Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ལམ་ཤེས་པའི་སྐབས་ཏེ་གཉིས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ལམ་ཤེས་པའི་སྐབས་ཏེ་གཉིས་པ། next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ལམ་ཤེས་པའི་སྐབས་ཏེ་གཉིས་པ།

ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱི་མོག་མོག་པོར་མཛད་དང༌། །དེ་ནས་སྟོང་གསུམ་གྱི། ཕྲེང་བཅུ་དྲུག་ན། བམ་པོ་བརྒྱད་པ། ཡུལ་ངེས་པ་དང་། ཀོའུ་ཤི་ཀ །དེའི་ཕྱིར། ཕྲེང་གསུམ་ལྷག་ན། མཐུ་མེད་དོ། །ཞེས་པ་ནི། གང་དག་ལོག་པ་ཉིད་དུ་ངེས་པ་དེ་དག་ནི་རེ་ཞིག་སྐལ་བ་མེད་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཁྱབ་པ་དང༌། །འོན་ཀྱང་གལ་ཏེ། རྗེས་སུ་ཡི་རང་ངོ༌། །ཞེས་པ་ནི་བཤད་པ་འདི་དེ་དག་གི་རྣམ་པར་ཐོས་ན་དོན་མེད་པར་མི་འགྱུར་བས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་པའི་ཕ་རོལ་ཏུ་དེ་དག་སངས་རྒྱས་ཉིད་ལ་འཇུག་པར་འགྱུར་རོ། །ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། རང་བཞིན་དང་ནི། ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས། དེ་ཡི་ལས། །ཁྱད་པར་དུ་མི་བྱེད་དོ། །དེ་རྣམས་ཀྱིས། མོ༷ག་མོ༷ག་པོ༷ར་བྱེ༷ད་ལ༷་སོ༷གས་ད༷ང༌། །ཞེས་པ་དོན་དང་པོ་གསུངས་ཟིན་ཏོ། །ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་ནི། །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཀོའུ་ཤི་ཀ །དེ་ལ། ཕྲེང་གཅིག་ན། མཁྱེན་པ་ཉིད་དང་ལྡན་པའི་ཞེས་ལེ་བརྒྱད་མར་བྱུང༌། སེམས་བསྐྱེད་པས། ཤོག་གུ་བཞི་དང་ཕྲེང་བཞི་ན། དེ་ནི་སེམས་མ་ཡིན། ཞེས་བྱ་བ་ལ་སོགས་པ་ནི། དེ་བཞིན་ཉིད་ཙམ་ཁོ་ནར་སྟོན་ཏོ། །རང་གི་ཆོས་ཉིད་ཀྱི་དབང་གིས་སེམས་ཀུན་བཏགས་པ་དང་བྲལ་བའི་ཕྱིར་སེམས་མེད་པའི་ངོ་བོ་དེ་ཆོས་ཉིད་ཀྱི་སེམས་སུ་གྲགས་སོ། །ཞེས་དབུ་མ་པ་གསུངས། བྱང་ཆུབ་ཀྱི་སེམས་གང་ཡིན་པ། ཕྲེང་གསུམ་ན། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་ཕྱིར། །དྲོ་བ། དེ་ནས་བཅོམ་ལྡན་འདས་ཀྱིས། ཕྲེང་ཕྱེད་དང་བཅུ་གཉིས་ན། གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །ཞེས་བྱ་བ་ལ་སོགས་པས་སྟོང་པ་ཉིད་རྟོགས་པ་ན་གནས་པའོ། །དམིགས་པའི་ཚུལ་ནི་གནས་པ་མ་ཡིན་ནོ། །ཞེས་སྟོན་ཏེ། དེས་ནི་འདི་སྐད་དུ་གང་གི་ཕྱིར། གཟུགས་ལ་སོགས་པ་ཀུན་བཏགས་པའི་ཆོས་འདི་དག་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཡོད་པ་མ་ཡིན་ལ། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་མེད་པ་སྟེ། དེ་དག་གི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཐ་མི་དད་དེ་གཅིག་གོ །དེ་བས་ན་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ནི་ཡོངས་སུ་གྲུབ་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ཡང་གཉིས་སུ་མེད་པ་སྟེ། གཅིག་པའི་ཆོས་ཉིད་དུ་གནས་པའོ། །ཞེས་བསྟན་ཏེ། ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཚོར་བ་དང༌། ཤོག་གུ་གསུམ་དང་ཕྲེང་དགུ་ན། དེ་ལྟར་གནས་པར་བྱའོ། །དེ་དག་མི་དམིགས་པས། །རྩེ་མོར་གྱུར་པ་དག་ཏུ་འདོད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤོག་གུ་གཉིས་དང་ཕྲེང་གསུམ་ན། དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །དམིགས་པའི་ཚུལ་གྱིས་གཟུགས་རྟག་ཅེས་བྱ་བ་དང༌། ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ན། ས་བཅུ་རྣམས་ལ་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ། །ཀོའུ་ཤི་ཀ །གཞན་ཡང༌། ཤོག་གུ་གསུམ་དང་ཕྲེང་གསུམ་ན། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །དེ་ཅིའི་ཕྱིར་ཞེ་ན། ཤོག་གུ་གཉིས་དང་ཕྲེང་དྲུག་ན། བསླབ་པར་བྱའོ། །དེ་རྣམས་ཀྱིས་ནི། སློ༷བ་མ༷། ཞེས་པ་དོན་གཉིས་པ་གསུངས་ཟིན་ཏོ།།

རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །དེ་ནས་འཁོར་དེའི་ནང་ནས། ཕྲེང་ལྔ་ན། ཡི་གེ་གཅིག་ཀྱང་མ་བརྗོད་ཀྱིས། ཞེས་བྱ་བ་གསུངས་པ་སྟེ། འདི་ལྟར་དེ་ནི་བཤད་པར་སྣང་བ་དང་ཉན་པར་སྣང་བ་དེ་ནི་ཀུན་བཏགས་ཡིན་ནོ། །ཞེས་སྤྲུལ་པ་དང་རྨི་ལམ་དང་བྲག་ཆ་དང༌། སྒྱུ་མ་ལྟ་བུར་བསྟན་པས་ལྷའི་བུ་དགའ་བར་བྱས་སོ། །ཞེས་དབུ་མ་པ་གསུངས། གང་མ་བརྗོད་པ་དེ་ནི། ཤོག་གུ་གཅིག་དང་ཕྲེང་གཅིག་ན། སུས་ཀྱང་ཤེས་པ་མེད་དོ། །གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང༌། །དེ་ནས་ལྷའི་བུ་དག་འདི་སྙམ་དུ། ཕྲེང་གཅིག་ལྷག་ན། ཕྲ་བ་ལ་འཇུག་གོ། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་སོ་གཉིས་ན། ལྷའི་བུ་དག་ཀུན་བཏགས་ཀྱི་གཟུགས་ནི་ཟབ་པ་མ་ཡིན། ཞེས་བྱ་བ་ནི་ཀུན་བཏགས་པའི་གཟུགས་ཡང་དག་པ་མ་ཡིན་པའི་ཕྱིར། ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲ་བ་མ་ཡིན། ཚོར་བ་དང༌། ཕྲེང་སོ་གཉིས་ན། གཟུགས་ཀྱི་རང་བཞིན་འོད་གསལ་ཆོས་ཉིད་ཀྱི་གཟུགས་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཉིད་ཀྱི་གཟུགས་ནི་ངོ་བོ་ཉིད་ཀྱི་མི་གཡོ་བའི་ཕྱིར་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་རང་བཞིན་འོད་གསལ་ནི། ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར། ཟབ་པར་གཡོ་བ་མ་ཡིན། མི་ཕྲ་བ་ཕྲ་བར་གཡོ་བ་མ་ཡིན་ནོ། །ཆོས་ཉིད་ཀྱི་མིག་གི་ཟབ་པ་མ་ཡིན། ཕྲེང་གཅིག་དང་ནི། མིག་གི་རང་བཞིན་འོད་གསལ་ནི་ངོ་བོ་ཉིད་ཀྱི་མི་གཡོ་བའི་ཕྱིར་ཟབ་པ་མ་ཡིན། ཕྲེང་ཕྱེད་ན། ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་གཅིག་ན། གཟུགས་ཀྱི་རང་བཞིན་ལྷུན་གྲུབ་ནི། ངོ་བོ་ཉིད་ཀྱི་མི་གཡོ་བའི་ཕྱིར་ཟབ་པར་གཡོ་བ་མ་ཡིན། མི་ཕྲ་བ་ཕྲ་བར་གཡོ་བ་མ་ཡིན་ནོ། །ཆོས་ཀྱི་རང་བཞིན་ལྷུན་གྲུབ་ནི་མི་ཟབ་པ་མ་ཡིན་ནོ། །ཆོས་ཉིད་ཀྱི་མིག་གི་རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན། ཕྲེང་གཉིས་ན། མིག་གི་རྣམ་པར་ཤེས་པའི་རང་བཞིན་ལྷན་སྐྱེས་ནི་ངོ་བོ་ཉིད་ཀྱིས་མི་ཟབ་པ། ཟབ་པར་གཡོ་བ་མ་ཡིན། མི་ཕྲ་བ། ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་སོ་གཉིས་ན། ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་ལྷན་སྐྱེས་ནི་ངོ་བོ་ཉིད་ཀྱི་མིག་གཡོ་བའི་ཕྱིར། ཟབ་པར་གཡོ་བ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཆོས་ཉིད་ཀྱི་མིག་གི་འདུས་ཏེ་རེག་པ་ནི། ཕྲེང་གཅིག་ལྷག་ན། མིག་གི་འདུས་ཏེ་རེག་པའི་རང་བཞིན་རྣམ་དག་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་མི་ཟབ་པ། ཟབ་པར་གཡོ་བ་མ་ཡིན། མི་ཕྲ་བ་ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་གཅིག་ལྷག་ན། ཆོས་ཉིད་ཀྱི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་ཟབ་པ་མ་ཡིན་ནོ། །ཕྲེང་གཉིས་ན། ཚོར་བའི་རང་བཞིན་རྣམ་དག་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར་མི་ཟབ་པར་གཡོ་བ་མ་ཡིན། མི་ཕྲ་བ་ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་གཅིག་ལྷག་ན། ཆོས་ཉིད་ཀྱི་སའི་ཁམས་ནི་ཟབ་པ་མ་ཡིན། ཕྲེང་གཅིག་ལྷག་ན། སའི་ཁམས་ཀྱི་རང་བཞིན་འགྱུར་མེད་ནི། ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར། མི་ཟབ་པར་འགྱུར་བ་མ་ཡིན། མི་ཕྲ་བ་ཕྲ་བར་འགྱུར་བ་མ་ཡིན་ནོ། །ཕྲེང་གཅིག་ན། ཆོས་ཉིད་ཀྱི་མ་རིག་པ་ནི་ཟབ་པ་མ་ཡིན། ཕྲེང་གཉིས་ན། མ་རིག་པའི་རང་བཞིན་འགྱུར་མེད་ནི། ཟབ་པར་འགྱུར་བ་མ་ཡིན། ཕྲ་བར་འགྱུར་བ་མ་ཡིན། ཕྲེང་གཅིག་ལྷག་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཕྲེང་གཉིས་རང་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཆོས་སྐུ་ནི། ཟབ་པར་གཡོ་བ་མ་ཡིན། ཕྲ་བ་གཡོ་བ་མ་ཡིན། ཕྲེང་ངོ་གཉིས་ན། ནང་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཕྲེང་གཅིག་ན། ནང་སྟོང་པ་ཉིད་ཀྱི་རང་བཞིན་ཆོས་སྐུ་ནི། ཟབ་པར་གཡོ་བ་མ་ཡིན། ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་ཕྱེད་ན། དྲན་པ་ཉེ་བར་བཞག་པ་རྣམས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཕྲེང་གཉིས་རང་ན། དྲན་པ་ཉེ་བར་བཞག་པའི་རང་བཞིན་ཡོངས་སུ་གྲུབ་པ་ནི། ཟབ་པར་གཡོ་བ་མ་ཡིན། ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་གཅིག་ན། འཕགས་པའི་བདེན་པ་རྣམས་ནི་ཟབ་པ་མ་ཡིན། ཕྲེང་གཉིས་རང་ན། འཕགས་པའི་བདེན་པའི་རང་བཞིན་ཡོངས་སུ་གྲུབ་པ་ནི་ངོ་བོ་ཉིད་ཀྱི་མི་གཡོ་བའི་ཕྱིར་མི་ཟབ་པར་གཡོ་བ་མ་ཡིན། ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་གཉིས་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཟབ་པ་མ་ཡིན། ཕྲེང་ངོ་གཉིས་ན། སྟོབས་ཀྱི་རང་བཞིན་གཉུག་མ་ནི་ངོ་བོ་ཉིད་ཀྱི་མི་གཡོ་བའི་ཕྱིར། མི་ཟབ་པ་ཟབ་པར་གཡོ་བ་མ་ཡིན་ནོ། །ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་གསུམ་གཉིས་ན། བར་གྱི་རང་བཞིན་གཉུག་མ་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར་མི་ཟབ་པར་གཡོ་བ་མ་ཡིན། ཕྲ་བ་ཕྲ་བར་གཡོ་བ་མ་ཡིན་ནོ། །དེ་ལྟ་བས་ན་གཞུང་འདི་རྣམས་ཀྱིས་ནི་འདི་སྟོན་ཏེ་ཀུན་བཏགས་ཀྱི་ཆོས་ཐམས་ཅད་ནི་གཤིས་ལ་མེད་པའི་ཕྱིར། ཟབ་ཅིང་ཕྲ་བའི་ཆོས་མ་ཡིན་ལ། ཆོས་ཉིད་ཡོངས་གྲུབ་ཀྱི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མི་གཡོ་བའི་ཆོས་ཟབ་ཅིང་ཕྲ་བར་རྟག་ཏུ་བཞུགས་པའི་ཕྱིར་མི་ཟབ་པ་ཟབ་པར་གཡོ་བ་དང༌། མི་ཕྲ་བ་ཕྲ་བར་འགྱུར་བ་མ་ཡིན་ནོ། །ཞེས་པའི་དོན་ཏོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ། ཕྲེང་བཅུ་བཞི་ན། ལེའུ་བཅུ་བཞི་པའོ།། །།

འཛིན་པ་མི་སྤོང་ཕྱིར་དང་ནི། །དེ་ནས་ལྷའི་བུ་དེ་དག །ཕྲེང་གཉིས་ན། སྒྱུ་མ་ལྟ་བུ་བཙལ་བར་བྱའོ། །ཞེས་བྱ་བ་ནི་དོན་དམ་པར་འཆད་པ་པོ་དང་ཉན་པ་པོ་མེད་པ་ཉིད་དུ་སྟོན་ཏེ། ཞེས་དབུ་མ་པ་གསུངས། ལྷའི་བུ་དག །ཤོག་གུ་ཕྱེད་དང་གཉིས་ན། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུར་བཤད་དམ། ཞེས་པ་ཐེག་པ་ཆུང་ངུ་ལ་སོགས་པ་ཁ་ཅིག་མྱ་ངན་ལས་འདས་པ་དངོས་པོར་ཡོད་པར་འཛིན་པ་བསལ་བའི་ཕྱིར་དྲིས་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། རབ་འབྱོར་གྱིས་སྨྲས་པ། སྒྱུ་མ་ལྟ་བུར་སྨྲས་ཏེ། ཞེས་པ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་བཤད་ཅིང་བརྗོད་པ་ནི་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱི་དོན་དམ་པར་མྱ་ངན་ལས་འདས་པར་དངོས་པོ་ཡོད་པར་གྱུར་ཏེ། དངོས་པོ་མེད་པ་ལ་ཡོད་པ་སྐད་དུ་བཤད་པ་ནི་རྨི་ལམ་དང་སྒྱུ་མ་ལྟ་བུར་མངོན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་བས་གལ་ཏེ། ཕྲེང་སུམ་ཉིས་ལ། སྒྱུ་མ་ལྟ་བུར་སྨྲའོ། །ཞེས་པ་ནི་ལ་དོར་བའི་ཚིག་སྟེ་མྱ་ངན་ལས་འདས་པ་ལ་ཁྱད་པར་དུ་འཕགས་པ་ཆོས་གཞན་ལྟ་མེད་མོད་ཀྱི། གལ་ཏེ་བཏགས་ལ་དེ་ལྟ་བུ་ཞིག་ཡོད་ན་དེ་ཡང་ཀུན་རྫོབ་ཏུ་དེ་ཡོད་པར་བཏགས་སུ་ཟད་ཀྱི། དོན་དམ་དངོས་པོ་ཡོད་པར་མ་གྲུབ་པས་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ན་མྱ་ངན་ལས་འདས་པ་ལྟ་ཅི་སྨོས། ཞེས་བྱ་བའི་དོན་ཏོ། །གཉིས་སུ་མེད་དོ། །ཞེས་པ་ནི་ཇི་ལྟར་རྨི་ལམ་དང་སྒྱུ་མ་དག་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཏུ་བརྗོད་པ་ཙམ་དུ་ཟད་ཀྱི་དོན་དམ་པར་དངོས་པོ་མེད་པ་ཡིན་ཏེ། དེ་བས་ན་རྨི་ལམ་དང༌། སྒྱུ་མ་དང༌། མྱ་ངན་ལས་དང༌། མྱ་ངན་ལས་འདས་པ་གསུམ་ཆར་ཡང༌། དངོས་པོ་མེད་པ་རོ་གཅིག་པས་ཐ་དད་དུ་དབྱེར་མེད་དོ། །ཞེས་བསྟན་པའོ། །ཞེས་པ་དེ་གསུམ་ནི་དབུ་མ་པ་ཆེན་པོ་སློབ་དཔོན་དཾ་ཋཊ་སེ་ནའི་གསུང་ངོ༌། །དེ་ལྟ་མ་ཡིན་པར་མྱ་ངན་ལས་འདས་པ་སྒྱུ་མ་ལྟ་བུའི་དོན་མྱང་འདས་གཤིས་ལ་མེད་པར་འདོད་པ་ལ་ནི་ལུང་རྣམ་དག་གིས་གནོད་དེ། རབ་ཏུ་ཞི་བ་རྣམ་པར་ངེས་པར་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོར། ཕུང་པོ་ལྔ་ནི་ཡང་དག་པ་མ་ཡིན་པ། སྒྱུ་མ་ལྟ་བུ་གསོབ་གསོག་དངོས་པོ་མེད་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འབྱུང་བ་འདུས་པ་ལས་བྱུང་བའོ། །ཆོས་ཀྱི་དབྱིངས་ནི་གསོབ་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་བཞིན་མ་ཡིན་པ་ཡིད་ལས་བྱེད་པ་ལས་འབྱུང་བ་མ་ཡིན། སྒྱུ་མ་ལྟ་བུ་མ་ཡིན་ཏེ། སྨིག་རྒྱུ་ལྟ་བུ་མ་ཡིན། ཆུ་ཟླ་ལྟ་བུ་མ་ཡིན། བྲག་ཆ་ལྟ་བུ་མ་ཡིན། ཞེས་པ་དང༌། གང་མི་བདེན་པ་དེ་དེ་བཞིན་ཉིད་མ་ཡིན་པའོ། །གང་དེ་བཞིན་ཉིད་མ་ཡིན་པ་སྟེ། དེ་བཞིན་གཤེགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་བདེན་པ་ཡང་དག་པ། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད་མ་ལོག་པ། ཞེས་དང༌། རྣམ་པར་ཤེས་པ་ནི། སྒྱུ་མ་ལྟ་བུ་གསོག་ཡང་དག་པ་མ་ཡིན་པ། འདུ་བྱེད་འདུས་པ་ལས་སྐྱེས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་གསོབ་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་ངེས་པར་སྐྱེས་པ་མ་ཡིན། རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་མྱ་ངན་ལས་འདས་པ་སྒྱུ་མ་ལྟ་བུའི་དོན་ནི། མྱང་འདས་དངོས་པོ་མེད་པའི་དོན་དུ་ཤེས་པར་བྱའོ། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང༌། ཕྲེང་གཉིས་ན། ཕ་རོལ་ཏུ་ཕྱིན་པ། གཏིང་དཔག་དཀའ་བས་ན་འདི་ལྟར་ཟབ་པ། སྒོ་ལྔའི་རྣམ་ཤེས་ཀྱི་ཡུལ་མ་ཡིན་པས་འདི་ལྟར་བལྟ་དཀའ་ཡིད་ཀྱི་རྣམ་ཤེས་ཀྱི་ཡུལ་མ་ཡིན་པ་འདི་ལྟར་རྟོགས་པར་དཀའ་བ། ཉོན་མོངས་ཉེ་ཉོན་ཐམས་ཅད་ཞི་བས་འདི་ལྟར་ཞི་བ། སྡུག་བསྔལ་ཐམས་ཅད་དང་བྲལ་བས་འདི་ལྟར་གསལ་བའམ། གྱ་ནོམ་པ། རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཞི་བས་འདི་ལྟར་ཕྲ་བ་སོ་སོ་རང་གིས་རིག་པ་ཡིན་པའི་ཕྱིར། གཞན་མ་ཡིན་པ་བཟང་བ། ཕྲེང་གཉིས་ལྷག་ན། འདི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའི་གནས་ཀྱི་མཆོག་ཡིན་པས། ཤིན་ཏུ་འཕགས་པ། འདི་ལྟར་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་མཁས་པའི་རྒྱུ་ཡིན་པས། མཁས་ཤིང་ཤེས་པའམ་འཛངས་པས་རིགས་པར་བྱ་བ། ཕྲེང་གཉིས་ན། འདི་བསམ་པའི་ཡུལ་ལས་འདས་པའི་ཕྱིར། ལྟར་བརྟག་པའི་སྤྱོད་ཡུལ་མ་ཡིན་པ། འདི་དབང་ཤེས་ཀྱིས་ལྟར་བལྟ་དཀའ་བ། ཡིད་ཤེས་ཀྱིས་རྟོགས་པར་དཀའ་བ། ཉན་རང་གི་སྤྱོད་ཡུལ་མ་ཡིན་ཞིང་ཕྱིར་མི་ལྡོག་པ་རྣམས་ཀྱིས་རིགས་པར་བྱ་བ་ཡིན་པས་མཁས་ཤིང་ཤེས་པའམ་འཛངས་པ་རིགས་པར་བྱ་བ་ཅིར་ཡང་མི་རྟོགས་པའི་ཤེར་ཕྱིན་ལ་རྣལ་འབྱོར་དུ་བྱེད་པ་ཡིན་པས་གཟུགས་སྟོང་ཞེས་བྱ་བར་མི་འགྱུར་ཏེ། དོན་དམ་གཞན་སྟོང་ལ་རྣལ་འབྱོར་དུ་བྱེད་པའི་ཕྱིར་རོ། །ཚོར་བ་དང༌། ཕྲེང་གཅིག་ནུད་ན། མི་འགྱུར་རོ། །ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཟུགས་མཚན་མ་མེད་ཅེས། ཤོག་གུ་བཅུ་གསུམ་དང་ཕྲེང་བཅུ་སོང་བ་ན། ཡིད་ཆེས་པར་བྱ་བ་སུ་ཡང་མེད་དོ། །ལེགས་པར་བྱེད་པ་སུ་ཡང་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། འདི་ལྟར་དོན་དམ་གཞན་སྟོང་འདི་ལ་ཆོས་གང་ཡང་མ་བརྗོད་མ་བཤད་དེ་སྨྲ་བསམ་བརྗོད་མེད་སྤྲོས་པ་ཐམས་ཅད་དང་བྲལ་བའི་གཞི་ཡིན་པའི་ཕྱིར་རོ། །ཕྲེང་གཅིག་ན། རབ་འབྱོར། འོ་ན་ཆོས་གང་ཡང་མ་བརྗོད་མ་བཤད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་འདི་ལས་ཐེག་པ་གསུམ་པོ། ཕྲེང་བཅོ་ལྔ་ན། འགྱུར་རོ་ཞེས་བྱའོ། །ཐེག་པ་གསུམ་ལ་སོགས་པ་རྒྱ་ཆེར་བསྟན་པ་དེ་ཡང་མི་དམིགས་པའི་ཚུལ་གྱིས་ཏེ། ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། མེ་ཏོག་འདི་དག་མ་སྐྱེས་པ་སྟེ། ཞེས་པ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་མ་སྐྱེས་པ་སྟེ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་གྱིས་མི་རྟོག་གིས་ངོ་བོ་མ་ཡིན་ནོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གསུམ་ནང་ན། གང་མ་བྱུང་བ་དེ་ནི་གཟུགས་མ་ཡིན་ནོ། །ཞེས་པ་ནི་དོན་དམ་པའི་གཟུགས་ལ་འདུས་མ་བྱས་ཀྱི་སྐྱེ་བ་མེད་པའི་ཕྱིར་གཟུགས་མ་བྱུང་ཞེས་བསྟན་པའོ། །དེ་ལྟར་འདུས་མ་བྱས་པ་མ་སྐྱེས་པ་ལ་ཀུན་བཏགས་པའི་གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཤོག་གུ་གཉིས་དང་ཕྲེང་གསུམ་ན། དེ་བཞིན་གཤེགས་པ་མ་ཡིན་ནོ། །བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོར་གྱུར་པ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན། ཕྲེང་གཉིས་ན། ཆོས་ཉིད་ཀྱང་སྟོན་ཏོ། །ཞེས་པ་ནི་ཀུན་རྫོབ་དང༌། དོན་དམ་པ་མི་འགལ་བར་བསྟན་ཏོ། །དེ་ནས་ཕྲེང་གཉིས་ན། བརྒྱད་སྟོང་དོན་བསྡུས་སུ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །བསྟན་པ་གསུམ་ལས་ཡང་དག་བརྟེན། །བརྟགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཁོ་ནའོ། །མེད་ཅེས་བྱ་ལ་སོགས་ཚིག་གིས། །བརྟགས་པ་ཐམས་ཅད་འགོག་པ་སྟེ། །ཞེས་གསུངས་པའི་སྐབས་འདིར་ཡང་དྲན་པར་བྱའོ། །ཀོའུ་ཤི་ཀ ། གཟུགས་ནི་བཏག་པ། ཤོག་གུ་གཅིག་དང་ཕྲེང་དགུ་ན། དེ་ལྟར་སློབ་པ་ལ་ཟློ་བ་ནི་གཟུགས་ལ་མི་སློབ་སྟེ། ཤོག་གུ་ཕྲེང་ང་གསུམ་ན། སླར་ཡང་དོན་གཞན་ལ་བརྟེན་ནས་དོན་དེ་ཉིད་ནི་བཟླས་པ་ཡིན་ཞེས་གསུངས་པ་ཡང་ཡང་དྲན་པར་བྱས་ནས། ཀོའུ་ཤི་ཀ །གཟུགས་སྟོང་པ་ཉིད་ཀྱིས། ཤོག་གུ་ཕྱེད་དང་གཉིས་ལྷག་ན། ཚད་མེད་པ་ལ་སློབ་བོ། །རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །གཉིས་སུ་བྱར་མེད་པར། ཕྲེང་བཅུ་བདུན་ན། བམ་པོ་བཅུ་གཅིག་པ།

ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏྀའི་བུས། ཤོག་གུ་གཅིག་ན་ཉིད་དུ་འབྱུང་ངོ༌། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །སྨྲས་པ། ཤོག་གུ་གཅིག་ན། མཁྱེན་པ་ཉིད་དུ་འབྱུང་ངོ༌། །དེ་རྣམས་ཀྱིས་ནི། བསེ༷་རུ༷འི་ལ༷མ་ག༷ང་ད༷ང༌། །ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། །

བདེན་དང་བདེན་ལ་བཟོད་པ་དང༌། །ཤེས་པས་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཕྲེང་དྲུག་ན། དོན་དམ་པའི་ཚུལ་དུ། དེ་བཞིན་གཤེགས་པ་ཞེས་བྱ་བ་དེ་བཞིན་ཉིད་ལ་བྱ་བར་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། བྱིན་གྱིས་བརླབས། མི་དམིགས་ལ་ཞེས་བྱ་བ་ལ་སོགས་པས། དེ་བཞིན་གཤེགས་པ་ཞེས་བྱ་བའི་ཆོས་གང་ཡང་མེད་དོ། །ཞེས་སྟོན་ཏོ། །ཆོས་ཉིད་ལ་ཀུན་བཏགས་པའི་ཆོས་མེད་པའི་ཕྱིར་བྱིན་རླབས་མེད་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་དེ་བཞིན་གཤེགས་པ་མེད་དོ། །ཞེས་དབུ་མ་པ་གསུངས། ཕྲེང་གཅིག་ལྷག་ལ། ཡོད་པར་མི་དམིགས་སོ། །ཆོས་ཉིད་མ་གཏོགས་པའི་ཆོས་རྣམས་མེད་པའི་ཕྱིར། ཞེས་དབུ་མ་པ་གསུངས། བྱིན་གྱིས་རླབས་མེད་པའི་ཀུན་བཏགས་པ་ལ་ཆོས་ཉིད་མི་གནས་པའི་ཕྱིར། ཞེས་དབུ་མ་པ་གསུངས། དེ་བཞིན་གཤེགས་པ་ལ་ཡང༌། ཕྲེང་སོ་གཉིས་ན། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་བརྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང༌། །གཟུགས་ཀྱི་དེ་བཞིན་ཉིད། ཤོག་གུ་བཞི་རང་ན། ཆེན་པོ། ཀོའུ་ཤི་ཀ །གཟུགས་རྒྱ་ཆེ་བའི་ཕྱིར། ཕྲེང་བརྒྱད་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིར་ཀོའུ་ཤི་ཀ །གཟུགས་གཞལ་དུ་མེད་པའི་ཕྱིར། ཞེས་སོགས་ཀྱི་འགྲེས་གཅིག་ལེ་བརྒྱད་མར་བྱུང་ཞིང༌། མངོན་རྟོགས་རྒྱན་གྱི། ཚད་མ་མེད་བཅས་དང༌། །ཞེས་པའི་གཞུང་ཡིན་པར་འཕགས་པ་རྣམ་གྲོལ་སྡེས་སྦྱར་ཞིང༌། གཞུང་འདི་དང༌། འབུམ་དང༌། ཁྲི་བརྒྱད་སྟོང་པ་རྣམས་སུ་ནི་མ་བྱུང་ངོ༌། །ཚད་མེད་པ་དང་། ཀོའུ་ཤི་ཀ །གཟུགས་ཚད་མེད་པའི་ཕྱིར། ཕྲེང་གཅིག་རང་ན། གཟུགས་ཀྱི་ཚད་དམིགས་སུ་མེད་དོ། །ཞེས་པ་ནི་དོན་དམ་པའི་གཟུགས་ལ་འདི་ཙམ་མོ། །ཞེས་ཡོངས་སུ་གཅད་པ་མེད་པའི་ཕྱིར་ཚད་མེད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཅུ་གཅིག་ན། མཐའ་མེད་དང༌། །ཀོའུ་ཤི་ཀ །གཟུགས་མཐའ་ཡས་པའི་ཕྱིར། ཤོག་གུ་གཉིས་རང་ན། དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་དང༌། ཕྲེང་བརྒྱད་ན། དགོད་པ་ཡང་ཡོད་དེ། ཞེས་བྱ་བ་ནི་དོན་དམ་པ་དང་ཀུན་རྫོབ་ཏུའོ། །གསུམ་གང་ཞེ་ན། ཕྲེང་ཉེར་གཉིས་ལྷག་ན། བླང་མེད་དོར་བ་མེད་སོགས་དང༌། །དེ་ནས་ལྷའི་བུ་དེ་དག་གིས། ཕྲེང་ངོ་དྲུག་ནས། ངོ་མཚར་ཆེའོ། །ཞེས་བྱ་བ་སྨྲས་ཏེ། གཟུགས་ལ་སོགས་པའི་ཆོས་རྣམས་ལ་ཁྱད་པར་དུ་འཕགས་པ་དང༌། ངན་པའི་དངོས་པོ་མེད་པའི་ཕྱིར། ལེན་པ་དང་དོར་བ་གཉིས་ཀྱང་མེད་དོ། །འོན་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྔོན་མ་བྱུང་བ་ཡོངས་སུ་འཛིན་པ་དེ་ངོ་མཚར་ཏེ། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་གཉིས་ན། དེ་ནི་འདི་ལྟར་སྡིག་པའི་ལས་གང་གིས་གནས་གང་དུ་གླགས་རྙེད་པས། བྱང་ཆུབ་སེམས་དཔའ་གང་ལ་གླགས་རྙེད་པར། བྱམས་ལ་སོགས་དང་། ཀོའུ་ཤི་ཀ །རིགས་ཀྱི་བུའམ། ཕྲེང་བདུན་ན། སྟོང་ཉིད་དང༌། །ཀོའུ་ཤི་ཀ །གཞན་ཡང༌། ཤོག་གུ་གསུམ་དང་ཕྲེང་དྲུག་ན། ལེའུ་བཅུ་དྲུག་པའོ།། །།

སངས་རྒྱས་ཉིད་ནི་འཐོབ་པ་དང༌། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཕྲེང་བཞི་ན། རྒྱལ་རིགས་ཆེ་ཞིང་མཐོབ་ལ་སོགས་པ་རིགས་ཕུན་སུམ་ཚོགས་པ། ཡུམ་མཆོག་གི་ལྷུམས་ན་སྐྱེ་བས། སྐྱེད་པ་ཕུན་སུམ་ཚོགས་པ། ཚེ་རིང་ཞིང་གློ་བུར་དུ་ཚེ་མི་འཕོ་བས་ཚེ་ཕུན་སུམ་ཚོགས་པ་དང༌། འཁོར་རྣམས་དམ་པའི་ཆོས་ལ་ཕྱོགས་ཤིང་ཞི་དུལ་དང་ལྡན་པ་ཤ་སྟག་ནི། འཁོར་ཕུན་སུམ་ཚོགས་པ་དང༌། སུམ་ཅུ་རྩ་གཉིས་ལ་སོགས་པ་མཚན་ཕུན་སུམ་ཚོགས་པ་དང༌། འདོམ་གང་བ་ལ་སོགས་པ་འོད་ཕུན་སུམ་ཚོགས་པ་དང༌། སྤྱན་སྔ་ལྟ་བུ་མིག་ཕུན་སུམ་ཚོགས་པ་དང༌། དབྱངས་ཀྱི་ཡན་ལག་དྲུག་ཅུ་ལྟ་བུ་དབྱངས་ཕུན་སུམ་ཚོགས་པ་དང༌། དཔའ་བར་འགྲོ་བ་ལ་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང༌། དོན་དང་ཚིག་མི་བརྗེད་པའི་དྲན་པ་དང་ཤེས་རབ་ཀྱིས། གཟུགས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང༌། ཕྲེང་བདུན་ན། འདུལ་བ་ནི་ངོ་མཚར་ཆེའོ། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང༌། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤོག་གུ་གཉིས་དང་ཕྲེང་བདུན་ན། ལེགས་པ་དག་གོ །ཉམ་ང་བ་དང་ནད་ཀུན་སེལ། །ཀོའུ་ཤི་ཀ །ཕྲེང་དགུ་ན། མྱ་ངན་འདས་འཛིན་ཞི་ཉིད་དང༌། །དེ་ཅིའི་ཕྱིར་ཞེ་ན། ཤོག་གུ་གཅིག་དང་ཕྲེང་གསུམ་ན། བམ་པོ་བཅུ་གཉིས་པ།

སངས་རྒྱས་རྣམས་ཀྱིས་སྲུང་ལ་སོགས། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས། ཕྲེང་བཅུ་ན། སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་། དེའི་ཚིག་བླང་བར་འོས་པ་དང་ལྡན་པར་འགྱུར་རོ། །ཤོག་གུ་གསུམ་ལྷག་ན། སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱིས་སྐད་ཅིག་མ། །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ཤོག་གུ་གཅིག་དང་ཕྲེང་བཞི་ན། ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ། །དེ་རྣམས་ཀྱིས་ནི། འདི༷་ད༷ང་གཞ༷ན་པ༷འི་ཡོ༷ན་ཏ༷ན་གྱི༷ས། །ཕ༷ན་ཡོ༷ན་ཆེ༷་བ༷་མཐོ༷ང་བ༷འི་ལ༷མ། །ཞེས་པ་དོན་བཞི་པ་གསུངས་ཟིན་ཏོ།།ཀུན་ནས་ཞི་དང་། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གཅིག་དང་ཕྲེང་གསུམ་ན། ང་རྒྱལ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །ཐམས་ཅད་ལ། །བདུད་དང་། བཅོམ་ལྡན་འདས་འདི་ལ། ཕྲེང་བཅུ་ན། ལེའུ་བཅུ་བདུན་པའོ།། །།

ཉོན་མོངས་ལས་རྒྱལ་དང༌། །དེ་ནས་བཅོམ་ལྡན་འདས་ཀྱིས། ཕྲེང་བཅུ་གཅིག་ན། ཟུང་བར་མི་འགྱུར་རོ། །གནོད་པས་རྫི་བ་མེད་ཉིད་དང༌། །ཀོའུ་ཤི་ཀ། ཕྲེང་ལྔ་ན། གནོད་པར་མི་བྱེད་དོ། །བྱང་ཆུབ་དང་ནི། དེ་ཅིའི་ཕྱིར་ཞེ་ན། ཕྲེང་བདུན་ན། སངས་རྒྱས་སོ། །རྟེན་མཆོད་ཉིད། །ཀོའུ་ཤི་ཀ །ཤོག་གུ་གཅིག་དང་ཕྲེང་བཞི་ན། བཀུར་སྟིར་བྱ་བར་གྱུར་ཏོ། །དེ་རྣམས་ཀྱིས་ནི། བྱེ༷ད་པ༷་ད༷ང་ནི༷། ཞེས་པ་དོན་ལྔ་པ་གསུངས་ཟིན་ཏོ། །

མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང༌། །རྣམ་གསུམ་ཤེས་བྱ་དེ་ཡང་ནི། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་བདུན་དུ་འདོད། །རང་གི་དོན་གྱི་མོས་པ་ཆུང་ངུའི་ཆུང་ངུ་ནི། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གཉིས་དང་ཕྲེང་བཞི་ན། རང་གི་དོན་གྱི་མོས་པ་ཆུང་ངུའི་འབྲིང་ནི། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས། ཤོག་གུ་དྲུག་ན། བམ་པོ་བཅུ་གསུམ་པ།

རང་གི་དོན་གྱི་མོས་པ་འབྲིང་གི་ཆུང་ངུ་ནི། ཀོའུ་ཤི་ཀ །ཕྲེང་བདུན་ན། རང་གི་དོན་གྱི་མོས་པ་འབྲིང་གི་འབྲིང་ནི། ཀོའུ་ཤི་ཀ །མཆོད་རྟེན་གཅིག་ལྟ་ཞོག་གི །ཕྲེང་བདུན་ན། རང་གི་དོན་གྱི་མོས་པ་འབྲིང་གི་ཆེན་པོ་ནི། ཀོའུ་ཤི་ཀ །འཛམ་བུའི་གླིང་གི་དེ་བཞིན་གཤེགས་པ། ཕྲེང་བདུན་ན། རང་གི་དོན་གྱི་མོས་པ་ཆེན་པོའི་ཆུང་ངུ་ནི། ཀོའུ་ཤི་ཀ །གླིང་ཆེན་པོ་བཞི་པའི། ཕྲེང་བདུན་ན། རང་གི་དོན་གྱི་མོས་པ་ཆེན་པོའི་འབྲིང་ནི། ཀོའུ་ཤི་ཀ །སྟོང་གི །རང་གི་དོན་གྱི་མོས་པ་ཆེན་པོ་ནི། ཀོའུ་ཤི་ཀ །འཇིག་རྟེན་གྱི་ཁམས་འབྲིང་པོ། ཕྲེང་བདུན་ལྷག་ན། རང་དང་གཞན་གྱི་མོས་པ་ཆུང་ངུའི་ཆུང་ངུ་ནི། ཀོའུ་ཤི་ཀ །སྟོང་གསུམ་གྱི། ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན། རང་དང་གཞན་གྱི་དོན་གྱི་མོས་པ་ཆུང་ངུའི་འབྲིང་ནི། དེ་ནས་སྟོང་གསུམ་གྱི། ཤོག་གུ་གཅིག་དང་ཕྲེང་དགུ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་པས་ལྷག་པར་ཆེ་བའི་ཕྱིར། རིགས་སྔགས་ཆེན་མོའོ། །འདི་བདག་གི་གོང་ན་གཞན་མེད་པའི་ཕྱིར། བླ་ན་མེད་པའི་རིགས་སྔགས་སོ། །འདི་ནི། བདག་དང་མཉམ་པ་མེད་པའི་ཕྱིར་མི་མཉམ་པ་དང་མཉམ་པའི་རིགས་སྔགས་སོ། །ཞེས་པ་འདི་གསུམ་དབུ་མ་པའི་གསུང་བཞིན་བཀོད། དེ་ཅིའི་ཕྱིར་ཞེ་ན། ཤོག་གུ་བརྒྱད་ན། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཀུན་རྫོབ་རང་སྟོང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་བྱའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བར་བྱའོ། །ཞེས་པ་ནི་ཀུན་རྫོབ་ཏུ་ཐ་དད་པར་བསྟན་པའོ། །འདི་ལྟར་དོན་དམ་གཞན་སྟོང་གི །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །ཞེས་པ་ནི་དོན་དམ་པར་ཐ་དད་མེད་པར་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཀོའུ་ཤི་ཀ། དོན་དམ་པའི་དབྱིངས་རིགས་དབྱེར་མེད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བྱུང་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀོའུ་ཤི་ཀ །དེ་ནི་འདུས་མ་བྱས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ་འདུས་མ་བྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ཡིན་ཏེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་འབྱུང་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་བྱ་བ་ནི་སྒྲུབ་པར་ངེས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ངེས་པར་འབྱུང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནི་འབྲས་བུའི་ས་ལའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ཡིན་ཞེས་པ་ནི་གཉིས་ཀ་ཡང་ཆོས་སྐུའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ལེའུ་ཉི་ཤུ་པའོ།། །།

རང་དང་གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། ཤོག་གུ་གཅིག་ལྷག་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་པ་ནི་གང་གི་ཚེ་སྦྱིན་པ་བྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུའི་ས་ལ་ཐ་དད་པ་མེད་ཅིང་གཉིས་སུ་མེད་པར་སོ་སོར་བརྟགས་ཏེ་སྦྱིན་པ་བྱེད་པ་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་བོ། །ཞེས་དབུ་མ་པ་གསུངས། དགའ་བོ་གཉིས་སུ་མེད་པའི་ཚུལ་གྱིས། ལོགས་གཅིག་ལྷག་ན། གཟུགས་གཉིས་སུ་མ་མཆིས་པའི་ཚུལ་དང༌། ཞེས་པ་ནི་ཆོས་ཉིད་ཀྱི་གཟུགས་ནི་གཉིས་སུ་མེད་པའི་ཚུལ་གྱིས་སོ། །ཞེས་དབུ་མ་པ་གསུངས། ཇི་ལྟར་ཚོར་བ་དང༌། ཤོག་གུ་གཅིག་དང་ཕྲེང་དྲུག་ན། ཡོངས་སུ་བསྒྲུབ་པའོ། །རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཕྲེང་ལྔ་ལྷག་ན། ཡིད་ལ་བགྱིས་པས་ནི། ཀུན་རྫོབ་རང་སྟོང་དགེ་བ་བཅུའི་ལས་ཀྱི་ལམ་རྣམས། ཕྲེང་བཅུ་ན། ཡིད་ལ་བགྱིས་པས་ནི། དེ་བཞིན་གཤེགས་པ། ཕྲེང་བཞི་ན། དེ་དག་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཚད་མེད། ཕྲེང་བཅུ་གཉིས་ན། སེམས་རྣམ་གྲོལ་ཡང་ཀུན་རྫོབ་ཀྱི་ཆོས་གང་ཡང་ཡེ་ཤེས་ལ་སྣང་ནས་ཡོངས་སུ་ཤེས་པ་མེད་དེ་ཀུན་རྫོབ་ཀྱི་ཆོས་གང་ཡང་གཤིས་ལ་མ་གྲུབ་པ་ཉིད་དོ། །ཕྲེང་གསུམ་ནས་བཤད་དོ། །རང་དང་གཞན་གྱི་དོན་ལ་མོས་པ་དང་འབྲིང་གི་འབྲིང་ནི། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གཅིག་དང་ཕྲེང་བཅུ་ན་ཟིན་པར་འགྱུར་རོ། །རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆེན་པོ་ནི། ཀོའུ་ཤི་ཀ །ཕྲེང་དྲུག་ན། རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུ་ནི་སྤོབས་པ་མི་འཕྲོས་པར་འགྱུར་བ་ཡིན། ཕྲེང་བཅུ་གཅིག་ནས། རང་དང་གཞན་གྱི་དོན་ནི་མོས་པ་ཆེན་པོའི་འབྲིང་ནི། ཀོའུ་ཤི་ཀ །གཞན་ཡང༌། ཤོག་གུ་གཅིག་དང་ཕྲེང་དགུ་ན། རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆེན་པོ་ནི། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གསུམ་དང་ཕྲེང་བཞི་ན། གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆུང་ངུ་ནི། ཀོའུ་ཤི་ཀ་སྟེ། རིགས་ཀྱི་བུའམ། ཕྲེང་བཅུ་གཅིག་ན། ལེའུ་ཉི་ཤུ་གཅིག་པའོ།། །།

གཞན་གྱི་དོན་ལ་མོས་པ་ཆུང་ངུའི་འབྲིང་ནི། དེ་ནས་བཅོམ་ལྡན་འདས་ཀྱིས། ཕྲེང་བཅུ་གཅིག་ན། འདི་སྐད་ཅེས་སྨྲས་སོ། །གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི། ཀོའུ་ཤི་ཀ །ཕྲེང་གསུམ་གཉིས། འདི་ལྟར་མཚན་ཉིད་མེད་པ་ཡིན་ན། ཞེས་བྱ་བ་ནི་ཀུན་བཏགས་པའི་མཚན་ཉིད་ཐམས་ཅད་ཀྱི་མཚན་མ་དང་བྲལ་བའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ལ་ཁྱོད་ཕྲེང་བཅུ་གཅིག་ན། གང་གི་དེ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་བསྒྲུབ་པའི་རྩོལ་བ་དང་སྤྲོས་པ་མཛད་པ་མ་ཡིན། འདོང་བར་བྱེད་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཉེ་བར་བསྒྲུབ་པ་མ་ཡིན། ཞེས་བྱ་བར་ཤེས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཉིས་མེད་ཡེ་ཤེས་ནི་འདུས་མ་བྱས་ཀྱི་ཤེས་རབ་ཡིན་པའི་ཕྱིར་མི་གཉིས་པའོ། །ཞེས་སོགས་ནི་གལ་ཏེ་འཛིན་པ་དང་མི་འཛིན་པ་ལ་སོགས་པའི་ཚུལ་དུ་གནས་པར་འགྱུར་ན། དེ་ལྟ་ན་ནི་གཉིས་ཀྱི་བདག་ཉིད་ཐ་དད་པའི་བདག་ཉིད་དུ་གནས་པར་འགྱུར་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དོན་དམ་པར་གཅིག་ཅིང་ཐ་དད་པ་མེད་དེ། དེའི་ཕྱིར་ཐ་དད་པ་མེད་པའོ། །དེ་བས་ན་དེ་ལ་འདི་ལྟ་བུར་སྤྱོད་པའི་སྤྲོས་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། བསམ་གཏན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་མེད་ཡེ་ཤེས་འདུས་མ་བྱས་ཡིན་པའི་ཕྱིར་མི་གཉིས་པའོ། །ཕྲེང་གཅིག་ན། གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་མེད་ཡེ་ཤེས་འདུས་མ་བྱས་ཡིན་པའི་ཕྱིར་མི་གཉིས་པའོ། །བསམ་གཏན། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་མེད་ཡེ་ཤེས་འདུས་མ་བྱས་ཀྱི་ཤེས་རབ་ཡིན་པའི་ཕྱིར་མི་གཉིས་པའོ། །ཀོའུ་ཤི་ཀ །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །ཞེས་པ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟེ་དེ་དག་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་གཅིག་སྟེ་གཉིས་སུ་བྱར་མེད་པར་གནས་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ནུད་ཙམ་ན། ཆོས་ཀྱི་དབྱིངས་དང༌། ཤེས་རབ་ཀྱི། ཀོའུ་ཤི་ཀ །གང༌། བསམ་གཏན་གྱི། ཕྲེང་ཕྱེད་ན། དབྱིངས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ཀོའུ་ཤི་ཀ །གང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཕྲེང་གཅིག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང༌། བསམ་གཏན། ཕྲེང་གཅིག་ལྷག་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ཕྲེང་གསུམ་ཉིས་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ལྷ་དང་མི་དང༌། ཕྲེང་བཅུ་གཉིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟགས་མེད་པ་དང༌། བརྗོད་དུ་མེད་པ་ལ་སོགས་པས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་མཚན་མ་མཆིས། རང་གི་མཚན་ཉིད་དང་བྲལ་བའི་ཕྱིར་རྟགས་པ་མ་མཆིས། ཚིག་གི་སྤྱོད་ཡུལ་མ་ཡིན་པས་བརྗོད་དུ་མ་མཆིས་ཏེ། སྒྲའི་བདག་ཉིད་མ་ཡིན་པའི་ཕྱིར་སྨོས་སུ་མ་མཆིས་སོ། །ཕྲེང་བཅུ་གཅིག་ན། གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ནི། བཅོམ་ལྡན་འདས་གང་ལ་ལ་ཞིག །ཕྲེང་དྲུག་ན། གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ནི། བཅོམ་ལྡན་འདས་ཡང་གལ་ཏེ། ཕྲེང་བདུན་ན། གཞན་གྱི་དོན་ལ་མོས་པ་འབྲིང་ནི། བཅོམ་ལྡན་འདས་གཞན་ཡང༌། ཤོག་གུ་གཅིག་ན། གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆེན་པོ་ནི། བཅོམ་ལྡན་འདས་གཞན་ཡང༌། རིགས་ཀྱི་བུའམ། ཤོག་གུ་གསུམ་དང་ཕྲེང་བཅུ་གཅིག་ན། གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུ་ནི། བཅོམ་ལྡན་འདས་ཏེ། ཤོག་གུ་གཉིས་དང་ཕྲེང་གསུམ་ན། འདུས་མ་བྱས་ཀྱི་ཆོས་ཉིད་དང༌། ཞེས་བྱ་བ་ནི་རྣམ་པར་རྟོགས་པ་དང་བཅས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །འདུས་མ་བྱས་རྣམས་ཀྱི་ཆོས་ཉིད་བརྗོད་དུ་མེད་པ་དོན་དམ་པའི་ངོ་བོ་ཉིད་ནི། འདུས་མ་བྱས་ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཕྲེང་བརྒྱད་ན། གཞན་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤོག་གུ་གཅིག་དང་ཕྲེང་གཅིག་ན། མ་ཡིན་ཏེ། དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། གཤོང་དུ་འདུག་པ་མ་ཡིན་ཞེས་སོགས་ནི་ཡོངས་སུ་གྲུབ་པའི་གནས་སྐབས་ན་དེ་ལྟ་བུའི་རྣམ་པར་རྟོག་པ་དང༌། མཚན་མ་མེད་པའི་ཕྱིར་དེ་སྐད་བཤད་དོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། ཕྲེང་བཞི་ན། གཞན་གྱི་དོན་ལ་མོས་པ་ཆེན་པོ་ནི། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གསུམ་དང་ཕྲེང་དྲུག་ན། གྲངས་སུ་འགྲོ་བར་ཟད་དོ། །ཞེས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིང་ལྟ་བུའོ། །དེ་ལས་གཞན་རྣམས་ནི་གྲིབ་མ་ལྟ་བུའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཅིག་ན། བྱེ་བྲག་མི་དམིགས་སོ། །དེ་རྣམས་ཀྱིས་ནི། མོ༷ས་པ༷་ད༷ང༌། །ཞེས་དོན་དྲུག་པ་གསུངས་ཟིན་ཏོ། །

ཤེས་རབ་ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང༌། །བསྟོད་པ་དང་པོ་ནི། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གཅིག་དང་ཕྲེང་ལྔ་ལྷག་ན། བསྟོད་པ་གཉིས་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། བསྟོད་པ་གསུམ་པ་ནི། ཀོའུ་ཤི་ཀ །རིགས་ཀྱི་བུའམ། ཕྲེང་གསུམ་ལྷག་ན། བསྟོད་པ་བཞི་པ་ནི། ལན་ཅིག་ཕྱིར་འོང་འབྲས་བུ་དང༌། བསྟོད་པ་ལྔ་པ་ནི། ཕྱིར་མི་འོང་བའི་འབྲས་བུ་དང༌། བསྟོད་པ་དྲུག་པ་ཡིན། དགྲ་བཅོམ་པ་ཉིད་བཀོད་པ་ལྟ་ཅི་སྨོས། ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། བསྟོད་པ་བརྒྱད་པ་དང༌། དགུ་པ་དང༌། བཀུར་བ་དང་པོ་དང༌། གཉིས་པ་ན། ཀོའུ་ཤི་ཀ ། གང་ལ་ལས། བཀུར་བ་དང་ནི། དགྲ་བཅོམ་པ་ཉིད་ཀྱི་བར་ལ་བཀོད་པ་ལས། བསྟོད་པ་བདུན་པ་ནི། ལ་ལ་ཞིག་གི་སེམས་ཅན་གཅིག །བཀུར་བ་གསུམ་པ་ནི། རིགས་ཀྱི་བུའམ། ཕྲེང་བདུན་ན། ཤེས་པར་བྱའོ། །བཀུར་བ་བཞི་པ་ནི། ཀོའུ་ཤི་ཀ །ཤོག་གུ་དྲུག་ན། ཡིད་ལ་བྱེད་པའོ། །བམ་པོ། ཕྲེང་བཞི་ན། ཡིད་ལ་བྱེད་པའོ། །བཀུར་བ་ལྔ་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། ཕྲེང་ཕྱེད་དང་གསུམ་ན། གཉིས་སུ་མེད་པར་ལྟ་བ་མ་ཡིན། ཞེས་བྱ་བ་ནི། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་གཉིས་སུ་མེད་པའི་ངོ་བོ་ཉིད་དོ། །ཞེས་བྱ་བར་ཡང་མི་རྟོགས་ན། གཉིས་ཀྱི་ངོ་བོ་ཉིད་དུ་ལྟ་ཅི་སྨོས་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གཉིས་ཀྱི་ཚུལ་དུ་ཡང་མི་ལྟ། གཉིས་སུ་མེད་པའི་ཚུལ་དུ་ཡང་མི་ལྟ་ཞེས་པའི་ཐ་ཚིག་ཅེས་དབུ་མ་པ་ཆེན་པོ་གསུང་ཚད་མར་མ་ཡིན་ནོ། །ཕྲེང་གཅིག་ན་བྱང་བར་མ་ཡིན། ཞེས་པ་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱི་ཡོངས་སུ་དག་པའི་ཕྱིར། ཀུན་ནས་ཉོན་མོངས་པ་མེད་ལ། གནས་གྱུར་པའི་ཚེ་ཡང་ནམ་མཁའ་བཞིན་དུ་སྔོན་མ་བྱུང་བའི་རྣམ་པར་བྱང་བ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ལྔ་ན་མ་ཡིན་ནོ། །བཀུར་བ་དྲུག་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། ཕྲེང་ལྔ་ན། གྲངས་མེད་པ་དང་ལྡན་པར་འགྱུར་རོ། །དེ་རྣམས་ཀྱིས་ན་བདག་གིས་གཟུང་བའི་བསོད་ནམས་ངེས་པའི་བསོད་ནམས་ཆེ་བར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། བཀུར་བ་བདུན་པ་ནི། ཀོའུ་ཤི་ཀ །གལ་ཏེ་ཕྲེང་དྲུག་ལྷག་ན། འཚང་རྒྱ་བར་འགྱུར་རོ། །བཀུར་བ་བརྒྱད་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། ཤོག་གུ་བརྒྱད་དང་ཕྲེང་དྲུག་ན། སྔ་མ་དག་གིས་ཡིན་ནོ། །བཀུར་བ་དགུ་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། ཕྲེང་བཅུ་གསུམ་ན། ཡོད་པར་འགྱུར་རོ། །བསྔགས་པར་འདོད། །བསྔགས་པ་དང་པོ། ཀོའུ་ཤི་ཀ །གཞན་ཡང༌། ཕྲེང་སོ་གཉིས་ན། བསྔགས་པ་གཉིས་པ་ནི། ཕྱིར་མི་འོང་བའི་འབྲས་བུ་དང༌། ཕྲེང་བཅུ་ན། བསྔགས་པ་གསུམ་པ་ནི། དགྲ་བཅོམ་པ་ཉིད་དང༌། བསྔགས་པ་བཞི་པ་ནི། རང་བྱང་ཆུབ་ལ་བཀོད་ན། ཕྲེང་ལྔ་ན། བསྔགས་པ་ལྔ་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། ཕྲེང་དགུ་ན། ཆེན་པོ་རྣམས་སོ། །བསྔགས་པ་དྲུག་པ་ནི། ཀོའུ་ཤི་ཀ །འཛམ་བུའི་གླིང་གི་སེམས་ཅན། ཕྲེང་སོ་གཉིས་ན། བསྔགས་པ་བདུན་པ་ནི། སྟོང་གི་འཇིག་རྟེན་གྱི་ཁམས། བསྔགས་པ་བརྒྱད་པ་ནི། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས། ཕྲེང་བཅུ་གཉིས་ན། བསྔགས་པ་དགུ་པ་ནི། ཀོའུ་ཤི་ཀ། གཞན་ཡང༌། ཤོག་གུ་བདུན་དང་ཕྲེང་གཉིས་ན། ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་རྣམས་ཀྱིས་ནི། བསྟོ༷ད་ད༷ང་བཀུ༷ར་ད༷ང་བསྔ༷གས་པ༷་ད༷ང༌། །ཞེས་པ་དོན་བདུན་པ་བཤད་ཟིན་ཏོ། །

ཡོངས་སུ་བསྔོ་བར་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། ཕྲེང་བཅུ་གཉིས་ན། དེ་ནི་དམིགས་མེད་རྣམ་པ་ཅན། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གསུམ་དང་ཕྲེང་གསུམ་ན། སུ་བསྔོ་བར་བྱའོ། །ཞེས་བྱ་བ་ལ་སོགས་པས་དོན་དམ་པ་ཡོངས་སུ་བསྔོ་བ་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། ཕྲེང་བཞི་ན། བསྔོ་བར་མི་ནུས་སོ། །ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་མེད་པར་སྟོན་ཏེ། སེམས་དེ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས། བརྟགས་པ་སྟེ། དངོས་པོ་མེད་པ་ནི་ཡིན་ཡོངས་སུ་བསྔོ་བར་མི་ནུས་སོ། །ཞེས་བྱ་བར་སྟོན་ཏེ། ཞེས་དབུ་མ་པ་གསུངས། ཕྲེང་བཅུ་བཞི་ན། མདུན་དུ་མི་བཤད་དོ། །ཞེས་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའ་བྱམས་པ་ནི་སྟོང་པ་ཉིད་འདི་བཤད་པའི་སྣོད་མ་ཡིན་པར་སྟོན་ཏོ། །ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། འགྲིབ་པའམ་འཕེལ་བར་འགྱུར་རོ། །ཞེས་བྱ་བ་ནི་དེ་དག་ཏུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ཅུང་ན། འཛིན་པར་འགྱུར་རོ། །ཞེས་པ་ནི་དེ་བཞིན་ཉིད་ལ་བྱེད་པའོ། །བྱང་ཆུབ་སེམས་དཔའི་རིགས་དེ་དང༌། ཕྲེང་དགུ་ན། བསྔོ་བར་བྱའོ། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དེ་ནས་བྱང་ཆུབ་སེམས་དཔའ། ཕྲེང་ཉེར་ལྔ་ན། བླ་ན་མེད་པའོ། །དབེན་དང་། གལ་ཏེ་བྱང་ཆུབ། ཤོག་གུ་གཅིག་དང༌། ཕྲེང་དྲུག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །གཞན་ཡང་བྱང་ཆུབ་སེམས་དཔའ། ཕྲེང་བཅུ་ན། ཐབས་བཅས། བྱམས་པས་སྨྲས་པ། ཕྲེང་ཕྱེད་དང་བཞི་ན། སྨྲས་པ། མཚན་མ་མེད་པ་དང༌། །བྱམས་པས་སྨྲས་པ། ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ན། སངས་རྒྱས་རྗེས་སུ་ཡི་རང་དང༌། །རབ་འབྱོར་གྱིས་སྨྲས་པ། ཕྲེང་དྲུག་ན། མཐར་ཕྱིན་པར་འགྱུར་རོ། །ཁམས་གསུམ་གཏོགས་པ་མ་ཡིན་དང༌། །གཞན་ཡང་བྱང་ཆུབ། ཤོག་གུ་གསུམ་དང་ཕྲེང་བཅུ་ན། མཉམ་པའི་བར་ཞེས་བྱའོ། །ཆུང་དང་། དེ་ནས་བཅོམ་ལྡན་འདས་ཀྱིས། ཤོག་གུ་གཅིག་དང་ཕྲེང་བདུན་ན། འབྲིང་དང་། རབ་འབྱོར་གཞན་ཡང༌། ཕྲེང་བདུན་ན། གོང་ན་མེད་པ་ཞེས་བྱའོ། །ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་པོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །རབ་འབྱོར། ཤོག་གུ་གསུམ་དང་ཕྲེང་བཅུ་ན། མཉམ་པའི་བར་ཞེས་བྱའོ། །དེ་རྣམས་ཀྱིས་ནི། བསྔོ༷་ད༷ང་། ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། །

ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་ལྔ་ན། མི་དམིགས་པ་ཡང་མ་ཡིན་ལ། ཞེས་བྱ་བ་ནི་སངས་རྒྱས་དེ་རྣམས་དང་དགེ་བའི་རྩ་བ་དེ་རྣམས་དེ་བཞིན་ཉིད་དུ་དམན་པ་དང༌། ལྷག་པ་མེད་པའི་དོན་གྱི་དབང་གིས་མཉམ་པ་ཉིད་དུ་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། དེ་འདི་སྙམ་དུ། ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ན། ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དེ་རྣམས་ཀྱིས་ནི། རྗེ༷ས་སུ༷་ཡི༷་ར༷ང་བ༷། །ཡི༷ད་ལ༷་བྱེ༷ད་པ༷་བླ༷་མེ༷ད་ད༷ག །ཅེས་པ་དོན་དགུ་པ་གསུངས་ཟིན་ཏོ། །

དེ་ཡི་ངོ་བོ་ཉིད། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཕྲེང་གཉིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁམས་གསུམ་པ་ཐམས་ཅད་ནམ་མཁའ་ལྟར་ཁྱབ་པར་བཞུགས་ཀྱང་ཁམས་གསུམ་པ་ཐམས་ཅད་ཀྱི་མ་གོས་པའོ། །ཕྲེང་བརྒྱད་ན། ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་ཞེས་བྱའོ། །དེ་ལ་འདི་ནི་ལན་གསུམ་དུ་བཟླས་ནས་བསྐོར་བ་སྟེ། འདི་ནི་བདེན་པ་བཞིའི་བྱ་བར་བདེན་པ་བཞིའི་ངོ་བོ་ཉིད་ལེའུ་ཚིགས་ནི་གཅིག་གོ །བདེན་པ་བཞི་པོ་དེ་དག་ཉིད་ཡོངས་སུ་ཤེས་པར་བྱ་བ་དང༌། སྤང་བར་བྱ་བ་དང༌། མངོན་སུམ་དུ་བྱ་བ་དང༌། བསྒོམ་པར་བྱ་བའི་ལེའུ་ཚིག་ནི་བསྐོར་བ་གཉིས་པའོ། །བདེན་པ་བཞི་པོ་དེ་དག་ཉིད་བདག་གིས་ཡོངས་སུ་ཤེས་སོ། །སྤངས་སོ། །མངོན་སུམ་དུ་བྱས་སོ། །བསྒོམས་སོ། །ཞེས་བྱ་བའི་ཚིག་ནི་བསྐོར་བར་གསུམ་པའོ། །དེ་ནི་ལན་གསུམ་དུ་བཟླས་ཏེ་བསྐོར་བའོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་སྡུག་བསྔལ་གྱི་ངོ་བོ་ཉིད་དང༌། ཡོངས་སུ་ཤེས་པར་བྱ་བ་དང༌། ཡོངས་སུ་ཤེས་སོ། །ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །ཀུན་འབྱུང་བའི་བདེན་པ་ལ་ཡང་ཀུན་འབྱུང་བའི་ངོ་བོ་ཉིད་དང་སྤང་བར་བྱ་བ་དང༌། སྤངས་སོ། །ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །འགོག་པའི་བདེན་པ་ལ་ཡང་འགོག་པའི་ངོ་བོ་ཉིད་དང་མངོན་སུམ་དུ་བྱ་བ་དང༌། མངོན་སུམ་དུ་བྱས་སོ། །ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །ལམ་གྱི་བདེན་པ་ལ་ཡང་ལམ་གྱི་ངོ་བོ་ཉིད་དང༌། བསྒོམ་པར་བྱ་བ་དང༌། བསྒོམ་མོ་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། དེ་ལྟར་དོན་རྣམ་པ་བཅུ་གཉིས་སོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཕྲེང་སོ་གཉིས་ན། ངོ་བོ་ཉིད་སྟོན་པའོ། །མཆོག་ཉིད། །བཅོམ་ལྡན་འདས། ཤོག་གུ་གཉིས་དང་ཕྲེང་གསུམ་ན། ཀུན་ལ་མངོན་པར་འདུ་མི་བྱེད། །ཚེ་དང་ལྡན་པ། ཕྲེང་བཅུ་བཞི་ན། མངོན་པར་བསྒྲུབ་པར་བྱའོ། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་གནས་སྐབས་ན་ཀུན་བཏགས་པའི་གཟུགས་མངོན་པར་འདུ་བྱེད་པ་མེད་དོ། །སྐྱེ་བ་དང་འགག་པ་གཉིས་ཀྱང་རྒྱུན་གྱི་དབང་གིས་མེད་དོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། ཕྲེང་གཅིག་ལྷག་ན། སྒྲུབ་པར་བྱའོ། །ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོད་པར་བྱེད་པ། གསོལ་པ། ཕྲེང་བརྒྱད་ན། དམིགས་པར་ཡང་མི་བྱེད་དོ། །ཞེས་བྱ་བ་ནི་ཆོས་སྐུའི་གནས་སྐབས་ན་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མི་དམིགས་སོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་དབྱིག་གཉེན་གསུངས། ཕྲེང་གཉིས་ན། ཐོབ་པར་མི་བྱེད་པ་ཡིན་ནོ། །ཞེས་པ་ནི་ཆོས་ཉིད་རྣམ་པར་མི་རྟོག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་མིང་དང་མཚན་མ་དང༌། མངོན་པར་འདུ་ཤེས་པས་མི་འཛིན་ཏོ། །དེ་བས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མིང་དེ་དང༌། མཚན་མ་དེ་དང་མངོན་པར་འདུ་བྱེད་པ་དེས་དམིགས་སུ་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གཉིས་དང་ཕྲེང་བཞི་ན། དོན་ཆེན་ཉིད། །གསོལ་པ། བཅོམ་ལྡན་འདས་འདི་ལྟར། ཕྲེང་གཉིས་ན། ཆུང་བར་མི་བགྱིད། ཅེས་བྱ་བ་ནི་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་ཆེ་བར་མི་བྱེད་ལ། ཀུན་བཏགས་ཀྱི་གཟུགས་ཆུང་བར་མི་བྱེད་པའོ། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །ཞེས་ཀུན་མཁྱེན་གཉིས་པ་དབུ་མ་པ་གསུངས། ཚོར་བ་དང༌། ཤོག་གུ་བཞི་ལ་ཕྲེང་ཉིས་ཆད་པ་ན། ལེའུ་[ཉི་ཤུ་]ལྔ་པའོ།། །།དེ་རྣམས་ཀྱིས་ནི། སྒྲུ༷བ་ད༷ང་། ཞེས་པ་དོན་བཅུ་པ་གསུངས་ཟིན་ཏོ། །

སངས་རྒྱས་བསྟེན་དང་སྦྱིན་སོགས་དང༌། །དེ་ནས་ཚེ་དང་ལྡན་པ་ཕྲེང་ཉེར་བདུན་ན། མི་ཐོས་མི་མཐོང་ངོ༌། །ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །གསོལ་པ། ཕྲེང་དགུ་ན། བརྩོན་པར་བྱེད་དོ། །ཆོས་ཀྱིས་འཕོངས་པའི་རྒྱུ་དག་ནི། །རབ་འབྱོར། གཞན་ཡང༌། ཤོག་གུ་ལྔ་དང་ཕྲེང་བཅུ་ན། མྱོང་བར་འགྱུར་རོ། །བདུད་ཀྱི་ཐིབས་ཀྱིས་ནོན་པ་དང༌། །ཟབ་མོའི་ཆོས་ལ་མ་མོས་དང༌། །ཕུང་པོ་ལ་སོགས་མངོན་ཞེན་དང༌། །སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །རབ་འབྱོར་གྱིས་གསོལ་པ། ཕྲེང་བཞི་ལྷག་ན། སྐྱེས་བུ་གླེན་པ་དེ་དག་ནི་བརྩོན་འགྲུས་མེད་ཅིང་ཕུང་པོ་ལྔ་ལ་མངོན་པར་ཞེན་པ་དང༌། ཞེ་སྡང་གི་སྤྱོད་པ་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་ཡིན་ཏེ། ཞེས་པ་ལེ་བརྒྱད་མར་བྱུང་བ། ཕྲེང་ལྔ་ལྷག་ན། མ་བཅིངས་མ་གྲོལ་བ་སྟེ། ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་སྐབས་ན་གང་ཡོངས་སུ་གྲུབ་པའི་ཆོས་ཉིད་ཀྱི་གཟུགས་སུ་སྣང་བ་དེ་འཁོར་བའི་གནས་སྐབས་ན་དུས་དེ་སྲིད་དུ་ལས་དང་ཉོན་མོངས་པ་དང་རྣམ་པར་སྨིན་པའི་བཅིངས་པ་ཐམས་ཅད་མ་བཅིངས་པ་མེད་པའི་ཕྱིར་མ་བཅིངས་པ་ཞེས་བྱའོ། །ཕྱིས་ཀྱང་ཡོངས་སུ་གྲུབ་པའི་གནས་སྐབས་ན་གྲོལ་བ་མེད་པའི་ཕྱིར་མ་གྲོལ་བ་ཞེས་བྱའོ། །ཀུན་བཏགས་པ་ཉིད་ལ་ནི་བཅིངས་པ་དང་གྲོལ་བ་ཞེས་བརྗོད་ཀྱི། ནམ་མཁའ་བཞིན་དུ་ཅིས་ཀྱང་མ་གོས་པ་འགྱུར་བ་མེད་པའི་ཆོས་ཉིད་ཀྱི་གཟུགས་ལ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པས་གསུངས། གཟུགས་སོ་ཞེས་བྱ་བ་གསུངས་ཏེ། ཀུན་བཏགས་པའི་གཟུགས་དངོས་པོ་མེད་པའི་ངོ་བོ་ཉིད་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པས་གསུངས། ཚོར་བ་དང༌། ཤོག་གུ་གཅིག་དང་ཕྲེང་བཞི་ན། མ་བཅིངས་མ་གྲོལ་བ་སྟེ། ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་འཁོར་བ་ན་དྲི་མ་དང་བཅས་པ་མ་དག་པའི་གནས་སྐབས་ལ་སྔོན་གྱི་མཐའ་ཞེས་བྱའོ། །དེ་ལྟར་དག་པ་དང་མ་དག་པའི་གནས་སྐབས་ལ་ད་ལྟར་བྱུང་བ་ཞེས་བྱའོ། །ཕྱིས་དག་པའི་གནས་སྐབས་ལ་ཕྱི་མའི་མཐའ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། དེ་ཅིའི་ཕྱིར་ཞེ་ན། ནུད་ཙམ་ན། གཟུགས་ཞེས་བྱ་བ་ནི་དུས་གསུམ་ཅར་དུ་ཡང་མི་འགྱུར་བར་གནས་པའི་མཚན་ཉིད་ནི་དེ་བཞིན་ཉིད་ཡིན་ནོ། །ཞེས་སྟོན་ཏོ། །ཆོས་ཉིད་ཀྱི་དུས་ལས་རྣམ་པར་གྲོལ་བའི་མཚན་ཡིན་པར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། ཚོར་བ་དང༌། ཕྲེང་བཅུ་གསུམ་ན། མོས་པར་དཀའོ། །འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །གཅད་དུ་མེད་པས་དག་པར་བརྗོད། །རབ་འབྱོར། ནུད་ཙམ་ན། འབྲས་བུ་རྣམ་པར་དག་པའོ། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་འབྲས་བུར་གྱུར་པ་རྣམ་པར་དག་པ་ཞེས་བྱ་བའི་གུད་ན་གང་ཡང་མེད་ཀྱི། གང་ཆོས་ཉིད་ཀྱི་གཟུགས་ཡོངས་སུ་གྲུབ་པ་ངོ་བོ་ཉིད་དུ་གྱུར་པ་རྟག་ཏུ་གནས་པ་རྣམ་པར་དག་པ་དེ་ཉིད་འབྲས་བུར་གྱུར་པའི་རྣམ་པར་དག་པའོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་བཅུ་གཅིག་ན། གཟུགས་ཡོངས་སུ་དག་པ་སྟེ། ཞེས་བྱ་བ་ནི་དེ་ལ་གཟུགས་ཀྱི་ཆོས་ཉིད་ཀྱི་གནས་སྐབས་ནི་གཟུགས་རྣམ་པར་དག་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་དག་པའི་མཐའི་གནས་སྐབས་ལ་ནི་འབྲས་བུ་རྣམ་པར་དག་པ་ཞེས་བྱའོ། །ཆོས་ཀྱི་སྐུའི་གནས་སྐབས་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་གཟུགས་རྣམ་པར་དག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་འབྲས་བུ་རྣམ་པར་དག་པ་སྟེ་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་གང་ཡིན་པ་དེ་ཉིད་གཟུགས་རྣམ་པར་དག་པ་སྟེ། དེ་བཞིན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེ་བས་ན་དེ་བཞིན་ཉིད་དང༌། རྣམ་པར་གྲོལ་བ་དང༌། ཆོས་ཀྱི་སྐུ་ནི་དོན་དམ་པར་ཐ་དད་མེད་དེ་གཅིག་གོ །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་བར་དུ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་གཉིས་པར་གྲགས་པ་སློབ་དཔོན་དབྱིག་གཉེན་གསུངས། དེ་ལྟར་ཆོས་ཐམས་ཅད་ཀྱི་རྣམ་པར་དག་པ་གཅིག་ཅེས་མཇུག་བསྡུས་ཏེ། ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ལྟར་ན་གཟུགས་ཡོངས་སུ་དག་པ་དང༌། ནུད་ཙམ་ན། ཡོངས་སུ་དག་པ་འདི་གཅིག་པའི་ཕྱིར། གཉིས་སུ་མེད་དེ་གཉིས་སུ་དབྱེ་མི་ནུས་པའི་ཕྱིར། གཉིས་སུ་བྱར་མེད། བྱེ་བྲག་མེད་པའི་ཕྱིར། སོ་སོ་མ་ཡིན་པར་ཚད་མེད་པའི་ཕྱིར་རམ་རྟགས་པའི་ཕྱིར། ཐ་མི་དད་དོ། །ཚོར་བ་དང༌། ཕྲེང་ལྔ་ན། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ། རབ་འབྱོར། གཞན་ཡང༌། ཤོག་གུ་གཉིས་དང་ཕྲེང་བཅུ་ན། བསེ་རུ་དང༌། །རབ་འབྱོར། གཞན་ཡང༌། མ་རིག་པ་རྣམ་པར་དག་པས། ཕྲེང་བདུན་ན། རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། ཕྲེང་བཅུ་བདུན་ན། སོ་སོ་མ་ཡིན་ཐ་མི་དད་དོ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །སྒོམ་ལམ་ཆུང་ངུའི་ཆུང་ངུ་ནི། རབ་འབྱོར། གཞན་ཡང༌། དེས་ཁའི་མཆན་བུ་རྫོགས་སོ།། །།ག་པའི་འགོ་ནས་ཤོག་གུ་གཉིས་དང་ཕྲེང་དྲུག་ན། ལམ་ཆུང་ངུའི་ཆེན་པོ་ནི། རབ་འབྱོར། གཞན་ཡང༌། ཕྲེང་ལྔ་ན། ལེའུ་ཉི་ཤུ་དྲུག་པའོ།། །།

ལམ་འབྲིང་གི་ཆུང་ངུ་ནི། དེ་ནས་ཚེ་དང་ལྡན་པ་ཕྲེང་གཅིག་ན། དག་པའི་ཕྱིར་རོ། །ཞེས་བྱ་བའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང༌། རྣམ་པར་རྟོག་པ་དུ་མའི་དྲི་མ་བསགས་པ་འཁོར་བའི་ཆོས་དེ་དག་དང༌། ཐ་དད་པར་མ་གྱུར་པའི་ཆོས་ཉིད་ནི་དྲི་མ་དེ་དག་གི་དྲི་མ་ཅན་དུ་མ་གྱུར་པ་སྟེ། དུས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པ་ཡིན་པར་བྱིས་པ་རྣམས་ཀྱི་ཡིད་ཆེས་པར་དཀའ་བས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཟབ་ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། ཤཱ་ར་དྭ་ཏིའི་བུས། གསོལ་པ། ཤོག་གུ་གཅིག་དང་ཕྲེང་བཞི་ན། ལམ་འབྲིང་གི་འབྲིང་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་གསུམ་ན། རྣམ་པར་དག་པ་སྣང་བའོ། །ཞེས་བྱ་བ་ནི། འདི་ལྟ་སྟེ། དཔེར་ན། སྤྲིན་དང༌། ན་བུན་དང༌། ཁུག་རྣ་ལ་སོགས་པ་མེད་ན། ཉི་མ་དང༌། ཟླ་བ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། རབ་ཏུ་སྣང་བར་འགྱུར་བའོ། །དེ་བཞིན་དུ་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ཡང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྣང་བ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་བསྟན་པའི་སྲོག་ཤིང་དབྱིག་གཉེན་གསུངས། རྣ་བ་དང༌། ཤོག་གུ་གཅིག་དང་ཕྲེང་བཞི་ན། ལམ་འབྲིང་ཆེན་པོ་ནི། གསོལ་པ། མ་མཆིས་པའོ། །ཞེས་པ་ནི་ཉོན་མོངས་པ་དང༌། རྣམ་པར་རྟོག་པའི། སྤྲོས་པའི་དྲི་མ་རྣམས་སྤངས་པ་ནི་སླར་ཉིང་མཚམས་མི་སྦྱོར་བའི་ཕྱིར་དྲི་མ་མེད་ཅིང་རྣམ་པར་དག་པ་ན་ཉིང་མཚམས་མི་སྦྱོར་བ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཕྲེང་གསུམ་ལྷག་ན། དག་པའོ། །ལམ་ཆེན་པོའི་ཆུང་ངུ་ནི། གསོལ་པ། ནུད་ཙམ་ན། ཉོན་མོངས་པ་མ་མཆིས་སོ། །ཞེས་བྱ་བ་ནི་སྤྲིན་དང༌། ན་བུན་དང༌། ཁུག་རྣ་ལ་སོགས་པ་ཡོད་དུ་ཟིན་ཀྱང་ནམ་མཁའ་ལྟར་རྣམ་པ་ཐམས་ཅད་དུ་རང་བཞིན་གྱིས་ཡོངས་སུ་དག་པའོ། །ཞེས་བཤད་པའོ། །ཞེས་བསྟན་པའི་གསལ་བྱེད་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གསུམ་ལྷག་ན། ཉོན་མོངས་པ་མེད་པའོ། །ལམ་ཆེན་པོའི་འབྲིང་ནི། གསོལ་པ། ཕྲེང་དེ་ཉིད་ལ། བགྱིད་པ་མ་མཆིས་པའོ། །ཞེས་བྱ་བ་ནི་ཐོབ་པར་བྱ་བ་དང༌། ཐོབ་པར་བྱེད་པའི་ཆོས་གཉིས་ཡོད་ན། འཐོབ་པར་ཡང་མེད་པར་འགྱུར་ལ། མངོན་པར་རྟོགས་པར་བྱ་བ་དང༌། མངོན་པར་རྟོགས་པར་བྱེད་པ་གཉིས་ཡོད་ན། མངོན་པར་རྟོགས་པ་ཞེས་བྱ་བ་ཡོད་པར་འགྱུར་ན། དེ་ལ་ཀུན་རྟོག་པ་དང་རྣམ་པར་རྟོག་པ་རྣམས་མེད་པ་ཙམ་ལ་ཡོངས་སུ་གྲུབ་པའི་ཆོས་ཉིད་རྣམ་པར་དག་པ་ཞེས་རྣམ་པར་བཞག་པའི་ཕྱིར་རྣམ་པར་དག་པ་དེ་ལ་འཐོབ་པའམ་མངོན་པར་རྟོགས་པ་ཞེས་བྱ་བ་གང་ཡང་མེད་དོ། །ཞེས་ཀུན་མཁྱེན་གཉིས་པ་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གསུམ་ལྷག་ན། ལམ་ཆེན་པོའི་ཆེན་པོ་ནི། གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པའོ། །ཞེས་པ་ནི་ཀུན་བཏགས་པ་དང༌། རྣམ་པར་བརྟགས་པའི་གཟུགས་ལ་སོགས་པའི་ཆོས་རྣམས་མངོན་པར་གྲུབ་པ་མེད་པ་ལ་རྣམ་པར་དག་པ་ཞེས་བྱ་བར་རྣམ་པར་བཞག་པའི་ཕྱིར་མངོན་པར་གྲུབ་པ་མེད་པའི་ཕྱིར་མངོན་པར་གྲུབ་པ་མེད་པའི་མཚན་ཉིད་ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཉིས་ལྷག་ན། ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །གསོལ་པ། ཕྲེང་ལྔ་ན། གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས། ཞེས་པ་ནི་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་ཁམས་རྣམས་ཀུན་བཏགས་པ་སྟེ། གང་གི་ཚེ་དེ་རྣམས་སུ་མི་སྐྱེ་ཞིང་མི་འབྱུང་བ་དེ་ལ་རྣམ་པར་དག་པ་ཞེས་བྱ་སྟེ། དབུ་མ་པ་གསུངས། ཕྲེང་གཅིག་ན། མཉམ་པ་ཉིད་ཀྱིས། གསོལ་པ། བཅོམ་ལྡན་འདས། ཕྲེང་གཉིས་ན། ཆོས་ལ་སེམས་མེད་པའི་ཕྱིར། ཞེས་པ་ནི་རྟོགས་པ་དང་བྲལ་བའི་ཕྱིར་མེད་པ་ཞེས་བཤད་དོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ལོགས་ཅིག་སོང་བ་ནི། ཆོས་ཐམས་ཅད་མི་ཤེས་སོ། །དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་འཇལ་དང་གཞལ་བྱ་དག །ཕྲེང་གཉིས་ན། གནོད་པར་མི་བགྱིད་པ་ལགས། ཞེས་པ་ནི་གང་གི་ཕྱིར་དེ་གཉིས་ཀ་ཡང་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། དེ་བཞིན་ཉིད་ནི་ཕན་པ་ལ་གནོད་པར་མི་བྱེད་དེ་ནམ་མཁའ་ལ་ནམ་མཁའ་བཞིན་ནོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ནུད་ཙམ་ན། ཆོས་ཀྱི་དབྱིངས་འདུག་པ་ཉིད་ཀྱི་ཕྱིར། ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ནི་དུས་ཐམས་ཅད་དུ་གནས་པའི་མཚན་ཉིད་ཡིན་ན། དེ་ལ་སུ་ཞིག་ཕན་པ་དང་གནོད་པ་བྱེད་པ་ཡོད་ཅེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཅིག་ལྷག་ན། ལེན་པ་མ་མཆིས་སོ། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ཡོངས་སུ་འཛིན་པ་ཐམས་ཅད་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། གལ་ཏེ་ཆོས་འགའ་ཞིག་ཡོངས་སུ་འཛིན་ན་རྣམ་པར་དག་པར་མི་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གསུམ་དུ་ཕྲེང་གཉིས་ཆད་པ་ན། ཅིའི་སླད་དུ་བདག་ཀུན་ཏུ་མཐའ་ཡས་པས། ཞེས་བྱ་བ་ནི་རྟག་པ་དང༌། ཆད་པ་མེད་པ་དང༌། སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་ཀྱི་མཐའ་མེད་པའི་ཕྱིར་ཀུན་ཏུ་མཐའ་ཡས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་བཞི་ན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱིས་ནི། ཤི༷ན་ཏུ༷་ད༷ག་པ༷་ཞེ༷ས། །བྱ༷་བ༷་འདི༷་ནི༷་སྒོ༷མ་པ༷འི་ལ༷མ། །བྱ༷ང་ཆུ༷བ་སེ༷མས་དཔ༷འ་མཁ༷ས་རྣ༷མས་ཀྱི༷ས། །ལ༷མ་ཤེ༷ས་ཉི༷ད་ནི༷་འདི༷་འདྲ༷ར་བཤ༷ད། །ཅེས་པ་དོན་བཅུ་གཅིག་པ་གསུང་ཟིན་ཏོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ལམ་ཤེས་པའི་སྐབས་ཏེ་གཉིས་པའོ།། །།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ལམ་ཤེས་པའི་སྐབས་ཏེ་གཉིས་པ། next