Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
པ༽ སྟོང་ཕྲག་བརྒྱ་པ་ལས། གླེགས་བམ་བཅུ་གསུམ་པ། བམ་པོ་དང་པོ།
   
   
   
   


 
previousཔ༽ སྟོང་ཕྲག་བརྒྱ་པ་ལས། གླེགས་བམ་བཅུ་གསུམ་པ། བམ་པོ་དང་པོ། next

པ༽ སྟོང་ཕྲག་བརྒྱ་པ་ལས། གླེགས་བམ་བཅུ་གསུམ་པ། བམ་པོ་དང་པོ།

དེ་ནས་ཤོག་གུ་བརྒྱད་ལ་ཕྲེང་ཕྱེད་དང་གསུམ་ཙམ་ཆད་པ་ན། ཐོགས་པ་མེད་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་ལྔ་ལྷག་པ་ན། གཟུགས་ལ་ཐོགས་པ་མ་མཆིས་སོ། །ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་དང་རྗེས་སུ་མཐུན་པ་ཉིད་རྣམ་པར་འབྱེད་དེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་སྒྲོ་འདོགས་པ་དང༌། སྐུར་བ་འདེབས་པའི་མཐའ་མེད་པའི་ཕྱིར་ཐོགས་པ་མེད་དེ་འདི་ལྟར་ཀུན་བཏགས་པའི་གཟུགས་ནི་ཡོད་པ་མ་ཡིན་པའི་ཕྱིར་སྒྲོ་འདོགས་པའི་མཐའ་མེད་དོ། །ཆོས་ཉིད་ཀྱི་གཟུགས་ནི་ཡོད་པའི་ཕྱིར་སྐུར་བ་འདེབས་པ་མེད་དེ། དེ་བས་ན་གཟུགས་དང་རྗེས་སུ་མཐུན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཅིག་ཙམ་ཆད་པ་ན། དེ། །གཞི་མེད། ཆོས་འདི་ནི་གཟུགས་ཀྱི་རྟེན་མི་དམིགས་པ་དང༌། དེ་ནས་ཤོག་གུ་གཅིག་ལ་ཕྲེང་ཕྱེད་དང་གཉིས་ཙམ་ཆད་པ་ན། འགྲོ་མེད། དེ་ནས་འདོད་པ་ན་སྤྱོད་པ་དང༌། དེ་ནས་ཤོག་ལོགས་གཅིག་ཙམ་ན། དེ་བཞིན་ཉིད་མ་ཡིན་ནོ། །ཞེས་བྱ་བ་ནི་གོང་དུ་དེ་བཞིན་ཉིད་ཀྱི་རང་བཞིན་བཤད་པ་ལ་ཁ་ཅིག་དེ་ལྟ་བུའི་དེ་བཞིན་ཉིད་དངོས་པོའི་རང་བཞིན་དུ་ཡོད་པར་རྟོག་པ་བསལ་བའི་ཕྱིར་དེ་ཡང་དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་གཅིག་ལྷག་པ་ན། རྣམ་པར་རྟོག་པ་མེད་པ། ཞེས་བྱ་བ་ལས་འགྱུར་བ་མེད་ཅེས་བྱ་བ་འདིས་ནི་མི་འགྱུར་བའི་ཡོངས་སུ་གྲུབ་པར་སྟོན་ཏོ། །རྣམ་པར་རྟོག་པ་མེད་ཅེས་བྱ་བ་ནི་འདིས་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པ་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཡང་ཕྲེང་གཅིག་ལྷག་པ་ན། ཐོགས་པ་མེད་དེ། ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཁྱབ་པས་གང་ན་ཡང་མེད་པ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་དྲུག་ཙམ་ན། དེ་དུས་ནམ་ཡང༌། དེ་ནས་ཕྲེང་གཅིག་ན། མེད་པ་སྟེ། སྐྱོ་བ་མེད་པའི་མཚན་ཉིད་མེད་པའི་ཕྱིར། གང་གི་ཡང་རྗེས་སུ་སྐྱེས་པ་མེད་པ་ཞེས་ཀྱང་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ལྔ་ཙམ་ན། བམ་པོ་གཉིས་པ། དེ་ནས་ཤོག་གུ་བཅུ་གཉིས་དང༌། ཕྲེང་གཉིས་ཙམ་ན། སྐྱེ་མེད་དང༌། །དེ་ནས་གནས་བརྟན། དེ་ནས་ཕྲེང་གཅིག་ལྷག་པ་ན། གཟུགས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཞེས་བྱ་བ་ནི་གཟུགས་མེད་པའི་ཕྱིར་དང༌། སྐྱེ་བར་འགྱུར་བར་གནས་བརྟན་ཡང་དངོས་པོ་མེད་པའི་ཕྱིར། གཟུགས་ཀྱི་རྗེས་སུ་སྐྱེ་བའམ། གཟུགས་ལས་གཞན་པ་གང་དུ་ཡང་སྐྱེ་བར་མི་རིགས་སོ། །དེ་བཞིན་ཉིད་ཀྱང་སྐྱེ་བ་དང༌། འབྲལ་བ་མེད་པས། དེ་བཞིན་ཉིད་ཀྱི་རྗེས་སུ་སྐྱེ་བའམ། དེ་བཞིན་ཉིད་ལས་གཞན་པ་གང་དུ་ཡང་སྐྱེ་བར་མི་རིགས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཅིག་ཙམ་ཆད་པ་ན། བམ་པོ་གསུམ་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དང་གསུམ་ཙམ་ན། མི་དམིགས་སོ། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །དེ་ནས་ཕྲེང་གཅིག་ཙམ་ན། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་པའི་དངོས་པོ་ནི་མ་ནོར་བ་དེ་བཞིན་ཉིད་དོ། །མ་ནོར་བའི་དེ་བཞིན་དངོས་པོ་ནི་མ་ནོར་བའི་དེ་བཞིན་ཉིད་དོ། །གཞན་མ་ཡིན་པའི་དངོས་པོ་ནི་གཞན་མ་ཡིན་པའི་དེ་བཞིན་ཉིད་དོ། །ཆོས་རྣམས་ཀྱི་བརྗོད་དུ་མེད་པའི་མཚན་ཉིད་ཡོངས་སུ་གྲུབ་པ་དོན་དམ་པའི་དབྱིངས་གང་ཡིན་པ་དེ་ནི་དུས་ཐམས་ཅད་དུ་དེ་བཞིན་དུ་འགྱུར་ཞིང་ནོར་པར་མི་འགྱུར། གཞན་དུ་མི་འགྱུར་བའི་ཕྱིར། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། མི་འཇིགས་པར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང༌། མི་འགྱུར་བར་ཡོངས་སུ་གྲུབ་པའོ། །དེ་ལ་མི་འཇིགས་པ་ཡོངས་སུ་གྲུབ་པའི་ཕྱིར་དེ་བཞིན་ཉིད་དོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ཕྱིར་མ་ནོར་བ་དེ་བཞིན་ཉིད་དོ། །མི་འགྱུར་བར་ཡོངས་སུ་གྲུབ་པའི་ཕྱིར་གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །ཞེས་དང༌། ཆོས་ཀྱི་གནས་ཉིད་དང་ཞེས་བྱ་བའི་ཚིག་གསུམ་གྱིས་མཚན་ཉིད་རྣམ་པ་གསུམ་སྟེ། ཆོས་ཀྱི་མཚན་ཉིད་དང༌། འབྱུང་གནས་ཀྱི་མཚན་ཉིད་དང༌། གནས་པའི་མཚན་ཉིད་དོ། །ཆོས་ཀྱི་དངོས་པོ་ནི་མཚན་ཉིད་དེ་ཀུན་བཏགས་པ་དང་རྣམ་པར་བཏགས་པའི་ཆོས་ཉིད་ལས་གཞན་དུ་གྱུར་པ་ན་དེ་དང་མི་འདྲ་བར་བརྗོད་དུ་མེད་པར་ཆོས་ཀྱི་དངོས་པོར་གནས་པ་གང་ཡིན་པ་དེ་གནས་པའི་ཕྱིར་ཆོས་ཉིད་ཀྱི་སྒྲར་བརྗོད་དོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི། འབྱུང་གནས་ཀྱི་མཚན་ཉིད་གསུངས་པ་སྟེ། ཆོས་ནི་སྟོབས་བཅུ་དང༌། མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་སོ། །དབྱིངས་ཀྱི་སྒྲ་ནི་རྒྱུའི་དོན་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་འབྱུང་གནས་ཡིན་པའི་ཕྱིར། ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། ཆོས་ཀྱི་སྐུ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་གནས་ཉིད་ཅེས་བྱ་བ་ནི་གནས་པའི་མཚན་ཉིད་གསུངས་པ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་ཉིད་དང་ཆོས་གནས་པ་ཉིད་འདི་ནི་འདུག་པ་ཉིད་དོ། །ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དོན་དམ་པ་བརྗོད་དུ་མེད་པས་ཡོངས་སུ་གྲུབ་པའི་ཆོས་ནི་སྔོན་དྲི་མ་དང་བཅས་པའི་གནས་སྐབས་དང༌། ཕྱིས་དྲི་མ་མེད་པའི་གནས་སྐབས་ན་ཡང་དུས་ཐམས་ཅད་དུ་ཡོད་པ་ནི་ཆོས་གནས་པ་ཉིད་དོ། །ཞེས་དང༌། ཡང་དག་པའི་མཐའ་ནི་ཟབ་པ་སྟེ། ཞེས་བྱ་བ་ཚིག་གསུམ་ངེས་པའི་མཚན་ཉིད་གསུངས་ཏེ། དེ་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་བ་ལ་ཆོས་ནི་འདིར་ལོག་པའི་ཆོས་ལས་བཟློག་པ་ཡང་དག་པ་ཉིད་ཀྱི་ཆོས་ཏེ། དེ་དག་ལ་ངེས་པ་ཉིད་དང་གཅིག་ཏུ་ཆད་པ་ཉིད་ནི་སྐྱོན་པ་མེད་པ་ཉིད་དེ། ས་རབ་ཏུ་དགའ་བའི་ཡེ་ཤེས་ཀྱིས་དང་པོ་ཉིད་དུ་དེ་བཞིན་ཉིད་དེ་རབ་ཏུ་རྟོགས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་བྱེད་པ་ཡང་དག་པ་ཉིད་ཀྱི་ཆོས་རྣམས་ཀྱི་ངེས་པའི་རྒྱུ་ཡིན་པའི་ཕྱིར། ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་སྟེ། འདི་ལྟར་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ན་སྐྱོན་ཞེས་བྱ་བ་ནི་ཆོས་ལ་སྲེད་པ་སྟེ། སྐྱོན་གྱི་དངོས་པོ་མེད་པ་ནི་སྐྱོན་མེད་པ་ཉིད་དོ། །སྔར་ཇི་སྐད་དུ་བསྟན་པ་ལྟ་བུའོ། །ཆོས་རྣམས་ལ་ཆོས་སྐྱོན་མེད་པ་ཉིད་ནི་ཆོས་སྐྱོན་པ་ཉིད་དེ་ཆོས་གང་རབ་ཏུ་རྟོགས་པས་སྐྱོན་གྱི་ཆོས་རྣམས་རྒྱུན་བཅད་པ་དེ་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་ཡང་དག་པའི་ཁོ་ན་ཉིད་ཀྱི་དོན་གྱི་མཐའ་སྟེ། མཐར་ཕྱིན་པ་ཡང་དག་པའི་མཐའ་ཤིན་ཏུ་ངེས་པའི་དེ་ཁོ་ན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་དེ་འཇིག་རྟེན་པའི་རྟོག་པ་ཐམས་ཅད་ཀྱི་རྗེས་སུ་དཔག་པའི་སྤྱོད་ཡུལ་མ་ཡིན་པས་ཤིན་ཏུ་ངེས་པ་སོ་སོ་རང་རིག་པ་དོན་དམ་པ་ལ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱའོ། །ཡང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྐུའི་དབང་གིས་ཆོ་འཕྲུལ་དང༌། ངོ་མཚར་རྣམས་འཇིག་རྟེན་དུ་འབྱུང་བའོ། །ཞེས་པ་རྣམས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། འདིར་ཉི་ཁྲི་དང་གཞུང་འདི་ལ་ཡོངས་གྲུབ་དགུ་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་མ་བྱུང་ཡང༌། ཁྲི་བརྒྱད་སྟོང་པར་བྱུང་བས་དེའི་ཕྱིར་སློབ་དཔོན་དབུ་མ་པས་བཤད་པ་མཛད་པ་ཡིན་ནོ། །གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་མེད་པའི་ཕྱིར་མི་དམིགས་སོ། །དེ་བཞིན་ཉིད་མི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པ་ཉིད་དུ་གྱུར་པའི་གནས་སྐབས་ན་བཟུང་བ་དང་འཛིན་པའི་དངོས་པོ་མེད་པས་དམིགས་སོ། །ཡང་དྲི་མ་དང་བཅས་པའི་གནས་སྐབས་ཉིད་ལ་གཟུགས་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་སྒྲར་བརྗོད་པའི་ཕྱིར། དེ་སྐད་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་བཅུ་དྲུག་ན། བམ་པོ་བཞི་པ། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཅིག་ཆད་པ་ན། སངས་རྒྱས་ཀྱི་སར་ལྷུང་ངོ༌། །དེ་རྣམས་ཀྱིས་ནི། མཚ༷ན་ཉི༷ད་བཅ༷ས། །ཞེས་པ་དོན་ལྔ་པ་གསུངས་ཟིན།

མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །སངས་རྒྱས་སོགས་དམིགས་དད་པ་དང༌། །ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་འདས་པ་དང༌། དེ་ནས་ཕྲེང་དགུ་ན། སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བརྒྱད་ན། བསམ་པ་ཕུན་ཚོགས་དྲན་པ་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གཉིས་ཙམ་ན། མ་མཆིས་སོ། །རྣམ་པར་མི་རྟོག་ཏིང་འཛིན་དང༌། །དེ་ཅིའི་སླད་དུ་ཞེ་ན། ཉེ་བར་བཟུང་སྟེ། ཞེས་བྱ་བ་ནི་ས་དང་པོ་ནས་ཉེ་བར་བཟུང་སྟེ། ཞེས་བྱ་བའི་ཐ་ཚིག་གོ ། ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ཙམ་ན། ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ། དེ་ནས་འདོད་པ་ན་སྤྱོད་པ་དང༌། དེ་ནས་ཕྲེང་བཞི་ཅུང་མེད་ན་མི་དམིགས་སོ། །ཞེས་བྱ་བ་ནི་ངས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བསྡུས་པ་ཀུན་རྫོབ་ཀྱིས་ཤེས་པས་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཤེས་ཀྱི་དོན་དམ་པའི་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་ནས་རྨི་ལམ་ན་མཐོང་བའི་དོན་བཞིན་དུ་ཤེས་པར་བྱ་བའི་ཆོས་གང་ཡང་མ་མཐོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ལྷའི་བུ་དག་ཆོས་ཐམས་ཅད། དངོས་པོས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་གསུམ་ལྷག་ཙམ་ན། འཚང་རྒྱ་བར་སླའོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་མེད་པའི་ཕྱིར་དངོས་པོ་མེད་པ་ལ་དངོས་པོ་མེད་པར་རྟོགས་པར་བྱ་བ་ནི་མི་དཀའི་ཡོད་པའི་ཆོས་རྣམས་ཀྱི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་རྟོགས་པར་བྱ་བ་ནི་དཀའོ། །མེད་པ་ལ་དངོས་པོ་མེད་པ་ཙམ་དུ་ཤེས་པར་བྱ་ཞིང་སྒྲུབ་པ་ནི་མི་དཀའ་སྟེ། འདི་ལྟར་ཆོས་རྣམས་ཡོད་ན་ནི་དཀར་པོའི་ཆོས་རྣམས་འཕེལ་བར་བྱ་བ་དང༌། ནག་པོའི་ཆོས་རྣམས་སྤང་བར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་སྤྱོད་པ་བསྒྲུབ་དགོས་པར་འགྱུར་ནས། གང་གི་ཕྱིར་ཆོས་འདི་རྣམས་མེད་པ་དེའི་ཕྱིར་སྒྲུབ་པ་དང་མི་དཀའོ། །དེ་བས་ན་མངོན་པར་རྫོགས་པར་འཚང་རྒྱ་བར་མི་དཀའོ། །ཞེས་བྱ་བ་གསུངས་སོ། །གནས་བརྟན་ཤཱ་རིའི་བུས་མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བར་གསུངས་པའི་ཕྱིར་དགོངས་པ་ནི་འདི་ཡིན་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ནམ་མཁའ་ལྟ་བུར་དངོས་པོ་མེད་པར་རིག་ནས་གལ་ཏེ་མི་སྨྲ་བར་འདུག་ན། དེ་ལྟ་ན་ནི་དཀའ་བ་མ་ཡིན་པར་འགྱུར་ན་འདི་ལྟར་ཡང་དག་པར་ན་ཆོས་ཐམས་ཅད་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་མེད་པར་ཡང་རིག་པར་བྱས་ལ། དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྣམས་ལ་ཡང་སྦྱོར་ཞིང༌། ཆོས་ཐམས་ཅད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ན། དེ་ལྟ་བུ་ནི་དཀའོ། །ཞེས་བྱ་བར་དགོངས་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་ཙམ་ན། རྟུལ་པོས་རྟོགས་དཀར་བཞེད། །གལ་ཏེ་བྱང་ཆུབ་སེམས་དཔའ། དེ་ནས་ཤོག་གུ་བཞི་དང་ཕྲེང་གསུམ་ཙམ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་གསུམ་ཙམ་ན། བམ་པོ་དྲུག་པ། དེ་ནས་ཤོག་གུ་བདུན་ལ་ཕྲེང་གཉིས་ཙམ་ཆད་པ་ན། སེམས་དཔའ་ཆེན་པོ་དེ་འབྱུང་བར་འགྱུར་རོ། །དེ་རྣམས་ཀྱིས་ནི། ཐ༷ར་ད༷ང་། ཞེས་པ་དོན་དྲུག་པ་གསུངས་ཟིན་ཏོ། །

དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས།། དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཕྲེང་ཕྱེད་དང་དགུ་ཅུང་མེད་ན། བདག་ཉིད་སྡིག་པ་ལས་ལྡོག་ཅིང༌། །སྦྱིན་ལ་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་གྱུར། བདག་གིས་ཀྱང་སྲོག་གཅོད་པ་སྤང་བར་བྱ། དེ་ནས་ཤོག་གུ་དྲུག་དང་ཕྲེང་བརྒྱད་ལྷག་པ་ན། དེ་བཞིན་བཟོད་པ་ནི། །རང་གཞན་རྟེན་ཅན་བདེན་ཤེས་པ། །བདག་གིས་ཀྱང་སྡུག་བསྔལ་ཡོངས་སུ། དེ་ནས་ཤོག་གུ་གཅིག་ཅུང་མེད་ན། བམ་པོ་བདུན་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །བདག་གིས་ཀྱང་སེམས་ཅན་རྣམས། དེ་ནས་ཤོག་གུ་ཕྱེད་དང་བརྒྱད་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་རྩ་དགུའོ།། །།

༈ དེ་རྣམས་ཀྱིས་ནི། ངེ༷ས་འབྱེ༷ད་ཆ༷་མཐུ༷ན་ད༷ང༌། །ཞེས་པ་དོན་བདུན་པ་གསུངས་ཟིན་ཏོ། །

ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་གོམས་པའི་ལམ་དག་ལ།། བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་ཕྲེང་དྲུག་ལྷག་ཙམ་ན། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུ་བརྗོད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །གཟུགས་ལ་སོགས་ལས་བཟློག་པ་དང༌། །གསོལ་པ། བཅོམ་ལྡན་འདས། རྣམ་པ་གང་དང༌། དེ་ནས་ཤོག་གུ་ལྔ་དང་ཕྲེང་ལྔ་ལྷག་ཙམ་ན། ཐེ་ཚོམ། རབ་འབྱོར། གཞན། དེ་ནས་ཕྲེང་ཕྱེད་དང་བཞི་ཅུང་མེད་ན། མི་དལ་ཟད་པ་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཞི་ཅུང་མེད་ན། བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་འགོད་པ་དང༌། །རབ་འབྱོར། དེ་ནས་ཤོག་གུ་གཅིག་ན། གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །རབ་འབྱོར། གཞན་ཡང༌། དེ་ནས་ཕྲེང་ཕྱེད་དང་དགུ་ཙམ་ན། བམ་པོ་བརྒྱད་པ། ཟབ་མོའི་དོན་ལའང་སོམ་ཉི་མེད། །རབ་འབྱོར། གཞན། དེ་ནས་ཕྲེང་བཅུ་གཅིག་ལྷག་པ་ན། བྱམས་ལུས་སོགས་དང་། རབ་འབྱོར། གཞན། དེ་ནས་ཕྲེང་ཕྱེད་དང་གཉིས་ན། སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། །རབ་འབྱོར། གཞན། དེ་ནས་ཕྲེང་གཉིས་ཅུང་མེད་ན། བག་ལ་ཉལ་ཀུན་འཇོམས་པ་དང༌། །རབ་འབྱོར། གཞན། དེ་ནས་ཕྲེང་གཅིག་ལྷག་པ་ན། དྲན་པ་དང་ནི་ཤེས་བཞིན་དང༌། །རབ་འབྱོར། གཞན་ཡང༌། དེ་ནས་ཕྲེང་གསུམ་ལྷག་པ་ན། གོས་ལ་སོགས་པ་གཙང་བ་དང༌། །རབ་འབྱོར། དེ་ནས་ཕྲེང་གཉིས་ལྷག་པ་ན། ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །རབ་འབྱོར། གཞན་ཡང༌། མི་འགྱུར། དེ་ནས་ཕྲེང་ཕྱེད་དང་ལྔ་ན། གྱ་གྱུ་མེད་སེམས། དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་ཕྲེང་ཕྱེད་དང་དྲུག་ན། སྦྱངས་པ་ནི། །ལེན་དང་། རབ་འབྱོར། གཞན། དེ་ནས་ཕྲེང་ཕྱེད་དང་བཞི་ན། སེར་སྣ་མེད་སོགས་དང༌། །རབ་འབྱོར། གཞན། དེ་ནས་ཕྲེང་གཉིས་ལྷག་པ་ན། ཆོས་ཉིད་ལྡན་པར་འགྲོ་ཉིད་དང༌། །རབ་འབྱོར། གཞན། དེ་ནས་ཕྲེང་གསུམ་ལྷག་པ་ན། སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །རབ་འབྱོར། དེ་ལ་གལ་ཏེ། དེ་ནས་ཕྲེང་དགུ་ཅུང་མེད་ན། གཞན་གྱིས་བཀྲི་བར་མི་བཏུབ་དང༌། །རབ་འབྱོར། གཞན་ཡང༌། གལ་ཏེ། དེ་ནས་ཤོག་གུ་ཕྱེད་དང་བདུན་ལ་ཕྲེང་ཕྱེད་ཆད་པ་ན། ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །རབ་འབྱོར། གཞན་ཡང༌། བྱང་ཆུབ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ཅུང་མེད་ན། སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ཅུང་མེད་ན། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི།། བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཞི་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུའོ།། །།

༈ བམ་པོ་དགུ་པ། སེམས་བརྟན། རབ་འབྱོར་གཞན། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ལྷག་ཆད་པ་ན། ཐེག་པ་དམན་དག་ལས། །རྣམ་ལོག །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་ལོགས་གཅིག་ན། བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །རབ་འབྱོར། གཞན་ཡང༌། དེ་ནས་ཕྲེང་བཅུ་གཉིས་ལྷག་པ་ན། ལུས་སེམས་ཡང་བ་ཉིད་དང་ནི། །རབ་འབྱོར། གཞན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་ལྔ་ན། འདོད་ལ་སྤྱོད་པ་ཐབས་མཁས་དང༌། །རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ལྷག་ཙམ་ཆད་པ་ན། རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །རབ་འབྱོར། ཕྱིར་མི་ལྡོག །དེ་ནས་ཕྲེང་ཕྱེད་དང་དགུ་ན། འཚོ་བ་རྣམ་པར་དག་ཉིད་དང༌། །བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་ཕྱེད་དང་བཅུ་ཙམ་ན། ཕུང་སོགས། རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་ལོགས་གཅིག་ཙམ་ན། བར་ཆད་བྱེད་རྣམས་དང༌། །དེ་རྐུན་པོའི་གཏམ། དེ་ནས་ཕྲེང་གཅིག་ན། ཚོགས་དང་། དེ་ཡུལ་གྱི། དེ་ནས་ཕྲེང་གཅིག་ཙམ་ན། དབང་སོགས་བཅས་པ་ཡི། །གཡུལ་འགྱེད། དམག་གི་གཏམ། དེ་ནས་ཕྲེང་བརྒྱད་ལྷག་པ་ན། སེར་སྣ་ལ་སོགས་པ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང༌། །དེ་སྦྱིན་པའི་ཕ་རོལ། དེ་ནས་ཕྲེང་བཅུ་གཅིག་ལྷག་པ་ན། ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རབ་འབྱོར། གཞན། དེ་ནས་ཤོག་གུ་གཉིས་ལྷག་ཙམ་ཆད་པ་ན། རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང༌། །རབ་འབྱོར། བྱང་ཆུབ། དེ་ནས་ཕྲེང་བཅུ་ཙམ་ན། ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་པའི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །རབ་འབྱོར། གལ་ཏེ་བདུད་སྡིག་ཏོ། །དེ་ནས་ཤོག་གུ་ཕྱེད་དང་གཉིས་དང་ཕྲེང་ཕྱེད་ཙམ་ན། ཆབ་མི་འཚལ། དེ་ཆུད་མི་ཟ་བ་ལགས། དེ་ནས་ཤོག་ལོགས་གཅིག་ན། ཚུལ་གྱིས་ལེའུ་སྟེ། བཞི་བཅུ་གཅིག་གོ། །། བམ་པོ་བཅུ་པ། དེ་ནས་ཕྲེང་ཕྱེད་དང་བདུན་ཙམ་ན། སྒོམ་པའི་ལམ་ནི་ཟབ་པ་སྟེ། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཕྲེང་བཅུ་གཅིག་ཅུང་མེད་ན། ཟབ་མོ་སྟོང་པ་ཉིད་ལ་སོགས། །བཅོམ་ལྡན་འདས་ཀྱིས། དེ་ནས་ཕྲེང་བཅུ་གཅིག་ལྷག་པ་ན། བྱ་བ་འདི་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས། སྟོང་པའི་གཞི་མ་ནོར་བ་དེ་བཞིན་ཉིད་ཀྱི། དེ་བཞིན་དུ། འདི་ནི་མཚན་མ་མེད་པའི། གཞི་དང༌། དེ་ནས་ཕྲེང་གཅིག་ཙམ་ན། གང༌། གཟོད་ནས་ངོ་བོ་ཉིད་ཀྱིས། མྱ་ངན་ལས་འདས། དེ་ནས་ཕྲེང་གཅིག་ལྷག་པ་ན། རང་བཞིན་གཉུག་མ་གཤིས་ལུགས་ལ་བཞུགས་པ་ནི་དོན་དམ་གྱི། ཆོས་ཐམས་ཅད་ནི། རབ་འབྱོར་ཡོངས་གྲུབ་ཀྱི། གཟུགས་ཀྱང་ཟབ་བོ།། ཞེས་བྱ་བ་ནི་འདིར་གཟུགས་ཀྱི་དེ་བཞིན་ཉིད་ལ་གཟུགས་ཀྱི་ཚིག་ཏུ་བརྗོད་དོ། །ཞེས་དབུ་མ་པ་གསུངས། དེ་བཞིན་དུ་སྦྱར་ཏེ། རབ་འབྱོར། ཆོས་ཀྱི། མིག་ཀྱང༌། ཟབ་བོ། །རབ་འབྱོར། དོན་དམ་གྱི། གཟུགས་ཀྱང་ཟབ་བོ། །རབ་འབྱོར། ཆོས་ཉིད་ཀྱི་མིག་གི་རྣམ་པར་ཤེས་པ། དེ་ནས་ཕྲེང་གཅིག་ལྷག་པ་ན། རབ་འབྱོར། མྱང་འདས་ཆེན་པོ་ནི། མིག་གི་འདུས། དེ་ནས་ཕྲེང་གཅིག་ལྷག་པ་ན། རབ་འབྱོར། དོན་དམ་གྱི། མིག་གི་འདུས། དེ་ནས་ཕྲེང་གཉིས་ཙམ་ན། རབ་འབྱོར། ཆོས་ཉིད་ཀྱི། སའི་ཁམས། དེ་ནས་ཕྲེང་གཅིག་ལྷག་པ་ན། རབ་འབྱོར། འགོག་བདེན་གྱི། མ་རིག་པ་ཡང༌། དེ་ནས་ཕྲེང་གཉིས་ན། རབ་འབྱོར། ཆོས་སྐུའི། སྦྱིན་པའི་ཕ་རོལ། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། རབ་འབྱོར། དེ་བཞིན་ཉིད་ཀྱི། ནང་སྟོང་པ་ཉིད། དེ་ནས་ཕྲེང་བཞི་ལྷག་པ་ན། རབ་འབྱོར། ཆོས་ཉིད་ཀྱི། དྲན་པ་ཉེ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། རབ་འབྱོར། ཡང་དག་མཐའ། འཕགས་པའི་བདེན་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། རབ་འབྱོར། ཆོས་སྐུའི། དེ་བཞིན་གཤེགས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། རབ་འབྱོར། རབ་འབྱོར་དེ་བཞིན་ཉིད་ཀྱི། རྒྱུན་དུ་ཞུགས། དེ་ནས་ཤོག་གུ་གཉིས། ཕྱེད་དང་གཉིས་ཅུང་མེད་ན། གཟུགས་ཀྱི་དེ་བཞིན་ཉིད། ཟབ་པ། ཇི་ལྟ་བ་དེ་བཞིན་དུ། དེ་བཞིན་ཉིད་ཀྱི། གཟུགས། རྣམ་པར་སྣང་མཛད་མེ་ལོང་ཡེ་ཤེས། ཟབ་བོ། །ཞེས་བྱ་བས་དེ་བཞིན་ཉིད་ཁོ་ན་ཡིན་པར་བསྟན་ཏེ། རྣམ་པ་གང་གིས་དེ་བཞིན་ཉིད་ཟབ་པའི་རྣམ་པ་དེས་གཟུགས་ཟབ་བོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་བཞིན་དུ། ཚོར་བ། རིན་ཆེན་འབྱུང་ལྡན་མཉམ་ཉིད་ཡེ་ཤེས། ཟབ་བོ། །འདུ་ཤེས་སྣང་བ་མཐའ་ཡས་སོར་རྟོགས་ཡེ་ཤེས། ཟབ་བོ། །འདུ་བྱེད་དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་ཟབ་བོ། །རྣམ་པར་ཤེས་པ། མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས། ཟབ་བོ། །མིག་གི །དེ་བཞིན་ཉིད། ཟབ་པ། ཇི་ལྟ་བ། དེ་བཞིན་དུ། དེ་བཞིན་ཉིད་ཀྱི། མིག་ཟབ་བོ། །དེ་བཞིན་དུ། སྦྱར་ཏེ། དེ་ནས་ཤོག་གུ་གསུམ་ཅུང་མེད་ན། ཟབ་པ་དེ་ནི་སྒྲོ་འདོགས་དང༌། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །གསོལ་པ། བཅོམ་ལྡན་འདས། གཟུགས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། ཞེས། ཞུ་བ་ལ་ཅི་ལས་དགོངས་ཞེ་ན། དེ་བཞིན་ཉིད་ཅེས་བྱ་བ་ནི་རྣམ་པ་སྟེ། གཟུགས་མེད་པའི་མཚན་ཉིད་དམ། གཟུགས་ལ་སོགས་པ་ལ་རག་ལུས་པ་ཡང་མ་ཡིན་ན། གཟུགས་ཀྱི་དེ་བཞིན་ཉིད་དང༌། ཚོར་བའི་དེ་བཞིན་ཞེས་གཟུགས་ལ་སོགས་པའི་ཚིག་ཏུ་ཇི་ལྟར་བརྗོད། ཞེས་ཞུས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གསུམ་དང་ཕྲེང་ཕྱེད་ཙམ་ན། རབ་འབྱོར། གཟུགས་ཀྱི་དེ་བཞིན་ཉིད་དེ་ལ་ཀུན་རྫོབ་ཀྱི། གཟུགས་ཀྱང༌། དབྱེར་མེད་དུ། མེད། དོན་དམ་གྱི། གཟུགས་ལས། དེ་ལྟ་བུའོ། །ཞེས་བྱ་བ་ནི་ཀུན་བཏགས་པ་སྤངས་ཏེ། ཀུན་བཏགས་པ་ལས་ཐ་དད་པར་གྱུར་པ་དེ་བཞིན་ཉིད་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་དང་བྲལ་བ་སྟེ། གཟུགས་ལ་སོགས་པའི་སྒྲར་བརྗོད་དུ་མི་རུང་ངོ༌། །གང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀུན་བཏགས་པའི་གཟུགས་ལ་སོགས་པ་དང༌། དེ་བཞིན་ཉིད་དང་གཞན་དུ་བརྗོད་དུ་མི་རུང་བ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་དེའི་གནས་སྐབས་ཉེ་བར་མཚོན་པའི་ཕྱིར། གཟུགས་ལ་སོགས་པའི་སྒྲ་ལ་སྒྲོ་བཏགས་ཏེ་ཐ་སྙད་དུ་བྱས་སོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། ཚོར་བའི་དེ་བཞིན་ཉིད། དེ་ནས་ཤོག་གུ་བདུན་ལ་ཕྲེང་གཉིས་ཙམ་ཆད་པ་ན། བམ་པོ་བཅུ་གཅིག་པ། མྱ་ངན་ལས་འདས་པ་ཡང་བསྟན། ཞེས་བྱ་བ་ནི་གཟུགས་ཟ་བ་པོ། །ཞེས་བྱ་བ་དེས་ཀུན་བཏགས་པའི་གཟུགས་ལས་ནི་བཟློག་ཆོས་ཉིད་ཀྱི་གཟུགས་མྱ་ངན་ལས་འདས་པ་ནི་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཞེས་ཐེག་ཆེན་གྱི་མདོ་རྒྱུད་ཟབ་མོ་ཤིན་ཏུ་མང་པོ་དང༌། མཐུན་ལ་སེམས་འགྲེལ་སྐོར་གསུམ་ལ་སོགས་པ་རྫོགས་ལྡན་གྱི་ཆོས་རྣམས་དང་མཐུན་པའོ། །ཀུན་རྫོབ་ཀྱི། ཚོར་བ། དོན་དམ་གྱི། མྱ་ངན། ཀུན་བཏགས་ཀྱི། འདུ་ཤེས། ཡོངས་གྲུབ་ཀྱི། མྱ་ངན། དེ་བཞིན་དུ་སྦྱར་ཏེ། འདུ་བྱེད་ལས་ཀྱང་བཟློག །དེ་ནས་ཤོག་གུ་ཕྱེད་དང་གསུམ་ལས་ཕྲེང་གཅིག་ཆད་པ་ན། མྱ་ངན་ལས་འདས་པ་ཡང་བསྟན་པ་དེ་ནི། བཀའ་མདོ་རྒྱུད་ཟབ་མོ་ཀུན་གྱི་ངེས་དོན་མཐར་ཐུག་ཐམས་ཅད་གཅིག་ཏུ་འདུས་པ་ཡིན་པས། ངོ་མཚར་ཆེའོ། །ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌།། འཆལ་དང་ངེས་རྟོག་སྒོམ་པའི་ལམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་གུ་གཅིག་ན། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་། རབ་འབྱོར། གཞན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་གཉིས་ན། འབྲིང་དང་། རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་ན། ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །རྣམ་པས་རྣམ་པ་འགྱུར་བཞེད་དོ། །རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ལྷག་པ་ན། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན།། གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་བཅུ་ཙམ་ན། ཚད་མེད་པའོ། །ཞེས་བྱ་བ་ནི་གྲངས་དང་ཚད་ལ་སོགས་པ་རྣམས་ནི་ཀུན་བཏགས་པ་རྣམས་ལ་ཡོད་ཀྱི་སྟོང་པ་ཉིད་ཀྱི་དབྱིངས་ལ་ནི་མེད་དེ། འདི་ནི་བྱེ་བྲག་གོ །དེ་བས་ན་གཟུགས་ནི་སྟོང་པའོ། །ཞེས་བྱེ་བྲག་ཏུ་མཛད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ལྔ་ན། ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་ལོགས་གཅིག་ན། དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང༌། །སྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །གསོལ་པ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་ལོགས་གཅིག་ཙམ་ན། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །གསོལ་པ། ཇི་ལྟ་བུ་ལགས། ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དང༌། ཐ་དད་པ་མ་ཡིན་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དེ་ཡང་བསྟན་པའི་ཕྱིར་ཞུས་པའོ། །ཞེས་དབུ་མ་པ་གསུངས། ཉིད་གང་ཡིན་པ། འགྱུར་མེད་ཡོངས་གྲུབ་དོན་དམ་པའི་དབྱིངས་རིག་དབྱེར་མེད་ཀུན་འགྲོ། ཡེ་ཤེས་སེམས་དཔའ་དེ། དེ་ནས་ཕྲེང་གཅིག་ལྷག་པ་ན། གང་ཡིན་པ། སངས་རྒྱས་རྣམ་པར་སྣང་མཛད་དེ། གང་ཡིན་པ། རིན་ཆེན་འབྱུང་ལྡན། དེ་བླ་ན་མེད། གང་ཡིན་པ། སྣང་བ་མཐའ་ཡས་དེ། གང་ཡིན་པ། དོན་ཡོད་གྲུབ་པ་དེ་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ། མི་བསྐྱོད་པ། དེ་ནས་ཕྲེང་ཕྱེད་ན། གང་ཡིན་པ། དོན་དམ་དབྱིངས་རིག་དབྱེར་མེད། དེ་བླ་ན། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་ལྔ་ན། མྱ་ངན་ལས་འདས་པའི་དེ་བཞིན་ཉིད་གང་ཡིན་པ། འགོག་བདེན་ཟབ་མོ་འདུས་མ་བྱས་ཀྱི་བདེ་བ་ཆེན་པོ། མཁའ་ཁྱབ་རང་བྱུང་ཡེ་ཤེས་ཀྱི་ལྷ་ཚོགས་མང་པོར་རྟག་ཏུ་བཞུགས་པ། རྟོག་གེ་རྣམ་ཤེས་ལས་འདས་ཤིང་སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་གང་ཡིན་པ་སྟེ། རྫོགས་པའི་བྱང་ཆུབ་མཐར་ཐུག་པ་སྟེ། རབ་ཞི་རྣམ་ངེས་སུ་ཡང༌། ཆོས་ཀྱི་དབྱིངས་ནི་སངས་རྒྱས་ཏེ་སངས་རྒྱས་ནི་ཡང་དག་པའི་མཐའོ། །ཞེས་སོགས་དང༌། ཤེར་ཕྱིན་བདུན་བརྒྱ་པར་ཡང༌། འདི་ལྟར་ཆོས་ཀྱི་དབྱིངས་ཉིད། བཅོམ་ལྡན་འདས་ཡིན་པའི་ཕྱིར་རོ། །ཞེས་དང༌། ཆོས་ཀྱི་དབྱིངས་དེ་ཉིད་བྱང་ཆུབ་བོ། །ཞེས་སོགས་དང༌། རྒྱན་སྟུག་པོར་ཡང༌། དེ་བཞིན་གཤེགས་པ་རྣམས་ནི་རྟག་པ་བརྟན་པ་ཐེར་ཟུག་མི་འཇིག་པ་སྟེ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་རྣལ་འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསགས་པ་མྱ་ངན་ལས་འདས་པ་དབྱིངས་དང་ནམ་མཁའ་ལྟ་བུར་མི་འཇིག་པ་སྟེ། མྱ་ངན་ལས་འདས་པའི་སྒྲ་ཆོས་ཀྱི་དབྱིངས་ཀྱི་ཚིག་གིས་འདས་པ་དང༌། བྱུང་བ་དང༌། འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང་ཆོས་སྐྱོན་པ་མེད་པ་འདི་ནི་དེ་བཞིན་གཤེགས་པའོ། །ཞེས་སོགས་དང༌། དཀོན་མཆོག་སྤྲིན་ལས་ཀྱང༌། དེ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་དང༌། ཆོས་འཕགས་ཀྱི་ལེའུར་ཡང༌། རིགས་ཀྱི་བུ། མི་སྐྱེ་བ་ནི་འགྲོ་བའམ། འོང་བ་མེད་དེ། མི་སྐྱེ་བ། གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་དུ། ཡང་དག་པའི་མཐའ་དང་སྟོང་པ་ཉིད་དང༌། ཇི་ལྟ་བ་བཞིན་དང༌། འདོད་ཆགས་དང་བྲལ་བ་དང་འགོག་པ་ལ་ཡང་སྦྱར་ཏེ། གསུངས་ཤིང་གཞན་ཡང་མདོ་རྒྱུད་བསྟན་བཅོས་རྣམ་དག་ཤིན་ཏུ་མང་པོར་གསུངས་པའི་དེ་བཞིན་ཉིད། དེ་ནི། ཚོགས་གཉིས་གློ་བུར་བསགས་པས། འཕེལ་བ་ཡང་མེད་དོ། །སྒྲིབ་གཉིས་གློ་བུར་བ་ཟད་པས་ཡོངས་སུ་འགྲིབ། དེ་ནས་ཕྲེང་གཉིས་ཅུང་མེད་ན། དོན་དམ་འདུས་མ་བྱས་མཁའ་ཁྱབ་ཀྱི། སྦྱིན་པའི། དེ་བཞིན་དུ་སྦྱར་ཏེ། ཚུལ་ཁྲིམས། དེ་ནས་ཤོག་གུ་ཕྱེད་དང་གཉིས་ཅུང་མེད་ན། འཕེལ་བའི་རྟོག་པ་མེད་པ་དང༌། ཡོངས་སུ་འགྲིབ་པའི་རྟོག་པ། མེད་པ་ལ་སོགས་པའི་ཚུལ་གྱིས། ཅིར་ཡང་མི་རྟོག་ཅིང་མི་སེམས་ལ་ཅིར་ཡང་མི་དམིགས་པའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱའོ། །ཞེས་བྱ་བ་འདི་ནི་གཅིག་པུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡིན་པར་སྟོན་ཏོ།། ཞེས་དབུ་མ་པ་གསུངས། སེམས་ནི་སྔ་མས་བྱང་ཆུབ་བར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །གསོལ་པ། བཅོམ་ལྡན་འདས། དེ་ཅི་ལགས། དེ་ནས་ཕྲེང་དྲུག་ན། མར་མེ་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པར་བརྒྱད། །རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་ནས་ཕྲེང་བཅུ་གཅིག་ཅུང་མེད་ན། རབ་འབྱོར། དཀར་པོ་རྣམ་པར་མཐོང་བའི་ས། བཟོད་པ་མན་ཆད་ལྷག་མཐོང་གི་ཚེ། ཡོངས་སུ་རྫོགས། དེ་ནས་ཕྲེང་གཅིག་ན། རིགས་ཀྱིས། འཇིག་རྟེན་ཆོས་མཆོག །ཡོངས་སུ་རྫོགས། དེ་ནས་ཡང་ཕྲེང་གཅིག་ན། བརྒྱད་པའི་ས། རྒྱུན་ཞུགས་ལ་ཞུགས་པ། ཡོངས་སུ་རྫོགས། མཐོང་བའི་ས། དེའི་འབྲས་བུ། ཡོངས་སུ། བསྲབས་པའི་ས། ཕྱིར་འོང༌། ཡོངས་སུ། འདོད་ཆགས་དང་བྲལ་བའི་ས། ཕྱིར་མི་འོང༌། ཡོངས་སུ། བྱས་པ་རྟོགས་པའི་ས། དགྲ་བཅོམ། ཡོངས་སུ་རྫོགས། དེ་ནས་ཤོག་ལོགས་གཅིག་ཅུང་མེད་ན། སྐྱེ་བ་དང་ནི། གསོལ་པ། དེ་ནས་ཕྲེང་ལྔ་ན། གང་འགགས་པ། འདུས་མ་བྱས། དེའི་ཕྱིར་སྐྱེ་བར་འགྱུར། འགག་པ་དང༌། །བཅོམ་ལྡན་འདས། སེམས་གང་སྐྱེས་པ་འདུས་བྱས། དེ་འགག །དེ་ནས་ཕྲེང་ཕྱེད་དང་གཉིས་ན། བཅོམ་ལྡན་འདས། འགག་པ་གཉིས་པ་མེད་པས། དེ་ནི་མ་ལགས་སོ། །དེ་བཞིན་ཉིད་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། རྟག་པའི་མཐར། མི་འགྱུར་རམ། ཞེས་བྱ་བ་ནི་མུ་སྟེགས་ཅན་རྟག་པར་ལྟ་བ་རྣམས་དང་མི་འདྲ་བར་བསྟན་པའི། ཕྱིར་དྲིས་པའོ། །མ་ལགས་སོ། །ཞེས་བྱ་བས་མུ་སྟེགས་ཅན་ནི་དངོས་པོ་ཡོད་པ་ལས་རྟག་པར་ལྟའི། འདི་ནི་དངོས་པོ་མེད་པ་ལས་གཞན་དུ་མི་འགྱུར་བ་ལས་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གནས་པ་ཞེས་བྱ་བར་མུ་སྟེགས་ཅན་གྱི་རྟག་པར་ལྟ་བ་འདྲ་བར་མི་འགྱུར་རོ། །ཞེས་པ་གཉིས་འབུམ་ཏིག་གསུངས། དེ་ནས་ཕྲེང་གཅིག་ན། ཤེས་བྱ་དང༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉིད་དམ། ཞེས་བྱ་བ་ནི་ཅི་འདུས་བྱས་ཀྱི་སེམས་གང་ཡིན་པ་དེ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་ནམ། ཞེས་དྲིས་པའོ། །ཞེས་དང༌། མ་ལགས་སོ། །ཞེས་བྱ་བ་ནི་དྲི་མ་བཅས་པའི་ཕྱིར་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་མ་ལགས་སོ། །ཞེས་སླར་གསོལ་བའོ། །ཞེས་དང༌། གུད་ན་ཡོད་དམ། ཞེས་བྱ་བ་ནི་འདུས་བྱས་ཀྱི་སེམས་དེ་དེ་བཞིན་ཉིད་ལས་གཞན་ནམ། ཞེས་དྲིས་པའོ། །ཞེས་དང༌། མ་ལགས་སོ་ཞེས་བྱ་བ་ནི། ཀུན་བཏགས་པ་ནི་ཡོངས་སུ་གྲུབ་པ་ལས་དེ་བཞིན་ཉིད་དམ། གཞན་དུ་བསྙད་དུ་མི་རུང་བའི་ཕྱིར་སླར་གསོལ་པའོ། །ཞེས་པ་རྣམས་དབུ་མ་པ་ཆེན་པོ་གསུངས། སེམས་ལ་དེ་བཞིན་ཉིད་རྟེན་ན་བརྟེན་པའི་དངོས་པོ་ཡོད་དམ། དེ་བཞིན་ཉིད་ལ་སེམས། རྟེན་དང་བརྟེན་པའི་དངོས་པོར་ཡོད་དམ། [ཞེས་[ཤེས་ ?] དང་། བཅོམ་ལྡན་འདས། དེ་བཞིན་ཉིད། དམིགས་བྱ་དམིགས་མེད་ཐ་དད་དུ། ཡང་དག་པར་སྤྱོད་དང་། བཅོམ་ལྡན་འདས་ཀྱིས། དེ་ནས་ཕྲེང་གཉིས་ན། སྤྱོད་པ་དེ་ནི། མཚན་མའི་ཚུལ་ལམ། དམིགས་པའི་ཚུལ་གྱིས། ཅི་ལ་ཡང༌། དེ་ནས་ཕྲེང་གཅིག་ན། གནས་པ་ལ། སེམས་སེམས་བྱུང་དང༌། ལས་རླུང༌། ཡོངས་སུ་རྒྱུ། དེ་ཉིད་ལ་ཡང༌། རླུང་སེམས། གང་ལ་ཡང་རྒྱུ། གཉིས་མེད་དང༌། །བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ན། དེ་ནི་མི་རྟོག་ཡེ་ཤེས། གང་ལ་གཟུང་འཛིན་གཉིས་དང༌། བདག་གཞན་གཉིས་དང༌། ཡོད་མེད་གཉིས་ལ་སོགས་པ། གཉིས་ཀྱི་དོན་དམ་པ། རང་བཞིན་འོད་གསལ། རྣམ་པ་ཀུན་ལྡན་རྣམ་པ་མེད་པ་ལ་སྤྱོད་དོ། །སྤྱོད་པ་སྟེ། རླུང་སེམས། ཡོངས་སུ་རྒྱུ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བཅོམ་ལྡན་འདས། མཚན་མའི་འདུ་ཤེས་གཅིག་པར་རྟོག་པ། དེ་ནི་མ་ལགས་སོ། །ཐབས་མཁས་པ་ལ་ཟབ་པ་ཉིད།། བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ན། མི་སྦྱོར་ཏེ། རླུང་སེམས་ཀྱི་འགྱུ་བ་འགགས་པའི་ཕྱིར་རོ། །དེ་ནས་ཕྲེང་གཉིས་ལྷག་པ་ན། འཚང་མི་རྒྱ་སྟེ། རྣམ་ཤེས་ཚོགས་བརྒྱད་འཁོར་དང་བཅས་པ་དང༌། དབུགས་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་མ་འགགས་པར། སངས་རྒྱས་ཐོབ་པར་མི་སྲིད་པའི་ཕྱིར་རོ། །དེས་ན། བཅོམ་ལྡན་འདས། རླུང་སེམས་ངང་གིས་འགག་པའི་ཐབས་ཟབ། འདི་ནི་དངོས་པོར་ཡང༌། སེམས་པར་མི་བགྱིད། ཡང་སེམས་པར་མི་བགྱིད་དོ། །དེ་ནས་ཤོག་ལོགས་གཅིག་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་གཉིས་སོ།། །།

༈ དེ་རྣམས་ཀྱིས་ནི། སློ༷བ་མ༷་ཕྱི༷ར་མི༷་ལྡོ༷ག་པ༷འི་ཚོ༷གས། །ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། །བམ་པོ་བཅུ་གཉིས་པ། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། དེ་ནས་ཕྲེང་ཕྱེད་དང་ལྔ་ཅུང་མེད་ན། ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །སྨྲས་པ། དེ་ནས་ཤོག་གུ་གཉིས་དང་ཕྲེང་དགུ་ཅུང་མེད་ན། འཚང་རྒྱ་བར་འགྱུར་རོ། །དེ་རྣམས་ཀྱིས་ནི། སྲི༷ད་ད༷ང་ཞི༷་བ༷་མཉ༷མ་ཉི༷ད་ད༷ང༌། །ཞེས་པ་དོན་དགུ་པ་གསུངས་ཟིན་ཏོ། །

སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བསྒྲུབས་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །དེ་ནས་ཚེ་དང་ལྡན་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་གཅིག་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་གསུམ་མོ།། །།

༈ དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། གང་གཱའི་ལྷ་མོའི་ལེའུ་སྟེ་བཞི་བཅུ་བཞིའོ།། །།

༈ དེ་རྣམས་ཀྱིས་ནི། ཞི༷ང་ད༷ག་བླ༷་ན༷་མེ༷ད་པ༷་ནི༷། །ཞེས་པ་དོན་བཅུ་པ་གསུངས་ཟིན་ཏོ། །བམ་པོ་བཅུ་གསུམ་པ། ཡུལ་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་གཅིག་ཕྲེང་གསུམ་ན། སྦྱོར་བ་ཅན་འདི་ནི། །བཅོམ་ལྡན་འདས་ཀྱིས། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཅུ་གཉིས་ཅུང་མེད་ན། དགྲ་རྣམས་ལས་ནི་འདས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཤོག་གུ་གཅིག་ན། མི་གནས། རབ་འབྱོར། འདི་ལྟ་སྟེ། དེ་ནས་ཕྲེང་ཕྱེད་དང་ལྔ་ན། ཅི་བཞིན་ཤུགས་དང་ནི། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཕྲེང་དྲུག་ན། ཐུན་མོང་མ་ཡིན་མཚན་ཉིད་དང༌། །གསོལ་པ། དེ་ནས་ཕྲེང་བརྒྱད་ཙམ་ན། མ་ཆགས་པ་དང་། རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་ན། མི་དམིགས་དང༌། །རབ་འབྱོར། གཞན། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ཅུང་མེད་ན། རབ་འབྱོར། གཞན། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཉིས་ན། སྨོན་ལམ་ཟད་པ་དང༌། །རབ་འབྱོར། གཞན། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ན། དེ་ཡི་རྟགས་དང་། རབ་འབྱོར། གཞན། བྱང་ཆུབ། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ན། ཚད་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ། །གསོལ་པ། དེ་ནས་ཕྲེང་དྲུག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་ལྔའོ།། །།

༈ དེ་རྣམས་ཀྱིས་ནི། རྣ༷མ་ཀུ༷ན་མངོ༷ན་རྫོ༷གས་རྟོ༷གས་པ༷་སྟེ༷། །འདི༷་ནི༷་ཐ༷བས་མཁ༷ས་བཅ༷ས་པ༷་ཡི༷ན། །ཞེས་པ་དོན་བཅུ་གཅིག་པ་གསུངས་ཟིན་ཏོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བའི་སྐབས་ཏེ་བཞི་པའོ།། །།

༈ བམ་པོ་བཅུ་བཞི་པ། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད།། དེ་ནས་ཡང་བཅོམ་ལྡན་འདས། དེ་ནས་ཤོག་གུ་བཅུ་གསུམ་ཕྲེང་གསུམ་ཙམ་ཆད་པ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཅུ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཚན་ཉིད་གང་ཡང་མེད་དོ། །ཞེས་བྱ་བས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཞན་གང་གི་མཚན་ཉིད་ཀྱང་མ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱང་ཅི་ཡང་ཡོད་པ་མ་ཡིན་པ་སྟེ། དངོས་པོའི་ངོ་བོ་མ་ཡིན་ནོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ཅུང་མེད་ན། ཀྱིས་སྟོང་པའོ། །ཞེས་བྱ་བ་ནི་ཀུན་བཏགས་པའི་ཆོས་རྣམས་ཀྱིས། དབེན་བྲལ་བ་ནི་ཡོངས་སུ་གྲུབ་པ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །དེ་བས་ན་དེ་དག་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་གསུམ་ན། ཉེ་བར་གྱུར་པ་ལགས་སོ།། དེ་རྣམས་ཀྱིས་ནི། དེ༷་ཡི༷་རྟ༷གས་ད༷ང་། ཞེས་པ་དོན་དང་པོ་གསུངས་ཟིན་ཏོ། །

འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་གུ་ཕྱེད་དང་བདུན་ན། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་བདུན་ན། བམ་པོ་བཅུ་བདུན་པ། དེ་ནས་ཤོག་གུ་དྲུག་ལྷག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་དྲུག་གོ། །།

༈ དེ་ནས་ཤོག་གུ་དགུ་ལྷག་ཙམ་ན། བམ་པོ་བཅོ་བརྒྱད་པ། དེ་ནས་ཤོག་གུ་ཉི་ཤུ་ལྷག་ཙམ་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་བཅུ་དྲུག་ན། བམ་པོ་ཉི་ཤུ་པ། དེ་ནས་ཤོག་གུ་བཅུ་གསུམ་དང་ཕྲེང་ཕྱེད་དང་བཅུ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་བདུན་ནོ།། །།

༈ དེ་རྣམས་ཀྱིས་ནི། རྣ༷མ་འཕེ༷ལ་ད༷ང༌། །ཞེས་པ་དོན་གཉིས་པ་གསུངས་ཟིན་ཏོ།།

ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བརྟན་པ་ཞེས་ནི་མངོན་པར་བརྗོད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་ལྔ་ན། ཞེས་རྟོགས་པར་བགྱིད་དེ། དེ་རྣམས་ཀྱིས་ནི། བརྟ༷ན་ད༷ང་། ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། །

གླིང་བཞི་པ་དང་སྟོང་དག་དང༌། །སྟོང་གཉིས་གསུམ་དག་དཔེར་མཛད་ནས།། བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །བཅོམ་ལྡན་འདས། དེ་ལྟར་ཐེག་པ། དེ་ནས་ཤོག་གུ་གཉིས་ཅུང་མེད་ན། བསྔོ་བར་བྱའོ།། འཇུག་པ་དང་ནི། ཀོའུ་ཤི་ཀ །དེ་ནི་ཇི་ལྟར། དེ་ནས་ཕྲེང་ལྔ་ན། དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །ཞེས་བྱ་བ་ནི་དེ་དག་གི་སེམས་བསྐྱེད་པ་གང་ཡིན་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ། གང་ཡིན་པ་དེ་དག་དོན་དམ་པར་ཐ་དད་པ་མ་ཡིན་ཏེ། དེ་དག་གི་དེ་བཞིན་ཉིད་ནི་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཡིན་པས། དེའི་ཕྱིར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །གཉིས་ནི་དྲི་མ་དང་བཅས་པ་དང༌། དྲི་མ་མེད་པའི་བྱེ་བྲག་ལས་ཐ་དད་པ་ཡོད་པས་གཉིས་ཀྱི་འདུ་ཤེས་སུ་ཡང་འགྱུར་རོ། །དེ་བས་ན་གཅིག་པའི་ཕྱིར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །ཞེས་གསུངས་སོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུ་དབྱིག་གཉེན་གསུངས་སོ།། ཞེས་སྔར་གསུངས་པ་དེ་མངོན་རྟོགས་འདིའི་གཞུང་དུ་སྦྱར་རོ། །དེ་རྣམས་ཀྱིས་ནི། སེ༷མས་ཀུ༷ན་གན༷ས་པ༷་ད༷ང༌། །ཞེས་པ་དོན་བཞི་པ་གསུངས་ཟིན་ཏོ། །

འདི་ཡར་བཅད་ཀྱི་པ་པ་སྟེ་པོ་ཏི་བཅུ་གསུམ་པ་རྫོགས་སོ།། །།


previousཔ༽ སྟོང་ཕྲག་བརྒྱ་པ་ལས། གླེགས་བམ་བཅུ་གསུམ་པ། བམ་པོ་དང་པོ། next