Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བ༽ སྟོང་ཕྲག་བརྒྱ་པ། གླེགས་བམ་བཅོ་ལྔ་པ། བམ་པོ་དང་པོ།
   


 
previousབ༽ སྟོང་ཕྲག་བརྒྱ་པ། གླེགས་བམ་བཅོ་ལྔ་པ། བམ་པོ་དང་པོ། next

བ༽ སྟོང་ཕྲག་བརྒྱ་པ། གླེགས་བམ་བཅོ་ལྔ་པ། བམ་པོ་དང་པོ།

སྤྱོད་པ་མཉམ་བཞག་ལ་ཟློ་བའི་ཚེ། དེ་ནས་ཤོག་གུ་ཕྱེད་དང་བཅུ་ལྷག་པ་ན། རང་བཞིན་གཉུག་མའི། ངོ་བོ་ཉིད་ནི་ངོ་བོ་ཉིད། དངོས་པོ་མེད་པའི་གཞི། ཡང་དངོས་པོ་མེད། ལྷ་བུ་གང་ཡང་མེད་དོ། །དེའི་རྒྱུ་མཚན་བཅོས་མ་གློ་བུར་བའི་ཆོས་ཐམས་ཅད་རི་བོང་གི་རྭ་ལྟར་གཤིས་ལ་མེད་པའི་ཕྱིར་རོ། །རབ་འབྱོར། དེ་ལྟ་བས་ན། དོན་དམ་གཟུགས། དེ་བཞིན་དུ་ཕྱི་མ་རྣམས་ལའང་སྦྱར་ཏེ། དོན་དམ་གྱི་ཚོར་བ་ནི་སྤྲོར་མེད་པའོ། །དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་པ་ན། ཕ་རོལ་ཏུ་ཕྱིན་པ་དོན་དམ་གྱི་དེ་བཞིན་ཉིད་ལ་སྤྱད་པར་བྱའོ། །འདི་ལྟར་ཡང་ཀུན་རྫོབ་ཀྱི་གཟུགས། དེ་བཞིན་དུ་ཕྱི་མ་རྣམས་ལའང་སྦྱར་ཏེ། ཀུན་རྫོབ་ཀྱི་ཚོར་བ་ལ་ངོ་བོ་ཉིད་མེད་དོ།། དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ལྷག་ན། གང་ལ་ངོ་བོ་ཉིད་མེད་པའི་གཞི། དོན་དམ། དེ་ནི་སྤྲོར་མེད་པ་སྟེ། རབ་འབྱོར། དེའི་ཕྱིར་ན། དོན་དམ་གྱི་གཟུགས་ནི་སྤྲོར་མེད་པའོ། །དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་པ་ན། བམ་པོ་གཉིས་པ། དེ་ནས་ཤོག་ལོགས་ཅིག་ན། ལམ་བཅས་དང༌། །གསོལ་པ། དེ་ནས་ཤོག་གུ་གཉིས་དང་ཕྲེང་ལྔ་ན། བརྡ་ཐམས་ཅད་བརྗོད་པར་བྱ་བ་ཡོངས་སུ་བཟུང་བར་བྱ་སྟེ། ཞེས་བྱ་བ་ནི་སེམས་ཅན་སྣ་ཚོགས་ཀྱི་སྐད་དང་མཐུན་པར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་གཅིག་ལྷག་ན། དེ་དེ་བཞིན་ཏེ། ཞེས་བསྔགས་པ་མཛད་དེ་ཆོས་གང་ལ་ཡང་སྒྲུབ་པར་མི་བྱེད་དེ། ཆོས་རྣམས་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱི་བྱིས་པ་རྣམས་ཁོང་དུ་ཆུད་པར་བྱ་བའི་ཐབས་སུ་ཀུན་རྫོབ་ཏུ་འདི་མཛད་དེ། རིམ་པ་འདིས་ཤེས་པར་གྱུར་ནས་ཡིད་དེ་བཞིན་དུ་བསྒྲུབས་འཚང་རྒྱ་བར་འགྱུར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ལྷག་པ་ན། གཉེན་པོ་མི་མཐུན་ཕྱོགས་དག་དང༌། །རབ་འབྱོར། དེ་ནི་འདི་ལྟར། དེ་ནས་ཤོག་གུ་གཉིས་ཅུང་མེད་ན། འཕགས་པའི་ཆོས་འདུལ་བ། ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་འདོད་ཆགས་ལ་སོགས་པ་འདུལ་བ་དང་སྒྲུབ་པས་འདུལ་བར་གནས་པའི་མཚན་ཉིད་དུ་སྟོན་ཏེ། འཕགས་པའི་ཆོས་འདུལ་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས་པས། དེ་ལྟ་བུའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ལྷག་ཙམ་ན། མཚན་ཉིད་དང་ནི། རབ་འབྱོར། འདི་ནི་བྱང་ཆུབ། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཞི་ན། སྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་པ།། རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟར། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ཆད་པ་ན། ཆོས་ཐམས་ཅད། སྒོམ་པ་རྣམ་པར་འཇིག་པ་ནི། །རྣམ་པར་སྒོམ་པ་བསྒོམ་པ་ནི།། ཞེས་ཡུམ་བསྡུས་པའི་འགྱུར་ལ་བྱུང་བ་ལེགས། འགྲེལ་པ་དང་ཡང་མཐུན་ནོ། །གཟུགས་ལ་སོགས་པ་འོག་མ་རྣམས་ལ་ཡང་སྦྱོར་ཅིག །ཆོས་ཐམས་ཅད་སྒོམ་པ་རྣམ་པར་འཇིག་པ། རྣམ་པར་སྒོམ་པ་བསྒོམ་པ་རྣམ་པའི་འོག་ཏུ་ཡང་ཐེན་མཆན་འདི་དགོས། སྒོམ་པ་ནི་ཤེས་རབ་གཟུགས། སྒོམ་པ་རྣམ་པར་འཇུག་པ་ནི་ཚོར་བ་ལ་སོགས་པ་ཕྱི་མ་ཐམས་ཅད་ལ་ཡང་དེ་བཞིན་ཏེ། རྣམ་པར་སྒོམ་པ་བསྒོམ་པ་ནི། དེ་ནས་ཤོག་གུ་བཅུ་གསུམ་ལྷག་པ་ན། བམ་པོ་གསུམ་པ། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ། །ཞེས་བྱ་བ་ནི་གཟུགས་དངོས་པོ་ཡོད་པའི་ངོ་བོ་ཉིད་དོ། །སྙམ་དུ་མི་སྒོམ་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཉིས་ལྷག་ཙམ་ཆད་པ་ན། མཐའ་གཉིས་ལ་ཆགས་ཏེ། ཞེས་བྱ་བ་ནི་དངོས་པོའི་འདུ་ཤེས་ཅན་དེ་འདི་ནི་བདག་སྟེ། གུད་ན་ཡོད་དོ། །ཞེའམ། བདག་ནི་གཟུགས་སོ། །བདག་ནི་ཚོར་བའོ། །ཞེས་བྱ་བ་ལ་སོགས་པ་རྟག་པ་དང་ཆད་པའི་མཐའ་གཉིས་ལ་ཆགས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཅུ་ཅུང་མེད་ན། གཟུགས་ཀྱི་འདུ་ཤེས་ནི་གཉིས་སོ། །སྙམ་པའི་འདུ་ཤེས་ཡོད་པ་དེ་ལ་ཡོད་པ་དང་མེད་པའམ། དངོས་པོ་དངོས་པོ་མ་ཡིན་པར་རྟག་པ་གདོན་མི་ཟ་བར་འབྱུང་བར་འགྱུར་རོ། །ཡང་ན་གཟུང་བ་དང༌། འཛིན་པའི་དངོས་པོར་འགྱུར་བའི་ཕྱིར། གཉིས་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བདུན་དང་ཕྲེང་ལྔ་ཙམ་ན། སྟོང་ཕྲག་བརྒྱ་པ། ལེའུ་ལྔ་བཅུ་དགུའོ།། །།

༈ དེ་ནས་ཤོག་གུ་ཕྱེད་དང་གསུམ་ཙམ་ན། ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡུལ་ལ་བརྙེས་པར། ཞེས་བྱ་བ་ནི་མངོན་པར་ཤེས་པ་དང་དབང་བཅུའོ། །ཞེས་པ་གཉིས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ལ་སྤྱོད་ཅིང་མངོན་པར་ཤེས་པ་ལ་སོགས་པ་ལ་ཡང་སྙོམས་པར་འཇུག་པ་ན། དེ་ལ་མཚན་མ་དང་རློམ་སེམས་དང༌། རོ་མྱང་བ་དང་དམིགས་པའི་འདུ་ཤེས་རྣམས་བསལ་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་འདུ་ཤེས་སྐྱེད་ཅིང་སྦྱང་ནས་ནམ་མཁའ་ཡིད་ལ་བྱེད་པ་དེ་ཉིད་ཀྱི་མངོན་པར་རྫོགས་པར་སངས་རྒྱས་ནས་ཕྱིས་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་འཕགས་པའི་བདེན་པ་བཞི་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཀྱི་ཆོས་རྣམས་མངོན་སུམ་དུ་བྱས་ཏེ། ཀུན་རྫོབ་ཡིད་ལ་བྱེད་པས་སེམས་ཅན་རྣམས་ཕུང་པོ་གསུམ་དུ་ལུང་བསྟན་པར་འགྱུར་ཏེ། དེ་བས་ན་མི་དམིགས་པ་ཉིད་ཀྱིས་སྤྱད་པ་དག་མི་དམིགས་པ་ཉིད་ཀྱིས་བྱང་ཆུབ་པར་འགྱུར་བས་ཉེས་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཞི་ན། སྡིག་ཏོ་མི་དགེ་བའི་ཆོས་རྣམས་ལ་དངོས་པོ་ཞིག་ཡོད་དེ། ཞེས་བྱ་བ་ལ་སོགས་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར། ཐམས་ཅད་འགྲུབ་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཞེས་བསྟན་ཏེ་གང་གི་ཕྱིར་འདོད་པ་རྣམས་དང་སྡིག་པ་མི་དགེ་བའི་ཆོས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར་ལུང་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཅུ་གཅིག་ན། མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་རྣམས་ཀྱིས་ནི། ལོ༷ག་པ༷ར་བསྒྲུ༷བ་ད༷ང་བཅ༷ས་པ༷་ནི༷། །རྩེ༷་མོ༷འི་མངོ༷ན་རྟོ༷གས། ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྩེ་མོའི་སྦྱོར་བའི་སྐབས་ཏེ་ལྔ་པའོ།། །།

༈ སྦྱིན་པ་ཤེས་རབ་བར་དག་དང༌། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཕྲེང་གསུམ་ལྷག་པ་ན། བགྱི་བ་མཆིས་པར་གྱུར་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་དམིགས་པ་དང་མི་དམིགས་པ་འཕྲལ་ཁོ་ན་ལ་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཕྲལ་ཁོ་ན་ལ་དམིགས་སུ་མེད་པ་རྟོགས་པར་འགྱུར་གྱི་རིམ་གྱིས་ནི་མ་ཡིན་ནོ། །སྙམ་དུ་དགོངས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ལྔ་ཙམ་ན། བམ་པོ་བཞི་པ། སངས་རྒྱས་ལ་སོགས་དྲན་དང་ཆོས། །རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་དགུ་ཅུང་མེད་ན། ཐེག་པ་གཞན་ལ་མི་རྟེན་པས། མ་རལ་བ། ཡང་བར་སྐྱེ་བ་སྤངས་པས། མ་ཞིག་པ། སྐྱེ་བོ་ངན་པ་དང་ཉོན་མོངས་པ་དང་མ་འདྲེས་པས། མ་འདྲེས་པ་དཀར་པོའི་ཆོས་ཀྱི་ཆ་གཅིག་ཏུ་རྣམ་པར་འཕེལ་བས་སྐྱོན་མེད་པ། སྐྱེ་བར་སྨོན་ལམ་འདི་འདེབས་པས། མཉམས་པས། ཇི་ལྟར་འགྲོ་བ་འདོད་པ་ཉིད་ཀྱིས་ནི། མཐུ་དང་ལྡན་པ། མཁས་པས་མ་སྨད་པས། མཁས་པས་བསྔགས་པ། དབང་པོ་རྣམས་བསྲུངས་པ་ཤིན་ཏུ་རྫོགས་པ་བསམ་གཏན་གྱི་ཡན་ལག་གི་ཚོགས་རྒྱས་པས། ཏིང་ངེ་འཛིན། གནས་པ་ཡིན་ཏེ། ཞེས་པའི་འབྲུ་གནོན་རྣམས་བཙུན་པ་གྲོལ་སྡེའི་གསུངས་བཞིན་བཀོད། དེ་ནས་ཤོག་གུ་བདུན་ན། དངོས་མེད་ངོ་བོ་ཉིད་ཀྱིས་དེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །རབ་འབྱོར། གཞན་ཡང༌། བྱང་ཆུབ། དེ་ནས་ཤོག་གུ་ཕྱེད་དང་བརྒྱད་ཅུང་མེད་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུའོ།། །།

༈ བམ་པོ་ལྔ་པ། དེ་ནས་ཕྲེང་ལྔ་ན། མི་དམིགས་པ་ཉིད་མངོན་པར་རྟོགས་པའོ། །ཞེས་བྱ་བ་ནི་མི་དམིགས་པའི་ཐོབ་པ་དང་མི་དམིགས་པའི་མངོན་པར་རྟོགས་པ་ཞེས་བརྗོད་ན། ཐོབ་པར་བྱ་བ་དང་མངོན་པར་བྱ་བའི་ཕྱིར་མི་དམིགས་པ་ཡོད་པར་འགྱུར་ཏེ། དེ་ལྟ་ན་ནི་དམིགས་པའི་སྐྱོན་ཆེན་པོར་འགྱུར་རོ། །དེས་ན་མི་དམིགས་པ་ཉིད་ཐོབ་པ་དང་མངོན་པར་རྟོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་ཀྱང་བརྗོད་པར་བྱའོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་ལ་ཕྲེང་ཙམ་ཆད་པ་ན། ཚུགས་པར་དཀའ་བ་ཡིན་ནོ། །དེ་རྣམས་ཀྱིས་ནི། མཐ༷ར་གྱི༷ས་པ༷། །རྣ༷མ་གསུ༷མ་རྣ༷མ་བཅུ༷། ཞེས་པ་མཐར་གྱིས་པའི་དོན་བཅུ་གསུམ་པ་གསུངས་ཟིན་ཏོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། མཐར་གྱིས་པའི་སྦྱོར་བའི་སྐབས་ཏེ་དྲུག་པའོ།། །།

༈ སྦྱིན་པ་ལ་སོགས་རེ་རེས་ཀྱང༌། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཇི་ལྟར་སྐྱེས་བུས་བཟོ་ཆུན་རྒྱུད། །རྟོགས་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་གཅིག་ཆར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་ཤོག་གུ་གཅིག་ན། ཡོངས་སུ་ཟིན་པ་ལས་ཞེས་བྱ་བ་གསུངས་པ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱང་གཅིག་ཏུ་འགྱུར་རོ། །ཞེས་བསྟན་པའོ། །གཞན་དུ་མ་ཡིན་ནོ། །ཞེས་བྱ་བ་གཅིག་ཁོ་ནར་རོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་བདུན་ཙམ་ན། བམ་པོ་དྲུག་པ། དེ་ནས་ཤོག་གུ་བཞི་དང་ཕྲེང་བཅུ་ན། མི་བརྟན་པ་ཡོངས་སུ་བཏང་བ་དེས་ཇི་ཞིག་བྱ་ཞེས་ཟེར་ན། ཞེས་བྱ་བ་ནི་བདུད་ཀྱི་རིས་རྣམས་སྨྲ་བའོ།། ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་བཅུ་གཉིས་ན། བམ་པོ་བདུན་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་ལྔ་ན། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །རབ་འབྱོར། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ། དེ་ནས་ཤོག་གུ་བཅུ་གཅིག་དང་ཕྲེང་ལྔ་ན། བམ་པོ་བརྒྱད་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་དགུ་ཅུང་མེད་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་རྩ་གཅིག་གོ། །།

༈ བམ་པོ་དགུ་པ། སྦྱིན་ལ་སོགས་པའི་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲ་གནས་ནས། །ཆོས་རྣམས་མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར། དེ་ནས་ཤོག་གུ་བཅུ་གསུམ་དང་ཕྲེང་ལྔ་ན། ཡིད་དང་ཆོས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པའོ། །འདི་དག་ནི་དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ། ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པའོ། །དེ་ཅིའི་སླད་དུ་ཞེ་ན། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ། །ཀྱེ་བཅོམ་ལྡན་འདས་གཟུང་བ་དང་འཛིན་པའང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་གིས་གཟུགས་ནི་གཟུང་བར་བྱ། །སྒྲ་ནི་རྣ་བས་མཉན་པར་བྱ། །དྲི་ནི་སྣ་ཡིས་ཚོར་བར་བྱ། །ལྕེ་ཡིས་རོ་ནི་རེག་པར་བྱ། །དངོས་པོ་ལུས་ཀྱིས་རེག་པར་བྱ། །ཡིད་ཀྱིས་བདེ་སོགས་ཐོབ་པ་ནི། །ཞེས་གསུངས་པ་དབུ་མ་པ་དང་དགོངས་པ་གཅིག་གོ །དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ཙམ་ན། བམ་པོ་བཅུ་པ། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཅིག་ལྷག་ཙམ་ཆད་པ་ན། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་ཕྱེད་དང་དྲུག་ལྷག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་གཉིས་སོ།། །།

༈ དེ་རྣམས་ཀྱིས་ནི། སྐ༷ད་ཅི༷ག་མ༷། །གཅི༷ག་གི༷ས་མངོ༷ན་རྫོ༷གས་བྱ༷ང་ཆུ༷བ་པ༷།། མཚ༷ན་ཉི༷ད་ཀྱི༷ས་ནི༷་རྣ༷མ་པ༷་བཞི། །ཞེས་པ་སྐད་ཅིག་མའི་དོན་བཞི་པ་གསུངས་ཟིན་ཏོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐད་ཅིག་མའི་སྦྱོར་བའི་སྐབས་ཏེ་བདུན་པའོ།། །།

༈ གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །དེ་བཞིན་འཁོར་བ་ཇི་སྲིད་འདི། །ལས་ནི་རྒྱུན་མི་ཆད་པར་བཞེད། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་བཅུ་ཐམ་པ་ན། འགྲོ་རྣམས་ཞི་བའི་ལས་དང་ནི། །བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་གསུམ་ཙམ་ན། བམ་པོ་བཅུ་གཉིས་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་ཙམ་ན། བསྡུ་བ་རྣམ་བཞི་བགོད་པ་དང༌། །རབ་འབྱོར་ངས་ཀྱང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་གཅིག་ཙམ་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་དགུ་ཙམ་ན། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །རབ་འབྱོར། བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་བཞི་ཙམ་ན། བྱང་ཆུབ་ཕྱོགས་མཐུན། རབ་འབྱོར། དེ་ལ་དྲན་པ་ཉེ་བར་བཞག་པ་བཞི་གང་ཞེ་ན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་དྲུག་ན། ཚད་ མེད་དང༌། །ཞེས་པའི་མདོ་སྐབས་འདིར་མ་བྱུང་ཡང་སྐབས་གཞན་དུ་བྱུང་ལ་དགོངས་སོ། །ཞེས་ཤེས་པར་བྱའོ། །དེ་ལ་ཏིང་ངེ་འཛིན་གསུམ་གང་ཞེ་ན། དེ་ནས་ཕྲེང་གསུམ་ལྷག་ན། རྣམ་པར་ཐར་དང་། རྣམ་པར་ཐར་པ་ བརྒྱད་གང་ཞེ་ན། དེ་ནས་ཕྲེང་བཞི་ན། མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །མཐར་གྱིས་གནས་པའི་སྙོམས། དེ་ནས་ཕྲེང་བཅུ་ལྷག་པ་ན། ཟད་པར་བཅུ་ཡི་བདག་ཉིད་དང༌།། དེ་ལ་མཐའ་དག་གི་སྐྱེ་མཆེད་བཅུ་གང་ཞེ་ན། དེ་ནས་ཕྲེང་ཕྱེད་དང་གཉིས་ཙམ་ན། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །དེ་ལ་ཟིལ་གྱིས་གནོན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་ན། ཉོན་མོངས་མེད་དང་། དེ་ལ་ཉོན་མོངས་པ་གང་ཞེ་ན། ཞེས་བྱ་བ་ནི་བདག་གི་ཕྱིར། གཞན་དང་ཉོན་མོངས་པར་མ་གྱུར་ཅིག །ཅེས་བྱིན་གྱིས་བརླབས་ནས། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་གཞན་གྱི་རྒྱུད་ལ་ཉོན་མོངས་པ་སྐྱེ་བའི་སྐབས་མི་འབྱེད་པ་དེ་ནི་ཉོན་མོངས་པ་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ལྷག་པ་ན། སྨོན་མཁྱེན་དང༌། །དེ་ལ་སྨོན་ལམ། དེ་ནས་ཕྲེང་གཉིས་ན། མངོན་ཤེས། དེ་ལ་མངོན་པར་ཤེས་པ་དྲུག །དེ་ནས་ཕྲེང་ཕྱེད་དང་གཉིས་ན། རྣམ་པ་ཐམས་ཅད་དག་བཞི་དང༌། །དེ་ལ་ཡོངས་སུ་དག་པ་བཞི་གང་ཞེ་ན། བག་ཆགས་ཐམས་ཅད་ཉོན་མོངས་པའི་གནས་ངན་ལེན་ཐམས་ཅད་གནས་དང་བྲལ་བར་གྱུར་པ་དང༌། བདག་གི་ལུས་ཀྱང་ཇི་ལྟར་འདོད་པ་བཞིན་ལེན་པ་དང༌། གནས་དང་འཆི་འཕོ་རྣམས་ལ་རང་དབང་ཏུ་གྱུར་པ་ནི། ལུས་སམ། གནས་ཡོངས་སུ་དག་པ་དང༌། སྤྲུལ་པ་དང་ཡོངས་སུ་བསྒྱུར་བའི་གྲངས་སུ་གཏོགས་པ་དང་དམིགས་པ་ཐམས་ཅད་དབང་དུ་གྱུར་པ་ནི། དམིགས་པ་སེམས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བ་སེམས་རྣམ་པ་ཐམས་ཅད་དུ་དམ་ཚིག་འཕེལ་བ་ནི། སེམས་ཡོངས་སུ་མ་རིག་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་བྲལ་བས་ཤེས་པར་བྱ་བ་ཐམས་ཅད་ལ་ཤེས་པའི་སྒྲིབ་པ་མེད་པ་དབང་ཏུ་གྱུར་པ་ནི། ཡེ་ཤེས་ཡོངས་སུ། དབང་བཅུ་དང་ནི། དེ་ལ་དབང་བཅུ་གང་ཞེ་ན། ཇི་སྲིད་འདོད་པ་དེ་སྲིད་དུ་འཇུག་པ་ཚེ་ལ་དབང་བ་དང༌། བསམ་གཏན་དང་ཚད་མེད་པ་ལ་སོགས་པ་གང་གིས་སེམས་ཅན་གནས་པར་འདོད་པ་དེས་ཇི་ལྟར་འདོད་པ་བཞིན་གནས་པས། སེམས་ལ་དབང་བ་དང༌། བསམ་པ་ཙམ་གྱིས་ཡོ་བྱད་ཅི་འདོད་པ་འབྱོར་བ། ཡོ་བྱད་ལ་དབང་པ་དང༌། སྐྱེ་བར་འདོད་པའི་ལས་ཐམས་ཅད་ལ་ཇི་ལྟར་འདོད་པ་བསྒྱུར་བ་ལས་ལ་དབང་བ་དང༌། སྐྱེ་གནས་གང་འདོད་པར་འདོད་པར་སྐྱེ་བ་སྐྱེད་ལ་དབང་བ་དང༌། དངོས་པོ་གང་དང་གང་ལ་མོས་པ་བྱས་པ་བཞིན་དུ་འགྱུར་བ། མོས་པ་ལ་དབང་བ་དང༌། སྨོན་ལམ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་འགྲུབ་པ། སྨོན་ལམ་ལ་དབང་བ་དང༌། རྫུ་འཕྲུལ་གྱི་བྱ་བ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་སྒྲུབ་པ། རྫུ་འཕྲུལ་ལ་དབང་བ་དང༌། ཤེས་བྱ་ཟབ་པ་ཤེས་པར་འདོད་པ་རྣམས་མྱུར་དུ་ཤེས་པ། ཡེ་ཤེས་ལ་དབང་བ་དང༌། མིང་གི་ཚོགས་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་ཐོབ་པ་དང༌། ཆོས་ཐམས་ཅད་ཡང་དག་པར་རྣམ་པར་དགོད་པ་ལ་མཁས་པ། ཆོས་ལ་དབང་བ་སྟེ། བཅུ་པོ་འདི་དག་གོ །དེ་ལྟར་ཡོངས་སུ་དག་པ་བཞི་དང༌། དབང་བཅུའི་བཤད་པ་དབུ་མ་པའི་གསུངས་བཞིན་བཀོད་དོ། །སྟོབས་བཅུ་དང༌། །རབ་འབྱོར། དེ་བཞིན་ གཤེགས་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ཅུང་མེད་ན། མི་འཇིགས་པ་ནི་བཞི་དག་དང༌། །རབ་འབྱོར། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ལྷག་པ་ན། སོ་སོ་ཡང་དག་རིག ། ངེས་པའི་སོ་སོ་ཡང་དག་པར་རིག་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། བསྲུང་བ་མེད་པ་རྣམ་གསུམ་དང༌། །རབ་འབྱོར། དེ་བཞིན་གཤེགས་པའི་བསྲུང༌། དེ་ནས་ཕྲེང་ཕྱེད་དང་ལྔ་ན། དྲན་པ་ཉེར་བཞག་རྣམ་གསུམ་དང༌། །དེ་ལ་དེ་བཞིན་གཤེགས་པའི་དགོངས། དེ་ནས་ཕྲེང་དྲུག་ན། བསྙེལ་བ་མི་མངའི་ཆོས་ཉིད་དང༌། །དེ་ལ་དེ་བཞིན་གཤེགས་པའི་ཉམས་པ་མེད། དེ་ནས་ཕྲེང་གཅིག་ན་མི་འདའ་བ་སྟེ། དེ་ཉིད་ཀྱི་ཕྱིར་ན་དེ་རྣམས་ཀྱི་མཛད་པ་འབྲས་བུ་ཡོད་པར་འདོད་པ་འཐད་པ་ཡིན་ནོ། །ཞེས་ཉི་ཁྲི་སྣང་བ་གསུངས། བག་ཆགས་ཡང་དག་བཅོམ་པ་དང༌། །དེ་ལ་དེ་བཞིན་གཤེགས་པའི། སྤངས་ཀྱང་དེ་དག་ལ་ཉོན་མོངས་པ་མ་སྤངས་པ་ལྟ་བུར་སྤྱོད་པའི། ལུས་ཀྱི་འགྱུར་བ་ཡོད་ཀྱི། སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །དེ་ལ་དེ་བཞིན་གཤེགས་པའི། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། མཛད་ཅེས་བྱ་སྟེ། ཇི་ལྟར་རྟོག་ཅེ་ན། སུ་ནི་དགེ་བའི། རྩ་བ་ཡོངས་སུ་སྨིན་སུ་ནི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན། སུ་ནི་མངོན་པར་མཐོང་བ་བསྟན་པའི་སྣོད་ཡིན། སུ་ནི་ངེས་པར་ལེགས་པ་བསྟན་པའི་སྣོད་ཡིན། ཡང་སུ་ནི་སངས་རྒྱས་ཀྱི་འབྱོར་བའི་སྣོད་ཡིན། གང་ཞིག་ལ་ཅི་ཞིག་བྱ། ཞེས་སོ་སོར་རྟོག་ཞེས་གྲོལ་སྡེ་གཉིས་གསུངས། དེ་ནས་ཕྲེང་གཅིག་ན། ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རབ་འབྱོར། དེ་བཞིན་གཤེགས། དེ་ནས་ཕྲེང་ཕྱེད་དང་དྲུག་ན། རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །རབ་འབྱོར། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ཁ་ཅིག་ནི་བདེན་པ་བཞི་ལ་དམིགས་པའི་ཤེས་པ་རྣམ་པ་བཅུ་དྲུག་གིས་བསྡུས་པ་ཡིན་ནོ། །ཞེས་ཟེར་རོ། །གཞན་དག་ནི། དེ་ཡང་ཆོས་ཐམས་ཅད་ངོ་བོ་མེད་པ་དང༌། མ་སྐྱེས་པ་དང༌། མ་འགག་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པའི། རྣམ་པའི་ཡེ་ཤེས་ཀྱིས་བསྡུས་པ་ཡིན་ནོ། །ཞེས་ཟེར་རོ། །གཞན་དག་འདིར་གཉེན་པོའི་ཕྱོགས་ཀྱིས་བསྡུས་པའི་རྣམ་པ་བརྗོད་པར་ནི་འདོད་ཀྱིས། ཡིད་བཞིན་ནོར་བུ་ལྟར་དེ་ལས་སེམས་ཅན་གྱིས་དོན་དུ་གཉེར་བའི་དོན་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ནོ།། ཞེས་ཟེར་རོ། །ཡང་གཞན་དག་ནི་སྤངས་པའི་རྣམ་པ་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར། འདིའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། དེ་ལ་ནི་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། བག་ཆགས་ཀྱི་སྒྲིབ་པ་སྤངས་པའི་རྣམ་པ་གསུམ་ཆར་ཡང་མང་བ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འགྲེལ་བ་འདི་ཐམས་ཅད་ཀྱང་ལེགས་ན། སློབ་དཔོན་བཟང་སྐྱོང་གིས་སྐབས་སུ་བབ་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་ཤེས་བྱ་རྣམ་པ་བཅུས་བསྡུས་པའི་སྙིང་པོ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་བྱ་བ་འདི་ནི་ཤིན་ཏུ་ལེགས་ཏེ་ཡོངས་སུ་གྲུབ་པ་ལ་དམིགས་པའོ། །ཞེས་འཕགས་པ་གྲོལ་སྡེས་ཉི་ཁྲི་སྣང་བ་གསུངས་ཤིང༌། བཙུན་པ་གྲོལ་སྡེས་ཀྱང་འདི་དང་མཐུན་པར་གསུངས་སོ། །མཁྱེན་པ་ཉིད་ཅེས་བྱའོ། །ཉན་ཐོས་ཉོན་མོངས་ མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤངས་ཉིད། །གྲོངས་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང༌། །ཐོགས་པ་མེད་དང་རྟག་གནས་དང༌། །འདྲི་བ་ཀུན་ལན་འདེབས་པར་བཞེད། །རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་འཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ༌། །ལྷ་ཡི་རྒྱལ་པོས་ཆར་བབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །དེ་ལ་དེ་བཞིན་གཤེགས་པའི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། དེ་ནས་ཕྲེང་ལྔ་ལྷག་པ་ན། ཕྱག་ ཞབས་འཁོར་ལོས་མཚན་དང་། དེ་ལ་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ། དེ་ནས་ཕྲེང་གཅིག་ལྷག་ནས། རུ་སྦལ་ཞབས། །ཞབས་ཀྱི་མཐིལ། ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། །ངང་བའི་རྒྱལ་པོ་ལྟར། ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །ཤིང་བལ་གྱི་ཡལ་ལེའུ་ལྟར། འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །ཕྱག་དང་ཞབས་དང༌། སོར་མོ་རིང་དང་། ཕྱག་དང་ཞབས། རྟིང་ཡངས། རྟིང་པ་རིང་བ་དང༌། སྐུ་ཆེ་དྲང་། །སྐུ་ལག་པ་བདུན། ཞབས་འབུར་མི་མངོན། པུས་མོ་ལྷ་ང༌། སྦུ་ནི་གྱེན་དུ་ཕྱོགས། །སྤུ་གྱེན་དུ་གཡས། བྱིན་པ་ཨེ་ན་ཡ་འདྲ། རི་དྭགས་ཨེ་ནྱ། ཕྱག་རིང་མཛེས། །བརླ་དྲང་བོར་བཞག །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང༌། །གླང་པོ་དང་རྟ་ཅང་ཤེས། པགས་པ་གསེར་མདོག །ཤིན་ཏུ་སྦྱངས་པ། པགས་པ་སྲབ་པ་དང༌། །གསེར་དང་དངུལ། སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། །ཤིན་ཏུ་རྣམ་པར་ཕྱེ་བའི། ཞལ་མཛོད་སྤུས་བརྒྱན། མེ་ཏོག་ཀུནྡ་དང༌། ཟླ་བ་དང༌། རོ་སྟོད་སེང་གེ་འདྲ། །རོ་སྟོད་ཆེ། འདི་ཡི་དཔུང་བའི་མགོ་ཟླུམ། མགུར་དང་རྒྱུད། ཐལ་གོང་རྒྱས། །གསེར་གྱི་གཏན་པ། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང༌། །རླུང་དང་མཁྲིས་པ་དང༌། སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །སྐུ་ཆེ་ཞིང་འདོམ་དུ་མཉམ། གཙུག་ཏོར་འབུར་ལྡན། སྤྱི་གཙུག་འབུར་ལྡན། སྤྱི་གཙུག་ཟླུམ། ལྗགས་རིང་མཛེས་པ་དང༌། །མེ་ཏོག་ཨུཏྤལ་དམར་པོའི་འདབ་མའི་ཁ་དོག །ཚངས་དབྱངས། ཚངས་པ། འགྲམ་པ་སེང་གེའི་འདྲ་དང་། འགྲམ་པ་མེ་ལོང༌། ཚེམས། །ཤིན་ཏུ་དཀར་དང་། མེ་ཏོག་ཀུནྡ་དང༌། ཚད་མཉམ། ཚེམས་ལ། ཐགས་བཟང་དང༌། །ཚེམས་ལ་མཚམས་མེད་དོ། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང༌། །བླ་འོག་ཏུ་གྱེ་གུག་མེད། སྤྱན་ནི་མཐོན་འཐིང་། དཀར་ནག་གི་ཆ། སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །རྫི་མ་བླ་འོག་ཤིན་ཏུ་མ་འཛིངས་པས་བའི་རྫི་མ་ལྟ་བུའོ། །འདི་ལ་མཚན་ནི་གང་གང་གི ། སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །བླ་མ་སྐྱེལ་ལ་སོགས་པ་དང༌། །དེ་ལ་བླ་མའི་བསུ་བསྐྱལ་དང༌། ཡང་དག་བླངས་པ་བརྟན་པ་དང༌། །ཡི་དམ་ལ་བརྟན་པས། བསྡུ་བ་བསྟེན་དང་། སྦྱིན་པ་དང༌། གྱ་ནོམ་པའི། །དངོས་པོ་སྦྱིན་དང་། བཟའ་བ་དང༌། བཅའ་བ་དང༌། བསད་བྱ་བ། །ཐར་བར་བྱེད་དང་། བཅིངས་པ་བགྲོལ། དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །དགེ་བའི་ཆོས་ཡང་དག་བླངས་པ་དང༌། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ཅུང་མེད་ན། ཐུབ་པའི་སེན་མོ་ཟངས་མདོག་དང༌། །དེ་ལ་དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། མདོག་སྣུམ། སངས་རྒྱས་བཅོམ་ལྡན་འདས། མཐོ་དང་། སངས་རྒྱས་བཅོམ་ལྡན་འདས་ནི་རིགས་དང༌། སོར་མོ་རྣམས། །ཟླུམ། སངས་རྒྱས་བཅོམ་ལྡན་འདས་རྣམས། རྒྱས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ །བྱིན་གྱིས་ཕྲ་བ་དང༌། །སངས་རྒྱས། རྩ་མི་མངོན་དང་། སངས་རྒྱས་བཅོམ་ལྡན་འདས། མདུད་པ་མེད། །སངས་རྒྱས། ལོང་བུ་མི་མངོན། སངས་རྒྱས། ཞབས་མཉམ་དང༌། །སངས་རྒྱས་བཅོམ་ལྡན་འདས། སེང་གེ། སངས་རྒྱས། གླང་ཆེན། སངས་རྒྱས། བྱ་དང་ནི། །སངས་རྒྱས། ཁྱུ་མཆོག་སྟབས་གཤེགས། སངས་རྒྱས་བཅོམ་ལྡན་འདས། གཡས་ཕྱོགས་དང༌། །སངས་རྒྱས་བཅོམ་ལྡན་འདས། མཛེས་གཤེགས། སངས་རྒྱས་བཅོམ་ལྡན་འདས། དྲང་དང་། སངས་རྒྱས་བཅོམ་ལྡན་འདས། འཁྲིལ་བག་ཆགས། །སངས་རྒྱས་བཅོམ་ལྡན་འདས། བྱི་ དོར་བྱས་འདྲ། སངས་རྒྱས་བཅོམ་ལྡན་འདས། རིམ་པར་འཚམ། །སངས་རྒྱས། གཙང་ དང་། སངས་རྒྱས། འཇམ་དང་། སངས་རྒྱས་བཅོམ་ལྡན་འདས། དག་པའི་སྐུ། །སངས་རྒྱས་བཅོམ་ལྡན་འདས། མཚན་ནི་ཡོངས་སུ་རྫོགས་པ་དང༌། །སངས་རྒྱས་བཅོམ་ལྡན་འདས། སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །སངས་རྒྱས། གོམ་སྙོམས་པ་དང་། སངས་རྒྱས། [གསལ་བཤད། མངོན་རྟོགས་རྒྱན་ལས། སྤྱན་གཉིས་ནི། །དག་དང་། ཞེས་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] གཞོན་ཤ་ཅན་ཉིད་དང༌། །སངས་རྒྱས། སྐུ་ཞུམ་མེད་དང་། སངས་རྒྱས། རྒྱས་པ་དང༌། །སངས་རྒྱས། ཤིན་ཏུ་གྲིམས་པའི་སྐུ་ ཉིད་དང༌། །སངས་རྒྱས། ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། །སངས་རྒྱས། གཟིགས་པ་སྒྲིབ་མེད་དག་པ་དང༌། །སངས་རྒྱས། དཀུ་ཟླུམ། སངས་རྒྱས། སྐབས་ཕྱིན། སངས་ རྒྱས། མ་རྙོངས་དང༌། །སངས་རྒྱས། ཕྱང་ངེ་བ་དང་། སངས་རྒྱས། ལྟེ་བ་ནི། །ཟབ་དང་། སངས་རྒྱས། གཡས་ཕྱོགས་འཁྱིལ་བ་དང༌། །སངས་རྒྱས། ཀུན་ནས་བལྟ་ན་སྡུག་པ་དང༌། །སངས་རྒྱས། ཀུན་སྤྱོད་གཙང་དང་། སངས་རྒྱས། སྐུ་ལ་ནི། །སྨེ་བ་ནག་བག་མེད་པ་དང༌། །སངས་རྒྱས། ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། སངས་རྒྱས། ཕྱག་རིས་མདངས་ཡོད། སངས་རྒྱས། ཟབ། དང༌། སངས་རྒྱས། རིང་དང༌། །སངས་རྒྱས། ཞལ་ནི་ཧ་ཅང་མི་རིང་དང༌། །སངས་རྒྱས། མཆུ་ནི་བིམ་པ་ལྟར་དམར་དང༌། །སངས་རྒྱས། ལྗགས་མཉེན་པ་དང་། སངས་རྒྱས། སྲབ་པ་དང༌། །སངས་རྒྱས། དམར་དང་། སངས་རྒྱས། འབྲུག་གི་སྒྲ་ཉིད་དང༌། །སངས་རྒྱས། གསུང་གཉེན་འཇམ་དང་། སངས་རྒྱས། མཆེ་བ་ཟླུམ། །སངས་རྒྱས། རྣོ་དང་། སངས་རྒྱས། དཀར་དང་། སངས་རྒྱས། མཉམ་པ་དང༌། །སངས་རྒྱས། བྱིན་གྱིས་ཕྲ་དང་། སངས་རྒྱས། ཤངས་མཐོ་དང༌། །སངས་རྒྱས། མཆོག་ཏུ་དག་པ་དག་དང་ནི། །སངས་རྒྱས། སྤྱན་ཡངས་པ་དང་། སངས་རྒྱས། སྤྱན་གཉིས་ནི། དག་དང༌། སངས་རྒྱས། རྫི་མ་སྟུག །སངས་རྒྱས། པད་མའི་འདབ་མ་འདྲ་བ་དང༌། །སངས་རྒྱས། སྨིན་ཚུགས་རིང་དང་། སངས་རྒྱས། འཇམ་པ་དང༌། །སངས་རྒྱས། སྤུ་ནི་མཉམ་པ་དང༌། །སངས་རྒྱས། སྣུམ་དང་། སངས་རྒྱས། ཕྱག་རིང་རྒྱས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆེས་མཆོག་ཏུ་ཡངས་ཤིང༌། དོན་དང་ལྡན་པ་མདའ་བ་སྟེ། སྙན་ལེགས་ཤིང་སྙན་ཤལ་རིང་བ་ཡིན། ཞེས་པ་དོན་སྣང༌། སྙན་མཉམ་དང༌། །སངས་རྒྱས། ཉམས་པ་རྣམ་པར་སྤངས་པ་དང༌། །སངས་རྒྱས། དཔྲལ་བར་ལེགས་པར་འབྱེས་པ་དང༌། །སངས་རྒྱས། དབྱེས་ཆེ་བ་དང་། སངས་རྒྱས། དབུ་རྒྱས་དང༌། །སངས་རྒྱས། དབུ་སྐྲ་བུང་བ་ལྟར་གནག་དང༌། །སངས་རྒྱས། སྟུག་དང་། སངས་རྒྱས། འཇམ་ དང་། མ་འཛིངས་དང༌། །སངས་རྒྱས། མི་བཤོར། སངས་རྒྱས། དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང༌། །སངས་རྒྱས། དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང༌། དགའ་བ་འཁྱིལ་པས་བརྒྱན་པ་ཡིན། དེ་ནས་ཕྲེང་གསུམ་ན། བམ་པོ་བཅུ་བཞི་པ། དེ་ནས་ཕྲེང་བཅུ་ཅུང་མེད་ན། ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །རབ་འབྱོར། གཞན་ཡང༌། དེ་ནས་ཕྲེང་བཞི་ཅུང་མེད་ན། སྟོན་ཏོ། །ཞེས་བྱ་བ་ནི་སྐྱེ་བ་མེད་པའི་ཏིང་ངེ་འཛིན་ནི་བསྒྲུབ་པ་ཨ་ཞེས་བྱ་བའི་ནང་དུ་ཡི་གེ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ནི་གཞན་དག་འདུས་པར་སྒོམས་ཤིག་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བརྒྱད་ལ་ཕྲེང་ཕྱེད་དང་གཉིས་ཆད་པ་ན། གཟུགས་མ་བཅིངས་མ་གྲོལ་བ། ཞེས་བྱ་བ་ནི་དྲི་མ་དང་བཅས་པའི་གནས་སྐབས་ན་ཆོས་ཉིད་ཀྱི་གཟུགས་ཀུན་བཏགས་པས་རང་གཞན་གྱིས་བདེན་པའི་ཕྱིར་མ་བཅིངས་པའོ། །དྲི་མ་མེད་པའི་གནས་སྐབས་ན་ཡང་གློ་བུར་གྱི་རྣམ་པར་བྱང་བ་མེད་པའི་ཕྱིར་མ་གྲོལ་བའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཉིས་ཆད་པ་ན། གཟུགས་མ་ཡིན་ནོ། །ཞེས་བྱ་བ་ནི་མ་བཅིངས་པ། ཉིད་དང་མ་གྲོལ་བ་ཉིད་ཅེས་བྱ་བ་ཡོངས་སུ་གྲུབ་པའི་གནས་སྐབས་ཡིན་ཏེ། དེ་ཀུན་བཏགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཉིས་ཆད་པ་ན། གཟུགས་ནི་ཤིན་ཏུ་རྣམ་པར་དག་པའོ། །ཞེས་བྱ་བ་ནི་རང་བཞིན་གྱིས་ཞེས་བྱ་བར་དགོངས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་ལྔ་ན། དངོས་པོ་མེད་པ་ལ་དངོས་པོ་མེད་པ་མི་གནས་སོ། །ཞེས་བྱ་བ་ནི་མི་རྟེན་པའི་ཕྱིར་ཏེ། དཔེར་ན་ནམ་མཁའ་ལ་ནམ་མཁའ་མི་གནས་པ་ལྟ་བུའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ལྔ་ན། ཆོས་ཉིད་དེ་རྗེས་སུ་རྟོགས་ཏེ། ཞེས་བྱ་བ་ཐམས་ཅད་ཀྱང་ཆོས་ཐམས་ཅད་དང༌། མངོན་པར་རྟོགས་པ་གཅིག་པ་ཉིད་དོ། །ཞེས་བྱ་བ་བསྟན་ཏེ་དབུ་མ་པ་གསུངས། འདི་འདིའོ་ཞེས་བྱ་བ་ནི་ཆོས་འཆད་པའི་ཚེ། དེ་དག་ལས་མི་འདའ་བའོ། །ཞེས་དབུ་མ་པ་གསུངས། མཐའ་ནི་འདའ་བ་མེད་དེ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་སྐུ་སྟེ་འདའ་བ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་ཉིད་འདའ་བ་མེད་དོ། །རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱི་ཡང་དག་པའི་མཐའ་འདའ་བ་མེད་དོ། །ཞེས་བྱ་བར་བྱེ་བྲག་ཏུ་ཕྱེ་སྟེ་གཟུང་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། བམ་པོ་བཅོ་ལྔ་པ། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། མ་མཆིས་ན། ཞེས་བྱ་བ་ལ་སོགས་པ་འདི་སྐད་དུ་གཟུགས་དང༌། ཚོར་བ་ལ་སོགས་པ་ནི་རྣམ་པར་འགྱུར་བའི་ངོ་བོ་ཉིད་ཡིན་པས་འདའ་བར་སྣང་ན། འདི་ལྟར་གཟུགས་ལ་སོགས་པ་ལ་ནི་འདའ་བ་ཡོད་ཀྱི་ཆོས་ཀྱི་དབྱིངས་ལ་སོགས་པ་ལ་མེད་པ་དེའི་ཚེ་གཟུགས་ལ་སོགས་པ་དང་ཆོས་ཀྱི་དབྱིངས་ལ་སོགས་པ་ཐ་དད་པ་ཡོད་དམ་ཞེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་ལྔ་ཅུང་མེད་ན། རབ་འབྱོར། དེ་ནི་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་རྣམས་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་གསུམ་ཐ་དད་པ་མེད་པར་བསྟན་ཏོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། དོན་དམ་པའི་གཟུགས་ལ་སོགས་པ་ལ་ནི་འདའ་བ་མེད་དོ། །སྙམ་དུ་དགོངས་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་ལྔ་ལ་ཕྲེང་ཕྱེད་དང་གསུམ་ཙམ་ཆད་པ་ན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཞེས་བྱ་བ་ལ་སོགས་པས་འདི་སྐད་ཞུས་ཏེ་གལ་ཏེ་གཟུགས་དང་ཚོར་བ་ལ་སོགས་པ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་ལ་ཐ་དད་པ་མེད་ན་འོ་ན་ནི་ཆོས་ཀྱི་དབྱིངས་ལ་སོགས་པ་བཞིན་དུ་ཆོས་ཐམས་ཅད་འདུས་མ་བྱས་པ་ཡིན་པའི་ཕྱིར་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་འགོད་པ་མེད་པར་འགྱུར་རོ། །ཞེས་ཞུས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ལྔ་དང་ཕྲེང་གཅིག་ལྷག་ན། རབ་འབྱོར། ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ཏེ། ཞེས་བྱ་བ་ལ་སོགས་པས་འདི་སྐད་དུ་ཆོས་ཐམས་ཅད་འདུས་མ་བྱས་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང༌། འོན་ཀྱང་བྱིས་པ་ཀུན་བཏགས་པ་སྤྱོད་ཡུལ་དུ་བྱེད་རྣམས་ལ་དགེ་བ་དང་མི་དགེ་བ་ཀུན་བཏགས་པ་རྣམས་ཡོད་དེ། དེའི་དབང་གིས་རྣམ་པར་སྨིན་པ་དཀར་པོ་དང་ནག་པོ་ཡང་ཡོད་དོ། །དེའི་དབང་གིས་བཅོམ་ལྡན་འདས་ཀྱི་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་དེ་དག་བཤད་ཀྱི། དོན་དམ་པར་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་ལས་དང་རྣམ་པར་སྨིན་པར་དགོད་པ་བསྟན་པར་མི་ནུས་སོ༌། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དོན་དམ་གྱི། ཆོས། དེ་བཞིན་ཉིད། དེ་ནི། ཡོངས་སུ་གྲུབ་པ་ཡིན་པའི་ཕྱིར། རྣམ་པར་བརྟག་ཏུ་མེད་པ། དེ་ནས་ཕྲེང་གཅིག་ཙམ་ན། རྣམ་པར་བྱང་བ་མེད་པ་སྟེ། ཞེས་བྱ་བ་ནི་གཟུགས་མེད་པའི་ཆོས་རྣམས་དང་གཟུགས་ཀྱི་ཆོས་རྣམས་བཟུང་ངོ༌། །མིང་ཞེས་བྱ་བ་དང་གཟུགས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ལོ། །དོན་དམ་པ་ནི་དེ་བཞིན་ཉིད་དོ།། དེ་ནི་རྣམ་པར་མི་རྟོག་པ་སྟེ་ཡོངས་སུ་གྲུབ་པ་ཡིན་པའི་ཕྱིར་རོ། །བསྙད་དུ་མེད་པ་ནི་བརྗོད་དུ་མེད་པའི་ཕྱིར་རོ། །སྐྱེ་བ་མེད་པ་ནི་འདུས་མ་བྱས་པའི་ཕྱིར་རོ། །འགག་པ་མེད་པ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པ་ནི་རང་བཞིན་གྱིས་བདེན་པའི་ཕྱིར་རོ། །རྣམ་པར་བྱང་བ་མེད་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ལོགས་གཅིག་ན། འབྲས་བུ་འཐོབ་པར་བགྱི་བ་མཆིས་སམ། ཞེས་པ་ནི་ཅི་ལམ་བསྒོམས་པའི་རྒྱུས་འབྲས་བུ་འབྱུང་བར་འགྱུར་རམ། འབྲས་བུ་ཐོབ་པར་འགྱུར་རམ། ཞེས་དེ་སྐད་ཞུས་པ་སྟེ། དེ་ལྟར་ན་གྱུར་ན་དེ་ཡང་དོན་དམ་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའོ། །འབྲས་བུ་འཐོབ་པར་བྱ་བ་མེད་དོ། །ཞེས་བྱ་བ་ནི་ལམ་དང་འབྲས་བུ་གཉིས་ཀ་ཡང་ཀུན་བཏགས་པ་ཡིན་པས་དགག་པ་བཀའ་སྩལ་ཏོ།། ཞེས་པ་གསུམ་དབུ་མ་པ་གསུངས། བྱ་བ་ཡང་མེད་དོ། །ཞེས་བྱ་བས་ནི་ཀུན་བཏགས་པ་ཡིན་དུ་ཟིན་ཀྱང་ངེས་པར་བསྟན་པའོ། །དེ་ནས་ཕྲེང་གཉིས་ལྷག་པ་ན། དགོད་པ་མ་མཆིས་ན། ཞེས་བྱ་བ་ལ་སོགས་པས་གནས་བརྟན་གྱིས་འདི་སྐད་ཞུས་ཏེ། ཅིའི་ཕྱིར་ཡོད་པ་དང༌། ལམ་དང་འབྲས་བུ་དག་རིས་སུ་གཅོད། དེ་རྣམ་པར་དགོད་པ་མཛད་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ལྔ་ན། ཞུགས་པའི་འབྲས་བུའམ། ཞེས་བྱ་བ་ལ་སོགས་པས་འདི་སྐད་དུ། དོན་དམ་པར་ཡོངས་སུ་ཤེས་པས་རབ་ཏུ་རྟོག་པའི་རིམ་པས་དེ་དག་ནི་བདེན་པ་མ་ཡིན་པ་ཁོ་ན་སྟེ་འདི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དེ་དག་འདུས་མ་བྱས་པ་སྟེ། དེ་དག་ལ་རིམ་པར་དབྱེ་བ་ཉིད་མེད་དོ། །དེ་བས་ན་དེ་དག་ཐམས་ཅད་སྟོང་པ་ཉིད་དུ་རབ་ཏུ་རྟོགས་པ་ན་ཚར་གཅད་པ་མེད་དོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང༌། ཕྲེང་གཅིག་ལྷག་པ་ན། ལེའུ་དྲུག་ཅུ་གསུམ་མོ།། །།

༈ བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་བཅུ་གཅིག་དང་ཕྲེང་ཕྱེད་དང་དགུ་ཙམ་ན། དེ་ཆོས་ཀྱི་དབྱིངས་རྣམ་པར་དཀྲུགས་པར་མི་འགྱུར་རམ། ཞེས་བྱ་བ་ནི་མཚན་ཉིད་མེད་པ་རྣམས་ལ་མཚན་ཉིད་དུ་རྟོགས་ན་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་རྣམས་ལ་སོ་སོར་ཐ་དད་དུ་འཛིན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དཀྲུགས་པར་ཡང་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། དེ་ལྟར་རྟོག་ཏུ་ཟིན་ཀྱང་ཕྱིས་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་ཐ་དད་པ་མེད་པར་རབ་ཏུ་རྟོགས་ཏེ་དེ་བས་ན་དཀྲུགས་པར་མི་འགྱུར་རོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ལྔ་ན། འདི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་ཆོས་ཀྱི་དབྱིངས་སོ། །དེ་ནས་ཕྲེང་ལྔ་ཅུང་མེད་ན། ཇི་ལྟར་གཟུགས་ལ་བསླབ་པར་བགྱི། ཞེས་བྱ་བ་ནི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཙམ་དུ་ཟད་ན། གཟུགས་ལ་སོགས་པའི་ཆོས་རྣམས་ཤིན་ཏུ་མེད་པའི་ཕྱིར། དེ་ལ་སློབ་ན་ཕྱིན་ཅི་ལོག་དང་མཚུངས་པར་འགྱུར་རོ། །ཞེས་ཞུས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་དགུ་ཙམ་ན། བམ་པོ་བཅུ་བདུན་པ། ཀུན་བཏགས་ཀྱི་གཟུགས་ཀྱང་ཆོས་ཀྱི་དབྱིངས། ཆོས་ཉིད་ཀྱི་གཟུགས་ལས་ཡོངས་གྲུབ་ཀྱི་གཟུགས་ཉིད། ཆོས་ཀྱི་དབྱིངས་ཉིད་ཀྱང་ཡོངས་གྲུབ་ཀྱི། གཟུགས་སོ། །དེ་བཞིན་དུ་སྦྱར་ཏེ། ཚོར་བ་ཡང༌། དེ་ནས་ཤོག་གུ་བདུན་དང་ཕྲེང་བཅུ་གཅིག་ན། ཡོངས་གྲུབ་ཀྱི་གཟུགས་ཉིད་ཀྱང་ཆོས་ཉིད་ཀྱི་དབྱིངས་སོ། །དེ་བཞིན་དུ་སྦྱར་ཏེ། ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །དེ་ནས་ཤོག་གུ་ཕྱེད་དང་བཞི་ན། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་སུ་ཤེས་རབ་ཀྱི་གཞན་དུ་མ་དམིགས་ནས། ཐབས་མཁས་པས་གཞན་ལ་ཆོས་དབྱིངས་བསྟན་པའི་ཕྱིར་ཆོས་ཐམས་ཅད། དེ་ནས་ཤོག་གུ་གཉིས་ལ་ཕྲེང་ཕྱེད་ཆད་པ་ན། སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་། རབ་འབྱོར། འདི་ལྟ་སྟེ། དཔེར་ན། དེ་ནས་ཤོག་གུ་ཕྱེད་དང་བཞི་དང་ཕྲེང་གཅིག་ལྷག་པ་ན། ཕ་རོལ་ཕྱིན་དྲུག་དང༌། །བདག་ཀྱང་སྦྱིན་པ་གཏོང་བ་ཡིན། དེ་ནས་ཕྲེང་དྲུག་ཙམ་ན། སངས་རྒྱས་ལམ་དང་། བདག་ཀྱང་དགེ་བ་བཅུའི། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཞི་ན། རང་བཞིན་གྱིས། །སྟོང་པ་ཉིད་དང་། རབ་འབྱོར། གལ་ཏེ་ཆོས་ཀྱི་དབྱིངས། བར་དུ་ཡང་དེ་བཞིན་མ་ཡིན་དུ་ཟིན་ན་ནི། ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏེ། འདི་ལ་ཆོས་སྔོན་བྱིས་པ་སོ་སོའི་སྐྱེ་བོའི་དུས་ན་ནི་མ་དག་པ་ཡིན། བར་དུ་བྱང་ཆུབ་སེམས་དཔའི་དུས་ན་ནི་དག་པ་དང་མ་དག་པ་ཡིན། ཕྱིས་ཐ་མར་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། དེ་ལ་དེ་ཙམ་དུ་ཟད་ཀྱི་དེས་དེ་ལ་བྱེ་བྲག་ཡོད་པར་ཤེས་པར་མི་བྱ་སྟེ། ངོ་བོ་ཉིད་ཀྱིས་དུས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པ་ཉིད་དོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་བཞི་ཅུང་མེད་ན། སྟོང་ཕྲག་བརྒྱ་པ་ལས། མཉམ་ཉིད་དུ་བསྟན་པའི་ལེའུ་སྟེ་དྲུག་ཅུ་བཞིའོ།། །།

༈ བམ་པོ་བཅོ་བརྒྱད་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཡང་དག་པའི་མཐའ་ཚད་མར་བྱས་ཤིང༌། ཞེས་བྱ་བས་ནི་འདི་སྐད་དུ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཀྱི་ཡང་དག་པའི་མཐའི་དོན་དུ་སྤྱོད་དེ། འདི་ལྟར་མེད་པ་ཉིད་ཀྱིས་སེམས་ཅན་མེད་པ་ཡོངས་སུ་བཏང་བས་ཡང་དག་པའི་ངོ་བོ་ཉིད་ལས་རབ་ཏུ་འགོད་དེ་སེམས་ཅན་གྱི་མཐའ་ཉིད་ཡང་དག་པའི་མཐར་བྱེད་དོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་བཞི་ན། སེམས་ཅན་གྱི་མཐའ་ཡས་གཞན་མ་ལགས་ན། ཞེས་བྱ་བ་འདིས་ནི་འདི་སྐད་དུ་གལ་ཏེ་ཡང་དག་པའི་མཐའ་མ་གཏོགས་པར་སེམས་ཅན་གྱི་མཐའ་ཞེས་བྱ་བ་མེད་ན། དེ་ལྟར་ན་སེམས་ཅན་རྣམས་དང་ཡང་དག་པའི་མཐའ་གཅིག་པའི་ཕྱིར་གང་འདི་སྐད་དུ་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་དོ། །ཞེས་བྱ་བ་དེ་མི་རིགས་ཏེ། དེ་ཉིད་དེ་ལ་འགོད་ན་ནི། ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའ་རབ་ཏུ་འཇོག་གོ །ཞེས་པར་འགྱུར་ཏེ། དེ་ཡང་མི་རིགས་སོ་ཞེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་བཞི་ན། འཁྲུག་པར་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ངོ་བོ་ཉིད་ན་ངོ་བོ་ཉིད་ལ་རབ་ཏུ་མི་འཇོག་གོ །ཀུན་བཏགས་པའི་སེམས་ཅན་གྱི་མཐའ་ཀུན་བཏགས་པའི་སེམས་ཅན་གྱི་དངོས་པོ་བསལ་ནས། ཤིན་ཏུ་ཡོངས་སུ་དག་པ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ལ་ཐབས་མཁས་པས་དགོངས་པ་ལ། ཡང་དག་པའི་མཐའ་ལས་རབ་ཏུ་འགོད། ཅེས་བྱ་སྟེ། དེ་བས་ན་སེམས་ཅན་གྱི་མཐའ་ནི་མི་ཐ་དད་ཅིང་གཅིག་སྟེ་གཉིས་སུ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་དགུ་དང་ཕྲེང་བརྒྱད་ལྷག་པ་ན། ཆོས་མ་ལགས་པ་ཡང་མི་དམིགས་ཅིག །ཞེས་བྱ་བ་ལ་སོགས་པས་འདི་སྐད་དུ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་ན་ནི། སེམས་ཅན་དང་ཆོས་དང༌། ལམ་རྣམས་མེད་པར་ཇི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱས་ནས་ལམ་གྱི་རྣམ་པར་ཤེས་པ་ཉིད་བསྒོམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་བྱེད་ཅེས་ཞུས་པའོ།། ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གཉིས་ལྷག་ཙམ་ན། སྟོང་པ་ཞིག་མ་ཡིན་ན་ནི། ཞེས་བྱ་བ་ལ་སོགས་པས་འདི་སྐད་དུ་གལ་ཏེ་ཆོས་སམ། ལམ་དག་སོ་སོ་ནས་ཡོད་དེ་འགའ་ཞིག་དམིགས་པར་གྱུར་ན། དེ་ལྟར་ན་ནི་དེ་བཞིན་དུ་སེམས་ཅན་དང་སྲོག་ལ་སོགས་པ་ཡང་མེད་པར་འགྱུར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་གནས་པས་སངས་རྒྱས་སུ་ཡང་མི་འགྱུར་ལ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པར་འགྱུར་བ་ཞིག་ན། གང་གི་ཕྱིར་རང་བཞིན་སྟོང་པ་ཉིད་ལ་ནི་ཆོས་སམ། ལམ་དག་མེད་པ་དེའི་ཕྱིར་སྟོང་པ་ཉིད་དེ་གྲུབ་པར་འགྱུར་རོ། །དེ་བས་ན་སྟོང་པ་ཉིད་དེ་ལ་གནས་ནས་སངས་རྒྱས་སུ་ཡང་འགྱུར་ལ། སྟོང་པ་ཉིད་ཀྱི་ཆོས་བཤད་པར་ཡང་འགྱུར་ཏེ། དེ་བས་ན་རང་བཞིན་སྟོང་པ་ཉིད་ཀྱི་དབང་ཁོ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པ་འགྲུབ་བོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་གཅིག་ལྷག་པ་ན། དེ་སྐད་བཀའ་སྩལ་ནས་ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ཉེ་ཚེ་སྟོང་པར་མ་ཟད་ཀྱི་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅུ་དྲུག་པོ་དག་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པར། རབ་འབྱོར། གལ་ཏེ་ནང་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་མ་ཡིན་ནི། ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གལ་ཏེ་ནང་སྟོང་པ་ཉིད་ལ་སོགས་པས་ཡང་རང་བཞིན་གྱིས་སྟོང་པ་ཡིན་དུ་ཟིན་ན། ཆོས་ཐམས་ཅད་ཀྱིས་སྟོང་པ་ཉིད་དུ་བཤད་པ་མ་འགྲུབ་བོ། །ཞེས་པ་གཉིས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ཅུང་མེད་ན། སྟོང་པ་ཉིད་ཀྱང་བཤིག་པར་འགྱུར་ན། ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པ་རང་བཞིན་གྱིས་སྟོང་པ་མ་ཡིན་དུ་ཟིན་ན་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དོ་ཞེས་བྱ་བ་ཉམས་པར་འགྱུར་ཏེ་ཞིག་པར་འགྱུར། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། འདུས་མ་བྱས་ནམ་མཁའ་ལྟ་བུའི། རྟག་པ་ཐེར་ཟུག་མ་ཡིན་ཏེ་ཕྱིས། དེ་ནས་ཤོག་གུ་བཞི་ནས། གཉིས་ཟད་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། དེ་ནས་ཤོག་ལོགས་གཅིག་ཙམ་ན། ཕྱིན་ཅི་ལོག་མ་ཡིན་པའོ། །ཞེས་བྱ་བ་ནི་གནས་དེ་ཉིད་སྔོན་ཀུན་བཏགས་པའི་གནས་སྐབས་ན་ནི་ཕྱིན་ཅི་ལོག་པའོ། །ཡོངས་སུ་དག་པའི་གནས་སྐབས་ན་ནི་ཕྱིན་ཅི་མ་ལོག་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཅིག་ལྷག་པ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་དོ། །འདིར་ཡར་བཅད་ཀྱི་བ་པ་སྟེ། པོ་ཏི་བཅོ་ལྔ་པ་རྫོགས་སོ།། །།


previousབ༽ སྟོང་ཕྲག་བརྒྱ་པ། གླེགས་བམ་བཅོ་ལྔ་པ། བམ་པོ་དང་པོ། next