ཆོས་ལས་བདག་མེད་པར་རྟོགས་ཀྱང༌། དོན་དམ་པར་ཆོས་གང་ལ་ཡང་མཚན་མར་མི་འཛིན་ཅིང་ཆགས་པ་མེད་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་ལྔ་ལྷག་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་ནི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་སེམས་དང༌། བྱང་ཆུབ་ཀྱི་སེམས་གཉིས་ཀ་ཡང་དོན་དམ་པར་ཡོད་པར་མ་གྲུབ་པས་སེམས་མ་ཡིན་ཏེ། དེ་ལྟར་སེམས་མ་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་སེམས་མ་ཡིན་པ་དེ་ལ་ཡོངས་སུ་བསྔོ་བ་མེད་པར་ཡོངས་སུ་རྟོགས་ནས་རྣམ་པར་མི་རྟོག་པར་གྱུར་པ་དེ་ཉིད་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ།། ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། འཕགས་པ་ཉན་ཐོས་ལམ་ལས་ནི།། གཟུགས་ལ་སོགས་པའི་སྟོང་པའི་ཕྱིར་རོ། །སྟོང་པ་ཉིད་རྣམས་དབྱེར་མེད་ཕྱིར།། དྲོ་བ། དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་དྲུག་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ། ཐོག་མར་བྱ་བ་མ་ཡིན་པ་ལས་བཟློག་སྟེ། གདམས། བྱ་བ་ལ་སྦྱོར་བའི་སྒོ་ནས། རྗེས་སུ་བར་དུ་མི་ཤེས་པས་མི་བསྒྲུབ་པ་དག་སྒྲུབ་ཏུ་འཇུག་པ་ཡང་དག་པར་བསྟན་པའམ། དགའ་ལོགས་ཤེས་ཀྱི་ལོགས་པར་ཞུགས་པ་དག་ཡང་དག་པར་བསྒྲུབ་པ་ལ་སྦྱོར་བས་ཡང་དག །ལེ་ལོ་ལ་སོགས་པས་ཅུང་ཟད་ཙམ་སྒྲུབ་པ་དག་ལེགས་པར་བརྩོན་པས་སྒྲུབ་ཏུ་འཇུག་པས། ལེགས་པར། ཤེས་རབ་ཀྱིས་ཡང་དག་པར་ཞུགས་པ་དག་ལ་ཡིད་དང་བས་རབ་ཏུ་ཐ་མར་ལམ་ལ་དགོད། བཀོད་པ་དག་འབྲས་བུ་ལ་ཤིན་ཏུ་བརྟན་པར་བགྱིའོ། །དེ་ནས་ཕྲེང་ཕྱེད་དང་བཞི་ན། གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཞེས་བྱ་བ་སྟོན་ཏེ། སྟོང་པ་ཉིད་རྟོགས་པ་ནི་གནས་པའོ། །དམིགས་པའི་ཚུལ་ནི་གནས་པ་མ་ཡིན་ནོ། །ཞེས་བསྟན་ཏོ། །དེས་ནི་འདི་སྐད་དུ་གང་གི་ཕྱིར་གཟུགས་ལ་སོགས་པ་ཀུན་བཏགས་པའི་ཆོས་འདི་དག་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ལ་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་མེད་པ་སྟེ། དེ་དག་གི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཐ་ཚིག་མི་དད་དེ་གཅིག་གོ །དེ་བས་ན་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་དང་ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་ནི་གཉིས་སུ་མེད་པ་སྟེ། གཅིག་པའི་ཆོས་ཉིད་དུ་གནས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ལྔ་ལྷག་ཙམ་ན། བམ་པོ་གསུམ་པ། དེ་དག་མི་དམིགས་པས། །རྩེ་མོར་གྱུར་པ་དག་ཏུ་འདོད།། དེ་ནས་ལྷའི་དབང་པོ། དེ་ནས་ཤོག་གུ་གསུམ་ལ་ཕྲེང་གསུམ་ཆད་པ་ན། ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་བྱའོ། །ཞེས་པས་ཆོས་ཐམས་ཅད་ལ་གནས་པར་མི་བྱ་བའི་འགྲེས་སོ། །དེ་ནས་ཤོག་གུ་གསུམ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་གནས་པར་མི་བྱའོ། །ཞེས་པས་ཆོས་ཀྱི་མཚན་ཉིད་ལ་གནས་པར་མི་བྱ་བའི་འགྲེས་སོ། །དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀགས་པས་བཟོད་པ་རྣམས། །དམིགས་པའི་ཚུལ། དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་གཉིས་ན། བམ་པོ་བཞི་པ། དེ་ནས་ཤོག་གུ་ཕྱེད་དང་བཅོ་ལྔ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་བཅུ་གཉིས་ལ་ཕྲེང་ཕྱེད་ཆད་པ་ན། སྦྱིན་པའི་གནས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པ་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཉིད་ལ་གནས་པར་མི་བྱ་བའི་འགྲེས་སོ། །ས་བཅུ་རྣམས་ལ་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་གྱུར་བཤད་དེ། །ཀོའུ་ཤི་ཀ །གཞན། དེ་ནས་ཤོག་གུ་ཕྱེད་དང་གཉིས་ཙམ་ན། རབ་ཏུ་དགོད་པར་བྱའོ། །ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཉིད་ལ་གནས་པར་མི་བྱ་བའི་འགྲེས་སོ། །མིག་ལྔ། དེ་ནས་ཕྲེང་བརྒྱད་ཅུང་མེད་ན། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་བསྒྲུབ་པར་བྱའོ། །ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །རྣམ་མཁྱེན་གྱི་ཕྱོགས་དང་མཐུན་པའི་ཆོས་ཉིད་ལ་གནས་པར་མི་བྱ་བའི་འགྲེས་སོ། །དད་པའི་རྗེས། དེ་ནས་ཤོག་གུ་གསུམ་དང་ཕྲེང་གསུམ་ན། ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པ་གང་ཟག་ལ་གནས་པར་མི་བྱ་བའི་འགྲེས་སོ། །བམ་པོ་དྲུག་པ། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་ གཟིགས་ཕྱིར། །དེ་ཅིའི་ཕྱིར། དེ་ནས་ཕྲེང་གཉིས་ན། འདི་སྙམ་དུ། ཆོས་ཐམས་ཅད་ལ་གནས་པར་མི་བྱ་ན། ཇི་ལྟར། དེ་ནས་ཤོག་གུ་ཕྱེད་དང་བཞི་ན། བསླབ་པར་བྱའོ།། གནས་པར་བྱའོ། །དེ་རྣམས་ཀྱིས་ནི། སློ༷བ་མ༷། ཞེས་པ་དོན་གཉིས་པ་གསུངས་ཟིན་ཏོ། །

རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ།། བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །དེ་ནས་ཕྲེང་བཞི་ན། ཡི་གེ་གཅིག་ཀྱང་མ་བརྗོད་ཀྱི། ཞེས་བྱ་བ་གསུངས་ཏེ། འདི་ལྟར། དེ་ནས་བཤད་པར་སྣང་བ་དང་ཉན་པར་སྣང་བ་དེའི་ཀུན་བཏགས་པ་ཡིན་ནོ། །ཞེས་སྤྲུལ་པ་དང༌། རྨི་ལམ་དང༌། བྲག་ཆ་དང༌། སྒྱུ་མ་ལྟ་བུར་བསྟན་པས་ལྷའི་བུ་དེ་རྣམས་དགའ་བར་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ན། ཡི་གེ་མེད་པ། འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱའོ། །དེ་ནས་ཕྲེང་བཅུ་གཉིས་ན། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ།། སྒྲ་མེད་ཀྱང་དེ་དེ་ལྟར་སྣང༌། །དེ་ནས་ལྷའི་བུ། དེ་ནས་ཕྲེང་གཅིག་ལྷག་པ་ན། ཤིན་ཏུ་ཟབ་པ། ཉན་རང་གི་ཡུལ་མིན་པ་སྟོན། ཤིན་ཏུ་ཕྲ་བ་ལ་ཆོས་ཉིད་ཀྱི་མི་རྟོག །ཡེ་ཤེས་ཀྱི་སྤྱོད་ལ་སོ་སོ་རང་གིས་རིག་པའི་ཚུལ་དུ་བདག་གི་བློ་འཇུག་གོ །གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །དེ་ནས་ཚེ་དང་ལྡན། ལྷའི་བུ་དག །ཀུན་བཏགས་ཀྱི། གཟུགས་ཕྲ་བ་མ་ཡིན། ཞེས་བྱ་བ་ནི་ཀུན་བཏགས་པའི་གཟུགས་ཡང་དག་པ་མ་ཡིན་པའི་ཕྱིར་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཞེས་དབུ་མ་གསུངས། ཀུན་བཏགས་ཀྱི་ཚོར་བ་ནི་ཡང་དག་པ་མ་ཡིན་པའི་ཕྱིར། ཟབ་པ། དེ་ནས་ཕྲེང་གཅིག་ན། ཕྲ་བ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་ཆོས་ཉིད་ཀྱི་གཟུགས་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཚོར་བའི་རང་བཞིན་ཆོས་ཉིད་ཀྱི་ཚོར་བ་ནི། དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་བཞི་དང་ཕྲེང་དྲུག་ན། ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་བས་ན་གཞུང་འདི་རྣམས་ཀྱི་འདི་སྟོན་ཏེ། ཀུན་བཏགས་པའི་ཆོས་ཐམས་ཅད་ནི་གཤིས་ལ་མེད་པའི་ཕྱིར་ཟབ་ཅིང་ཕྲ་བའི་ཆོས་མ་ཡིན་ལ། ཆོས་ཉིད་ཡོངས་གྲུབ་ཀྱི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མི་གཡོ་བའི་ཆོས་ཟབ་ཅིང་ཕྲ་བར་རྟག་ཏུ་བཞུགས་པའི་ཕྱིར། མི་ཟབ་པ་ཟབ་པར་གཡོ་བ་དང་མི་ཕྲ་བ་ཕྲ་བར་འགྱུར་བ་མ་ཡིན་ནོ། །ཞེས་པའི་དོན་ཏོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་གཅིག་ལྷག་ཙམ་ན། མངོན་དུ་བྱ་བར་འདོད་ན་ཡང༌། བརྗོད་དུ་མེད་པའི། བཟོད་པ། དེ་ནས་ཕྲེང་ལྔ་ཅུང་མེད་ན། མཉམ་དུ་མེད་པའི་ཕྱིར་མཚན་མ་ལ་ནི་གནས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅོ་ལྔའོ།། །། ༈ བམ་པོ་བདུན་པ། འཛིན་པ་མི་སྤོང་ཕྱིར་དང་ནི། །དེ་ནས་ལྷའི་བུ་ཆོས་ཐམས་ཅད་བརྗོད་དུ་མེད་ན། གནས་བརྟན། དེ་ནས་ཕྲེང་གཉིས་ན། སྒྱུ་མ་ལྟ་བུར་བཙལ་བར་བྱའོ། །ཞེས་བྱ་བ་ལ་སོགས་པ་དོན་དམ་པར་འཆད་པ་པོ་དང་ཉན་པ་པོ་མེད་པ་ཉིད་དུ་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གསུམ་ན། སྒྱུ་མ་ལྟ་བུར་བཤད་དམ། ཞེས་བྱ་བ་ནི་ཐེག་པ་ཆུང་ངུ་ལ་སོགས་པ་ཁ་ཅིག་མྱ་ངན་ལས་འདས་པ་དངོས་པོ་ཡོད་པར་འཛིན་པ་བསལ་བའི་ཕྱིར། དྲིས་པའོ། །ཞེས་དང༌། སྒྱུ་མ་ལྟ་བུར་སྨྲ་སྟེ། ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་བཤད་ཅིང་བརྗོད་པ་ནི་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱི། དོན་དམ་པར་མྱ་ངན་ལས་འདས་པར་ཞེས་བྱ་བར་དངོས་པོ་ཡོད་པར་མི་འགྱུར་ཏེ། དངོས་པོ་མེད་པ་ལས་ཡོད་པ་སྐབས་བཤད་པ་ནི་རྨི་ལམ་དང༌། སྒྱུ་མ་ལྟ་བུར་མངོན་ནོ། །ཞེས་བྱ་བའི་དོན་ཏོ། །ཞེས་དང༌། སྒྱུ་མ་ལྟ་བུར་སྨྲའོ། །ཞེས་བྱ་བ་ནི་ལ་དོར་བའི་ཚིག་སྟེ། མྱང་ན་ལས་འདས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ལྟ་མེད་མོད་ཀྱི་གལ་ཏེ་རྒྱ་ལ་དེ་ལྟ་བུ་ཞིག་ཡོད་ན་དེ་ཡང་ཀུན་རྫོབ་ཏུ་ཡོད་པར་བཏགས་སུ་ཟད་ཀྱི་དོན་དམ་པར་དངོས་པོ་མེད་པར་མ་གྲུབ་པས་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ན། མྱ་ངན་ལས་འདས་པ་ལ་ལྟ་ཅི་སྨོས། ཞེས་བྱ་བའི་དོན་ཏོ། །ཞེས་དང༌། གཉིས་སུ་མེད་ཅིང་གཉིས་བྱར་མེད་དོ། །ཞེས་བྱ་བ་ནི་ཇི་ལྟར་རྨི་ལམ་དང་སྒྱུ་མ་དག་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ། མྱ་ངན་ལས་འདས་པ་ཡིན་ཡང་ཀུན་རྫོབ་ཏུ་བརྗོད་པ་ཙམ་དུ་ཟད་ཀྱི་དོན་དམ་པར་དངོས་པོ་མེད་པ་ཡིན་ཏེ། དེ་བས་ན་རྨི་ལམ་དང༌། སྒྱུ་མ་དང་མྱ་ངན་ལས་འདས་པ་གསུམ་ཆར་ཡང་དངོས་པོ་མེད་པར་གཅིག་པས་ཐ་དད་དུ་དབྱེར་མེད་དོ། །ཞེས་བསྟན་པའོ། །ཞེས་པ་རྣམས་འབུམ་འགྲེལ་གནོད་འཇོམས་སུ་གསུངས་སོ། །འདིར་མྱང་འདས་སྒྱུ་མ་ལྟ་བུའི་དོན་མྱང་འདས་དང་དངོས་པོ་མ་ཡིན་པ་ལ་མི་འདོད་པར་མྱང་འདས་གཤིས་ལ་མེད་པར་འདོད་པ་ལ་ནི་ལུང་རིགས་རྣམ་དག་གིས་གནོད་དེ། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོར་ཕུང་པོ་ལྔ་ནི་ཡང་དག་པ་མ་ཡིན་པ། སྒྱུ་མ་ལྟ་བུ། གསོབ། གསོག །དངོས་མེད་པ་ཚུལ་བཞིན་མ་ཡིན་པ་འདུས་པ་ལས་བྱུང་བའོ། །ཆོས་ཀྱི་དབྱིངས་ནི་གསོབ་མ་ཡིན། གསོག་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་བཞིན་མ་ཡིན་པ་བྱེད་པ་ལས་བྱུང་བ་མ་ཡིན། སྒྱུ་མ་ལྟ་བུ་མ་ཡིན་ཏེ། སྨིག་རྒྱུ་ལྟ་བུ་མ་ཡིན། ཆུ་ཟླ་ལྟ་བུ་མ་ཡིན། བྲག་ཆ་ལྟ་བུ་མ་ཡིན། ཞེས་དང༌། གང་མི་བདེན་པ་དེ་དེ་བཞིན་ཉིད་མ་ཡིན་པའོ། །གང་དེ་བཞིན་ཉིད་མ་ཡིན་པ་དེ་དེ་བཞིན་གཤེགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་བདེན་པ་ཡང་དག་པ། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། མ་ལོག་པ། ཞེས་དང༌། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་གསོབ་གསོག་ཡང་དག་པ་མ་ཡིན་པ། འདུ་བྱེད་འདུས་པ་ལས་སྐྱེས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་གསོབ་མ་ཡིན། གསོག་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་ངེས་པར་སྐྱེས་པ་མ་ཡིན། རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་མ་ཡིན་ནོ། །ཞེས་སོ། །དེས་ན་དེའི་དོན་མྱང་འདས་དངོས་པོ་མ་ཡིན་པའི་དོན་དུ་ཤེས་པར་བྱའོ། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །དེ་ནས་ཚེ་དང་ལྡན། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཕ་རོལ་ཏུ་ཕྱིན་པ། གཏིང་དཔག་དཀའ་བས་ན། འདི་ལྟར། སྒོ་ལྔའི་རྣམ་ཤེས་ཀྱི་སྤྱོད་ཡུལ་མ་ཡིན། འདི་ལྟར་བལྟ། ཡིད་ཀྱི་རྣམ་པར་ཤེས་ཀྱི་ཡུལ་མ་ཡིན་པས། འདི་ལྟར་རྟོགས། ཉོན་མོངས་དང༌། ཉེ་ཉོན་ཐམས་ཅད་ཞི་བས་ན། འདི་ལྟར་ཞི་བ། སྡུག་བསྔལ་ཐམས་ཅད་ཀྱི་པར་དག་གཞི་བས། འདི་ལྟར་གསལ་བའམ། གྱ་ནོམ་པ། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཞི་བས་ན། འདི་ལྟར་ཕྲ་བ། སོ་སོར་རང་གི་རིག་པའི་ཕྱིར་གཞན་མ་ཡིན་པའམ། འདི་ལྟར་བཟང་བ། དེ་ནས་ཕྲེང་གཉིས་ཅུང་མེད་ན། བསམ་པའི་ལམ་ལས་འདས་པའི་ཕྱིར། འདི་ལྟར་བརྟག་པའམ། རྟོག་གེའི་སྤྱོད་ཡུལ་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའི་གནས་ཀྱིས་མཆོག་ཡིན་པས། འདི་ལྟར་ཤིན་ཏུ། ཉན་རང་གི་སྤྱོད་ཡུལ་མ་ཡིན་ཞིང་ཕྱིར་མི་ལྡོག་པ་རྣམས་ཉིད་ཀྱིས་རིག་པར་བྱ་བ་ཡིན་པས། འདི་ལྟར། རྒྱུན་ཞུགས་སོགས། བདེན་པ་མཐོང༌། སོ་སྐྱེའི་ནང་ནའང༌། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། རིགས་ཀྱི་བུ་མོ་ཚེ་འདིར་དགེ་བའི་བཤེས་གཉེན། དེ་ནས་ཕྲེང་གཉིས་ན། འགྱུར་བ་དེ་དག་ནི་ཅིར་ཡང་མི་རྟོག་པའི་ཤེར་ཕྱིན་ལ་རྣལ་འབྱོར་དུ་བྱེད་པ་ཡིན་པས། དེ་ནས་ཤོག་གུ་བཅུ་དགུ་དང་ཕྲེང་ཕྱེད་དང་གཉིས་ན། བམ་པོ་བརྒྱད་པ། དེ་ནས་ཤོག་གུ་ཉི་ཤུ་ན། བམ་པོ་དགུ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཅུ་གཉིས་ན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དོན་དམ་གཞན་སྟོང་འདི་ལ་སྨྲས་བསམ་བརྗོད་མེད་སྤྲོས་པ་ཐམས་ཅད་དང་བྲལ་བའི་གཞི་ཡིན་པས། ཆོས་གང༌། ཡིད་ཆེས་པར་བྱེད་པ་མེད་དོ། །ཞེས་བྱ་བའི་བར་དུ་སྟེ། འདིས་ནི་གང་དག་དེ་ལྟར་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་བྱས་པར་གྱུར་པ་དེ་དག་ཉིད་ཚོལ་བར་བྱེད་པ། ཡིན་ཏེ། དེ་དག་ཀྱང་དོན་དམ་པར་བཙལ་བར་བྱ་བ་མེད་པའི་ཕྱིར་ཚོལ་བར་བྱེད་པ་མ་ཡིན་ནོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། ཆོས་གང་ཡང་མ་བརྗོད་མ་བཤད་ན། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང༌། འདི་ལས་ཐེག་པ། དེ་ནས་ཤོག་གུ་ལྷག་ཙམ་ན། ཤེས་རབ་དང་དྲན་པས་ཕུན་སུམ་ཚོགས་པས་ཆོས་སྟོན་པའི་ཚེ། ཚིག་དོན་ལ། ཐོགས་པ་མེད་པར་འཆད་པའི་སྤོབས་པ་དང༌། བདུད་ལ་སོགས་པས་བར་ཆད་བྱ་བར་མི་ནུས། རྒྱུན་ཆད་པ་མེད། དྲན་པ་ཉམས་པ་མེད་ཅིང་ཆགས་སོགས་ལ་མི་གཡེངས་པར་འཆད་པས། མཉམ་པར་བཞག །དངོས་པོར་སྟོབས་ཤུགས་ཀྱི་ཚད་མ་དང་མི་འགལ་བས། རིགས་པའི་ལུང་དང་མི་འགལ་ཞིང་ཚིག་སྔ་ཕྱི། འབྲེལ་ཆགས་སུ་འབྱུང་བའི་སྤོབས། འཕགས་པའི་ལམ་གྱི་འབྲས་བུ་ཐོབ་པར་གྱུར་པའི་དོན་དང་ལྡན། འཇིག་རྟེན་པའི་ལམ་ལས་འདས་ཤིང་འཇིག་རྟེན་ལས་འདས་པའི་ལམ་ཁྱད་པར་ཅན་སྟོན་པས། འཇིག་རྟེན་ཐམས་ཅད་ཞེས་མི་བྱའམ། ཞེས་པས་འཆད་པ་ལ་སོགས་པ་མེད་ན། ལུང་དང་འགལ་ཞེས་པའི་དོན་ཏོ། །དེ་ནས་ཤོག་གུ་བཞི་དང་ཕྲེང་བརྒྱད་ལྷག་ཙམ་ན། དེ་དག་མི་དམིགས་པའི་གཏན་ཚིགས་ཚེ་དང་ལྡན། དེ་ནས་ཤོག་གུ་དྲུག་དང་ཕྲེང་ཕྱེད་དང་ལྔ་ན། བམ་པོ་བཅུ་པ། དེ་ནས་ཤོག་གུ་བཅོ་ལྔ་ཅུང་མེད་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་དྲུག་པ།། །། ༈ བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ན། ཀོའུ་ཤི་ཀ ། དེ་སྐད་དུ་མེ་ཏོག་འདི་དག་ནི་མ་སྐྱེས་པ་སྟེ། ཞེས་བྱ་བ་ནི་མ་སྐྱེས་པའི་སྟེ། ཡོངས་སུ་གྲུབ་པའི་མཚན་ཉིད་དེ་སྟོང་པ་ཉིད་ངོ་བོ་ཉིད་ཡིན་གྱི། མེ་ཏོག་གི་ངོ་བོ་ཉིད་མ་ཡིན་ནོ་ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གསུམ་ཅུང་མེད་ན། གཟུགས་མ་ཡིན་ནོ། །ཞེས་བྱ་བ་ནི་དོན་དམ་པའི་གཟུགས་ལ་འདུས་བྱས་ཀྱི་སྐྱེ་བ་མེད་པའི་ཕྱིར་གཟུགས་ངེས་པར་མ་སྐྱེས་པའོ། །ཞེས་བསྟན་པའོ། །དེ་ལྟར་འདུས་མ་བྱས་པ་མ་སྐྱེས་པ་ལ་ཀུན་བཏགས་པའི་གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་བཞི་ཙམ་ན། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོར་གྱུར་པ། །དེ་ནས་ལྷའི་དབང་པོ། དེ་ནས་ཕྲེང་གཉིས་ལྷག་པ་ན། ཆོས་ཉིད་ཀྱང་སྟོན་ཏོ། །ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པ་མི་འགལ་བར་བསྟན་ཏོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། བརྒྱ་སྟོང་དོན་བསྡུས་སུ། ཤེས་རབ་ཕ་རོལ་ཕྱིན་པར་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བརྟགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཁོ་ནའོ། །མེད་ཅེས་བྱ་བ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་སྟེ། །ཞེས་སོགས་གསུངས་པ་སྐབས་འདིར་ཡང་དྲན་དགོས་སོ། །ཀོའུ་ཤི་ཀ །གཟུགས། མི་འགལ་བར་བསྟན་ཏོ། །ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུག་གི་བར་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ཐ་སྙད་དུ་བཏགས་ཙམ་དུ་ཟད་ལ། ཐ་སྙད་ཙམ་དུ་བཏགས་པ་གང་ཡིན་པ་དེ་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་ཏེ། དེ་ལྟར་དོན་དམ་པའི་དངོས་པོ་མེད་པའི་གཞི་དེ་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པ་ཡང་དག་པ་ཉིད་ཡིན་ནོ། །དེ་ལྟ་བུའི་ཡང་དག་པ་ཉིད་དང་མི་འགལ་བར་བསྟན་པ་ནི་སྒྲོ་འདོགས་པ་སྐུར་བ་འདེབས་པ་མེད་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཞེས་དང༌། དེ་ནས་ཕྲེང་བཞི་ཅུང་མེད་ན། རྣམ་པར་མི་འགལ་ལོ། །ཞེས་བྱ་བ་ནི་དངོས་པོ་ཞིག་ཡོད་ན་ནི་དངོས་པོ་དེ་གཉིས་ལ་མཚན་ཉིད་མི་མཐུན་པས་ཕན་ཚུན་དུ་འགལ་བ་ཡང་སྲིད་ན། དོན་དམ་པར་ཆོས་དེ་དག་དངོས་པོ་མེད་པ་རོ་གཅིག་པས་ཕན་ཚུན་དུ་འགལ་བ་དང༌། རྣམ་པར་འགལ་བ་མེད་དོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཤོག་གུ་བདུན་དང་ཕྲེང་དགུ་ན། བམ་པོ་བཅུ་གཉིས་པ། དེ་ནས་ཕྲེང་གཉིས་ན། དེ་ལྟར་སློབ་པ། མཉམ་བཞག་ལ་གནས་པ་ནི་གཟུགས་ལ་མི་སློབ་སྟེ། ཞེས་བྱ་བ་ལ་སོགས་པ་ནི། མི་སློབ་པ་ཉིད་སློབ་པ་སྟེ། དཔེར་ན་མི་གནས་པ་ཉིད་གནས་པའོ། །ཞེས་བྱ་བ་ལྟ་བུར་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བརྒྱ་དང་ཕྲེང་གཉིས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང༌། ཞེས་དྲིས་པ། འདི་ལྟར་སྟོང་པ་ཉིད་ཡིན་པས་ཡང་དག་པར་རྗེས་སུ་མི་མཐོང༌། ཞེས་བསྟན་པའི་ཕྱིར། གཟུགས་གཟུགས་ཀྱིས་སྟོང་ངོ༌། །ཞེས་བྱ་བ་གསུངས་སོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གསུམ་ན། བརྒྱད་སྟོང་དོན་བསྡུས་སུ། སླར་ཡང་དོན་གཞན་ན་བརྟེན་ནས། །དོན་དེ་ཉིད་ནི་བཟླས་པ་ཡིན། ཞེས་གསུངས་པ་ཡང་ཡང་དྲན་པར་བྱའོ། །ཀོའུ་ཤི་ཀ །གཟུགས། དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་མཐོང་བར་བྱ་བ་དང་མཐོང་བར་བྱེད་པ་གཉིས་ཀ་རང་བཞིན་གྱིས་སྟོང་པའི་ཕྱིར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཤོག་གུ་ལྔ་དང་ཕྲེང་དགུ་ཙམ་ན། སྟོང་པ་ཉིད་ལ་སློབ་བོ། །ཞེས་བྱ་བ་ནི་གང་མི་དམིགས་པའི་ཚུལ་གྱིས་མི་སློབ་པ་དེ་ཉིད་སློབ་པ་ཡིན་པར་སྟོན་ཏེ། གཉིས་སུ་དབྱེར་མེད་པར་ཞེས་བྱ་བ་ནི་སྟོང་པ་ཉིད་ནི་གཅིག་པའི་ཕྱིར་གཅིག་གི་སྟོང་པ་ཉིད་ལ་བསླབ་ན་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་བསླབས་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་གཉིས་ན། ཚད་མེད་པ་ལ་སློབ་བོ། །ཞེས་བྱ་བ་ནི་གང་དེ་ལྟར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་བསླབས་པ་དེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ལ་སློབ་པ་ཡིན་ནོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །གཉིས་སུ་བྱར་མེད། ཅིར་ཡང་མི་རྟོག་པས། གཟུགས་ལ་དཀར་པོའི་ཕྱོགས། འཕེལ་བར་བྱ་བ་དང༌། ནག་པོའི་ཕྱོགས། འགྲིབ་པར་བྱ་བའི་ཕྱིར། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དང་བཅུ་ཙམ་ན། དེ་ནི་འཕེལ་འགྲིབ་ཏུ་བྱ་བའི་ཆོས་མེད་པས། གཟུགས་ལ་ཁྱད་པར་དུ་འཕགས་པའི་ཆོས། ཡོངས་སུ་བཟུང་བ་དང༌། ཆོས་ངན་པ་རྣམས་མེད་པར་བྱ་བའི་ཕྱིར་མི་སློབ་བོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ན། ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །དེ་ནས་ཚེ་དང་ལྡན། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཞི་ན། མི་སློབ་པ་ཡིན་ནམ། ཞེས་པ་རྒྱལ་སྲས་དེ་སྤང་བྱ་སྤོང་ཞིང་ཐོབ་བྱ་ཐོབ་པར་བྱེད་ན། ཇི་ལྟར་ཡོངས་སུ་བཟུང་བ་དང༌། མེད་པར་བྱ་བ་མེད་ཅེས་དྲིས་པའོ། །བམ་པོ་བཅུ་བཞི་པ། དེ་ནས་ཤོག་གུ་དྲུག་དང་ཕྲེང་དྲུག་ན། ཕྱིར་གཟུང་བ་དང་ནང་འཛིན་པ་སྟོང་པ་ཉིད་མི་འཛིན་ཏོ། །ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པ་གཉིས་མེད་པར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་དྲུག་ལ་ཕྲེང་ཕྱེད་དང་གཉིས་ཆད་པ་ན། གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །སྨྲས་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། སྤྱོད་པའི་ཚེ། རྟོག་པ་ཐམས་ཅད་དང་བྲལ་བས། །དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་གསུམ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་ལྔ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ༌། །དེ་རྣམས་ཀྱིས་ནི། བསེ༷་རུའི༷་ལ༷མ་ག༷ང་ད༷ང༌། །ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། །

བདེན་དང་བདེན་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །དེ་ནས་ལྷའི་ཆེན་པོ་རྣམས་ཀྱིས། ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། དེ་ནས་ཕྲེང་གཅིག་ན། བཙལ་བར་བྱའོ། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲིང་དུ་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི། རབ་འབྱོར་གྱི་ལེའུ་ཞེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་བྱུང་བའི་ཕྱིར་བཤད་པ་དེ་ནི་དེ་ལས་གཟུང་བར་བྱའོ། །ཞེས་བསྟན་ཏོ། །དེ་ནས་ཕྲེང་གསུམ་ཅུང་མེད་ན། ཀོའུ་ཤི་ཀ །ཀུན་རྫོབ་ཀྱི་ཚུལ་གྱིས། དེ་ནས་ཕྲེང་གཉིས་ན། ཀོའུ་ཤི་ཀ །དོན་དམ་པའི་ཚུལ་གྱིས། དེ་ནི་དེ་བཞིན་ནོ། །གུད་ན་ཡང༌། སྟེ་ཐ་དད་དུ། དེ་བཞིན་གཤེགས། དེ་ནས་ཕྲེང་གཅིག་ཙམ་ན། གཤེགས་པ། ཐ་དད་དུ། མི་དམིགས། གཤེགས་པ། ཐ་དད་དུ། མི་དམིགས་སོ། །དེ་བཞིན་ཉིད། ཐ་དད་དུ། མི་དམིགས་སོ།། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་བརྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང༌། །གཟུགས་གཤེགས་པ། ཐ་དད་དུ་མི་དམིགས་སོ། །དེ་བཞིན་དུ་ཉིད་ཐ་དད་དུ་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་ཕྱེད་དང་དགུ་ལྷག་ན། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་གཉིས་ན། གཟུགས་ཀྱི་ཆོས་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ། །ཞེས་བྱ་བ་ནི་ཐ་དད་པ་མེད་དེ། གཅིག་པའི་ཕྱིར་དེ་སྐད་བསྟན་པའོ། །གནས་དང་གནས་པའི་དངོས་པོ་དང༌། གཞན་གྱི་དངོས་པོ་དང་ལྡན་པ་དང༌། མི་ལྡན་པའི་རྣམ་པར་རྟོག་པ་དག་ནི། ཐ་དད་པ་ཡོད་ན་རིགས་ཀྱི་མེད་ན་མི་རིགས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་དགུ་ཅུང་མེད་ན། བྱིན་རླབས་མེད་པའི་ཚུལ་གྱིས་དེའི་བྱིན་གྱིས་བརླབས་སོ། །ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཐུ་དང༌། སྟོང་པ་ཉིད་ཀྱི་བྱིན་གྱིས་བརླབས་ཏེ། བཤད་པ་དེ་སྟོང་པ་ཉིད་ལས་བརྩམས་ནས་བྱུང་བའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ། ཞེས་དབུ་མ་པ་གསུངས། བམ་པོ་བཅུ་བདུན་པ། བཙལ་བར་མི་བྱ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་མེད་པའི་ཕྱིར། དེ་སྐད་བསྟན་ཏོ། །ཞེས་དང༌། བཙལ་བར་མི་བྱའོ། །ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཐ་དད་པ་མེད་དོ། །ཞེས་ཐ་དད་པ་མེད་པར་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཅུ་གཅིག་ལ་ཕྲེང་གཉིས་ཙམ་ཆད་པ་ནས། ཀོའུ་ཤི་ཀ །དེ་ནི་འདི་ལྟར་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཞེས་བྱ་བ་ནི་གཟུགས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ཡང་ཡོད་པ་མ་ཡིན་པར་བསྟན་ཏོ། །ཞེས་པ་དང༌། གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཐ་དད་པར་བརྗོད་དུ་མི་རུང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ལྔ་དང་ཕྲེང་བཅུ་ན། བམ་པོ་བཅོ་བརྒྱད་པ། དེ་ནས་ཤོག་གུ་བཅུ་གཉིས་ལ་ཕྲེང་ཕྱེད་དང་བཞི་ཙམ་ཆད་པ་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་བཅོ་བརྒྱད་ན། བམ་པོ་ཉི་ཤུ་པ། དེ་ནས་ཤོག་གུ་གཅིག་ན། ཆེན་པོ། ཀོའུ་ཤི་ཀ །གཟུགས་རྒྱ་ཆེ་བའི་ཕྱིར། གཟུགས་སྔོན་གྱི་མཐའ། དེའི་དུས་ན་བྱུང་ངོ༌། །ཞེའམ་མ་བྱུང་ངོ༌། །ཞེས་མི་དམིགས། ཕྱི་མའི་མཐའ་དེ་འདས་ན་འབྱུང་བར་འགྱུར་རོ། །ཞེའམ་མི་འགྱུར་རོ། །ཞེས་མི་དམིགས། དབུས་སུ་ཡོད་དོ། །ཞེའམ་མེད་དེ། ཞེས་མི་དམིགས་སོ།། དེ་ལྟར་དུས་གསུམ་དུ་དབྱེ་བ་མེད་པས་ཆེ་བའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་ཐམ་པ་ལ་ཕྲེང་གཉིས་ཆད་པ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིར། ཀོའུ་ཤི་ཀ །གཟུགས་གཞལ་དུ་མེད་པའི་ཕྱིར། ཞེས་སོགས་ཀྱི་འགྲེས་གཅིག་ལེའུ་བརྒྱད་མར་བྱུང་ཞིང༌། མངོན་རྟོགས་རྒྱན་གྱི། ཚད་མ་མེད་བཅས་དང༌། །ཞེས་པའི་གཞུང་ཡིན་པར་འཕགས་པ་རྣམ་གྲོལ་སྡེས་སྦྱར་ལ་ཡུམ་འདི་དང་ཉི་ཁྲི་དང་བརྒྱད་སྟོང་པ་རྣམས་སུ་ནི་མ་བྱུང་ངོ༌། །ཚད་མེད་པ་དང་། ཀོའུ་ཤི་ཀ །གཟུགས་ཚད་མེད་པའི་ཕྱིར། དེ་ནས་ཕྲེང་གཅིག་ཙམ་ན། གཟུགས་ཀྱི་ཚད་ནི་དམིགས་སུ་མེད་དོ། །ཞེས་བྱ་བ་ནི་དོན་དམ་པའི་གཟུགས་ལས་ནི་འདི་ཙམ་མོ། །ཞེས་ཡོངས་སུ་བཅད་པ་མེད་པའི་ཕྱིར་ཚད་མེད་པ་ཉིད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ཕྱེད་དང་བདུན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་དོ། །འདི་ཡར་བཅད་ཀྱིས་ཆ་པ་སྟེ་པོ་ཏི་དྲུག་པ་རྫོགས་སོ།། །།


previousཆ༽ གླེགས་བམ་དྲུག་པ། བམ་པོ་དང་པོ། next