Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཏ༽ སྟོང་ཕྲག་བརྒྱ་པ་ལས། གླེགས་བམ་དགུ་པ། བམ་པོ་དང་པོ།
   
   
   
   
   
   
   
   


 
previousཏ༽ སྟོང་ཕྲག་བརྒྱ་པ་ལས། གླེགས་བམ་དགུ་པ། བམ་པོ་དང་པོ། next

ཏ༽ སྟོང་ཕྲག་བརྒྱ་པ་ལས། གླེགས་བམ་དགུ་པ། བམ་པོ་དང་པོ།

དེ་ནས་ཤོག་གུ་གསུམ་དང་ཕྲེང་བརྒྱད་ཙམ་ན། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ ཕྱིར་སློབ་མ། རབ་འབྱོར་གཞན་ཡང༌། དེ་བཞིན་ཉིད་ཀྱི་བདག །གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པ་གང་ཡིན་པ་དེ་ནི། དེ་ནས་ཕྲེང་བཞི་ན། གཟུགས་རྣམ་པར་དག་པ། དོན་དམ་འདི་ལ་གཞི་འབྲས། གཉིས་སུ་མེད་དེ། ཆོས་ཉིད་ཀྱི། སྐྱེས་བུ། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པ་གང་ཡིན་པ་དེ་ནི། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ན། གཟུགས། རྣམ་པར་དག་པ། དོན་དམ། འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ་འོག་མ་རྣམས་ལའང་སྦྱར་རོ། །འདིར་བདག་ལ་སོགས་པ་གསུངས་པ་རྣམས་ནི། དོན་དམ་པའི་མཚན་བརྗོད་དུ། དེ་བཞིན་ཉིད་བདག་དག་པའི་བདག །ཅེས་དང༌། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །ཅེས་སོགས་མང་པོ་དང༌། རྒྱུད་བླ་མར། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག །ཅེས་དང༌། རྡོ་རྗེ་རྩེ་མོའི་རྒྱུད་དུ། ད་ནི་བཟོད་ནས་མ་སྐྱེས་འབྱུང་བ་མེད། །བདག་དང་བདག་མིན་ང་ནི་སྐྱེ་དགུའི་བདག །ཅེས་དང༌། དང་པོའི་སངས་རྒྱས་སུ། ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའ་ཁམས་དང་ནི། །རྣམ་ཤེས་ཁམས་དྲུག་པར་བརྗོད་པ། །སྐྱེས་བུ་ཆེན་པོའི་གང་ཟག་གོ །ཞེས་དང༌། ཀྱེའི་རྡོ་རྗེར། སྐྱེས་བུ་སྔོན་རབས་དབང་ཕྱུག་དང༌། །བདག་དང་གསོ་བ་སེམས་ཅན་དང༌། །དུས་དང་གང་ཟག་ཉིད་དང་ནི། །དངོས་པོ་ཀུན་གྱི་རང་བཞིན་འདི། །སྒྱུ་མའི་གཟུགས་ཀྱི་ཡང་དག་གནས། །ཞེས་དང༌། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །ཅེས་སོགས་མང་པོ་གསུངས་པ་དང་དོན་གཅིག་གོ །དེ་ནས་ཤོག་གུ་ཉི་ཤུ་ཉེར་གསུམ་དང་ཕྲེང་དྲུག་ཙམ་ན། བམ་པོ་གཉིས་པ། དེ་ནས་ཤོག་གུ་ཉི་ཤུ་ཉེར་གསུམ་དྲུག་དང་ཕྲེང་བཞི་ཙམ་ན། བམ་པོ་གསུམ་པ། དེ་ནས་ཤོག་གུ་ཉི་ཤུ་ཉེར་ཕྱེད་དང་དྲུག་ན། བམ་པོ་བཞི་པ། དེ་ནས་ཤོག་གུ་ཉི་ཤུ་ཉེར་གསུམ་དང་ཕྲེང་གཉིས་ཙམ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་བཅུ་བདུན་དང་ཕྲེང་གསུམ་ཙམ་ན། བམ་པོ་དྲུག་པ། དེ་ནས་ཤོག་གུ་བཅུ་བདུན་ན། བམ་པོ་བདུན་པ། རབ་འབྱོར། གཞན་ཡང༌། ཆོས་ཀྱི་དབྱིངས་ཀྱི་བདག །གདོད་ ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས། ཡོངས་སུ་དག་པ། གཟུགས། ཡོངས་སུ་དག་པས། དོན་དམ། འདི་ལ། གཞི་འབྲས། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཕྲེང་ཕྱེད་དང་ལྔ་ན། རྣམ་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །བདག་ཅེས་པ་ནི་ཆོས་དབྱིངས་ཏེ། མྱང་འདས་ཆེན་པོར་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །ཞེས་དང༌། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནི། བདག་ཅེས་བྱ་བའི་དོན་ནོ། །ཞེས་དང༌། མདོ་སྡེའི་རྒྱན་དུ། སྟོང་པ་ཉིད་ནི་རྣམ་དག་ན། །བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པ་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་གྱུར། །ཅེས་སོགས་མང་དུ་གསུངས་པ་རྣམས་དང་དོན་གཅིག་གོ །དེ་ནས་ཤོག་གུ་དགུ་དང་ཕྲེང་བཅུ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །འདིར་ཡང་བདག་ནི། དོན་དམ་པའི་མཚན་བརྗོད་དུ། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་དང༌། ཀྱེའི་རྡོ་རྗེར་ཡང༌། ང་ལས་འགྲོ་བ་ཐམས་ཅད་བྱུང༌། །ང་ལས་གནས་གསུམ་པོ་ཡང་བྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་དང༌། མྱང་འདས་ཆེན་པོར། བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཏོ། །ཞེས་གསུངས་པ་རྣམས་དང་དོན་གཅིག་སྟེ། འདི་ལྟ་བུའི་ལུང་རྣམ་དག་མང་པོ་རྣམས་ཀྱིས་ཁ་ཅིག་བདག་གང་ཡང་ཤེས་བྱ་ལ་མི་སྲིད་པར་འདོད་པ་གསལ་བ་ཡིན་ལ། འདིར་གསུངས་པའི་བདག་འདི་ནི་ཐོབ་བྱ་ཡིན་པས་ཆོས་དང༌། གང་ཟག་གི་བདག་ནི་ཡིན་མི་སྲིད་དེ་དེ་གཉིས་ནི་སྤང་བྱ་ཡིན་པའི་ཕྱིར་རོ། །དེས་ན་བདག་གསུམ་ཁྱད་པར་འདི་ཡང་རྫོགས་ལྡན་ལ། གྲགས་ཀྱི་གསུམ་ལྡན་མར་བཅད་ལ་ནི་མ་ཡིན་ནོ། །རང་བཞིན་གྱི། རིགས་ཀྱི། སེམས་ཅན། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པ་དག་པས། གཟུགས། ཡོངས་སུ་དག་པ། དོན་དམ། འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མེད་དེ། གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་དང་ཕྲེང་གསུམ་ན། སོ་སོ་མ་ཡིན་ཐ་མི་དད་དོ། །འདིར་ཡང་སེམས་ཅན་ནི་དོན་དམ་པའི་སེམས་ཅན་ཏེ། ཕག་མོ་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འགྲོ་བ་རིགས་དྲུག་སེམས་ཅན་ཡང༌། །དེ་ནི་སངས་རྒྱས་ཉིད་དུ་བཞག །ནམ་མཁའི་ཁམས་ཞེས་བྱ་བའི་དབུས། །དེ་ཉིད་དུ་ནི་བཞུགས་མཐོང་སྟེ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཐམས་ཅད་དུ་ནི་སྐྱབས་སུ་མཆི། །ཞེས་གསུངས་པ་དང་དོན་གཅིག་གོ ། བམ་པོ་བརྒྱད་པ། ཤེར་ཕྱིན་ཆེན་པོའི་སྲོག །གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས། ཡོངས་སུ་དག་པས། དོན་དམ་འདི་ལ། གཞི་འབྲས་ངོ་བོ་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དེ། དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ལ་ཕྲེང་ཕྱེད་དང་གསུམ་ཆད་པ་ན། ཐ་མི་དད་དོ། །འདིའི་སྲོག་ནི་སྲོག་ཆེན་པོ་སྟེ། དོན་དམ་པའི་མཚན་བརྗོད་དུ། སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཅེས་དང༌། མཁའ་འགྲོ་རྒྱ་མཚོར། ནང་གི་དབུ་མའི་སྦྱོར་བ་ཡི། །སྲོག་དེའང་རབ་ཏུ་བསྔགས་པ་ཡིན། །དེ་ཡང་ཀུན་གཞི་ཤེས་བྱ་སྟེ། །མེ་ལོང་དུ་ཡང་རབ་ཏུ་བཤད། །ཆོས་ཀྱི་སྐུ་ལ་སོགས་པའང་སྟེ། །ཞེས་དང༌། མངོན་བརྗོད་བླ་མར། དེ་ནི་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་མཁྱེན་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །ཅེས་དང༌། རྡོ་རྗེ་གུར་དུ། དེ་ཉིད་སྲོག་ཆགས་རྣམས་ཀྱིས་སྲོག །དེ་ཉིད་མི་འགྱུར་དམ་པ་སྟེ། །དེ་ཉིད་ཀྱིས་ནི་ཐམས་ཅད་ཁྱབ། །དེ་འདིར་སངས་རྒྱས་ཡེ་ཤེས་ཏེ། །དཔལ་ལྡན་ཧེ་རུ་ཀ་ཞེས་བྱ། །ཞེས་གསུངས་པ་དང་གཅིག་གོ །དབུ་མ་པ་ཆེན་པོ་གསུངས་པ། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། དེ་ལྟར་ན། དབུ་མ་ཆེན་པོའི། གསོ་བ། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས་ཡོངས་སུ་དག་པ། དོན་དམ། འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མེད་དེ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་ཕྱེད་དང་བཅུ་གཅིག་ན། བམ་པོ་དགུ་པ། རང་བཞིན་འོད་གསལ་གྱིས། སྐྱེས་བུ་ཆེན་པོ་གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་པ། གཟུགས་ཡོངས་སུ་དག་པ། དོན་དམ་འདི་ལ། གཞི་འབྲས་ངོ་བོ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་གསུམ་ན། སོ་སོ་མ་ཡིན་ཐ་མི་དད་དོ། །འདིར་ཡང་སྐྱེས་བུ་ནི་དོན་དམ་པའི་རྣམ་གྲངས་ཏེ། སྤྱོད་པ་བསྡུས་པའི་སྒྲོན་མར། ཟུང་དུ་འཇུག་པའི་སྐུ་ཡོངས་སུ་རྫོགས་པ་འདི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་དང༌། ཞེས་སོགས་དང༌། དེ་བཞིན་དུ་སྐྱེས་བུ་དམ་པ་དང༌། སྐྱེས་བུ་མཆོག་དང༌། སྐྱེས་བུ་ཅང་ཤེས་པ་དང༌། སྐྱེས་བུ་བརྟན་པོ་དང༌། སྐྱེས་བུ་འདུལ་བ་དང༌། སྐྱེས་བུ་འདུལ་བ་པོ་དང༌། སྐྱེས་བུ་མཆོག་དང༌། སྐྱེས་བུ་ཁ་ལོ་སྒྱུར་བ་དང༌། སྐྱེས་བུ་སེང་གེ་དང༌། སྐྱེས་བུ་ནམ་མཁའ་དང༌། སྐྱེས་བུ་ཐམས་ཅད་ཀྱི་བདག་ཉིད་ཅན་དང༌། སྐྱེས་བུ་དག་པའི་བདག་ཉིད་ཅན་ཞེས་བྱ་བ་དང༌། ཞེས་སོགས་གསུངས་པ་དང་དོན་གཅིག་གོ །གཉིས་མེད་ཡེ་ཤེས་ཀྱི། གང་ཟག །གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག །པས། གཟུགས། ཡོངས་སུ་དག་པ། དོན་དམ་པ་འདི་ལ་གཞི་འབྲས་ངོ་བོ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ། རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་ལྔ་ཙམ་ན། བམ་པོ་བཅུ་པ། བདེ་བ་ཆེན་པོའི། ཤེད་ཅན། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག །པས། གཟུགས། ཡོངས་སུ་དག་པ། དོན་དམ་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མེད་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམ་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་གཉིས་ཙམ་ན། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀྱི། ཤེད་བདག །གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས་ཡོངས་སུ་དག་པ། དོན་དམ་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་བཞི་ཙམ་ན། བམ་པོ་བཅུ་གཅིག་པ། འགྱུར་མེད་བདེ་ཆེན་གྱི། བྱེད་པ་པོ། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག །པས། གཟུགས་ཡོངས་སུ་དག་པ། དོན་དམ་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་ཐ་མི་དད་དོ།། དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་གཅིག་ཙམ་ན། ཐ་མི་དད་དོ། །འདིར་ཡང་བྱེད་པ་པོ། ཞེས་པ་དེ་བཞིན་ཉིད་ཀྱི་རྣམ་གྲངས་ཏེ། མཚན་བརྗོད་དུ། བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཅེས་དང༌། རྡོ་རྗེ་རྩེ་མོར། ང་ནི་བྱེད་པ་སྐྱེད་བྱེད་དང༌། །ང་ནི་སྐྱེ་དགུའི་བདག་པོ་ཡིན། །ང་ནི་སྣ་ཚོགས་བདག་པོ་སྟེ། །བྱེད་པོ་སྐྱེད་བྱེད་མེས་པོ་ཡིན། །ཞེས་པ་ལྟར་རོ། །ཨེ་ཝཾ་གི །ཚོར་བ་པོ། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག །པས། གཟུགས། ཡོངས་སུ་དག་པ། དོན་དམ་འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་ལྔ་ལྷག་ཙམ་ན། བམ་པོ་བཅུ་གཉིས་པ། རང་བཞིན་གཉུག་མའི། ཤེས་པ་པོ། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས་ཡོངས་སུ་དག་པ། དོན་དམ་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམ་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་གཅིག་ལྷག་ན། སོ་སོ་མ་ཡིན་ཐ་མི་དད་དོ། །འདིར་ཤེས་པ་པོ། ཞེས་པ་ནི་རང་རིག་ཡེ་ཤེས་ཏེ། མཚན་ཡང་དག་པར་བརྗོད་པར། ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །གཉིས་མེད་ཡེ་ཤེས་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་དང༌། ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །ཞེས་སོགས་གསུངས་པ་དང་དོན་གཅིག་གོ །རང་རིག་བདེ་ཆེན་གྱི་མཐོང་བ་ཡེ་གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག།པས། གཟུགས། ཡོངས་སུ་དག་པ། དོན་དམ་འདི་ལ། གཞི་འབྲས། ངོ་བོ་གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་ཕྱེད་དང་གསུམ་ན། བམ་པོ་བཅུ་གསུམ་པ། རབ་འབྱོར། གཞན་ཡང༌། རྡོ་རྗེའི། འདོད་ཆགས། འོད་དཔག་མེད་གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག །པས། གཟུགས། གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། གཟུགས་རྣམ་པར་དག་པ། ཆོས་དབྱིངས་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་དྲུག་ན། ཐ་མི་དད་དོ། །འདིར་འདོད་ཆགས་ནི་འདོད་ཆགས་ཆེན་པོ་དོན་དམ་པ་ཡིན་ཏེ། མཚན་ཡང་དག་པར་བརྗོད་པ་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་དང༌། དྲི་མེད་འོད་དུ། གཉིས་མེད་གཡོ་བ་མེད་དང་རིས་མེད་དང༌། །འདོད་ཆགས་མཆོག་ཏུ་མི་འགྱུར་འདོད་ཆགས་ཆེ། །ཞེས་དང༌། དེ་ཉིད་འདུས་པར། རྡོ་རྗེ་ཆགས་པ་བདེ་ཆེན་ནོ། །ཞེས་སོགས་མང་དུ་གསུངས་པ་དང་དོན་གཅིག་གོ །རྡོ་རྗེའི། ཞེ་སྡང༌། མི་བསྐྱོད་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག །པས། གཟུགས། གདོད་ནས་རང་བཞིན་གྱིས། གཟུགས། རྣམ་པར་དག་པས། ཆོས་དབྱིངས། འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་ལ་ཕྲེང་གསུམ་ཆད་པ་ན། ཐ་མི་དད་དོ། །འདིར་ཡང་ཞེ་སྡང་རྡོ་རྗེ་ནི་དོན་དམ་པའི་རྣམ་གྲངས་ཏེ། མཚན་བརྗོད་དུ། མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཞེས་དང༌། གཞན་དུ་ཡང་ཞེ་སྡང་རྡོ་རྗེ་མ་དང༌། ཞེ་སྡང་གཤིན་རྗེ་ལ་སོགས་གསུངས་དང་དོན་གཅིག་གོ ། བམ་པོ་བཅུ་བཞི་པ། རྡོ་རྗེའི། གཏི་མུག་རྣམ་པར་སྣང་མཛད། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ་གཟུགས། རྣམ་པར་དག་པ། ཆོས་དབྱིངས་འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་ཕྱེད་དང་བཅུ་གཅིག་ལ་ཕྲེང་གཅིག་ཙམ་ཆད་པ་ན། ཐ་མི་དད་དོ། །འདིར་ཡང་གཏི་མུག་གི ། མཚན་བརྗོད་དུ། མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ།། ཞེས་དང༌། ཀྱེའི་རྡོ་རྗེར། གཏི་མུག་རྡོ་རྗེ་མ་ལ་སོགས་པ་མང་དུ་གསུངས་པ་རྣམས་དང་དོན་གཅིག་གོ །རབ་འབྱོར། གཞན་ཡང༌། ལྷན་ཅིག་སྐྱེས་པའི་འདོད་ཆགས། གསུང་རྡོ་རྗེ་གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག།པས། གཟུགས། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་པ། གཟུགས། ཡོངས་སུ་དག་པ། ཆོས་དབྱིངས། འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་ཕྱེད་དང་དགུ་ན། བམ་པོ་བཅོ་ལྔ་པ། ལྷན་ཅིག་སྐྱེས་པའི། ཞེ་སྡང༌། ཐུགས་རྡོ་རྗེ། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག །གཟུགས་གདོད་ནས་རང་བཞིན་གྱིས། གཟུགས་ཡོངས་སུ་དག་པ། ཆོས་དབྱིངས་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་ཙམ་ན། ལྷན་ཅིག་སྐྱེས་པའི། གཏི་མུག །སྐུ་རྡོ་རྗེ་གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས་གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་པ། གཏི་མུག་ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པ་སྟེ། དེ་ལྟར་ན། ལྷན་ཅིག་སྐྱེས་པའི། གཏི་མུག་སྐུ་རྡོ་རྗེ་གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་པ་དང༌། གཟུགས་གདོང་ནས་རང་བཞིན་གྱིས། ཡོངས་སུ་དག་པ། ཆོས་ཀྱི་དབྱིངས་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་གཅིག་ལ་ཕྲེང་བཞི་ཙམ་ཆད་པ་ན། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །འདི་ཡར་བཅད་ཀྱི་ཏ་པ་སྟེ་པོ་ཏི་དགུ་པ་རྫོགས་སོ།། །།


previousཏ༽ སྟོང་ཕྲག་བརྒྱ་པ་ལས། གླེགས་བམ་དགུ་པ། བམ་པོ་དང་པོ། next