Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
༈ གཞན་གྱི་དོན་ལ་མོས་པ་ཆུང་ངུའི་འབྲིང་ནི།
   
   
   
   
   
   
   
   
   
   


 
previous༈ གཞན་གྱི་དོན་ལ་མོས་པ་ཆུང་ངུའི་འབྲིང་ནི། next

༈ གཞན་གྱི་དོན་ལ་མོས་པ་ཆུང་ངུའི་འབྲིང་ནི།

དེ་ནས་བཅོམ་ལྡན་འདས་ཀྱིས། དེ་ནས་ཕྲེང་ཕྱེད་དང་བཅུ་གཅིག་ན། ཀོའུ་ཤི་ཀ །གཞི་འབྲས་ངོ་བོ་དབྱེར་མེད་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཡིད་ཤེས་ཀྱིས། གཟུང་དུ་མེད། དབང་ཤེས་ཀྱི། ཡུལ་མ་ཡིན་པས། ཐོགས་པ་མེད། མཚན་ཉིད་མེད་པ་ཡིན་ན། ཞེས་བྱ་བ་ནི་ཀུན་བཏགས་པའི་མཚན་ཉིད་ཐམས་ཅད་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། ཕ་རོལ་ཏུ་ཕྱིན་པ་འདི། གཟུང་བ་དང༌། གཟུང་བར་མི་བྱ་བར་བཏགས་པའི་འོས་མིན་པས། འཛིན་པ་དང༌། ནག་པོའི་ཕྱོགས། འགྲིབ། དཀར་པོའི་ཕྱོགས་འཕེལ། འཁོར་བའི་ཆོས། དབྲའི། མྱང་འདས་ཀྱི་ཆོས་བསྣན། ཀུན་ནས་ཉོན་མོངས་པ། སྤངས་པའི་ཕྱིར། རྣམ་པར་བྱང་བ། ཐོབ་པའི་ཕྱིར་མ་ཡིན། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཅིག་ཅུང་མེད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་བསྒྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལ་དེ་ལྟ་བུའི་རྣམ་པར་རྟོག་པའི་ཞེན་པ་ཐམས་ཅད་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། གང་གིས་དེ་ལྟར། གཞི་འབྲས་ངོ་བོར་དབྱེར་མེད་འདུས་མ་བྱས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། གཞི་འབྲས་ངོ་བོར་དབྱེར་མེད་འདུས་མ་བྱས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཉིས་མེད་ཡེ་ཤེས་འདུས་མ་བྱས་ཀྱི་ཤེས་རབ་ཡིན་པའི་ཕྱིར། མི་གཉིས་པའོ། །ཞེས་བྱ་བ་ནི་གལ་ཏེ་གཟུང་བ་དང་མི་གཟུང་བ་ལ་སོགས་པའི་ཚུལ་དུ་གནས་པར་གྱུར་ན། དེ་ལྟ་ན་ནི་གཉིས་ཀྱི་བདག་ཉིད་དང་ཐ་དད་པའི་བདག་ཉིད་དུ་གནས་པར་འགྱུར་ན། གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་དོན་དམ་པར་གཅིག་ཅིང་ཐ་དད་པ་མེད་པ། དེའི་ཕྱིར་དེ་ལ་འདི་ལྟར་སྤྱོད་པའི་སྤྲོས་པ་མེད་དེ། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་བཅུ་གཅིག་ཅུང་མེད་ན། དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ། །ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དེ་དག་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་གཅིག་པ་སྟེ་གཉིས་སུ་མེད་པར་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་པ་ན། བམ་པོ་བཅུ་གཅིག་པ། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར། མཚན་མ་མ་མཆིས། རང་གི་མཚན་ཉིད་དང་བྲལ་བའི་ཕྱིར། རྟག་པ་མ་མཆིས། ཚིག་གི་སྤྱོད་ཡུལ་མ་མཆིས་པས། བརྗོད་དུ་མ་མཆིས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ནི་སྒྲའི་བདག་ཉིད་མ་ཡིན་པའི་ཕྱིར། སྨོས་སུ་མ་མཆིས་པའོ། །དེ་ནས་ཤོག་གུ་གསུམ་དང་ཕྲེང་བརྒྱད་ཅུང་མེད་ན། གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ནི། བཅོམ་ལྡན་འདས། གང་ལ་ལ། དེ་ནས་ཕྲེང་ཕྱེད་དང་ལྔ་ལྷག་ཙམ་ན། གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ནི། བཅོམ་ལྡན་འདས་གཞན་ཡང༌། དེ་ནས་ཕྲེང་དྲུག་ན། གཞན་གྱི་དོན་ལ་མོས་པས་འབྲིང་གི་འབྲིང་ནི། བཅོམ་ལྡན་འདས་གཞན། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཞི་ཅུང་མེད་ན། གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆེན་པོ་ནི། བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུ། དེ་ནས་ཤོག་གུ་བརྒྱད་ལ་ཕྲེང་བཞི་ཅུང་མེད་ཆད་པ་ན། གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང༌། དེ་ནས་ཤོག་གུ་གཉིས་དང་ཕྲེང་བདུན་ཙམ་ན། ཆོས་སྟོན་པ་དེ་དག །ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པའི་རང་བཞིན། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པ་དང་སྤྲུལ་སྐུ་གཉིས། གཟུགས་ཀྱི་སྐུ་དང༌། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞིའི་རང་བཞིན། ཡེ་ཤེས་ཀྱི་སྐུར་མཐོང༌། དེ་ནས་ཕྲེང་གསུམ་ན། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་འགྱུར་ རོ། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང༌། ཡེ་ཤེས་ཀྱི་སྐུ་བསྒོམ་པར་འགྱུར་རོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་གཉིས་ལྷག་པ་ན། ཆོས་རྣམས་ཀྱི་ཆོས་ཉིད་དང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ་ཞེས་དང༌། བརྗོད་དུ་མེད་པའི་དོན་དམ་པའི་ངོ་བོ་ཉིད་ནི་ཆོས་ཉིད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཅུ་གཉིས་ལྷག་ཙམ་ན། གཞན་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ཙམ་ཆད་པ་ན། གཤོང་དུ་འདུག་པ་མ་ཡིན། ཞེས་བྱ་བ་ལ་སོགས་ལས་ཡང་དོན་དམ་པར་ཡོངས་སུ་གྲུབ་པའི་གནས་སྐབས་ན། དེ་ལྟ་བུའི་རྣམ་པར་རྟོག་པ་དང༌། མཚན་མ་མེད་པའི་ཕྱིར་དེ་སྐད་བཤད་དེ། ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ན། བམ་པོ་བཅུ་གཉིས་པ། གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆེན་པོ་ནི། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཅུ་གཅིག་ལྷག་ཙམ་ན། གཞན་དུ་ན་གྲིབ་མ་གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོ་བར་ཟད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིང་ལྟ་བུའོ། །དེ་ལས་གཞན་པ་རྣམས་ནི་གྲིབ་མ་ལྟ་ བུའོ། །ཞེས་དབུ་མ་པ་གསུངས། བྱེ་བྲག་མི་དམིགས་སོ། །དེ་རྣམས་ཀྱིས་ནི། མོ༷ས་པ༷་ད༷ང༌། །ཞེས་པ་དོན་དྲུག་པ་གསུངས་ཟིན་ཏོ། །

ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང༌། །བསྟོད་པ་དང་པོ་ནི། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཕྲེང་བཅུ་གཉིས་ཙམ་ན། བསོད་ནམས་ཆེར་འཕེལ་ལོ། །བདག་གིས་མཆོད་པ་བས་གཞན་ལ་བྱིན་ན་འབྲས་བུ་ཆེ་བར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། སྐུ་གདུང་དུ་བྱིན་གྱིས་བརླབས་སོ། །ཞེས་བྱ་བ་འདིས་ནི་བགོ་བཤའ་བྱས་པའི་འབྲས་བུ་ཆེ་བར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཞི་ཅུང་མེད་ན། བསྟོད་པ་གཉིས་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། དེ་ནས་ཤོག་གུ་ཕྱེད་དང་གཉིས་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དང༌། ཞེས་བྱ་བའི་འགྲེས་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་ཡིན་ཏེ། དེས་ན་མཆོད་པར་བྱའོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས་སོ།། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཉིས་ཆད་པ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་གསུམ་མོ།། །།

༈ དེ་ནས་ཤོག་གུ་གཅིག་ལྷག་ཙམ་ན། བསྟོད་པ་གསུམ་པ་ནི། ཀོའུ་ཤི་ཀ ། སེམས་ཅན་གཅིག །དེ་ནས་ཕྲེང་གསུམ་ཅུང་མེད་ན། བསྟོད་པ་བཞི་པ་ནི། ལན་ཅིག་ཕྱིར་འོང་བའི། བསྟོད་པ་ལྔ་པ་ནི། ཕྱིར་མི་འོང་བ། བསྟོད་པ་དྲུག་པ་ནི། དགྲ་བཅོམ། བསྟོད་པ་བདུན་པ་ནི། ལ་ལ་ཞིག་གིས། བསྟོད་པ་བརྒྱད་པ་ནི། ཀོའུ་ཤི་ཀ །གང་ལ། བསྟོད་པ་དགུ་པ་ནི། ལན་ཅིག་ཕྱིར་འོང༌། བཀུར་བ་དང་ནི། བཀུར་བ་དང་པོ་ནི། ཕྱིར་མི་འོང༌། བཀུར་བ་གཉིས་པ་ནི། དགྲ་བཅོམ་པ་ཉིད་ལ་བཀོད་པས། བཀུར་བ་གསུམ་པ་ནི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ། དེ་ནས་ཕྲེང་དྲུག་ཅུང་མེད་ན། བཀུར་བ་བཞི་པ་ནི། ཀོའུ་ཤི་ཀ །རིགས་ཀྱི་བུ། དེ་ནས་ཤོག་གུ་བདུན་དང་ཕྲེང་བཞི་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་བཅུ་བཞི་ལྷག་ཙམ་ན། བམ་པོ་བཅུ་བཞི་པ། དེ་ནས་ཤོག་གུ་བཅུ་བཞི་ཅུང་མེད་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་བདུན་ན། བམ་པོ་བཅུ་དྲུག་པ། དེ་ནས་ཕྲེང་བརྒྱད་ལྷག་པ་ན། ཀློག་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །ཞེས་བྱ་བ་ནི་གཉིས་སུ་མེད་པར་ཀུན་ཏུ་སྤྱོད་པའི་བློས་འཇུག་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་དྲུག་ན། བཀུར་བ། ལྔ་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། རིགས་ཀྱི་བུའམ། དེ་ནས་ཕྲེང་གཉིས་ན། གཉིས་སུ་མེད་པར་ལྟ་བས་མ་ཡིན། ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་གཉིས་སུ་ཡོད་པའི་ངོ་བོ་ཉིད་དོ། །ཞེས་བྱ་བར་ཡང་རྣམ་པར་མི་རྟོག་ན་གཉིས་ཀྱི་ངོ་བོ་ཉིད་དུ་ལྟ་ཅི་སྨོས་ཏེ། དེ་བས་ན་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གཉིས་ཀྱི་ཚུལ་དུ་ཡང་མི་ལྟ་གཉིས་མེད་པར་ཡང་མི་ལྟ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། དམིགས་པ་འཛིན་པའི་ཚེ་གཟུགས་ལ་སོགས་པ་ཀུན་བཏགས་པའི་མཚན་མ་རྣམས་མི་འཛིན་པ་དང༌། མཚན་མ་མེད་པའོ། །སྙམ་པའི་རྣམ་པར་རྟོག་པ་ཡང་མེད་པའི་ཕྱིར་མཚན་མའི་ཡང་མ་ཡིན། ལས་ཀྱི་དུས་ན་ཡང་སྲིད་པར་བྱ་བའི་ཕྱིར་བླང་བའམ། རྣམ་པར་རྟོག་པ་མེད་ལ། རྣམ་པར་སྨིན་པའི་དུས་ན་ཡང་འགྲོ་བ་རྣམས་སུ་དོར་བའི་རྣམ་པར་རྟོག་པ་ཡང༌། མེད་པའི་ཕྱིར། བླང་བར་མ་ཡིན། ཤེས་པར་བྱ་བའི་ཤེས་པ་ཆོས་རྣམས་རབ་ཏུ་འབྱེད་པའི་ཚེ་ཡང་ཡོད་པའི་དངོས་པོ་ལ་སྐུར་བ་འདེབས་པ་མེད་པས་དབྲི་བ་མེད་ལ་ཡེ་ནས་མེད་པའི་དངོས་པོ་ལ་སྒྲོ་འདོགས་པ་མེད་པས་བསྣན་པ་མེད་པའི་ཕྱིར། དབྲི་བར་མ་ཡིན། སོ་སོའི་སྐྱེ་བོའི་གནས་སྐབས་ཀྱི་ཚེ། དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་ལ་གནས་གྱུར་པའི་ཚེ་ཡང་ནམ་མཁའ་བཞིན་དུ་སྔོན་མ་བྱུང་བའི་རྣམ་པར་བྱང་བ་མེད་པའི་ཕྱིར། ཀུན་ནས་ཉོན་མོངས་པ་ཡང་མ་ཡིན། ཤེས་བྱའི་ཁོ་ན་ཡོངས་སུ་བརྟགས་པའི་ཚེ་ཡང་ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པའི་ཕྱིར་ཆོས་ཉིད་ལ་སྐྱེ་བ་དང་འགག་པ་ཡང་མ་མཐོང་བ་མ་སྐྱེ་བར་མ་ཡིན། ས་འོག་མ་ས་གོང་མར་འཕར་བའི་ཚེ་ཡང་དོན་དམ་པར་ས་གོང་མར་གཏོགས་པའི་ཆོས་ཁྱད་པར་དུ་འཕགས་པ་ཡང་མི་འཛིན་ལ། ས་འོག་མར་གཏོགས་པའི་ཆོས་ངན་པ་ཡོངས་སུ་གཏོང་བ་ཡང་མེད་པའི་ཕྱིར། གཟུང་བར་མ་ཡིན། ས་འོག་མ་ནས་གོང་མར་འཕར་བའི་ཚེ་རབས་དོན་དམ་པར་ས་གོང་མའི་ཡོན་ཏན་བླང་བ་དང༌། ས་འོག་མའི་སྐྱོན་དོར་བར་མི་རྟོག་པའི་ཕྱིར། ལེན་པར་མ་ཡིན། ས་གོང་མ་ལ་གནས་པར་བྱ་བའི་རྣམ་པར་རྟོག་པ་མེད་ཅིང༌། ས་འོག་མ་ལ་གནས་པར་མི་བྱ་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་དང༌། གནས་པ་དང་མི་གནས་པ་གཉིས་ཀ་ཡང་ཀུན་བཏགས་པ་ཙམ་དུ་ཟད་པའི་ཕྱིར། གནས་པར་མ་ཡིན། ཞི་གནས་དང་ལྷག་མཐོང་སྒྲུབ་པ་ལ་སྦྱོར་བ་ན། སྒྲུབ་པ་དེ་ལ་འདི་ནི་ཡང་དག་པའི་སྒྲུབ་པའོ། །འདི་ནི་ཡང་དག་པ་མ་ཡིན་པའི་སྒྲུབ་པའོ། །ཞེས་རྣམ་པར་མི་རྟོག་པ་དེའི་ཕྱིར། ཡང་དག་པར་མ་ཡིན། ཞི་ལྷག་ཟུང་འབྲེལ་དུ་སྒྲུབ་པའི་ཚེ། ཡིད་བྱེད་འདི་ནི། རིགས་ལས་འདི་ལ་མི་རིགས་ཞེས་མི་རྟོག་པས་ལྡན་པར་མ་ཡིན། སྒྲིབ་གཉིས་ཕྲ་མོ་མཐར་གྱིས་སྤོང་བ་ན་སྒྲིབ་གཉིས་ཀྱི་སྐྱོན་དང་འདྲེས་མ་འདྲེས་ཀྱི་རྟོག་པ་མེད་པའི་ཕྱིར། འདྲེ་བར་མ་ཡིན། དེ་བཞིན་ཉིད་དུ་རབ་ཏུ་རྟོགས་པར་བྱེད་པའི་ཚེ། དོན་དམ་པའི་རང་བཞིན་དེ་བཞིན་ཉིད་དེ་ལས་ས་དང་པོ་ལ་སོགས་པའི་རིམ་པས་འཇུག་ཀྱང་རྒྱུ་དང༌། རྐྱེན་གྱིས་རང་བཞིན་དུ་སོ་སོར་དབྱེ་བ་དང༌། དབྱེ་བ་མེད་པའི་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར། རྐྱེན་དུ་མ་ཡིན། ཆོས་ཉིད་མངོན་སུམ་དུ་བྱེད་པའི་ཚེ། ཆོས་ཉིད་རྟོགས་པར་བྱེད་ན་ཡང་ཆོས་ཉིད་ཀྱི་རྣམ་པར་དང༌། ཆོས་མ་ཡིན་པའི་རྣམ་པར་ཀུན་བཏགས་པས་དངོས་པོའི་བདག་ཉིད་དུ་ཤིན་ཏུ་མི་སྣང་བའི་ཕྱིར། ཆོས་མ་ཡིན། དེ་བཞིན་ཉིད་བསྒོམ་པའི་ཚེ་ཡང་དེ་བཞིན་ཉིད་དོ་སྙམ་པའམ་གཞན་ནོ།། སྙམ་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར། དེ་བཞིན་ཉིད་དུ་མ་ཡིན། མྱ་ངན་ལས་འདས་པའི་ཚེ་ཡང་ཡང་དག་པའི་དོན་གྱི་མཐའ་ཞེས་བྱ་བའམ། དེ་ལས་བཟློག་པའོ། །ཞེས་བྱ་བར་འཛིན་པ་མེད་པའི་ཕྱིར། ཡང་དག་པའི་མཐའ་མ་ཡིན། ཡང་དག་པའི་མཐའ་མ་ཡིན་པར་མ་ཡིན་ཏེ། ཞེས་བྱ་བ་གསུངས་སོ། །ཞེས་པ་རྣམས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཕྲེང་གཉིས་ན། བཀུར་བ་དྲུག་པ་ནི། ཀོའུ་ཤི་ཀ །དེ་ནས་ཕྲེང་ཕྱེད་དང་ལྔ་ཙམ་ན། གྲངས་མེད་པ་དང་ལྡན་པར་འགྱུར་རོ། །ཞེས་པ་རྣམས་ཀྱི་དོན་ནི་དབུ་མ་པ་ཆེན་པོས། བདག་གིས་བཟུང་བའི་བསོད་ནམས་པས་བཤད་པའི་བསོད་ནམས་ཆེ་བར་སྟོན་ཏོ། །ཞེས་གསུངས་སོ།། བཀུར་བ་བདུན་པ་ནི། ཀོའུ་ཤི་ཀ །གལ་ཏེ་རིགས་ཀྱི་བུ། དེ་ནས་ཤོག་གུ་བཞི་ཙམ་ན། བཀུར་བ་བརྒྱད་པ་ནི། ཀོའུ་ཤི་ཀ །གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ། དེ་ནས་ཤོག་གུ་བཞི་དང་ཕྲེང་བཅུ་ལྷག་ཙམ་ན། ཀོའུ་ཤི་ཀ །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལྟར་ཁོང་དུ་ཆུད་པ་སྟེ་མཚན་འཛིན་དང་དམིགས་པ་མེད་པས། དེ་ནས་ཕྲེང་ཕྱེད་དང་དགུ་ཙམ་ན། འདི་ལྟར། དམིགས་པའི་ཚུལ་གྱིས། གཟུགས་མི་རྟག་གོ་ཞེས་བྱ་བར་སྟོན། དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་ཕྱེད་དང་བཅུ་གཅིག་ན། བམ་པོ་བཅུ་བདུན་པ། དེ་ནས་ཤོག་གུ་བཅུ་དགུ་ན། བམ་པོ་བཅོ་བརྒྱད་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་དྲུག་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་བཅུ་བདུན་ལ་ཕྲེང་བཞི་ཙམ་ཆད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་སྟོན་ཏོ། །འདི་ཡར་བཅད་ཀྱི་ཇ་པ་སྟེ་པོ་ཏི་བདུན་པ་རྫོགས་སོ།། །།


previous༈ གཞན་གྱི་དོན་ལ་མོས་པ་ཆུང་ངུའི་འབྲིང་ནི། next