Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་ཐ་མ། བམ་པོ་དང་པོ།


 
previousམ༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་ཐ་མ། བམ་པོ་དང་པོ། no next

མ༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་ཐ་མ། བམ་པོ་དང་པོ།

དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཅིག་ཙམ་ཆད་པ་ན། རྣམ་པ་གང་ཡིན་པ་དེ་ལྟ་བུ་མ་ཡིན་ཏེ། ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཀུན་བཏགས་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་སྟེ། རང་བཞིན་སྟོང་པ་ཉིད་དེ་ཡང་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ལྔ་ལ་ཕྲེང་གཅིག་ཆད་པ་ན། རང་བཞིན་སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་བྱ་བ་གསོལ་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྤྱོད་པ་ན། གཟུགས་ལ་སོགས་པ་དེ་དག་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཞེས་བྱ་བ་མེད་ཀྱི་གཟུགས་ལ་སོགས་པ་དེ་དག་ཉིད་སྟོང་པ་ཉིད་དུ་མཐོང་བ་སྟེ། ངོ་མཚར་ཏོ། །ཞེས་བྱ་བའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་ཕྱེད་དང་དྲུག་ཙམ་ན། བམ་པོ་གཉིས་པ། དེ་ནས་ཤོག་གུ་ཕྱེད་དང་ཉི་ཤུ་ལྷག་པ་ན། བམ་པོ་གསུམ་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། འཁྲུག་པར་མི་བྱེད། ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཕྱིར་རོ། །ཞེས་དང༌། གཟུགས་རྣམ་པར་འཁྲུག་པར་མི་བྱེད་དོ། །ཞེས་བྱ་བ་ནི་གཉིས་ཀྱི་འདུ་ཤེས་ཀྱིས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བདུན་ལ་ཕྲེང་ཕྱེད་དང་གཉིས་ཙམ་ཆད་པ་ན། འཁྲུག་པ་དེ་ལྟ་བུའི་རང་བཞིན་མེད་དོ་ཞེས་བྱ་བ་ནི་དངོས་པོའི་བདག་ཉིད་ཀྱི་ངོ་བོ་ཉིད་མེད་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ལྔ་ཅུང་མེད་ན། གཟུགས་ལ་མི་སྤྱོད་དོ། །ཞེས་བྱ་བ་ནི་བྱང་ཆུབ་ལ་གཉིས་སུ་བྱས་ནས། གཟུགས་ལ་མི་སྤྱོད་དེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་སྤྱོད་ཅེས་བྱ་བར་བྱང་ཆུབ་སེམས་དཔའ་དང༌། བྱང་ཆུབ་ཀྱང་གཉིས་སུ་བྱས་ནས། གཟུགས་ལ་མི་སྤྱོད་དོ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ལྔ་ན། བྱང་ཆུབ་ནི་འཛིན་པ་སྟེ་མཚན་མ་ལ་མི་སྤྱོད་དོ། །དེ་ནས་ཤོག་གུ་གསུམ་དང་ཕྲེང་གཉིས་ཙམ་ན། གཟུགས་ཀྱི་རང་བཞིན་ལ་གནས། ཞེས་བྱ་བ་ནི་གཟུགས་ཀྱི་སྟོང་པ་ཉིད་ལ་གནས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བདུན་དང་ཕྲེང་གཉིས་ཙམ་ན། །སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་ལྔ་པའོ།། །།

༈ བམ་པོ་བཞི་པ། དམིགས་པ་མེད་པ་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་བཞི་ཅུང་མེད་ན། བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་བགྱིད་པ་ལགས་ཞེས་བྱ་བ་ནི་གལ་ཏེ་བྱང་ཆུབ་ཀྱི་ལམ་ཐམས་ཅད་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་དྲུག་ན། མངོན་པར་འགྲུབ་པར་འགྱུར། ཞེས་བྱ་བ་ནི་དེ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གསུམ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་བཅུ་གཅིག་དང་ཕྲེང་ཕྱེད་དང་གཉིས་ཙམ་ན། ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །གསོལ་པ། བཅོམ་ལྡན་འདས། ཐབས་མཁས་པ་གང་གིས། དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ཙམ་ན། མེད་པར་འགྱུར་ཞེས་བྱ་བ་ནི་མངོན། དེ་དག་ཐམས་ཅད་ཡོད་པར་གཟུང་ལ་ཕྱིས་མེད་པར་གཟུང་ན་ནི། ཉེས་པར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་བཞིན་གཤེགས། དེ་ནས་ཤོག་གུ་གསུམ་དང་ཕྲེང་དྲུག་ན། བམ་པོ་དྲུག་པ། བྱང་ཆུབ་སེམས་དཔའི་ལམ་དང་ནི། །དེ་ནས་ཚེ་དང་ལྡན། དེ་ནས་ཕྲེང་གཉིས་ཅུང་མེད་ན། བྱང་ཆུབ་ཀྱི་ལམ་གང་ལགས། ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བས་བསྡུས་པའི་ལམ་ཞུས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅོ་ལྔ་ལྷག་ཙམ་ན། བམ་པོ་བདུན་པ། དེ་ནས་ཤོག་གུ་བཅུ་བཞི་ལ་ཕྲེང་གཉིས་ཙམ་ཆད་པ་ན། བམ་པོ་བརྒྱད་པ། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་དགུ་ཙམ་ན། བམ་པོ་དགུ་པ། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་བཅུ་གཅིག་ཙམ་ན། བམ་པོ་བཅུ་པ། དེ་ནས་ཤོག་གུ་ཕྱེད་དང་བདུན་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་དྲུག་གོ། །།

༈ དེ་ནས་ཤོག་གུ་གསུམ་ལ་ཕྲེང་ཅིག་ཆད་པ་ན། མངོན་པར་ཞེན་པ་བཟློག་པ་དང༌། །རབ་འབྱོར། དེ་ལ་བྱང་ཆུབ། དེ་ནས་ཤོག་གུ་ལྔ་ལྷག་པ་ན། དུམ་བུ་ཐ་མ། བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ལྔ་ལྷག་པ་ན། བྱང་ཆུབ་ཀྱི་ལམ་ཇི་ལྟར་བསྒྲུབ་པར་བགྱི། ཞེས་བྱ་བ་ནི་མ་སྐྱེས་པ་རྣམས་བསྐྱེད་པར་བྱ་ཞེས་བྱ་བའི་ཚིག་མི་རིགས་སོ། །སྙམ་དུ་དགོངས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན། མ་སྐྱེས་པའོ། །ཞེས་བྱ་བ་ནི་གང་དག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་ནས་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་ལ་སོགས་པ་ཅི་ཡང་མངོན་པར་འདུ་མི་བྱེད་པ་དེ་དག་ཉིད་ལ་ནི་མ་སྐྱེས་པའོ། །བྱིས་པ་སོ་སོའི་སྐྱེ་བོ་གང་དག་ཡོངས་སུ་མི་ཤེས་པས་མངོན་པར་འདུ་བྱེད་པ་དེ་དག་ལ་ནི་ཆོས་ཐམས་ཅད་སྐྱེས་པ་ཉིད་དོ། །ཞེས་གསུངས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཞེས་བྱ་བ་ལ་སོགས་པས་གནས་བརྟན་གྱིས་འདི་སྐད་ཞུས་ཏེ། ཆོས་ཉིད་ནི་དུས་ཐམས་ཅད་དུ། ཐམས་ཅད་དུ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཡིན་ན། དེ་བྱིས་པ་རྣམས་ལ་ནི་སྐྱེ་བའི་ཆོས་ཅན་དུ་འགྱུར་ལ། མཁས་པ་རྣམས་ལ་ནི་མི་འགྱུར་བ་དེ་ཇི་ལྟར་རིགས་པར་འགྱུར་ཞེས་བྱ་བའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏེ་ཆོས་ཉིད་ལ་ནམ་ཡང་ཕྱིན་ཅི་ལོག་ཡོད་པ་མ་ཡིན་གྱི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡོངས་སུ་མི་ཤེས་པའི་ཉེས་པ་ཀུན་བཏགས་པའི་ཆོས་རྣམས་སྐྱེ་བར་འགྱུར་རོ། །ཞེས་ཀུན་བཏགས་པ་རྣམས་ཀྱིས་སྐྱེ་བ་ཀུན་བཏགས་པ་ཁོ་ན་ལ་དགོངས་ཏེ། བཤད་ཀྱི་ཆོས་ཉིད་ལ་དགོངས་པ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། བྱང་ཆུབ་ཐོབ་དང་། གསོལ་པ། དེ་ནས་ཕྲེང་ལྔ་ཅུང་མེད་ན། ལམ་ཉིད་ཀྱང་བྱང་ཆུབ་བོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། གཉིས་ཀ་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར། བྱང་ཆུབ་དང་ལམ་དག་ལ་ཐ་དད་པ་གང་ཡང་མེད་མོད་ཀྱི། འོན་ཀྱང་སྔོན་གྱི་གནས་སྐབས་ནི་རྒྱུ་ཡིན་པའི་ཕྱིར། ལམ་ཞེས་བྱ་ཕྱི་མའི་གནས་སྐབས་ལ་བྱང་ཆུབ་ཅེས་བྱའོ། །དོན་དམ་པར་ནི་དེ་གཉིས་ཀ་འཐད་པ་མ་ཡིན་པའི་ཕྱིར། ལམ་གྱིས་བྱང་ཆུབ་འཐོབ་པར་འགྱུར་རོ། །ཞེའམ། ལམ་མ་ཡིན་པས་འཐོབ་པར་འགྱུར་རོ། །ཞེས་བརྗོད་དུ་མི་རུང་བར་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིགས་གཉེན་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ན། སངས་རྒྱས་ཞིང༌། །རྣམ་པར་དག་དང་། རབ་འབྱོར་གྱིས་གསོལ་པ། དེ་ནས་ཤོག་གུ་བདུན་ལྷག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་བདུན་ནོ།། །།

༈ ངེས་པ་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཅིག་ཆད་པ་ན། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བར་འགྱུར་བ་ཞེས་བྱ་བ་ནི་ས་བརྒྱད་པ་ཡན་ཆད་ནི། དེའི་ལས་ཐམས་ཅད་འཕགས་པ་ཟག་པ་མེད་པ་ཡིན་ནོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་ལྷག་པ་ན། སེམས་ཅན་དོན་ནི་ཚད་མེད་དང༌། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ། དེ་ནས་ཤོག་གུ་གཅིག་ཅུང་མེད་ན། སངས་རྒྱས་བསྟེན་སོགས་ཡོན་ཏན་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་གཅིག་ན། བམ་པོ་བཅུ་གཉིས་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་བདུན་ལྷག་པ་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་བདུན་དང་ཕྲེང་གསུམ་ན། བྱང་ཆུབ་ཡན་ལག །རབ་འབྱོར་གྱིས་གསོལ་པ། དེ་ནས་ཤོག་གུ་དགུ་ཅུང་མེད་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་བརྒྱད་དོ།། །།

༈ དེ་ནས་ཕྲེང་བརྒྱ་ན། ལས་རྣམས་ནི། །ཆུད་མི་ཟ་དང་། རབ་འབྱོར་གྱིས་གསོལ་པ། དེ་ནས་ཕྲེང་དྲུག་ན། ངན་པར་སྤྱད་པ་ནི་འདིར། བསོད་ནམས་མ་ཡིན་པའི་ལས་ཏེ། དེའམ་ལེགས་པར་སྤྱད་པ་ནི་འདིར་བསོད་ནམས་ཀྱི་ལས་ཏེ་དེའམ་ལེགས་པར་སྤྱད་པའི་ལས་ཀྱིས་འདོད་པའི་ཁམས་ཀྱི་ལྷ་དང་མིར་སྐྱེའོ། །ཉམས་པ་མེད་པ་སྟེ་མི་གཡོ་བའི་ལས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་གཉིས་ན། བམ་པོ་བཅུ་བཞི་པ། བདེན་མཐོང་དང༌། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཕྲེང་ཕྱེད་དང་བདུན་ན། མྱ་ངན་ལས་འདའ་བར་འགྱུར་ཞེས་བྱ་བ་ནི་གལ་ཏེ་སྡུག་བསྔལ་དང༌། ཀུན་འབྱུང་ལ་སོགས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ན་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏེ། དེ་དག་ལ་ཡང་སྡུག་བསྔལ་དང༌། ཀུན་འབྱུང་ལ་སོགས་པ་ཡོད་པའི་ཕྱིར་རོ། །ཅི་སྟེ་སྡུག་བསྔལ་ཤེས་པ་དང་ཀུན་འབྱུང་བ་ཤེས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན་ནི། དེ་ལྟ་ན་ཉན་ཐོས་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པར་འགྱུར་རོ། །སྙམ་དུ་དགོངས་ནས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གཉིས་ལྷག་པ་ན། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་པ་གཉིས་ཀ་ལྟར་ཡང་མྱ་ངན་ལས་འདའ་བར་མི་འགྱུར་གྱི། དེ་བཞིན་ཉིད་ཅེས་བྱ་བ་མཉམ་པ་ཉིད་དུ་རབ་ཏུ་རྟོགས་པས་མྱ་ངན་ལས་འདའ་བར་འགྱུར་བར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཕྲེང་གཉིས་ན། བདེན་པར་རྟོགས་པ། ནང་གི་ཕུང་པོ་ལྔའམ། བདེན་པར་མ་རྟོགས་པ། ཕྱི་རོལ་ཀྱི་ཕུང་པོའི་ཆོས་ཐམས་ཅད། དེ་ནས་ཕྲེང་གཅིག་ལྷག་པ་ན། སྤྱི་བོར་ལྟུང་བར་མི་འགྱུར་ཏེ་ཞེས་བྱ་བ་ནི། དེ་ལ་ཆོས་ལ་འདུན་པའི་སྤང་བ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ལྷག་ན་སེམས་མི་སྐྱེད་དོ། །ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་ཡོངས་སུ་འདྲིས་པའི་ཤེས་པས་འབའ་ཞིག་ཏུ་བྱེད་ཀྱི་ཉན་ཐོས་ཀྱི་སར་ལྟུང་དུ་དོགས་པའི་ཕྱིར་སེམས་བཅུ་དྲུག་པོ་དག་གིས་དེ་མངོན་སུམ་དུ་བྱས་ནས། མཐོང་བར་ནི་མི་བྱེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཞི་ཙམ་ན། དངོས་པོ་མེད་པ་ནི་བྱང་ཆུབ་སྟེ་ཞེས་བྱ་བ་ལ་དངོས་པོ་ནི་འདུས་བྱས་དང་འདུས་མ་བྱས་པ་དང༌། བརྟགས་པ་དང༌། མ་བརྟགས་པའི་ཆོས་རྣམས་ཏེ། དེའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་དོན་དམ་པ་བརྗོད་དུ་མེད་པར་གནས་པའི་བྱང་ཆུབ་ལ་དངོས་པོ་མེད་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གསུམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་དགུའོ།། །།

༈ ཕྱིན་ཅི་ལོག་ནི་སྤངས་པ་དང༌། །དེ་ནས་ཚེ་དང་ལྡན། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ལྷག་ན། དངོས་པོ་མེད་པ་ཉིད་དོ། །ཞེས་བྱ་བ་ནི་ཀུན་བཏགས་པ་ཡིན་པས་དེ་ནི་དངོས་པོ་མེད་པའི་བདག་ཉིད་ཁོ་ནའོ། །ཞེས་བྱ་བའི་ཐ་ཚིག་གོ ། ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཅུ་གཉིས་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་དངོས་པོ་མ་མཆིས་པའོ། །ཞེས་བྱ་བ་ལ་སོགས་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཐོབ་པ་ཞེས་བྱ་བ་གང་ཡང་མེད་དོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་ལོགས་གཅིག་ཙམ་ན། དེ་གཞི་མེད་པའི་ཚུལ་དང་ནི། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཤོག་གུ་ཕྱེད་དང་དྲུག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བདུན་ཅུའོ།། །།

༈ རྣམ་པར་བྱང་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཕྲེང་བརྒྱད་ན། ཚོགས་དང་ནི། །གསོལ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་གསུམ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་དྲུག་དང་ཕྲེང་ཅིག་ན། འབྲས་བུ་ཐོབ་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་ཐམས་ཅད་ནི་གནས་རྣམ་པར་དག་པར་བྱེད་པ་ཡིན་པའི་ཕྱིར་གནས་ཡོངས་སུ་དག་པར་བྱེད་པ་ན་ལམ་གྱི་རྒྱུར་འགྱུར་གྱི་གང་སྐྱེ་བ་མེད་པ་དང་འགག་པ་མེད་པའི་བདག་ཉིད་ཅན། དངོས་པོ་མེད་པའི་འབྲས་བུ་དེ་ནི་དེ་དག་དང་ཕྲད་པ་མེད་དོ། །དེ་ནི་ངོ་བོ་ཉིད་ནི་བཅོམ་ལྡན་འདས་མ་ཡིན་པའི་གནས་པའི་མཚན་ཉིད་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ལྔ་དང་ཕྲེང་བཅུ་ཅུང་མེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཟུང་དུ་མེད་དོ། །ཞེས་བྱ་བ་ནི་དངོས་པོའི་ཚུལ་དུའམ། དངོས་པོ་མེད་པའི་ཚུལ་དུ་གཟུང་དུ་མི་རུང་བའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་གསུམ་ན། འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་པ་སྟེ། ཞེས་བྱ་བ་ནི་ཤིན་ཏུ་མཐར་ཐུག་པ་གནས་གྱུར་པ་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས་པ་ནི་མཉམ་པ་ཉིད་ལ་གནས་པའི་ཕྱིར་ཞེས་བྱ་ཉིད་ཀྱང་མེད་དེ། ཤེས་པར་བྱ་བར་གྱུར་པ་ནི་དོན་མ་གཟིགས་ན་ཇི་ཞིག་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ན། རྟོགས་པར་འགྱུར་བ་མེད་དེ། ཞེས་བྱ་བ་ནི་གལ་ཏེ་འདུས་བྱས་སམ། འདུས་མ་བྱས་ཀྱི་དངོས་པོ་འགའ་ཞིག་མཐོང་ན་ནི། གཉིས་སུ་མངོན་པར་རྟོགས་པར་འགྱུར་རོ། །གལ་ཏེ་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། ཡང་གཉིས་སུ་མེད་པར་མངོན་པར་རྟོགས་པར་འགྱུར་རོ། །དེ་བས་ན་རྣམ་པར་གཉིས་ཀ་ལས་བཟློག་པ་མཉམ་པ་ཉིད་རབ་ཏུ་རྟོགས་པ་ནི་མངོན་པར་རྟོགས་པའོ། །ཞེས་བསྟན་པ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་གཅིག་ལྷག་པ་ན། དེ་བཞིན་གཤེགས་པའི་མཐུའོ། །ཞེས་བྱ་བ་ནི་དོན་དམ་པའི་བདེན་པས་ནི་མི་གཡོ་ལ། ཀུན་རྫོབ་ཏུ་རྣམ་པར་དགོད་པ་མཛད་པའོ། །ཞེས་དབུ་མ་པ་གསུངས། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་པ་ན། འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཤོག་གུ་དགུ་དང་ཕྲེང་གཉིས་ན། འདུས་མ་བྱས་ནས་གུད་ན་ཡང་འདུས་བྱས་དམིགས་སུ་མེད་དེ། ཞེས་བྱ་བ་ནི་འདི་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་དེ་བཞིན་ཉིད་མ་དག་པ་གང་ཡིན་པ་དེ་ཕུང་པོ་ལ་སོགས་པ་དེ་དག་ལས་ལོགས་ཤིག་ན་དམིགས་སུ་མེད་ལ། ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་དག་ཀྱང་དེ་བཞིན་ཉིད་མ་གཏོགས་པར་གུད་ན་དམིགས་སུ་མེད་དེ། དེ་བཞིན་ཉིད་མ་དག་པ་ནི་དེ་དག་ལས་དེ་ཉིད་དང་གཞན་རྗེས་སུ་བརྗོད་དུ་མི་རུང་ངོ༌། །ཞེས་དབུ་མ་པ་གསུངས། གཉིས་ཀ་ཡང་གཅིག་གོ །ཞེས་བརྗོད་དུ་མི་རུང་བས་ལྡན་པ་ཡང་མ་ཡིན་ནོ། །ཐ་དད་དུ་ཞེས་ཀྱང་བརྗོད་དུ་མི་རུང་བའི་ཕྱིར་མི་ལྡན། གཟུགས་ཅན་མ་ཡིན་པ་ཞིག་རྣམ་པར་མི་རྟོག་པའི་ཕྱིར། གཟུགས་ཚིག་གི་བསྟན་དུ་མི་རུང་བའི་ཕྱིར། བསྟན། དབང་པོའི་ཡུལ་གྱིས་ཐོགས་པ་མེད་པ་དང༌། གཟུང་བ་དང་འཛིན་པ་མེད་པའི་ཕྱིར་ཐོགས་པ་མེད་པ། གཉིས་ཀ་ཡང་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར། མཚན་ཉིད། མཚན་ཉིད་མེད་པའོ། །དེ་ལ་འདུས་བྱས་ནི་ཡོད་པ་མ་ཡིན་པའི་ཕྱིར། མཚན་ཉིད་མེད་པའོ། །དེ་ལ་འདུས་བྱས་ནི་ཡོད་པ་མ་ཡིན་པའི་ཕྱིར་མཚན་ཉིད་མེད་པའོ། །འདུས་མ་བྱས་ནི་མཚན་མ་མེད་པས་མཚན་མར་བཟུང་དུ་མི་རུང་བའི་ཕྱིར་མཚན་ཉིད་མེད་པའོ། །ཞེས་པ་རྣམས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གསུམ་ལྷག་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བདུན་ཅུ་གཅིག་གོ། །།

༈ དེ་ནས་ཤོག་གུ་གསུམ་དང་ཕྲེང་དགུ་ན། ཁྱུ་མཆོག་གི་མཐུན་པར་མི་འགྱུར་རོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་མཛད་པ་ནི་རྣམ་པར་རིག་པར་བྱ་བ་ཙམ་དུ་ཟད་དེ། གལ་ཏེ་སེམས་ཅན་རྣམས་བདག་ཉིད་ཀྱིས་ཤེས་པར་གྱུར་ན། དེ་བཞིན་གཤེགས་པ་མི་དགོས་སོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། མྱ་ངན་འདས་ལ་དགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད།། གསོལ་པ། བཅོམ་ལྡན་འདས། དེ་ཅིས་སྟོང་པ་ལགས། ཞེས་བྱ་བ་ནི་ཅི་ཞིག་མེད་པས་སྟོང་ཞེས་བྱ་བའི་ཐ་ཚིག་གོ །འདུ་ཤེས་ཐམས་ཅད་ཀྱིས་སྟོང་སྟེ། ཞེས་བྱ་བ་ནི་དེ་ལ་གང་དུ་འདུས་བྱས་སོ། །སྙམ་དུ་འདུ་ཤེས་པ་མཚན་མར་འཛིན་པའི་བདག་ཉིད་དེ་མེད་པས་སྟོང་ངོ༌། །ཞེས་པ་གཉིས་དབུ་མ་པ་གསུངས། དེ་ནས་ཕྲེང་དགུ་ཅུང་མེད་ན། ལ་ལ་ནི་ཉན་ཐོས་ཀྱིས་སྤྲུལ་པའོ། །ཞེས་བྱ་བ་ལ་སོགས་པ་ཚིག་རྣམ་པ་བཞིས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་རྣམས་བསྟན་ཏོ། །ལ་ལ་ནི་ཉོན་མོངས་པས་སྤྲུལ་པའོ།། ཞེས་བྱ་བ་ནི་སེམས་ཅན་དང་སྲོག་ལ་སོགས་པ་བསྟན་པའོ། །ལ་ལ་ནི་ལས་ཀྱི་སྤྲུལ་པའོ། །ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་ལ་སོགས་པ་བསྟན་པའོ། །ཞེས་པ་གསུམ་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ལྷག་པ་ན། བཀག་པའི་ཆོས། འདུས་བྱས། གང་དུ་ཅི་ཡང་རུང་སྟེ། འགག་པ་ཡང་མེད་པ་ཡང་དོན་དམ་འདུས་མ་བྱས་ཀྱི་ཆོས་དེ་ནི་མ་སྤྲུལ་པའོ། །དེ་ནས་ཤོག་ལོགས་གཅིག་ལྷག་པ་ན། དེ་ལ་གང་ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་འགྱུར་རེ་ཀན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཆོས་ཉིད་མི་འགྱུར་བ་བསྟན་པའི་ལེའུ་སྟེ་ལེའུ་བདུན་ཅུ་རྩ་གཉིས་སོ།། །།

༈ དེ་རྣམས་ཀྱིས་ནི། ངོ༷་བོ༷་ཉི༷ད་ལོ༷ངས་རྫོ༷གས་བཅ༷ས་ད༷ང༌། །དེ༷་བཞི༷ན་གཞ༷ན་པ༷་སྤྲུ༷ལ་པ༷་ནི༷། །ཆོ༷ས་སྐུ༷་མཛ༷ད་པ༷་ད༷ང་བཅ༷ས་པ༷། །རྣ༷མ་པ༷་བཞི༷ར་ནི༷་ཡ༷ང་ད༷ག་བརྗོ༷ད། །ཅེས་པ་ཆོས་སྐུའི་སྐབས་ཀྱི་དོན་བཞི་པ་གསུངས་ཟིན་ཏོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ཆོས་ཀྱི་སྐུའི་སྐབས་ཏེ་བརྒྱད་པའོ།། །།

༈ མཚན་ཉིད་དེ་ཡི་སྦྱོར་བ་དང༌། །དེ་རབ་དེ་ཡི་གོ་རིམ་དང༌། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང༌། །ཆོས་སྐུ་འཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ། རྒྱལ་བ་བྱམས་པས་མཛད་པ་རྫོགས་སོ།། །།

རྒྱ་གར་གྱི་མཁན་པོ་བིརྱ་ཀཱ་ར་པྲ་བྷ་དང༌། ཞུས་ཆེན་གྱི་ལོཙྪ་བ་བན་དྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླད་ཀྱི་པཎྜི་ཏ་དཔལ་གོ་མི་འཆི་མེད་ལ་སོགས་པ་དང༌། ལོཙྪ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་གཏན་ལ་ཕབ་པའོ།། །།

འདིར་ཡོངས་གྲུབ་དགུ་ལ་སོགས་པ་དབུ་མར་བྱེད་ན། སློབ་དཔོན་སེང་བཟང་ལ་སོགས་པ་གྲགས་པ་ཅན་མང་པོས་ནི་སེམས་ཙམ་དུ་བཞེད་ཅིང༌། སློབ་དཔོན་དབྱིག་གཉེན་དང༌། ཕྱོགས་གླང་ལ་སོགས་པ་སེམས་ཙམ་པར་བྱས་ནས། དེ་དག་གིས་ཡུམ་ཡང་སེམས་ཙམ་དུ་བཀྲལ་ཞེས་ཡོངས་སུ་གྲགས་པ་འདི་དང་ འགལ་ལོ། །ཞེ་ན། འགལ་བ་བདེན་མོད། སྐྱོན་ནི་མེད་དེ། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་རང་འགྲེལ་ཁྱད་འཕགས་རྣམས་ཀྱི་ཁོང་ཆོད་མ་ཆོད་ཀྱི་དབང་གིས་གྲུབ་མཐའ་དང༌། བཤད་སྲོལ་བཟང་ངན། ཤིན་ཏུ་ཁྱད་པར་ཆེ་བའི་ཕྱིར་ཏེ། སྣང་མུན་བཞིན་ནོ། །དེས་ན་རང་འགྲེལ་གྱི་ལུགས་སུ་འཆད་པ་རྣམས་སངས་རྒྱས་ཀྱི་དགོངས་པ་དང་མཐུན་གྱི་རང་འགྲེལ་དང་འགལ་བ་རྣམས་ནི་སངས་རྒྱས་ཀྱི་དགོངས་པ་དང་འགལ་བའི་ཕྱིར། དུག་དང་གཡང་ས་བཞིན་དུ་སྤང་བྱ་ཡིན་པས་འདིར་ཡང་དེ་རྣམས་དོར་ནས། རང་འགྲེལ་རྣམས་དང་དེ་རྣམས་དང་མཐུན་པའི་འགྲེལ་མཆོག་ཁྱད་འཕགས་བྱ་རྒོད་ཀྱི་ལྟ་ལུགས་ཀྱིས་བརྒྱན་པའི་སྲོལ་བཞིན་བཀོད་པའོ།། །།

མིག་མང་རྒྱ་དང་མ་འབྲེལ་ན། །རྡེའུ་མང་ཡང་ཤི་རོ་ཡིན། །རང་འགྲེལ་རྒྱ་དང་མ་འབྲེལ་ན། །གཞན་འགྲེལ་མང་ཡང་ཤི་རོ་ཡིན། །རྫོགས་ལྡན་རྒྱ་དང་མ་འབྲེལ་ན།། གསུམ་ལྡན་མང་ཡང་ཤི་རོ་ཡིན། །དབང་གི་རྒྱལ་པོ་རྙེད་ན་གསེར་ཡང་འདོར། །བདུད་རྩི་རྙེད་ན་ཟས་གཞན་འདོར་བ་བཞིན།། །།

མངྒ་ལཾ། བྷ་ཝན་ཏུ། ཞུས་སོ།།

[མ་དཔེ་ནི་འཛམ་ཐང་པར་མ་དང༌། ཛ་འགོའི་པར་རྙིང་ལ་ཁ་གསབ་བྲིས་པ་ཞིག་ཡོད་པ་དེ་གཉིས་ཡིན།]


previousམ༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་ཐ་མ། བམ་པོ་དང་པོ། no next