Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། གཞི་ཤེས་པའི་སྐབས་ཏེ་གསུམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། གཞི་ཤེས་པའི་སྐབས་ཏེ་གསུམ་པ། next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། གཞི་ཤེས་པའི་སྐབས་ཏེ་གསུམ་པ།

ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །གསོལ་པ། བཅོམ་ལྡན་འདས། ཕྲེང་ཕྱེད་ན། ཚུ་རོལ་གྱི་འགྲམ་ནི་འདུས་བྱས་སུ་གཏོགས་པའོ། །འམ། ཕ་རོལ་གྱི་འགྲམ་ནི་འདུས་མ་བྱས་སུ་གཏོགས་པའོ་འམ། འདི་གཉིས་གནོད་འཇོམས་སུ་གཉིས་ཀར་བྱུང་བའོ། །ཕྲེང་གཅིག་ན། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། ཕྲེང་ངོ་གཉིས་ན། མཉམ་པ་ཉིད་ཀྱི་ཕྱིར་རོ། །ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར། དུས་གསུམ་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པས་ཚུ་རོལ་གྱི་འདུ་ཤེས་སམ་ཕ་རོལ་གྱི་འདུ་ཤེས་མེད་དེ། དེ་བས་ན་ཚུ་རོལ་གྱི་འགྲམ་ན་ཡང་མི་གནས། ཕ་རོལ་གྱི་འགྲམ་ན་ཡང་མི་གནས་ཞེས་པའི་ཐ་ཚིག་གོ། ཞེས་དབུ་མ་པ་གསུངས། དེ་རྣམས་ཀྱིས་ནི། ཤེ༷ས་པ༷ས་སྲི༷ད་ལ༷་མི༷་གན༷ས་ཤི༷ང༌། །སྙི༷ང་རྗེ༷ས་ཞི༷་ལ༷་མི༷་གན༷ས་ད༷ང༌། །ཞེས་པ་དོན་དང་པོ་དང་གཉིས་པ་གསུངས་ཟིན་ཏོ།།[ཐབས་མ་ཡིན་པས་རིང་བ་སྟེ།།]གསོལ་པ། ཕྲེང་གཉིས་ན། དེ་ནི་མཚན་མར་དམིགས་སྒོ་ནས། །རབ་འབྱོར། དེ་ནི་མིང་དུ་ཡང༌། ཕྲེང་གསུམ་ན་རིང་དུ་སྤོང་ངོ༌། །དེ་རྣམས་ཀྱིས་ནི། ཐ༷བས་མ༷་ཡི༷ན་པ༷ས་རི༷ང་བ༷་ད༷ང༌། །ཞེས་པ་དོན་གསུམ་པ་བཤད་ཟིན་ཏོ། །དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །རབ་འབྱོར། གལ་ཏེ། ཕྲེང་བཞི་ན། ངོ་མཚར་ཆེའོ། །དེ་རྣམས་ཀྱིས། ཐ༷བས་ཀྱི༷ས་རི༷ང་བ༷་མ༷་ཡི༷ན་ད༷ང༌། །ཞེས་པ་དོན་བཞི་པ་བཤད་ཟིན་ཏོ། །

གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །དེ་ནས་ཚེ་དང་ལྡན་པ། ཕྲེང་བཅུ་ན། དུས་གསུམ་གཏོགས་པའི་ཆོས་རྣམས་དང༌། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། ཕྲེང་གཉིས་ན། སྦྱིན་སོགས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་དང་གསུམ་ན། བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །དྲན་པ་ཉེ་བར་གཞག་པ། ཤོག་གུ་གཅིག་དང་ཕྲེང་བཞི་ན། ཆགས་པ་མེད་པ་དག་གོ ། དེ་རྣམས་ཀྱིས་ནི། མི༷་མཐུ༷ན། ཞེས་པ་དོན་ལྔ་པ་གསུངས་ཟིན་ཏོ། །སྦྱིན་ལ་སོགས་པ་ངར་འཛིན་མེད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཕྲེང་བཅུ་གཅིག་རང་ན། བསྔོ་བར་མི་ནུས་སོ། །ཞེས་བྱ་བ་ནི་ཆོས་རྣམས་གནས་པའི་མཚན་ཉིད་ཡིན་པའི་ཕྱིར། ཡོངས་སུ་འགྱུར་བ་མེད་པས་དམིགས་པའི་ཚུལ་གྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་མི་བྱའོ། །ཞེས་པའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ངོ་བདུན་ན། གཞན་དག་དེ་ལ་འཛུད་མཛད་པ། །དེ་ནི་ཆགས་པའི་མཐའ་འགོག་པས། །ཀོའུ་ཤི་ཀ །གཞན་ཡང༌། ཕྲེང་བཅུ་དྲུག་ན། སྤངས་པ་ཡིན་ནོ། །རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཕྲེང་དགུ་ན། ཡིད་ལ་བྱ་བ་མ་ཡིན་ནོ། །ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །གསོལ་པ། ཕྲེང་གཉིས་ལྷག་ན། དེ་ནི་སུས་ཀྱང་མངོན་པར་འཚང་རྒྱ་བར་མི་ནུས་སོ། །ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་པ་ཡིན། །གསོལ་པ། ཕྲེང་གཅིག་ན། ཆོས་ཀྱི་རང་བཞིན་ནི་གཅིག་ཏུ་ཟད་དོ། །ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་ངོ་བོ་གཅིག་ན། འོན་ཀྱང་བདག་ཉིད་ཐ་དད་པར་སྣང་བའི་ཕྱིར། མངོན་པར་རྟོགས་པར་དཀའོ། །གང་ཡིན་པ་དེ་ནི་དེ་བཞིན་ཉིད་དེ་ཡང་ཆོས་ཉིད་གཞན་གང་གི་རྒྱུ་ཡང་མ་ཡིན་པའི་ཕྱིར་རོ། །རང་བཞིན་མ་ཡིན་ནོ། །དེ་ནི་དེ་བཞིན་ཉིད་དེ་འདུས་མ་བྱས་པའི་ཕྱིར། སུས་ཀྱང་མ་བྱས་པས་མ་བྱས་པའོ། །དེ་ནི་དེ་བཞིན་ཉིད་བསོད་ནམས་དང་བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱེད་པ་གང་གིས་ཀྱང་མངོན་པར་འདུས་མ་བྱས་པའོ། །ཕྲེང་གཅིག་ན། སྤང་བ་ཡིན་ནོ། །མཐོང་ལ་སོགས་པ་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །གསོལ་པ། ཕྲེང་གཅིག་ལྷག་ན། ཕྱིར་རོ། །གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །གསོལ་པ། བསམ་གྱིས་མི་ཁྱབ་པའོ། །ཞེས་པ་ནི་དུ་བས་མེ་མཚོན་པ་ལྟར་ཆོས་གཞན་གྱིས་བསམ་དུ་མི་ནུས་ཞེས་པའི་ཐ་ཚིག་གོ །ཞེས་དེ་དག་ཀྱང་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་དྲུག་ན། ལེའུ་ཉི་ཤུ་བདུན་ནོ།། །།དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་གཉེན་པོའི་ཕྱོགས་དག་གི། རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདིར་ཤེས་བྱ། །[དེ་རྣམས་ཀྱིས་ནི། གཉེ༷ན་པོ༷འི་ཕྱོ༷གས་ད༷ག་ད༷ང༌། །]ཞེས་པ་དོན་དྲུག་པ་གསུངས་ཟིན་ཏོ། །

གཟུགས་སོགས་དེ་མི་རྟག་སོགས་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་ཉེར་གཅིག་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མེད་དོ། །དེ་མ་རྫོགས་དང་རབ་རྫོགས་དང༌། །རབ་འབྱོར་གཞན་ཡང༌། ཕྲེང་བཅུ་གསུམ་ན། དེ་ལ་ཆགས་པ་མེད་ཉིད་ལ། །སྤྱོད་པ་བཀག་པས་སྦྱོར་བ་དང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་གསུམ་ན། ལེགས་པར་བསྟན་ཏོ། །ཞེས་པ་ནི། ཆོས་ཉིད་གཟུགས་སྒྲིབ་པ་མེད་པའོ། །ཕྲེང་ཉེར་གཉིས་ན། འདུ་ཤེས་པ་མེད་དོ། །མི་འགྱུར། གསོལ་པ། ཕྲེང་བཞི་ན། བྱེད་པོ་མེད་ཉིད་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཕྲེང་གཉིས་ན། བྱ་དཀའ་རྣམ་གསུམ་སྦྱོར་བ་དང༌། །དང་པོ་ཆེད་དུ་བྱ་དཀའ་བའི་སྦྱོར་བ་ནི། གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་ཕྲེང་བཅུ་བཞི་ལྷག་ན། འཚལ་བའོ། །གཉིས་པ་སྦྱོར་བ་དཀའ་བ་ཉིད་ཀྱི་སྦྱོར་བ་ནི། བཅོམ་ལྡན་འདས། ཕྲེང་སོ་གཉིས་ན། གདེག་པར་འཚལ་བའོ། །གསུམ་པ་ལས་བྱ་དཀའ་བ་ཉིད་ཀྱི་སྦྱོར་བ་ནི། བཅོམ་ལྡན་འདས། ཕྲེང་བཅུ་གཉིས་ན། ཞེས་མཆིས་སོ། །སྐལ་བ་ཇི་བཞིན་འབྲས་ཐོབ་པས། །འབྲས་ཡོད་འདོད་པ་དེ་དང་ནི། །དང་པོ་དོན་མེད་པའི་སྦྱོར་བ་ནི། དེ་ནས་དགེ་སློང་གཅིག་འདི་སྙམ་དུ་གྱུར་ཏེ། ཕྲེང་ངོ་ལྔ་ན། སྙམ་པ་དང༌། གཞན་ལ་རག་ལས་མིན་གང་དང༌། །གཉིས་པ་གཞན་གྱི་རྐྱེན་གྱི་མི་འགྲོ་བའི་སྦྱོར་བ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཕྲེང་བཅུ་གཅིག་ན། སྐལ་བ་ཅན་དུ་འགྱུར་རོ། །སྣང་བ་རྣམ་བདུན་ཤེས་བྱེད་དོ། །གསུམ་པ་ཤེས་བྱེད་རྣམ་བདུན་བཤད་པ་ཤེས་པའི་སྦྱོར་བ་ནི། ཀོའུ་ཤི་ཀ །ཕྲེང་བདུན་ན། སྐལ་བ་ཅན་དུ་འགྱུར་རོ། །དེ་རྣམས་ཀྱིས་ནི། སྦྱོ༷ར་ད༷ང་། ཞེས་པ་དོན་བདུན་པ་བཤད་ཟིན་ཏོ། །

གཟུགས་ལ་སོགས་ལ་རློམ་མེད་དང༌། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཕྲེང་ལྔ་ན། གཟུགས་ལ་རློམ་སེམས་སུ་མི་བྱེད། ཅེས་པ་ནི་བྱེད་པ་དང་མཚན་ཉིད་ལ་སོགས་པའི་དངོས་པོའོ། །གཟུགས་ཀྱི་རློམ་སེམས་སུ་མི་བྱེད་ཅེས་པ་ནི་རྗེ་ཁོལ་གྱི་དངོས་པོར་རོ། །གཟུགས་ལ་རློམ་སེམས་སུ་མི་བྱེད་ན། ཞེས་པ་ནི་གནས་པ་དང་རྟེན་པའི་དངོས་པོར་ཞེས་གསུམ་པ་དབུ་མ་པ་གསུངས། ཤོག་གུ་གཅིག་དང་ཕྲེང་བཞི་ན། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་དོ། །དེ་རྣམས་ཀྱིས་ནི། དེ༷་ཡི༷་མཉ༷མ་ཉི༷ད་ད༷ང༌། །ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། །

སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང༌། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལམ་བཟོད་པའི་ལམ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། དེ་ནས་སངས་རྒྱས་ཀྱི་མཐུས། ཕྲེང་བཅུ་བཞི་ན། གཟུགས་རྟག་མ་ཡིན་མི་རྟག་མིན། །གཟུགས་རྟག་ཅེས་བྱ་བའམ། ཤོག་གུ་གཉིས་དང་ཕྲེང་གཉིས་ན། ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །མཐའ་ལས་འདས་དང་། སྡུག་བསྔལ་ལ་ཆོས་ཤེས་པ་ནི། གསོལ་པ། ཕྲེང་དགུ་ན་འགྱུར་རོ། །རྣམ་དག་དང༌། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་ཕྱེད་ལྷག་ན། ཡོངས་སུ་དག་པའོ། །ཞེས་པ་ནི་གཟུགས་ལ་སོགས་པའི་ཆོས་དམིགས་པར་གྱུར་པ་རྣམས་དྲི་མ་མེད་པར་གྱུར་པའི་ཕྱིར་ལམ་གྱི་རྣམ་པར་ཤེས་པ་ཉིད་དེ་ཡང་རྣམ་པར་དག་པར་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཚོར་བ་དང༌། ཕྲེང་བདུན་ན། ཡོངས་སུ་དག་པའོ། །མ་སྐྱེས་མ་འགག་ལ་སོགས་དང༌། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་དགུ་ན། གཟུགས་ཡོངས་སུ་དག་པའོ། །ཞེས་པ་ནི་གང་གི་ཚེ་གཟུགས་ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་ནས་སྐྱེ་བ་དང་འགག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར། བྱུང་བར་མི་སྣང་བ་དེའི་ཚེ་གཟུགས་ཡོངས་སུ་དག་པ་ཞེས་བྱ་བའི་གཞན་དུ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། ཚོར་བ་དང༌། ཕྲེང་དགུ་ན་ཡོངས་སུ་དག་པའོ། །མཁའ་འདྲ། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར་གཞན་ཡང་ནམ་མཁའ་ཡོངས་སུ། ནུད་ཙམ་ན། ཡོངས་སུ་དག་པའོ། །ཞེས་པ་ནི། ཇི་ལྟར་ནམ་མཁའ་ལ་གློ་བུར་གྱི་སྤྲིན་དང༌། ཁུག་རྣ་ཡོད་ཀྱང་དེ་རང་བཞིན་གྱིས་དག་པའི་ཕྱིར་ཡོངས་སུ་དག་པ་མ་ཡིན་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། ཕྲེང་གཅིག་ལྷག་ན། དག་པ་སྟེ། ཆགས་པ་སྤངས་པ་དང༌། །ཀུན་འབྱུང་ལ་ཆོས་ཤེས་པ་ནི། རབ་འབྱོར། ནུད་ཙམ་ན། ཡོངས་སུ་དག་པའོ། །ཡོངས་སུ་འཛིན་ལས་གྲོལ་བ་དང༌། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། ཕྲེང་གཅིག་ཐལ་ན་དག་པའོ། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང༌། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར། ནམ་མཁའ་ལ། ཕྲེང་གཉིས་ན་དག་པའོ། །གང་ཕྱིར་འདི་དོན་བརྗོད་པ་ཡིས། །གཞན་ལ་བྱིན་དུ་མེད་པ་དང༌། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར། ནམ་མཁའ་བརྗོད་དུ་མེད་པའི་ཕྱིར། ཕྲེང་གཉིས་ལྷག་ན། དག་པའོ། །དམིགས་པ་མེད་པར་བྱེད་པ་དང༌། །འགོག་པ་ལ་ཆོས་ཤེས་པ་ནི། རབ་འབྱོར། གཞན་ཡང༌། ཕྲེང་ཕྱེད་དང་གསུམ་ན་དག་པའོ། །ཤིན་ཏུ་རྣམ་དག །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། གཞན་ཡང་ཆོས་ཐམས་ཅད་དང༌། ཕྲེང་གསུམ་ལྷག་ན་དག་པའོ། །ནད་མི་འབྱུང༌། །འགོག་པ་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར་གྱིས་གསོལ་པ། ཕྲེང་བཅུ་ན། འཕེལ་བར་འགྱུར་རོ། །ངན་སོང་ཆད་དང་། ལམ་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར། དེ་ཅིའི་ཕྱིར་ཞེ་ན། ཕྲེང་ཉེར་བཞི་ན། རིན་པོ་ཆེ་ཞེས་བྱའོ། །འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །ལམ་ལ་ཆོས་ཤེས་པ་ནི། ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་དེ་ལ་ནི་ཕྲེང་གཅིག་ན། དོར་བ་མེད་དོ། །ཞེས་པ་ནི་སྐྱེ་བ་དང་འགོག་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྣང་ངོ༌། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ཅིའི་ཕྱིར་ཞེ་ན། ཕྲེང་བཞི་ན། རིན་པོ་ཆེ་ནི་དམིགས་སུ་མེད་པའོ། །མཚན་མ་དག་དང་མ་འབྲེལ་དང༌། །ལམ་ལ་ཤེས་པའི་བཟོད་པ་ནི། རབ་འབྱོར། ཕ་རོལ་ཏུ་ཕྱིན་པ། ཕྲེང་གཅིག་ཐལ་ན་རིན་པོ་ཆེའོ། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ལམ་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར། གལ་ཏེ། ཕྲེང་ལྔ་ན། ཞིང་དུ་འགྲོའོ། །དེ་རྣམས་ཀྱིས་ནི། ཉ༷ན་ཐོ༷ས་ལ༷་སོ༷གས་མཐོ༷ང་བ༷འི་ལ༷མ། །དེ༷་འདྲ༷་ཀུ༷ན་ཤེ༷ས་ཉི༷ད་དུ༷་འདོ༷ད། །ཅེས་པ་དོན་དགུ་པ་གསུངས་ཟིན་ཏོ། །

དེ་ལྟར་འདི་དང་ཡང་འདི་དང༌། །ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །འདིས་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་སུ་བསྟན་པ་ཡིན། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཕྲེང་ཕྱེད་དང་གསུམ་ན། བྱེད་པ་མེད་དོ། །ཞེས་པ་ནི་ཆོས་ཐམས་ཅད་མི་འགྱུར་བའི་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྣང་སྟེ་ཆོས་ཁྱད་པར་ཅན་གང་ཡང་གྲུབ་པར་བྱའོ་སྙམ་པའི་རློམ་སེམས་གང་ཡང་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གཅིག་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། ཞེས་སོགས་ནི་ཆོས་ཐམས་ཅད་གནས་པའི་མཚན་ཉིད་དེ་གང་ལ་ཡང་ཅི་ཡང་མི་བྱེད་ཅེས་བསྟན་པའོ། །ཆོས་གནས་པ་འདི་ཉིད་མཁྱེན་པས་དེ་བཞིན་གཤེགས་པས་ཞེས་བྱ་བ་དག་འཇིག་རྟེན་ན་སྣང་བ་སྟེ། འདི་ཉིད་དེ་དག་གི་མངོན་པར་རྟོགས་པ་དང༌། འདི་ཉིད་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གསུམ་ལྷག་ན། སྒྲ་ཕྱུང་སྟེ་ཞེས་པ་ནི་ངོ་མཚར་དུ་གྱུར་པའི་ཚིག་སྙན་པ་མཉེན་ཞིང་ཡིད་དུ་འོང་བས་བསྟོད་དོ། །ཞེས་པའི་དོན་ཏོ། །ཞེས་འབུམ་འགྲེལ་གསུང༌། ཕྲེང་གཉིས་ལྷག་ན། བསྐོར་བར་མཐོང་ངོ༌། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དང་པོ་མངོན་པར་སངས་རྒྱས་ནས་ཡུལ་ཝཱ་རཱ་ན་སཱིར་འཕགས་པའི་བདེན་པ་བཞི་ལ་ལན་གསུམ་ཏུ་ཟློས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དང༌། ང་རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་ཕུང་པོ་འདི་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྒྱ་ཆེར་བསྟན་པ་དང་ཆོས་ཀྱི་འཁོར་ལོ་ལན་གཉིས་བསྐོར་བ་མཐོང་ངོ༌། །ཞེས་བྱ་བའི་དོན་ཏོ། །ཞེས་དབུ་མ་པ་དཾ་ཋཊ་སེ་ན་གསུངས། ཕྲེང་གཉིས་ན། གཉིས་སུ་བསྐོར་བ་ཡང་མ་ཡིན། ཞེས་པ་ནི། དོན་དམ་པར་ཆོས་ཐམས་ཅད་གྲངས་ལས་འདས་པའི་ཕྱིར་དེ་སྐད་ཅེས་བསྟན་ཏོ། །ཕྲེང་གཅིག་ན། གནས་པ་མ་ཡིན་ནོ། །ཞེས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཞེས་བྱ་བའི་འདུ་ཤེས་སམ། རྣམ་པར་རྟོག་པ་སེལ་བར་བྱེད་པའོ། །ཞེས་པ་གཉིས། དབུ་མ་པ་གསུངས། ཕྲེང་ཉི་ཤུ་གཉིས་ན། ལེའུ་ཉེར་བརྒྱད་པའོ།། །།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། གཞི་ཤེས་པའི་སྐབས་ཏེ་གསུམ་པའོ།། །།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། གཞི་ཤེས་པའི་སྐབས་ཏེ་གསུམ་པ། next