Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཇ༽ གླེགས་བམ་བདུན་པ། བམ་པོ་དང་པོ།
   
   
   
   
   
   
   
   
   
   
   


 
previousཇ༽ གླེགས་བམ་བདུན་པ། བམ་པོ་དང་པོ། next

ཇ༽ གླེགས་བམ་བདུན་པ། བམ་པོ་དང་པོ།

དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་བཅུ་གཅིག་ན། བམ་པོ་གཉིས་པ། མཐའ་མེད་དང༌། །ཀོའུ་ཤི་ཀ །གཟུགས་མཐའ་ཡས་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་འདི། སྐད་ཅིག་ཡོངས་སུ་ཆད་པ་མེད་པའི་ཕྱིར་མཐའ་ཡས། གཟུགས་ཀྱི། སྐྱེ་བ་དང་འགག་པའི་མཐའ་དང་དབུས་སྐད་ཅིག་གནས་པ་མི་དམིགས་སོ། །དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་ཕྱེད་དང་གསུམ་ན། ཀོའུ་ཤི་ཀ །གཞན་ཡང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དམིགས་པའི་ཡུལ་མཐའ་ཡས་པའི་ཕྱིར། དེ་ནས་ཕྲེང་གཉིས་ལྷག་པ་ན། ཀོའུ་ཤི་ཀ །དམིགས་པའི་ཡུལ། རྣམ་པ་ཐམས་ཅད། དེ་ནས་ཕྲེང་གསུམ་ལྷག་པ་ན། ཀོའུ་ཤི་ཀ །དམིགས་པའི་ཡུལ། ཆོས་ཀྱི་དབྱིངས། དེ་ནས་ཕྲེང་ཕྱེད་དང་བཞི་ན། ཀོའུ་ཤི་ཀ །དེ་ནི་འདི་ལྟར། དམིགས་པའི་ཡུལ། དེ་བཞིན་ཉིད། དེ་ནས་ཕྲེང་ཕྱེད་དང་གཉིས་ན། སེམས་ཅན་རྟག་པ་དང༌། ཆད་པའི་མཐའ་གཉིས་མེད་པས། མཐའ་ཡས་པའི་ཕྱིར། དེ་ནས་ཕྲེང་ཕྱེད་དང་བདུན་ལྷག་ཙམ་ན། སྨྲས་པ། བཙུན་པ་རབ་འབྱོར། སེམས་ཅན་ཚིག་ལ་ལྟོས་པ་མ་ཡིན་པས། དེ་ནི་མེད་དེ། དེ་ནས་ཕྲེང་གཅིག་ལྷག་པ་ན། དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །དེ་ནས་དབང་པོ། དེ་ནས་ ཕྲེང་གཉིས་ཅུང་མེད་ན། དེ་བཞིན་གཤེགས་པའི་མཐུས། མཛེར་བཤད་ཅིང༌། འབྲིང་དུ་བརྗོད་དེ། རྒྱས་པར་བསྟན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་གསུམ་ན། རྣམ་པར་དགོད་པ་མ་མཆིས་ཏེ། ཞེས་བྱ་བ་ནི་དོན་དམ་པ་དང༌། ཀུན་རྫོབ་ཏུའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ན། དེ་བཞིན་གཤེགས་པ་མི་དམིགས་སོ། །ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་དེ། དེ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དོན་དམ་པར་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལ་བྱེ་བྲག་མེད་པས། དེ་བཞིན་གཤེགས་པ་ཉིད་དོ། །ཞེས་བརྗོད་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་བདུན་ཙམ་ན། བམ་པོ་གསུམ་པ། དེ་ནས་ཕྲེང་བཅུ་གཉིས་ན། ལྷའི་བུ་དག་དཔེར་ན། གང་གི་ཚེ། དེ་ནས་ཤོག་གུ་གཅིག་ན། སངས་རྒྱས་མར་མེ་མཛད་ཀྱིས། དེ་ལ་སངས་རྒྱས་ཀྱི་ཆོས་དང་མ་བྲལ་བར་གཟིགས་ནས། ང་ལ་ཁྱེའུ་ཁྱོད། དེ་ནས་ཕྲེང་གཉིས་ལྷག་པ་ན། བླང་མེད་དོར་བ་མེད་སོགས་དང༌། །དེ་ནས་ལྷའི་བུ། དེ་ནས་ཕྲེང་གཅིག་ན། དེ་ལྟར་གཟུགས་ལ་ཁྱད་པར་དུ་འཕགས་པའི་ཆོས། མི་ལེན། ངན་པའི་དངོས་པོ། མི་འདོར་བའི་ཚུལ་དང༌། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཁྱད་པར་དུ་འཕགས་པའི་ཆོས། མི་ལེན། ངན་པའི་དངོས་པོ། མི་འདོར་བའི་ཚུལ་གྱིས། ཐམས་ཅད་མཁྱེན་པ་ཉིད། སྔོན་མ་བྱུང་བ། འབྱུང་བར། འདི་མན་ཆད་ནི་དོན་གྱི་བདག་ཉིད་ཀྱི་ཆོས་བཤད་པ། འདིའི་ཡོན་ཏན་གྱི་ཕན་ཡོན་ཚེ་འདི་དང༌། ཚེ་ཕྱི་མ་ལ་འབྱུང་བ་དང་བསོད་ནམས་མང་པོ་འཕེལ་བའི་རྒྱུར་གྱུར་པ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་དྲུག་ན། ཕ་རོལ་ཏུ་ཕྱིན་པ་འདི། ཚིག་དོན་མ་བརྗོད་པར། འཛིན་པ་དང༌། གླེགས་བམ་ལ་བྲིས་ཏེ། འཆང་བ་དང༌། དེ་ཉིད་ཀློག་པ་དང༌། བསམ་བྱུང་གི ། ཀུན་ཆུབ་སྟེ་དོན་རྟོགས་པར་བྱེད་པ་དང༌། བསྒོམ་བྱུང་གིས། སྒོམ་པ་དང༌། མི་ནུབ་པར་བྱ་བའི་ཕྱིར། གཞན་ལ་རྒྱ་ཆེར་བསྟན་པ་དང༌། མི་མཐུན་ཕྱོགས་ཀྱིས་བསམ་པ་དང༌། མ་འདྲིས་པར། ཚུལ་མི་འབྲལ་བ་སྟེ་རྣམ་མཁྱེན་དུ་བསྔོ་བ། དེ་དག་ནི། དེ་ནས་ཕྲེང་གཅིག་ན། བྱིན་གྱིས་བརླབས་པར་འགྱུར། ཞེས་བྱ་བ་ནི་སྟོང་པ་ཉིད་གནས་སུ་བྱས་པའི་རྒྱུ་མཐུན་པ་ཉིད་སྟོན་ཏེ། དེ་ལ་ནི་འཇིག་རྟེན་ཐམས་ཅད་ཀྱང་སྟོང་པར་སྣང་ངོ༌། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཅུ་ན། དེ་ནི་འདི་ལྟར་སྡིག་པའི་ལས། གང་གིས་གླགས། གནས། གང་དུ་གླགས། བྱང་སེམས། གང་ལ་གླགས། བྱམས་ལ་སོགས་དང་། ཀོའུ་ཤི་ཀ །དེ་ནས་ཤོག་ལོགས་གཅིག་ན། སྟོང་ཉིད་དང༌། །ཀོའུ་ཤི་ཀ །གཞན། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ཆད་པ་ན། རྟག་ཏུ་རྒྱུན་དུ་མི་འཆད་པར། ཕྱི་རོལ་གྱི་གནོད་པ་ལས། བསྲུང་བ་དང༌། ལུས་ཀྱི་བདེ་བ་ཐམས་ཅད་སྒྲུབ་པས། བསྐྱང་བ་དང༌། ནང་གི་ནད་ལ་སོགས་པ་ལས། བསྐྱབ་པར་བགྱིའོ། །དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་གསུམ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། བཟའ་བ་དང༌། བགོ་བ་ལ་སོགས་པ་སྦྱིན་པས། རིམ་གྲོར་བྱའོ། །ངག་ཉན་པ་ལ་སོགས་པ། བཀུར་སྟིར། སྟན་ལས་ལྡང་བ་དང༌། ཕྱག་ལ་སོགས་པས། བསྟི་སྟང་ངམ། ཕུ་དུད། མེ་ཏོག་ལ་སོགས་པས། མཆོད་པར་བྱའོ། །དེ་ནས་ཕྲེང་བཅུ་ལྷག་པ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་བདུན་ནོ།། །།

༈ བམ་པོ་བཞི་པ། སངས་རྒྱས་ཉིད་ནི་འཐོབ་པ་དང༌། །དེ་ནས་ལྷའི་དབང་པོ། དེ་ནས་ཕྲེང་ལྔ་ཅུང་མེད་ན། རྒྱལ་རིགས་ཆེ་ཞིང་མཐོ་བ་ལ་སོགས་པའི། རིགས། བྱང་ཆུབ་སེམས་དཔའི་ཡུམ་མཆོག་གམ་དམ་པའི་ལྷུམས་ནས་སྐྱེ་བས། སྐྱེ་བ། ཚེ་རིང་ཞིང་གློ་བུར་དུ་ཚེ་མི་འཕོ་བས་ཚེ་ཕུན་སུམ་དམ་པའི་ཆོས་ལ་ཕྱོགས་ཤིང་ཞི་བ་དང་དུལ་བའི་འཁོར་ཤ་སྟག་དང་ལྡན་པས། འཁོར། མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ། མཚན་འོད་འདོམ་གང་བ་ལ་སོགས་པ། འོད་ཕུན་སུམ། དེ་བཞིན་གཤེགས་པའི་སྤྱན་ལྔ་དང་ལྡན་པས། མིག་ཕུན་སུམ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས། དབྱངས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན། དོན་དང་ཚིག་མི་བརྗེད་པར་འཛིན་པའི་དྲན་ཤེས་དང་ལྡན་པས། གཟུངས། དེ་ནས་ཤོག་གུ་གཅིག་ལ་ཕྲེང་ཕྱེད་ཆད་པ་ན། རྣམ་པར་བྱང་ཀུན་ཡོངས་བསྡུས་དང༌། །དེ་ནས་ལྷའི་དབང་པོ་དང༌། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་ན། ལ་སོགས་པ་དག་གོ །ཉམ་ང་བ་དང་ནད་ཀུན་སེལ། །ཀོའུ་ཤི་ཀ ། གཞན་ཡང་སའི་ཕྱོགས། དེ་ནས་ཕྲེང་ཕྱེད་དང་དགུ་ན། མྱ་ངན་འདས་འཛིན་ཞི་ཉིད་དང༌། །དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་ལྔ་ན། སངས་རྒྱས་རྣམས་ཀྱིས་སྲུང་ལ་སོགས། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས། དེ་ནས་ཤོག་གུ་གཉིས་དང་ཕྲེང་གཉིས་ན། སྲོག་མི་གཅོད་པར་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་། དེ་ཚིག་བླང་བར་འོས་པ་དང་ལྡན་པར་འགྱུར་རོ།། དེ་ནས་ཤོག་གུ་གསུམ་དང་ཕྲེང་ལྔ་ཙམ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་ཕྱེད་དང་བཞི་དང་ཕྲེང་གཅིག་ཙམ་ན། སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ།། དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། དེ་ནས་ཤོག་གུ་ཕྱེད་དང་གཉིས་ན། ཚེ་རབས་གཞན་ལ་ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ། །དེ་རྣམས་ཀྱིས་ནི། འདི༷་ད༷ང་གཞ༷ན་པ༷འི་ཡོ༷ན་ཏ༷ན་གྱི༷ས། །ཕ༷ན་ཡོ༷ན་ཆེ༷་བ༷་མཐོ༷ང་བ༷འི་ལ༷མ། །ཞེས་པ་དོན་བཞི་པ་གསུངས་ཟིན་ཏོ། །ཀུན་ནས་ཞི་དང་། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ལྷག་པ་ན། ཐམས་ཅད་ལ། །འདུད་དང་། བཅོམ་ལྡན་འདས། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་གསུམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅོ་བརྒྱད་དོ།། །།

༈ ཉོན་མོངས་ལས་རྒྱལ་དང༌། །དེ་ནས་བཅོམ་ལྡན་འདས་ཀྱིས། དེ་ནས་ཕྲེང་ཕྱེད་དང་བཅུ་ན། གནོད་པས་རྫི་བ་མེད་ཉིད་དང༌། །ཀོའུ་ཤི་ཀ །གཞན། དེ་ནས་ཕྲེང་བཞི་ན། བྱང་ཆུབ་དང་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན། རྟེན་མཆོད་ཉིད། །ཀོའུ་ཤི་ཀ །གཞན། དེ་ནས་ཤོག་གུ་གཉིས་ན། བཀུར་སྟིར་བྱ་བར་འགྱུར་རོ། །དེ་རྣམས་ཀྱིས་ནི། བྱེ༷ད་པ༷་ད༷ང་ནི༷། ཞེས་པ་དོན་ལྔ་པ་གསུངས་ཟིན་ཏོ། །བམ་པོ་དྲུག་པ། མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང༌། །རྣམ་གསུམ་ཤེས་བྱ་དེ་ཡང་ནི། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་བདུན་དུ་འདོད། །རང་གི་དོན་ལ་མོས་པ་ཆུང་ངུའི་ཆུང་ངུ་ནི། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཤོག་གུ་གསུམ་ན། རང་གི་དོན་ལ་མོས་པ་ཆུང་ངུའི་འབྲིང་པོ་ཆུང་ངུ་ནི། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཤོག་གུ་ཕྱེད་དང་བདུན་ཅུང་མེད་ན། རང་གི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ནི། ཀོའུ་ཤི་ཀ །དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ། དེ་ནས་ཤོག་གུ་བདུན་དང་ཕྲེང་ཕྱེད་དང་གསུམ་ན། བམ་པོ་བདུན་པ། རང་གི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ནི། ཀོའུ་ཤི་ཀ །རིགས་ཀྱི་བུ། དེ་ནས་ཡང་ཤོག་ལོགས་གཅིག་ན། རང་གི་དོན་ལ་མོས་པ་འབྲིང་གི་འབྲིང་པོ་ནི། ཀོའུ་ཤི་ཀ །དེ་ནས་ཤོག་ལོགས་གཅིག་ན། རང་གི་དོན་ལ་མོས་པ་ཆེན་པོའི་འབྲིང་གི་ཆེན་པོ་ནི། ཀོའུ་ཤི་ཀ །འཛམ་བུའི་གླིང༌། དེ་ནས་ཡང་ཤོག་ལོགས་གཅིག་ན། རང་གི་དོན་ལ་མོས་པ་ཆེན་པོའི་འབྲིང་གི་ནི། ཀོའུ་ཤི་ཀ ། སྟོང་གི་འཇིག་རྟེན། དེ་ནས་ཡང་ཤོག་ལོགས་གཅིག་ན། རང་གི་དོན་ལ་མོས་པ་ཆེན་པོའི་ཆེན་པོ་ནི། ཀོའུ་ཤི་ཀ །འཇིག་རྟེན། དེ་ནས་ལོགས་གཅིག་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །རང་དང་གཞན་གྱི་དོན་ལ་མོས་པ་ཆུང་ངུ་ནི། ཀོའུ་ཤི་ཀ །སྟོང་གསུམ། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཉིས་ཆད་པ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་དགུའོ།། །།

༈ དེ་ནས་ཤོག་གུ་བཞི་ལ་ཕྲེང་ཕྱེད་དང་ཆད་པ་ན། རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ནི། དེ་ནས་སྟོང་གསུམ་སྟོང་ཆེན་པོའི། དེ་ནས་ཤོག་གུ་གཉིས་དང་ཕྲེང་བརྒྱད་ཙམ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལས་ལྷག་པར་ཆེ་བའི་ཕྱིར། རིགས་སྔགས་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་གི་གོང་ན་གཞན་མེད་པའི་ཕྱིར། བླ་ན་མེད་པའི་རིགས་སྔགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་དང༌། མཉམ་པ་མེད་པའི་ཕྱིར། མི་མཉམ་པ་དང་མཉམ་པའི་རིགས་སྔགས་སོ། །དེ་ནས་ཤོག་གུ་ཕྱེད་དང་གཉིས་དང་ཕྲེང་གཉིས་ཙམ་ན། བམ་པོ་བརྒྱད་པ། དེ་ནས་ཤོག་གུ་བཞི་དང་ཕྲེང་གསུམ་ལྷག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུའོ།། །།

༈ དེ་ནས་ཤོག་གུ་ལྔ་ན། འདི་ལྟ་སྟེ། ཀུན་རྫོབ་རང་སྟོང་གི །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཀུན་རྫོབ་རང་སྟོང་གི །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་བགྱིའོ། །འདི་ལྟ་སྟེ། ཀུན་རྫོབ་རང་སྟོང་གི །མཁྱེན་པ་ཉིད་ལས། ཀུན་རྫོབ་རང་སྟོང་གི །ཤེས་རབ། བཙལ་བར་བགྱིའོ། །ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཐ་དད་པར་བསྟན་པའོ། །ཞེས་དབུ་མ་པ་གསུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུའོ།། །།

༈ དེ་ནས་ཤོག་གུ་གཉིས་ལ་ཕྲེང་ཕྱེད་དང་གསུམ་ཙམ་ཆད་པ་ན། སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཞེས་བྱ་བ་ནི་གང་གི་ཚེ་སྦྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་དེའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུའི་ས་ལ་ཐ་དད་པ་མེད་ཅིང་གཉིས་སུ་མེད་པར་སོ་སོར་བརྟགས་ཏེ། སྦྱིན་པ་བྱེད་པ་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་བོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར། དོན་དམ་གཞན་སྟོང་གི་ཤེས་རབ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བགྱིར་མ་མཆིས་སོ། །ཞེས་བྱ་བ་ནི་དོན་དམ་པར་ཐ་དད་པར་མེད་པར་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཀོའུ་ཤི་ཀ །དོན་དམ་པར་དབྱིངས་རིག་དབྱེར་མེད་ཀྱིས། ཤེས་རབ་ཀྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཞེས་བྱ་བ་ནི་བསྒྲུབ་པའི་ས་ལའོ། །ཞེས་དབུ་མ་པ་གསུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་ནི་འབྲས་བུའི་སའོ། །ཞེས་དབུ་མ་པ་གསུངས། ཀོའུ་ཤི་ཀ །དེ་ནི་འདི་ལྟར། འདུས་མ་བྱས་ཀྱི། ཤེས་རབ། དེ་ནས་ཕྲེང་གཅིག་ན། གཞན་མ་ཡིན་ཏེ། ཞེས་བྱ་བ་ནི་གཉིས་ཀའང་ཆོས་སྐུའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་རྩ་གཅིག་གོ། །།

༈ རང་དང་གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ནི། དེ་ནས་ཚེ་དང་ལྡན་པ་དགའ་བོས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ཙམ་ན། ཆོས་ཉིད་ཀྱི་གཟུགས་གཉིས་སུ་མེད་པའི་ཚུལ་དང༌། དེ་བཞིན་དུ་སྦྱར་ཏེ། ཚོར་བ་གཉིས་སུ། དེ་ནས་ཤོག་གུ་བཞི་ལྷག་པ་ན། བམ་པོ་དགུ་པ། དེ་ནས་ཤོག་གུ་དགུ་ལ་ཕྲེང་གཅིག་ལྷག་གཅིག་ཆད་པ་ན། རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཞི་ཙམ་ན། སངས་རྒྱས་ཀྱིས་ལས་སེམས་རྣམ་པར་གྲོལ་ཡང༌། ཀུན་རྫོབ་ཀྱི། ཆོས་གང་དང་ཡང༌། ཡེ་ཤེས་ལས་སྣང་ནས། ཡོངས་སུ་ཤེས་པ་མེད་དོ། །ཀུན་རྫོབ་ཀྱི་ཆོས་གང་ཡང་གཤིས་ལ་མ་གྲུབ་པ་ཉིད་དོ། །དེ་ནས་ཕྲེང་ཕྱེད་དང་གསུམ་ལྷག་ཙམ་ན། རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གིས་འབྲིང་ནི། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཤོག་གུ་ཕྱེད་དང་གཉིས་དང་ཕྲེང་གཅིག་ལྷག་པ་ན། རང་དང་གཞན་གྱིས་དོན་ལ་མོས་པ་འབྲིང་གི་ཆེན་པོ་ནི། ཀོའུ་ཤི་ཀ །གཞན། དེ་ནས་ཕྲེང་ལྔ་ལྷག་ཙམ་ན། རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུ་ནི། ཀོའུ་ཤི་ཀ །གཞན་ཡང༌། དེ་ནས་ཤོག་གུ་གཅིག་དང་ ཕྲེང་ཕྱེད་དང་ལྔ་ན། བམ་པོ་བཅུ་པ། རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ནི། ཀོའུ་ཤི་ཀ །གཞན་ཡང༌། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཉིས་ཙམ་ཆད་པ་ན། རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆེན་པོ་ནི། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་ཕྱེད་དང་གཉིས་ཙམ་ན། མི་འབྲལ་བར་བྱའོ། །གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ནི། ཀོའུ་ཤི་ཀ །དེ་སྟེ་རིགས་ཀྱི་བུའམ། དེ་ནས་ཕྲེང་ཕྱེད་དང་བཅུ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་རྩ་གཉིས་སོ།། །།


previousཇ༽ གླེགས་བམ་བདུན་པ། བམ་པོ་དང་པོ། next