Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བའི་སྐབས་ཏེ་བཞི་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བའི་སྐབས་ཏེ་བཞི་པ། next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བའི་སྐབས་ཏེ་བཞི་པ།

གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །མེད་པའི་རྣམ་པ་ནས་བཟུང་སྟེ། །མིག་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་གཅིག་ལྷག་ན། ནམ་མཁའ་མེད་པའི་ཕྱིར་རོ། །ཞེས་པ་ནི་ནམ་མཁའ་ལྟར་དམིགས་པའི་བདག་ཉིད་དུ་མེད་པ་ཡིན་གྱི། དམིགས་པ་མེད་པའི་བདག་ཉིད་དུ་མེད་པ་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཅིག་ན། མཉམ་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་ནི་ཆོས་ཐམས་ཅད་ཀུན་བཏགས་པ་སྟེ། དམིགས་སུ་མེད་པའི་བདག་ཉིད་དུ་མཉམ་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་གསུམ་ན། འདི་ནི་གནས་ཀུན་གཞི་རྣམ་ཤེས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཕྲེང་སོ་གཉིས་ན། གསང་སྔགས་ཟབ་མོ་དང་དོན་གཅིག་པས་དབུགས་ཕྱི་ནང་དུ་རྒྱུ་བ་མེད་པའི་ཕྱིར་རོ། །ཕྲེང་དགུ་ན། ལམ་ལ་དེ་ནི་བཅོ་ལྔར་བཤད། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཕྲེང་གཉིས་ན། མེད་པའི་ཕྱིར་རོ། །ཞེས་པ་ནི་དེའི་ཚེ་འདི་འཕོ་དང་སྐྱེ་བ་དག་ཀུན་བཏགས་པའི་དབང་གིས། སྣང་བ་དོན་དམ་པར་ནི་མ་ཡིན་པར་ཤེས་པར་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཅིག་ན། འཇིག་པ་མེད་པའི་ཕྱིར་རོ། །ཞེས་པ་ནི་འདི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་དེ། དེ་ཡང་འགྱུར་བ་མེད་པའི་ཕྱིར་མི་འཇིགས་པའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཅིག་སོང་བ་ན། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །འགོག་པ་ལ་ནི་གོ་རིམ་བཞིན། །དེ་དག་བརྒྱད་དང་། གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཕྲེང་དགུ་ལྷག་ན། སེམས་ཅན་མེད་པའི་ཕྱིར་རོ། །བདུན་དང་ནི། །གསོལ་པ། ཕྲེང་དགུ་ན། གྱུར་པའི་ཕྱིར་རོ། །ལྔ་དང་། གསོལ་པ། ཕྲེང་དྲུག་ན། གྲུབ་པ་མེད་པའི་ཕྱིར་རོ། །བཅུ་དྲུག་ཅེས་བསྒྲགས་སོ། །གསོལ་པ། ཤོག་གུ་ཕྱེད་དང་གཉིས་རུང་ན། དྲན་པ་ཉེ་བཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་། གསོལ་པ་བཅོམ་ལྡན་འདས། ཕྲེང་བརྒྱད་ན། དམིགས་སུ་མེད་པའི་ཕྱིར་རོ། །སུམ་ཅུ་བཞི། །གསོལ་པ། ཤོག་གུ་གཅིག་རང་ན། དམིགས་སུ་མེད་པའི་ཕྱིར་རོ། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །གསོལ་པ། བཅོམ་ལྡན་འདས། ཕྲེང་ཕྱེད་ན། ཐུབ་པ་མེད་པའི་ཕྱིར་རོ། །ཞེས་པ་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་ཡེ་ཤེས་བཅུའི་སྤྱོད་ཡུལ་ཡིན་ན་དེ་དག་གི་སྤྱོད་ཡུལ་དུ་མ་གྱུར་པ་ནི་རྣམ་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་རྣམ་པ་དེ་དག་དོན་དམ་པར་མེད་པས་དེའི་ཕྱིར་སྟོབས་བཅུའི་ཡུལ་དུ་གྱུར་པའི་རྣམ་པ་རྣམས་མེད་པར་མཐོང་བའི་ཕྱིར་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཕྲེང་ཕྱེད་དང་དྲུག་ན། དེ་བཞིན་ཉིད་ཀྱི་ཕྱིར་རོ། །ཞེས་པ་ནི་ངེས་པའི་ཚིག་གི་ན་དེ་བཞིན་དུ་གསུངས་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་སྟེ། སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་ལ་དེ་བཞིན་ཉིད་དུ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་གཤེགས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཕྲེང་གཅིག་ན། དབང་བསྒྱུར་བའི་ཕྱིར་རོ། །ཞེས་པ་ནི་འདི་ལྟར་ཆོས་ཐམས་ཅད་དེའི་དབང་དུ་འགྱུར་ཏེ། དེའི་ཕྱིར་རང་གི་ཆོས་ཐམས་ཅད་ཟིལ་གྱིས་གནོན་པས་རང་བྱུང་གི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་གསུངས། ཕྲེང་གཉིས་ན། ལེའུ་ཉི་ཤུ་དགུ་པའོ།། །།དེ་རྣམས་ཀྱིས་ནི། རྣ༷མ་པ༷། ཞེས་དོན་དང་པོ་གསུངས་ཟིན་ཏོ། །

སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏེ། ཕྲེང་གསུམ་ན། སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །གང་འཛིན་ཅིང་འཆང་བ་དང༌། ཕྲེང་གསུམ་ན། ཡོངས་སུ་ཞུས་སོ། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱད་པས། །ལེན་དང་འཛིན་ལ་སོགས་པ་ཡི། །སྣོད་དུ་དམ་པ་རྣམ་བཞེད་དོ། །རིགས་ཀྱི་བུའམ། ཤོག་གུ་གསུམ་ལྷག་ན། བྱིན་གྱིས་དྲུང་ངོ༌། །སྦྱོར་བ་ཉི་ཤུ་ལས་དང་པོ། གཟུགས་ལ་སོགས་པ་གནས་པའི་སྦྱོར་བ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཀོའུ་ཤི་ཀ །འདི་ལ། ཕྲེང་གཅིག་ན། བརྩོན་པར་བྱེད་པ་མ་ཡིན་ནོ། །ཞེས་པ་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་གང་ལ་ཡང་མི་གནས་ཏེ། དེ་བས་ན་མི་གནས་པ་ཉིད་དེའི་བརྩོན་པར་བྱེད་ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གཉིས་དང་ཕྲེང་བཞི་ན། ཐམས་ཅད་མཁྱེན་པ་ཉིད་མི་དམིགས་སོ། །གཉིས་པ་མི་སྦྱོར་བའི། སྦྱོར་བ་ནི། དེ་ལ་སྦྱོར་བ་བཀག་པའི་ཕྱིར། །རབ་འབྱོར། ཕྲེང་གཅིག་ན། གཟུགས་ལ་བརྩོན་པར་བྱེད་པ་ཡིན་ནོ། །ཞེས་པ་ནི་འགྲེས་སྔ་མར་གནས་པ་བཀག་གོ ། འདིར་ནི་སྒྲུབ་པ་བཀག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་བཅུ་གཅིག་ལྷག་ན། གཟུགས་སྔོན་གྱི་མཐར་མི་དམིགས་སོ། །ཞེས་པ་ལ་སོགས་པས་དུས་གསུམ་གཅིག་ཆེད་དུ་ཡང་མི་དམིགས་པར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་ན། གསུམ་པ་ཟབ་པའི་སྦྱོར་བ་ནི། དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཕྲེང་བརྒྱད་ན། བཞི་པ་གཏིང་དཔག་དཀའ་བའི་སྦྱོར་བ་ནི། དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །གསོལ་པ། བཅོམ་ལྡན་འདས། ཕྲེང་བརྒྱད་ན། ལྔ་པ་ཚད་མེད་པའི་སྦྱོར་བ་ནི། དེ་དག་ཚད་ནི་མེད་ཕྱིར་དང༌། །གསོལ་པ། བཅོམ་ལྡན་འདས་ཀྱི། ཤོག་གུ་གཅིག་དང་ཕྲེང་གཉིས་ན། བམ་པོ་བཞི་པ།

ནུད་ཙམ་ན། དེ་ནི་གཟུགས་མ་ཡིན་ནོ། །ཞེས་པ་ནི་ཟབ་པ་ཞེས་པ་ཀུན་བཏགས་པ་ཡིན་པའི་ཕྱིར། དོན་དམ་པར་གཟུགས་ཉིད་མེད་པས་དེ་སྐད་ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། ཕྲེང་ཉེར་དྲུག་ན། དྲུག་པའི་ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ནི། ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ཤཱ་ར་དྭ་ཏིའི་བུས་གསོལ་པ། ཀྱེ་མ། ཕྲེང་བཅུ་གཅིག་ན། བདུན་པ་ལུང་བསྟན་པ་ཐོབ་པའི་སྦྱོར་བ་ནི། ལུང་བསྟན། བརྒྱ་བྱིན་གྱིས་སྨྲས་པ། ཕྲེང་བཅུ་གསུམ་ན། བརྒྱད་པ་ཕྱིར་མི་ལྡོག་པའི་སྦྱོར་བ་ནི། ཕྱིར་མི་ལྡོག་ཉིད་དང༌། །བཅོམ་ལྡན་གང་གིས། ཕྲེང་དྲུག་ན། དགུ་པ་ངེས་པར་འབྱུང་བའི་སྦྱོར་བ་ནི། ངེས་འབྱུང་། བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། ཕྲེང་བཅུ་ན། བཅུ་པ་བར་ཆད་མེད་པའི་སྦྱོར་བ་ནི། བར་ཆད་མེད་བཅས་དང༌། །ཤཱ་ར་དྭ་ཏིའི་བུ། ཁྱོད་ཀྱིས་ད་དུང་ཡང༌། ཕྲེང་བཅུ་ན། བཅུ་གཅིག་པ་མངོན་པར་རྫོགས་པར་བྱང་ཆུབ་དང་ཉེ་བར་སྦྱོར་བ་ནི། བྱང་ཆུབ་ཉེ་དང་། བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། ཕྲེང་བཅུ་ན། བཅུ་གཉིས་པ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ནི། མྱུར་བ་དང༌། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། ཤོག་ལོགས་གཅིག་སོང་བ་ན། བཅུ་གསུམ་པ་གཞན་གྱི་དོན་གྱི་སྦྱོར་བ་ནི། གཞན་དོན། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། བཅུ་བཞི་པ་འཕེལ་འགྲིབ་མེད་པའི་སྦྱོར་བ་ནི། འཕེལ་མེད་འགྲིབ་མེད་ཕྱིར། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཤོག་གུ་གཅིག་དང་ཕྲེང་བཅུ་ན། བཅོ་ལྔ་པ་ཆོས་དང་ཆོས་མིན་མི་དམིགས་པའི་སྦྱོར་བ་ནི། ཆོས་དང་ཆོས་མིན་སོགས་མི་མཐོང༌། །རབ་འབྱོར། གཞན་ཡང༌། ཕྲེང་བརྒྱད་ན། བཅུ་དྲུག་པ་བསམ་གྱིས་མི་ཁྱབ་པའི་འདུ་ཤེས་འགོག་པའི་སྦྱོར་བ་ནི། གཟུགས་སོགས་བསམ་གྱིས་མི་ཁྱབ་མཐོང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་ཉེར་གཅིག་ན། བཅུ་བདུན་པ་རྣམ་པར་མི་རྟོག་པའི་སྦྱོར་བ་ནི། གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམ་མི་རྟོག །གསོལ་པ། བཅོམ་ལྡན་འདས། ཕྲེང་བཞི་ན། རྣམ་པར་མི་རྟོག་གོ །ཞེས་པ་ནི་སྟོང་པ་ཉིད་ཀྱིས་ཆོས་རྣམས་སུ་མི་རྟོག་གོ །མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་མཚན་མར་མི་རྟོག་གོ །སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་རང་བཞིན་དུ་མི་རྟོག་གོ །ཀུན་བཏགས་པ་ལ་རྣམ་པར་མི་རྟོག་གོ །གཞན་གྱི་དབང་ལ་རྣམ་པར་མི་རྟོག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། བཅོ་བརྒྱད་པ་འབྲས་བུ་རིན་ཆེན་སྦྱིན་པའི་སྦྱོར་བ་ནི། འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་དྲུག་ན། བཅུ་དགུ་པ་རྣམ་པར་དག་པའི་སྦྱོར་བ་ནི། དེ་ནི་དག་པ། བཅོམ་ལྡན་འདས་གཟུགས་དག་པ་དང༌། ཕྲེང་བཞི་ན། ཉི་ཤུ་པ་ས་མཚམས་ཀྱི་སྦྱོར་བ་ནི། མཚམས་དང་བཅས། །བཅོམ་ལྡན་འདས། ཕྲེང་བཅུ་ན། དེ་རྣམས་ཀྱིས་ནི། སྦྱོ༷ར་བ༷ར་བཅ༷ས་རྣ༷མས་ད༷ང༌། །ཞེས་པ་དོན་གཉིས་པ་གསུངས་ཟིན་ཏོ། །

བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །དང་པོ་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། ཕྲེང་བཅུ་གཅིག་ན། གཉིས་པ་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། ཕྲེང་དྲུག་ན། གསུམ་པ་སངས་རྒྱས་ཀྱིས་མངོན་སུམ་དུ་བྱེད་པའི་ཡོན་ཏན་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་བདུན་ན། བམ་པོ་ལྔ་པ།

བཞི་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པའི་ཡོན་ཏན་ནི། ཤཱའ་ར་དྭ་ཏིའི་བུ། དེ་ལ། ཕྲེང་གཉིས་ན། ལྔ་པ་དོན་ཆེ་བ་ཉིད་ལ་སོགས་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། གང་ཡང༌། ཕྲེང་བཅུ་གཅིག་ལྷག་ན། དྲུག་པ་ཡུལ་དཔྱད་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། ཕྲེང་བཅུ་གཉིས་ན། བྱང་ཕྱོགས་ཀྱི་རྒྱུད་ཅེས་བྱ་བ་ཡང་བོད་ཡུལ་ཡན་ཆད་ཨུ་རྒྱན་ཡུལ་དང་ཁ་ཆེ་ཡུལ་མན་ཆད་ལ་བྱའོ། །ཞེས་འབུམ་འགྲེལ་དུ་བཤད་ན། སྤྱོད་པར་འགྱུར་ཏེ། ཕྲེང་ཉེར་དྲུག་ལྷག་ན། བདུན་པ་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། ཕྲེང་བཅུ་གཅིག་ལྷག་ན། བརྒྱད་པ་སྨྲ་བའི་སྐྱེས་བུའི་ཡོན་ཏན་ནི། དེ་ཅིའི་ཕྱིར་ཞེ་ན། ཕྲེང་གསུམ་ན། དགུ་པ་མི་ཕྱེད་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། རིགས་ཀྱི་བུ་དང༌། ཕྲེང་གཉིས་ན། བཅུ་པ་དགེ་བའི་རྩ་བ་ཐུན་མོང་མ་ཡིན་པ་སྐྱེ་བའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ། ཕྲེང་གཅིག་ཐལ་ན། བཅུ་གཅིག་པ་དམ་བཅས་པའི་དོན་ཇི་ལྟ་བ་བཞིན་བསྒྲུབ་པའི་ཡོན་ཏན་ནི། རིགས་ཀྱི་བུ་དང༌། ཕྲེང་དགུ་ན། བཅུ་གཉིས་པ་འབྲས་བུ་ཆེན་པོ། ཡོངས་སུ་འཛིན་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། རིགས་ཀྱི་བུའམ། ཕྲེང་གསུམ་ལྷག་ན། བཅུ་གསུམ་པ་སེམས་ཅན་གྱི་དོན་སྒྲུབ་པའི་ཡོན་ཏན་ནི། དེ་ལྟར་ཕྱིའམ། ཕྲེང་བཅུ་གཅིག་ན། བཅུ་བཞི་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚང་བར་རྙེད་པའི་ཡོན་ཏན་ནི། བཅོམ་ལྡན་འདས། གང་ཡང༌། ཕྲེང་བཅུ་གཅིག་ན། ལེའུ་སུམ་ཅུ་པའོ།། །།དེ་རྣམས་ཀྱིས་ནི། ཡོ༷ན་ཏ༷ན། ཞེས་པ་དོན་གསུམ་པ་བཤད་ཟིན་ཏོ། །

སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་དང་ངེས་པར་རྟོགས་པར་བྱ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་བཅུ་གསུམ་ན། དགོད་ཅེས་པ་ནི་ཆོས་འཆད་པའི་ཚེ་དགོད་པའམ་ཕན་ཚུན་ཀྱལ་ཀ་བྱེད་པའོ། །ཞེས་པ་ནི་གཅིག་ལ་གཅིག་དགོད་འཕྲོ་མ་པའོ། །ཞེས་དབུ་མ་པ་གསུངས། ཅི་འདྲི་ན། ཤོག་གུ་གཅིག་དང་ཕྲེང་ལྔ་ན། ཡོངས་སུ་འཛིན་པར་འགྱུར་ཏེ། ཞེས་བྱ་བ་ནི་སླར་འགྲོ་བའི་སེམས་བསྐྱེད་པའི་སྙེད་ཀྱི་བསྐལ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བྱ་དགོས་ཏེ། འཆལ་པའི་ཤེས་པས་དེ་སྙེད་ཀྱི་སྐལ་བས་ཡོངས་སུ་སྨིན་པར་འགྱུར་རོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གསུམ་དུ་ཕྲེང་གསུམ་ཆད་པ་ན། དྲུག་ཅུའི་ཁ་ཟས་ཞེས་བྱ་བ་ནི་འབྲས་དམར་པོ་ངན་པ་ཞིག་ཞག་དྲུག་ཅུས་སྨིན་པར་གྱུར་པ་ལ་བྱའོ། །ཞེས་འབུམ་ཏིག་གསུངས། བཙལ་བར་སེམས་ཤིང༌། ཤོག་གུ་གཅིག་དང་ཕྲེང་བཞི་ན། རྣམ་པར་བྱང་བའོ། །ཞེས་པ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའོ། །ཞེས་པ་ནི་རྟོག་གེའི་སྤྱོད་ཡུལ་ལས་འདས་ཡང་དག་པར་འདས་པའི་ཕྱིར་རོ། །འགག་པ་མེད་པའོ། །ཞེས་པ་ནི་མི་འགྱུར་བར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་ཕྱིར་རོ། །རྣམ་པར་བྱང་བ་མེད་པའོ། །ཞེས་པ་ནི་རང་བཞིན་གྱིས་ཡོངས་སུ་གྲུབ་པའི་ཕྱིར་རོ། །འཁྲུགས་པ་མེད་པའོ། །ཞེས་པ་ནི་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་རོ། །བརྗོད་དུ་མེད་པའོ། །ཞེས་པ་ནི་སོ་སོ་རང་གིས་རིགས་པའི་ཕྱིར་རོ། །དམིགས་པ་མེད་པའོ། །ཞེས་པ་ནི་དངོས་པོ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཞེས་པ་བདུན་དབུ་མ་པ་གསུངས། ཕྲེང་བཅུ་གསུམ་ན་ཡི་གེ་མ་མཆིས་པའོ། །ཞེས་པ་ནི་བརྗོད་དུ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། བསམ་གཏན་གྱི། ཤོག་གུ་བཅུ་དྲུག་དང་ཕྲེང་དགུ་སོང་ན། གཟིགས་ཤིང་དགོངས་སོ། །དེ་རྣམས་ཀྱིས་ནི། སྐྱོ༷ན་ནི༷། ཞེས་པ་དོན་བཞི་པ་གསུངས་ཟིན་ཏོ། །

གང་གིས་མཚོན་ཏེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་རྣམ་པ་གསུམ། །ཤེས་པ་ཁྱད་པར་བྱེད་པ་སྟེ། །ངོ་བོ་ཉིད་གང་མཚོན་བྱ་ཡང༌། །མཚན་བཞི་ལས། དང་པོ་ཤེས་པར་བྱ་བའི་མཚན་ཉིད་ནི། དེ་བཞིན་གཤེགས་པ་འབྱུང་བ་དང༌། །དེ་ཅིའི་ཕྱིར་ཞེ་ན། ཤོག་གུ་གཅིག་དང་ཕྲེང་ལྔ་ན། དེ་བཞིན་གཤེགས་པ་བསྐྱེད་དོ། །འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་གཅིག་ན། འཇིག་རྟེན་དུ་གསུངས་སོ། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕུང་པོའི་དེ་བཞིན་ཉིད་འབའ་ཞིག་མཐོང་གི་ཀུན་བཏགས་པའི་ཕུང་པོ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། ཕྲེང་བདུན་ན། སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། །རབ་འབྱོར། སེམས་ཅན་ཚད་མེད་པ་གྲངས་མེད་པ། ཕྲེང་བཅོ་ལྔ་ན། དེ་བསྡུས་པ་དང་ཕྱིར་བལྟས་དང༌། །རབ་འབྱོར། གཞན་ཡང་སེམས་ཅན་ཇི་སྙེད་ཅིག །ཕྲེང་ཕྱེད་དང་བདུན་ན། རབ་ཏུ་མཁྱེན་ཏོ་ཞེས་པ་ནི་སེམས་ཀྱི་ཆོས་ཉིད་གཟིགས་པས་སེམས་བསྡུས་པ་དང་སྤྲོས་པ་རྣམས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ཞིང་མེད་པར་མཁྱེན་པ་ལ་སེམས་བསྡུས་པ་དང་སྤྲོས་པ་མཁྱེན་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། མི་ཟད་པ་ཡི་རྣམ་པ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་དྲུག་ན། ཆགས་བཅས་སོགས་དང་། རབ་འབྱོར། གཞན་ཡང༌། ཕྲེང་བདུན་ན། སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །ཞེས་པ་ནི་འདོད་ཆགས་དང་བཅས་པའི་སེམས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ཞིང་བདེན་པ་མ་ཡིན་པས་དེ་སྤངས་ཏེ་ཡང་དག་པ་ཇི་ལྟ་བ་ཉིད་ཀྱིས་རྣམ་པར་རབ་ཏུ་མཁྱེན་ཏོ། །ཞེས་པའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ཅིའི་ཕྱིར་ཞེ་ན། ཕྲེང་བཅུ་བདུན་ན། ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་པ་ནི་འདིའི་སེམས་ནི་རྒྱ་ཆེ་བའོ། །གཞན་གྱི་སེམས་ཞུམ་པའོ། །འདིའི་སེམས་ནི་འཕེལ་བའོ། །གཞན་གྱི་སེམས་ནི་འགྲིབ་པའོ། །འདིའི་སེམས་ནི་ཁྱབ་པར་འགྲོ་བའོ། །གཞན་གྱི་སེམས་ནི་ཁྱབ་པར་འགྲོ་བ་མ་ཡིན་པའོ། །ཞེས་བྱ་བར་མི་གཟིགས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་རྒྱ་ཆེ་བ་སྟེ། དངོས་པོ་མེད་ཅིང་ཡོད་པ་མ་ཡིན་པར་ངོ་བོ་ཉིད་མེད་པར་རབ་ཏུ་མཁྱེན་ན་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་བ་ཞེས་བྱ་བར་ཡོངས་སུ་མཁྱེན་ནས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་དངོས་པོ་མེད་པར་རབ་ཏུ་མཁྱེན་ཏོ། །ཞེས་སྟོན་པ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རྒྱ་ཆེན་དང༌། །རབ་འབྱོར། དེ་བཞིན་པས། ཕྲེང་དྲུག་ལྷག་ན། ཆེན་པོར་གྱུར་དང་། རབ་འབྱོར། གཞན་ཡང༌། ཕྲེང་བདུན་ན། ཚད་མེད་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་བདུན་ན། རྣམ་ཤེས་བསྟན་དུ་མེད་པ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་ཕྱེད་དང་དྲུག་ན། སེམས་བལྟར་མེད་དང་། རབ་འབྱོར། གཞན་ཡང༌། ཕྲེང་གསུམ་རུང་ན། སྣང་བར་མི་འགྱུར་ཏེ། ཞེས་པ་ནི་བསགས་པའི་ཕྱིར་སེམས་དེ་ཀུན་བཏགས་པ་ལ་བྱའོ། །དེ་ཡང་དེའི་བདག་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། མེད་པ་ཉིད་ཀྱིས་ཕྱིར་དེ་ཁོ་ན། གཟིགས་པ་རྣམས་ཀྱི་སྤྱན་སྔར་སྣང་བར་མི་འགྱུར་རོ། །དེ་བས་ན་སེམས་ནི་བལྟར་མེད་པའོ། །ཞེས་པའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཕྲེང་གཉིས་ན། ཤེས་པ་དེ། །གཡོ་བ་ལ་སོགས་ཞེས་བྱ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་བརྒྱད་ན། དེ་ནི་གཟུགས་ལ་གནས་པའོ། །ཞེས་པ་ནི་གཟུགས་ལ་གནས་ཏེ་སེམས་འཕྲོ་བ་དང༌། གཟུགས་བདག་གོ་ཞེས་མངོན་པར་ཞེན་ནས་སྨྲའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་བཅུ་དྲུག་ན། རབ་ཏུ་མཁྱེན་ཏོ། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །གཞན་ལ་བསྟན་པ་ཞེས་བྱ་འདི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །རབ་འབྱོར། གཞན་ཡང༌། ཕྲེང་ཕྱེད་དང་གཉིས་ན། དེ་ལྟར་མཁྱེན་ཏོ། །ཞེས་པ་ལ་སོགས་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་མཁྱེན་ཏོ། །དེ་ལ་འགྱུར་བ་མེད་པ་ཞེས་བྱ་བ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཕྱིར་རོ། །རྣམ་པར་རྟོག་པ་མེད་ཅེས་བྱ་བ་ནི་མ་ནོར་བ་དེ་བཞིན་ཉིད་ཀྱི་ཕྱིར་རོ། །མཚན་མ་མེད་པ་ནི་ཡང་དག་པའི་མཐའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཚོར་བ་དང༌། ཤོག་གུ་གཉིས་དང་ཕྲེང་དགུ་ན། ལེའུ་སུམ་ཅུ་གཉིས་པའོ།། །།

སྟོང་ཉིད་མཚན་མ་མེད་བཅས་དང༌། །སྨོན་པ་རྣམ་པར་སྤངས་པ་དང༌། །སྐྱེ་མེད་འགག་པ་མེད་སོགས་དང༌། །དེ་ནས་སྟོང་གསུམ་ཕྲེང་བཞི་ན། མཚན་ཉིད་མེད་དོ། །ཞེས་པ་ནི་སྤྱོད་ཡུལ་དུ་གྱུར་པ་ཀུན་བཏགས་པའི་ཆོས་རྣམས་དང་བྲལ་བ་ཉིད་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། ཟབ་མོ་འདི་ནི་རྟོག་པ་དང་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཀྱི་མཚན་མ་མེད་ཅིང་རབ་ཏུ་ཞི་བའི་ཕྱིར་ཞེས་དབུ་མ་པ་གསུངས། མཚན་མ་མེད་པའི་ཟབ་མོ་འདི་ནི། རྣམ་པར་རྟོག་པའི་སྨོན་པ་ཐམས་ཅད་ཡོངས་སུ་བཏང་བའི་ཕྱིར། ཕྱིས་སྨོན་པའི་མཚམས་མི་སྦྱོར་བ་ནི། ཕྲེང་གཅིག་ན། ཟབ་མོ་འདི་ནི་རྒྱུ་དང་རྐྱེན་དང་འབྲས་བུ་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་རྒྱུན་ཆད་ཅིང་སྐྱེ་བ་ལ་སོགས་པ་དང་བྲལ་བའི་ཕྱིར། འདུས་མ་བྱས་པའི་གནས་སྐབས་ནི་སྐྱེ་བ་མེད་པའི་མཚན་ཉིད་དོ། །འགག་པ་མེད་པའི་མཚན་ཉིད་ནི། ཞེས་དབུ་མ་པ་གསུངས། ཟབ་མོ་འདི་ནི། འགྱུར་བ་རྣམ་པ་བཞིས་གནས་གྱུར་ཅིང་ཤིན་ཏུ་ཡོངས་སུ་དག་པ་ཉིད་ལ་ཉོན་མོངས་པ་མེད་པའི་མཚན་ཉིད་དོ། །ཟབ་མོ་འདི་དག་སྒྱུ་མ་དང་རྨི་ལམ་དང་མིག་ཡོར་ལ་སོགས་པ་བཞིན་དུ་ཡོངས་སུ་མ་གྲུབ་ཅིང་དངོས་པོ་མེད་པ་ལ། དངོས་པོ་མེད་པའི་མཚན་ཉིད་དོ། །ཕྲེང་གཅིག་ན། ཟབ་མོ་འདི་ནི་ཡོངས་སུ་རྟོགས་པ་དང༌། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་དོན་དམ་པ་བརྗོད་དུ་མེད་པས་ནམ་མཁའ་བཞིན་དུ་གང་དུ་ཡང་གནས། མི་གནས་པའི་མཚན་ཉིད་དོ། །ཞེས་དབུ་མ་པ་གསུངས། ཟབ་མོ་འདི་ནམ་མཁའ་གཞན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མཚན་ཉིད་དོ། །ཕྲེང་གཅིག་ན། དོན་དམ་པར་མ་ཡིན་ནོ། །ཆོས་ཉིད་རྣམ་པར་འཁྲུག་མེད་དང༌། །ལྷའི་བུ་དག་ནུད་ཙམ་ན། གཞན་དུ་བྱ་བར་མི་ནུས་སོ། །ཞེས་པ་ནི་མི་འགྱུར་བར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པས་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་གསུངས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གསུམ་ན། མི་སྲིད་དོ། །འདུ་མི་བྱེད་དང་། ལྷའི་བུ་དག་མཚན་ཉིད་དེ་དག་ནི། ཕྲེང་དྲུག་ན། རྣམ་མི་རྟོག །ལྷའི་བུ་དག་མཚན་ཉིད་དེ་དག་ནི་མིའམ། ཕྲེང་གསུམ་ན། མ་མཆིས་སོ། །རབ་དབྱེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་བཅུ་ན། ངོ་མཚར་ཆེའོ། །མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །དེ་སྐད་ཅེས། ལྷའི་བུ་དག་གཟུགས་ནི་གཟུགས་གཞན་གྱིས་གཞིག་ཏུ་རུང་བའི་མཚན་ཉིད་དེ། ཚོར་བ་ནི། བདེ་སྡུག་བཏང་སྙོམས་མྱོང་བའི་མཚན་ཉིད་འདུ་ཤེས་ནི་མིང་དང་མཚན་མ་ལ་སོགས་པར་འཛིན་པའི་མཚན་ཉིད། འདུ་བྱེད་ནི་ལས་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པའི་ཡུལ་དྲུག །སོ་སོའི་བྱེ་བྲག །ཕུང་པོ་རྣམས་ནི་ན་བ་ལ་སོགས་པས་སྡུག་བསྔལ་གྱི་མཚན་ཉིད། ཁམས་རྣམས་ནི་འཁོར་བའི་རྒྱུ་ཡིན་པས་དུབ་པའི་མཚན་ཉིད་དེ། སྐྱེ་མཆེད་རྣམས་ནི་རྣམ་ཤེས་དྲུག་འབྱུང་བའི་སྒོའི་མཚན་ཉིད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རྒྱུ་རྐྱེན་འདུས་པ་ལས་འབྲས་བུ་འབྱུང་བས་འདུ་འཕྲོད་ཀྱི་མཚན་ཉིད་དེ། ཆོས་དང་ཟང་ཟིང་ཡོངས་སུ་གཏོང་བའི་མཚན་ཉིད་དེ། ཕ་རོལ་ཏུ་ཕྱིན་པ་ནི་རང་གི་ལུས་སེམས་དང་གཞན་ལ་གནོད་པས་གདུང་བ་མེད། ཕ་རོལ་ཏུ་ཕྱིན་པ་ནི། རང་གཞན་གྱི་སེམས་འཁྲུག་པ་མེད། ཕྱིན་པ་ནི། བདུད་དང་བར་དུ་གཅོད་པས་ཐུབ་པ་མེད། ཕྱིན་པ་ནི་སེམས་མཉམ་པར་བཞག་ནས། ཡང་དག་པའི་དོན་རྟོགས་ཤིང་ཡང་དག་པར་ཕྱིན་པ་ནི། ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ཤིང་ཡང་དག་པར་ཕྱིན་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ནས་དངོས་པོ་གང་ལ་ཡང་ཆགས་པ་མེད། ཕྲེང་གཅིག་ན། བཞི་དག་ནི་དེ་དག་ལ་སེམས་མཉམ་པར་བཞག་ན་འདོད་པ་དང༌། རྣམ་རྟོག་གི་སེམས་མི་འཁྲུགས་པའི། ཕྲེང་གཅིག་ན། ཆོས་སུམ་ཅུ་རྩ་བདུན་ནི་འཁོར་བ་ནས་འབྱུང་བར་མེད་པའི་མཚན་ཉིད་དེ། སྒོ་སྟོང་པ་ཉིད་ནི་གཟུང་འཛིན་གྱི་དངོས་པོ་དང་བྲལ་བ་དབེན་པའི་མཚན་ཉིད་དེ། སྒོ་མཚན་མ་མེད་པའི་མཚན་མ་དང༌། རྟོག་པ་ཐམས་ཅད་ཞི་བའི་མཚན་ཉིད་དེ། སྒོ་སྨོན་པ་མེད་པ་ནི། ཆོས་གང་ལ་ཡང་མི་སྨོན་པ་འདོད་པ་མི་རྙེད་པའི་སྡུག་བསྔལ་སེལ་བའི་མཚན་ཉིད་དེ། རྣམ་པར་ཐར་པ་རྣམས་ནི་ཉོན་མོངས་པའི་འཆིང་བ་འགྲོལ་བའི་མཚན་ཉིད་དེ། གནས་དང་གནས་མ་ཡིན་པ་སོགས་ཡེ་ཤེས་ཀྱི་སྟོབས་རྣམས་ནི་ཤིན་ཏུ་རྣམ་པར་གདོན་མི་ཟ་བར་མཁྱེན་པའི་མཚན་ཉིད། མི་འཇིགས་པ་རྣམས་ནི་མངོན་པར་བྱང་ཆུབ་པ་སོགས་བཞི་བསྟན་པ་ལ་བདུད་དང་མུ་སྟེགས་པ་རྣམས་ཀྱིས་བསྒྱུར་མི་ནུས་པས་ཤིན་ཏུ་བརྟན་པའི་མཚན་ཉིད། སོ་སོ་ཡང་དག་པར་རིག་པ་རྣམས་ནི་བདུད་དང་ཕས་རྒོལ་བ་རྣམས་ཀྱི་ཟིལ་གྱིས་མི་ནོན་ཅིང་བར་ཡོངས་སུ་མི་ཆོད་པའི་མཚན་ཉིད། བྱམས་པ་ཆེན་པོ་ནི་སེམས་ཅན་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་བདེ་བ་དང་ཕན་པ་བསྒྲུབ་པའི་མཚན་ཉིད། སྙིང་རྗེ་ཆེན་པོ་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་ལས་སྐྱེ་བའི་མཚན་ཉིད། དགའ་བ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་རྣམས་དང་སེམས་ཅན་གྱི་ཕ་རོལ་ཕུན་སུམ་ཚོགས་པ་རབ་ཏུ་དགའ་བའི་མཚན་ཉིད། བཏང་སྙོམས་ཆེན་པོ་ནི་ཀུན་ལ་སྙོམས་པས་ཕྱོགས་གཅིག་ཏུ་མ་ཞེན་ཅིང་མ་འདྲེས་པའི་མཚན་ཉིད། མ་འདྲེས་པ་བཅོ་བརྒྱད་ནི་ཉན་རང་ལ་སོགས་པ་གཞན་ལ་མེད་ཅིང་དེ་དག་གིས་མི་འཕྲོགས་པའི་མཚན་ཉིད་དེ། དེ་ཉིད་ཀྱི་ཡེ་ཤེས་ནི་བདེན་པ་གཉིས་རྣམ་པ་ཐམས་ཅད་དུ་གསལ་བར་ཐུགས་སུ་ཆུད་པས་མངོན་སུམ་གྱི་མཚན་ཉིད་དེ། ཞེས་པ་འགྲེས་འདི་ནི་འབྲུ་གནོན་འདི་རྣམས་འབུམ་ཏིག་བཞིན་བཀོད་དོ། །ཕྲེང་གཅིག་ཐལ་ན། ཡེ་ཤེས་ཅན་ཞེས་བྱའོ། །དེ་ནི་ཉིད་ཀྱི་ཆོས་བསྟེན་ནས། །གནས་དང་གུས་པར་བྱ་བ་དང༌། །བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་། དེ་ནས་བཅོམ་ལྡན་འདས་ཀྱིས། ཕྲེང་བརྒྱད་ན། དགོངས་པར་བལྟ་བའོ། །བྱེད་མེད་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གཅིག་ན། རྫོགས་པར་སངས་རྒྱས་སོ། །ཞེས་པ་ནི་སུས་ཀྱང་མ་བྱས་པའི་ཆོས་རྣམས་མ་བྱས་པའི་བདག་ཉིད་དུ་མངོན་པར་རྫོགས་པའི་སངས་རྒྱས་པའོ། །འགྱུར་བ་མེད་པ་ནི་སངས་རྒྱས་ཞེས་བྱ་བ་ནི་མི་འགྱུར་བའི་བདག་ཉིད་དུ་མཁྱེན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རབ་འབྱོར། དེ་ལྟར། ཕྲེང་གཅིག་ན། ཀུན་ཏུ་འཇུག་མཁྱེན་གང་ཡིན་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གཅིག་ན། བརྡས་འཇུག་སྟེ། ཞེས་པ་ལ་དོན་དམ་པ་འབྱུང་བ་མེད་པའི་མཐུ་ཞེས་བྱ་བ་ནི་དོན་དམ་པ་མ་སྐྱེས་མ་བྱུང་བའི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཡོངས་སུ་གྲུབ་པའི་ཆོས་ཀྱི་སྐུའི་མཚན་ཉིད་ཡིན་པས་མ་བྱས་པ་སྟེ་དེ་བས་ན་དེ་བཞིན་གཤེགས་པ་ནི་མ་བྱས་མ་མཁྱེན་པའོ། །ཞེས་བྱ་བར་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། རབ་འབྱོར་རྣམ་གྲངས་དེས་ན་འཇིག་རྟེན་འདི་སྟོན་པའོ། །མ་མཐོང་སྟོན་པར་མཛད་པ་དང༌། །རབ་འབྱོར་གྱིས་གསོལ་པ། ཕྲེང་དྲུག་ན། མཐོང་བ་མེད་པའི་ཕྱིར་སྟོན་པའོ། །ཞེས་པ་ནི་གང་གི་ཕྱིར་གཟུགས་ངན་མ་མཐོང་བ་དེའི་ཕྱིར་དེ་སྟོན་པའོ། །གལ་ཏེ་གཟུགས་མཐོང་བར་གྱུར་ན་ནི། རབ་རིབ་ཅན་བཞིན་དུ་ཡང་དག་པ་མ་ཡིན་པའི་དོན་མཐོང་བས་དེ་སྟོན་པར་ཡང་མི་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་བཅུ་གཅིག་ན། མཐོང་བ་མེད་པའི་ཕྱིར་སྟོན་པའོ། །ཞེས་པ་ནི། ཇི་ལྟར་རབ་རིབ་ཅན་ལ་སྔོན་སྐྲ་ཤད་འཛིང་བ་ལ་སོགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་འབྱུང་བ་དེ་ཕྱིས་མི་འབྱུང་བར་གྱུར་པ་དེ་ནི་མཐོང་བ་ཡོངས་སུ་དག་པ་ཞེས་བྱ་བར་འགྱུར་ཏེ། དེ་བཞིན་དུ་འདི་ཡང་གཟུགས་ལ་སོགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་རྣམས་མ་འབྱུང་བའི་ཕྱིར་སྟོན་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ལྟར་ན། ཕྲེང་ཕྱེད་ན། འཇིག་རྟེན་སྟོན་པའོ། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་དུ་མཛད། །རབ་འབྱོར། [གསལ་བཤད། མངོན་རྟོགས་རྒྱན་ལས། བསམ་མི་ཁྱབ་དང༌། ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] གཞན་ཡང༌། ཤོག་གུ་གཉིས་དང་ཕྲེང་གཉིས་སོང་བ་ན། ཞི་ཉིད་སྟོན། །རབ་འབྱོར། གཞན་ཡང༌། ཕྲེང་གཉིས་ན། འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །རབ་འབྱོར། གཞན་ཡང༌། ཤེས་རབ། ཕྲེང་ལྔ་ན། ཆོས་དེ་ལྟ་བུ་མེད་དོ། །གཉིས་པ་ཁྱད་པར་གྱི་མཚན་ཉིད་ནི། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་བཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །བསམ་མི་ཁྱབ་དང་མི་མཉམ་དང༌། །གཞལ་དང་བགྲང་ལས་ཡང་དག་འདས། །གསོལ་པ། བཅོམ་ལྡན་འདས། ཤོག་གུ་ཕྱེད་དང་གཉིས་ན། ཆོས་རྣམས་ཀྱང་མི་དམིགས་སོ། །ཞེས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས། རྣམས་ཀྱི་གཟུང་དུ་མེད། ཅེས་བྱ་བའི་ཐ་ཚིག་སྟེ། དེ་བས་ན་སྣང་བ་མེད་པ་ཞེས་བྱ་བ་གསུངས་སོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་གསུངས། ཤོག་གུ་ཕྱེད་དང་གསུམ་ན། ལེའུ་སུམ་ཅུ་གསུམ་པའོ།། །།

འཕགས་པ་ཀུན་སྡུད། དེ་ནས་ཚེ་དང་ལྡན་པ། ཤོག་གུ་གཅིག་དང་ཕྲེང་གཉིས་དང༌། ཉེ་བར་གནས་པའོ། །ཞེས་པ་ནི་གང་གི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྲེད་པ་ཡོངས་སུ་འཛིན་པ་དང༌། ལྟ་བས་མངོན་པར་ཞེན་པ་མི་འབྱུང་བ་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡོངས་སུ་འཛིན་པ་མེད་པ་དང་མངོན་པར་ཞེན་པ་མེད་པར་ཉེ་བར་གནས་པའོ། །ཞེས་བྱ་བའི་མིང་དུ་འགྱུར་ཏེ། དོན་ཆེན་པོ་ཉིད་དུ་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན། མཁས་པ་ཡིས། །རིགས་བྱ། དེ་ནས་འདོད་པ་ན་སྤྱོད་པ་དང༌། ཕྲེང་བཞི་ན། ཐུན་མོང་མིན་ཤེས་ཉིད། །བཅོམ་ལྡན་འདས་གལ་ཏེ། ཕྲེང་བདུན་ན། བཟོད་པར་འདུས་སོ། །ཤེས་མྱུར། ལྷའི་བུ་དག །བྲི་དང་གང་མེད་དང༌། །བཅོམ་ལྡན་འདས་འདི་ལྟར། ཕྲེང་ཕྱེད་དང་ལྔ་ན། འཕེལ་བར་ཡང་མི་གདའོ། །སྒྲུབ་དང་། ཞེས་ནས། ཕྲེང་བཅུ་གསུམ་ན། ཡང་དག་འགྲུབ་པ་དང༌། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ། ཤོག་གུ་བཞིར་ཕྲེང་གཉིས་ཀྱིས་ཆད་པ་ན། ལེའུ་སོ་བཞིའོ།། །།

དམིགས་པ། རབ་འབྱོར། ཤོག་གུ་ཕྱེད་དང་གཉིས་ན། རྟེན་དང་བཅས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། བུད་མེད་དམ། ཤོག་གུ་གཅིག་དང་ཕྲེང་བཞི་ན། མཐའ་དག་པ་དང་། རབ་འབྱོར། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོའི་གྲུ། ཕྲེང་ཉེར་གསུམ་ན། ཡོངས་འཛིན་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། མིན་ཚོད་གྱིས། ཤོག་གུ་དྲུག་དང་ཕྲེང་དྲུག །ལེའུ་སོ་ལྔ་པའོ།། །།

རོ་མྱང་མེད་དང་ཁྱད་པར་ནི། བཅུ་དྲུག་བདག་ཉིད་ཤེས་བྱ་སྟེ། །གང་གི་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པའི་ཁྱད་པར་ལམ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་ཉེར་བརྒྱད་ན། གཟུགས་ལ་འདོད་པ་མ་བསྐྱེད་ཅིག། ཅེས་བྱ་བ་ནི་རྣམ་པར་རྟོག་པའི་ལྟ་བ་དང་དོན་དམ་པ་ལ་ཆགས་པས་སྨོན་པར་མ་བྱེད་ཅིག །ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་གསུམ་ན། གསུམ་པ་བྱེད་པའི་མཚན་ཉིད་ནི། ཕན་དང་། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་བཅོ་ལྔ་ན། བདེ་དང་། རབ་འབྱོར། ཇི་ལྟར་ན། ཕྲེང་གསུམ་ན། སྐྱོབ་པ་དང༌། །རབ་འབྱོར། ཇི་ལྟར་ན། ཕྲེང་བརྒྱད་ན། མགོན་བྱེད་པ་ཡིན་ནོ། །མི་རྣམས་ཀྱིས་ནི་སྐྱབས་དག་དང༌། །རབ་འབྱོར། ཇི་ལྟར་ན། ཕྲེང་དྲུག་ན། འགྱུར་མ་ཡིན་ནོ། །གནས་དང་། རབ་འབྱོར། ཕྲེང་གསུམ་ཐལ་ན། འདྲེ་བ་མ་མཆིས་པ་ལགས་སོ། །ཞེས་པ་ནི་འཁོར་བའི་དུས་ན་ཀུན་བཏགས་པ་དང༌། ཡོངས་སུ་གྲུབ་པ་གཉིས་གང་གི་ཚེ་གཅིག་ཏུ་གྱུར་ཏེ། ཐ་དད་པ་མ་ཡིན་པར་གནས་པ། དེའི་ཚེ་དེ་གཉིས་ཐ་དད་པ་མེད་པར་གནས་པ་ནི་འདྲེས་པ་ཞེས་བྱའོ། །གང་གི་ཚེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་དང་ཉན་པ་དང་བསམ་པ་དང་སྒོམ་ལ་སོགས་པའི་མཐུས། རིམ་གྱིས་གནས་པར་གྱུར་པ་ན་ཡོངས་སུ་གྲུབ་པ་དང༌། ཀུན་བཏགས་པ་གཉིས་ཐ་དད་པར་གྱུར་ཅིང་ཤིན་ཏུ་རྣམ་པར་དག་པ་དྲི་མ་མེད་པའི་ངོ་བོ་ཉིད་གནས་པར་གྱུར་པ་དེའི་ཚེ་འདྲེས་པ་མེད་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་གསུངས། ཕྲེང་བཅུ་གཅིག་ན། ཆོས་སྟོན་ཏོ། །དཔུང་གཉེན། རབ་འབྱོར། ཇི་ལྟར་ན། ཕྲེང་གཉིས་ལྷག་ན། གཟུགས་མ་ཡིན་ནོ། །ཞེས་པ་ནི་དེ་བཞིན་ཉིད་གཟུགས་ཀྱི་མཚན་ཉིད་སྤངས་པའི་ཕྱིར། གཟུགས་ཀྱི་ཕ་རོལ་ཏུ་གྱུར་པ་ཡིན་ཏེ། དེ་བས་ན་གཟུགས་ཀྱི་ཕ་རོལ་ཏུ་གྱུར་པ་དེ་བཞིན་ཉིད་གང་ཡིན་པ་དེ་ཀུན་བཏགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། ཕྲེང་བརྒྱད་ན། ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །ཞེས་པ་ནི་ཐམས་ཅད་ཀྱང་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་སྐད་གསུངས་ཀྱི་མངོན་པར་འབྲེལ་བའི་ཕྱིར་ནི་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཉིས་ན། གང་ཡང་མ་མཆིས་སོ་ཞེས་པ་ནི་གལ་ཏེ་གཟུགས་ཀྱི་ཕ་རོལ་ཏུ་གྱུར་པ་དེ་བཞིན་ཉིད་ལ་གཟུགས་སུ་རྣམ་པར་རྟོགས་པར་གྱུར་ན། གཟུགས་ཀྱི་ཕ་རོལ་རྟོགས་པས་ཆོས་ཐམས་ཅད་རྟོགས་པར་མི་འགྱུར་གྱི། གཟུགས་རྟོགས་པ་ཙམ་དུ་ཟད་པར་འགྱུར་བ་ཞིག་ན་འདི་ལྟར་དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན་པས་གཟུགས་ཀྱི་ཕ་རོལ་ལ་གཟུགས་རྟོགས་པ་མེད་དེ། དེའི་ཕྱིར་དེ་ཙམ་ཞིག་རྟོགས་པས་ཆོས་ཐམས་ཅད་རྟོགས་པར་གྲུབ་བོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ཉེར་བཞི་ན། དཔུང་གཉེན་དུ་གྱུར་པ་ཡིན་ནོ། །གླིང་དང་ནི། །རབ་འབྱོར། ཇི་ལྟར་ན། ཕྲེང་གཉིས་ན། ཕྱི་མཐའ་ཡོངས་སུ་ཆད་པའོ། །ཞེས་པ་ལ་གཟུགས་ཀྱི་སྔོན་གྱི་མཐའ་དོན་དམ་པར་ནམ་ཡང་མ་བྱུང༌། ཕྱི་མའི་མཐར་ཡང་ནམ་ཡང་འབྱུང་བར་འགྱུར་བ་མ་ཡིན་ཏེ་དུས་ཐམས་ཅད་དུ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། ཕྲེང་དགུ་ན། དེ་ནི་བཟང་པོའོ། །དེ་ནི་ཡང་དག་པ་སྟེ། ཞེས་པ་ནི་དུས་སྟོང་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་དོན་དམ་པ་སྟེ་རིགས་པའོ་ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་བཅོ་ལྔ་ན། དེད་དཔོན་དུ་གྱུར་པ་ཡིན་ནོ། །ཡོངས་འདྲེན་པ་ཞེས་བྱ་བ་དང༌། །རབ་འབྱོར། ཇི་ལྟར་ན། ཤོག་གུ་གཅིག་ཏུ་ཕྲེང་གཉིས་ཆད་པ་ན། འདྲེན་པར་གྱུར་པ་ཡིན་ནོ། །ལྷུན་གྱིས་གྲུབ་དང་། རབ་འབྱོར། ཇི་ལྟར་ན། ཕྲེང་གཉིས་ན། ཆོས་སྟོན་ཏོ། །ཞེས་པ་ནི་དོན་དམ་པར་གཟུགས་ནི་ནམ་མཁའ་བཞིན་དུ་གོས་པ་མེད་ཅིང་འགྱུར་བ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབྱིག་གཉེན་གསུངས། ཕྲེང་བདུན་ན། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཞེས་པ་ནི་གཟུགས་ཀྱི་སྟོང་པ་ཉིད་རྣམ་པར་རྟོག་པ་དང་བཅས་པའི་ཚེ་ཡང་གར་ཡང་མི་འགྲོ་བའོ། །ཕྱིས་རྣམ་པར་མི་རྟོག་པའི་ཚེ་ཡང་གང་ནས་ཀྱང་མ་འོངས། ཞེས་བྱ་བའི་ཐ་ཚིག་གོ །ཚོར་བ་དང༌། ཕྲེང་བརྒྱད་རང་ན། འགྲོ་བའམ། འོང་བ་མི་དམིགས་སོ། །ཞེས་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གསུམ་ན། ཐེག་གསུམ་གྱིས། །འབྲས་བུ་མངོན་དུ་མི་བྱེད་པ་དག །རབ་འབྱོར། ཆོས་ཐམས་ཅད་ནི། ཕྲེང་བཅུ་གསུམ་ན། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །ཞེས་པ་ནི་ཡོད་པ་ལ་སྐུར་བ་མི་འདེབས་པའི་ཕྱིར། དབྲི་བ་མེད་པའོ། །མེད་པ་ལ་སྒྲོ་མི་འདོགས་པའི་ཕྱིར་བསྣན་པ་མེད་པའོ། །ཞེས་ཀུན་མཁྱེན་དབྱིག་གཉེན་གསུངས། དེ་ཅིའི་ཕྱིར་ཞེ་ན། ཕྲེང་གསུམ་ན། ངང་ཚུལ་ཅན་ཏེ། ཞེས་པ་ནི་རྣམ་པར་རྟོག་པའི་ཚེ་ཡང་ཀུན་བཏགས་པ་དེ་བཞིན་ཉིད་དང་ལྷན་ཅིག་ཕྲད་པ་མེད་ལ་རྣམ་པར་མི་རྟོག་པའི་ཚེ་ཡང་ཕྱིས་འབྲལ་བ་མེད་པའོ། །དེ་བཞིན་དུ། འདྲེ་བ་དང་མི་འདྲེ་བ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་དབྱིག་གཉེན་གསུངས། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །ཤོག་གུ་གཅིག་དང་ཕྲེང་གཉིས་ན། ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །རབ་འབྱོར། ཆོས་ཐམས་ཅད། ཤོག་གུ་ཕྱེད་དང་གཉིས་ལྷག་ན། ལེའུ་སོ་དྲུག་པའོ།། །།

བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ནི། ཉོན་མོངས་རྟགས་དང་མཚན་མ་དང༌། །གསོལ་པ། ཕྲེང་བརྒྱད་ན། མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་། གསོལ་པ། ཕྲེང་ལྔ་ན། རྟེན་དུ་གྱུར་པ་ཡིན་ནོ། །དཀའ་དང་། གསོལ་པ། ཕྲེང་གསུམ་ན། གཟུགས་དང་འབྲེལ་བ་མ་ཡིན་ཏེ། ཞེས་པ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཤིན་ཏུ་མེད་པའི་ཕྱིར། ཆོས་དེ་རྣམས་མཚན་མར་བཟུང་སྟེ་གོ་ཆ་བགོས་པ་ནི་མ་ཡིན་གྱི་མཚན་མ་མེད་པའི་གོ་ཆ་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གཅིག་དང་ཕྲེང་དྲུག་ན། ཆོས་ཐམས་ཅད་དང་བྲལ་བ་མ་ཡིན་ནོ། །ངེས་པ་དང༌། །གསོལ་པ། ཕྲེང་གསུམ་ན། སེམས་ཅན་ཇི་སྙེད་ཅིག་མྱ་ངན་ལས་བཟླའོ་ཞེས་བྱ་བར་ཡོངས་སུ་ངེས་པའི་ས་མཚམས་བཅད་དེ། མ་ལགས་སོ། །ཆེད་དུ་བྱ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་དྲུག་ན། མི་དམིགས་དང༌། །གསོལ་པ། ཕྲེང་ཕྱེད་ན། སུས་ཀྱང་བསྒོམ་པར་མི་བགྱི། ཞེས་པ་ནི་བྱེད་པ་པོ་མེད་པའི་ཕྱིར་རོ། །ཅི་ཡང་བསྒོམ་པར་མི་བགྱི། ཞེས་པ་ནི་སྒོམ་པའི་ཡིད་ལ་བྱེད་པ་ཡང་མ་མཐོང་བའི་ཕྱིར་རོ། །གང་དུ་ཡང་སྒོམ་པར་མི་བགྱིའོ། །ཞེས་པ་ནི་ཆོས་གང་ལ་ཡང་སྒོམ་པར་བྱ་བ་མ་མཐོང་བའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཤོག་གུ་གཉིས་དང་ཕྲེང་གསུམ་ལྷག་ན། མངོན་པར་ཞེན་པ་བཀག་པ་དང༌། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཕྲེང་གཉིས་ན། ཡོངས་སུ་བརྟག་པར་བྱའོ། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་འདི་ཕྱིར་མི་ལྡོག་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟག་པར་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གཅིག་དང་ཕྲེང་ཕྱེད་བདུན་ན། ཕྱིར་རོ། །དམིགས་པ་ཞེས་བྱ་གང་ཡིན་དང༌། །གསོལ་པ། ཤོག་གུ་གཅིག་དང་ཕྲེང་དྲུག་ན། གཟུགས་ལ་རྟོགས་པ་མ་ཡིན་ནོ། །ཞེས་པ་ལ་སོགས་པས་འདི་སྟོན་ཏེ་མངོན་པར་རྟོགས་པའི་ཚེ་གཟུགས་ལ་སོགས་པའི་ཆོས་རྣམས་མེད་པའི་ཕྱིར་སྣང་བར་མི་འགྱུར་རོ། །དེ་བས་ན་གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་རྣམས་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་རྣམས་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ཐ་དད་པ་ནི་མེད་ཀྱི་དག་གི་དེ་བཞིན་ཉིད་མངོན་པར་རྟོགས་པར་འགྱུར་རོ། །དེ་བཞིན་ཉིད་དེ་ཡང་ཐ་དད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་གཅིག་གོ །དེ་བས་ན་དེ་བཞིན་ཉིད་གཅིག་པའི་གཟུགས་ལ་སོགས་པའི་ཆོས་རྣམས་རྟག་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་ལྔ་ལྷག་ན། གང་དུ་ཡང་མ་སོང༌། ཞེས་པ་ལ་སོགས་པ་འདི་སྟོན་ཏེ། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བྱ་བ་དང་འགྱུར་བའི་ཆོས་ལ་མ་འོངས་པ་དང་འགྲོ་བ་དང་གནས་པ་དང་ལྡན་པའམ་ཉེ་ཚོ་བའམ་གང་ལ་སོགས་པ་དང་ལྡན་ན་ནི་ཀུན་བཏགས་པའི་རྣམ་པར་འགྱུར་ཏེ། འོ་ན་ནི་གཟུགས་ལ་སོགས་པའི་ཆོས་རྣམས་སུ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བ་ཞིག་ན་གང་གི་ཕྱིར་དེའི་རྣམ་པ་དང་བྲལ་ཏེ་ནམ་མཁའི་ཆོས་ཅན་ཡིན་པ་དེའི་ཕྱིར་ཏེ། གཟུགས་ལ་སོགས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཤོག་གུ་དྲུག་ན། ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཞེས་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན་ལ། དེ་བཞིན་ཉིད་ཀྱང་གཅིག་པའི་ཕྱིར་གཅིག་ཏུ་རྒྱུ་བར་འགྱུར་གྱི་གཉིས་སུ་རྒྱུ་བར་མི་འགྱུར་རོ། །ཞེས་དབུ་མ་པ་གསུངས། མི་མཐུན། ལྷའི་བུ་དག །ནམ་མཁའ་ཟབ་པའི་ཕྱིར། ཤོག་གུ་གཅིག་དང་ཕྲེང་གཅིག་ན། མི་གཟུང་བའི་སླད་དུ་མ་ལགས། དེ་བཞིན་དུ་ཞེས་པ་ནི། འདི་གཟུགས་སོ། །ཞེས་མཚན་མར་འཛིན་པ་ནི་གཟུང་བའི་གཟུགས་མེད་དོ། །ཞེས་པ་ཐམས་ཅད་དུ་སྐུར་བ་འདེབས་པ་ནི་མི་གཟུང་བའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། དེ་ནས་ཤོག་གུ་གསུམ་ན། ཐོགས་པ་མེད་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་བཅུ་ན། གཟུགས་ལ་ཐོགས་པ་མ་མཆིས་སོ། །ཞེས་པ་ལ་སོགས་པས་ཆོས་ཐམས་ཅད་དང་རྗེས་སུ་མཐུན་པ་ཉིད་རྣམ་པར་འབྱེད་དེ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྒྲོ་འདོགས་པ་དང༌། སྐུར་བ་འདེབས་པའི་མཐའ་མེད་པའི་ཕྱིར་ཐོགས་པ་མེད་དེ་འདི་ལྟར་ཀུན་བཏགས་པའི་གཟུགས་ནི་ཡོད་པ་མ་ཡིན་པས་སྒྲོ་འདོགས་པའི་མཐའ་མེད་དོ། །ཆོས་ཀྱི་གཟུགས་ནི་ཡོད་པའི་ཕྱིར་སྐུར་བ་འདེབས་པ་མེད་དེ། དེ་བས་ན་གཟུགས་དང་རྗེས་སུ་མཐུན་པའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། ཕྲེང་བརྒྱད་ན། དེ། །གཞི་མེད། ཆོས་འདི་ནི། ཕྲེང་བཅུ་གཅིག་ན། འགྲོ་མེད། དེ་ནས་འདོད་པ་ན་སྤྱོད་པ་དང༌། ལོགས་གཅིག་ན། དེ་བཞིན་ཉིད་མ་ཡིན་ཞེས་པ་ནི། གོང་དུ་དེ་བཞིན་ཉིད་ཀྱིས་རང་བཞིན་བཤད་པ་ལ། ཁ་ཅིག་དེ་ལྟ་བུའི་དེ་བཞིན་ཉིད་དངོས་པོའི་རང་བཞིན་དུ་ཡོད་པར་རྟོགས་པ་བསལ་བའི་ཕྱིར་དེ་ཡང་དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། ཕྲེང་གཅིག་ལྷག་ན། རྟོགས་པ་མེད་པ་ཞེས་པ་ལ་འགྱུར་བ་མེད་ཅེས་བྱ་བ་འདིས་ནི་མི་འགྱུར་བའི་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པར་བསྟན་ཏོ། །རྣམ་པར་རྟོག་པ་མེད་ཅེས་བྱ་བ་འདིས་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པར་སྟོན་ཏོ། །ཞེས་དབུ་མ་པ་དབྱིག་གཉེན་གསུངས། དེ་བཞིན་དུ་གནས་བརྟན་རབ་འབྱོར། ཕྲེང་བརྒྱད་ལྷག་ན། རྗེས་སུ་སྐྱེ་བ་མེད་པ་སྟེ། སྐྱེ་བ་མེད་པའི་མཚན་ཉིད་མེད་པའི་ཕྱིར་གང་དུ་ཡང༌། རྗེས་སུ་སྐྱེས་པ་མེད་པ་ཞེས་ཀྱང་བྱའོ། །ཞེས་དབུ་མ་པ་གསུངས། དེ་ལྟར་ན་གནས་བརྟན་རབ་འབྱོར་ནི། ཤོག་གུ་གཉིས་དང་ཕྲེང་བཅུ་ན། ཞེས་ཚིག་ཏུ་བརྗོད་དོ། །སྐྱེ་མེད་དང༌། །དེ་ནས་གནས་བརྟན་རབ་འབྱོར་གྱིས། ཕྲེང་གཉིས་ན། རྗེས་སུ་མ་སྐྱེས་སོ། །ཞེས་པ་ནི་གཟུགས་སྐྱེ་བར་འགྱུར་བའི་དངོས་པོ་མེད་པས་གནས་བརྟན་ཡང་དངོས་པོ་མེད་པའི་ཕྱིར། གཟུགས་ཀྱི་རྗེས་སུ་སྐྱེ་བའམ། གཟུགས་ལས་གཞན་པ་གང་དུ་ཡང་སྐྱེ་བར་མི་རིགས་སོ། །དེ་བཞིན་ཉིད་ཀྱང་སྐྱེ་བ་དང༌། འབྲེལ་བ་མེད་པས་དེ་བཞིན་ཉིད་ཀྱི་རྗེས་སུ་སྐྱེ་བའམ་དེ་བཞིན་ཉིད་ལས་གཞན་པ་གང་དུ་ཡང་སྐྱེ་བར་མི་རིགས་སོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། ཕྲེང་བཅུ་གཉིས་ན། ཐམས་ཅད་མེད་ཅིང་མི་དམིགས་སོ། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །དེ་ནས་ཚེ་དང་ལྡན་པ། དེ་བཞིན་ཉིད་དང༌། ཞེས་པ་ནི་དེ་བཞིན་གཤེགས་པའི་དངོས་པོ་ནི་དེ་བཞིན་ཉིད་དོ། །མ་ནོར་བའི་དངོས་པོ་ནི་མ་ནོར་བ་དེ་བཞིན་ཉིད་དོ། །གཞན་མ་ཡིན་པའི་དངོས་པོ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །ཆོས་རྣམས་ཀྱི་བརྗོད་དུ་མེད་པའི་མཚན་ཉིད་ཡོངས་སུ་གྲུབ་པའི་དོན་དམ་པའི་དབྱིངས་གང་ཡིན་པ་དེ་ནི་དུས་ཐམས་ཅད་དུ་དེ་བཞིན་དུ་འགྱུར་ཞིང་ནོར་བར་མི་འགྱུར་བའི་ཕྱིར་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། མི་འཇིགས་པར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོགས་པར་ཡོངས་སུ་གྲུབ་པ་དང༌། མི་འགྱུར་བར་ཡོངས་སུ་གྲུབ་པའོ། །དེ་ལ་མི་འཇིགས་པར་ཡོངས་སུ་གྲུབ་པའི་ཕྱིར་དེ་བཞིན་ཉིད་དོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ཕྱིར་མ་ནོར་པ་དེ་བཞིན་ཉིད་དོ། །མི་འགྱུར་བ་ཡོངས་སུ་གྲུབ་པའི་ཕྱིར་གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཆོས་དང་ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཞེས་པ་ཚིག་གསུམ་གྱི་མཚན་ཉིད་རྣམ་པ་གསུམ་བསྟན་ཏེ། ཆོས་ཀྱི་མཚན་ཉིད་དང༌། འབྱུང་གནས་ཀྱི་མཚན་ཉིད་དང༌། གནས་པའི་མཚན་ཉིད་དོ། །ཆོས་ཀྱི་དངོས་པོ་ནི་ཆོས་ཉིད་དེ། ཀུན་བཏགས་པ་དང༌། རྣམ་པར་ཤེས་པ་བཏགས་པའི་ཆོས་ཐམས་ཅད་ལས་གཞན་དུ་གྱུར་པས་དེ་དང་མི་འདྲ་བ་བརྗོད་དུ་མེད་པ་ཆོས་ཀྱི་དངོས་པོར་གནས་པ་གང་ཡིན་པ་དེ་གནས་པའི་ཕྱིར་ཆོས་ཉིད་སྒྲར་བརྗོད་དོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི། འབྱུང་གནས་ཀྱི་མཚན་ཉིད་གསུངས་པ་སྟེ། ཆོས་ནི་སྟོབས་དང༌། མི་འཇིགས་པ་དང༌། མ་འདྲེས་པ་ལ་སོགས་པས་སངས་རྒྱས་ཀྱི་ཆོས་རྣམས་སོ། །དབྱིངས་ཀྱི་སྒྲ་ནི་རྒྱུའི་དོན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས། ཞེས་བྱ་སྟེ། ཆོས་སྐུ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་གནས་ཉིད་ཅེས་བྱ་བ་ནི་གནས་པའི་མཚན་ཉིད་གསུངས་པ་སྟེ། དེ་བཞིན་གཤེགས་པ་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་ཉིད་དང༌། ཆོས་ཉིད་གནས་པ་ཉིད་འདི་ནི་འདུག་པ་ཉིད་དོ། །ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་སྟེ། དོན་དམ་པ་བརྗོད་དུ་མེད་པས་ཡོངས་སུ་གྲུབ་པའི་ཆོས་སྔོན་དྲི་མ་དང་བཅས་པའི་གནས་སྐབས་དང༌། ཕྱིས་དྲི་མ་མེད་པའི་གནས་སྐབས་ན་ཡང་དུས་ཐམས་ཅད་དུ་ཡོད་པ་ནི་ཆོས་གནས་པ་ཉིད་དོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཡང་དག་པའི་མཐའ་ནི་ཟབ་པ་སྟེ། ཞེས་པ་ཚིག་གསུམ་གྱིས་ངེས་པའི་མཚན་ཉིད་གསུངས་ཏེ། དེ་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་བ་ལ་ཆོས་ནི་འདིར་ལ་སོགས་པའི་ཆོས་ལས་བཟློག་པ་ཡང་དག་པ་ཉིད་ཀྱི་ཆོས་ཏེ། དེ་ལ་ངེས་པ་ཉིད་དང་གཅིག་ཏུ་ཆད་པ་ཉིད་ཀྱི་སྐྱོན་མེད་པ་ཉིད་དེ། ས་རབ་ཏུ་དགའ་བའི་ཡེ་ཤེས་ཀྱི་དང་པོ་ཉིད་དུ་དེ་བཞིན་ཉིད་རབ་ཏུ་རྟོག་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་བྱེད་པ་ཡང་དག་པ་ཉིད་ཀྱི་ཆོས་རྣམས་ཀྱི་ངེས་པའི་རྒྱུ་ཡིན་པའི་ཕྱིར། ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་སྟེ། འདི་སྐད་དུ་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ན་སྐྱོན་ཞེས་བྱ་བ་ནི་ཆོས་ལ་སྲེད་པ་སྟེ་སྐྱོན་གྱི་དངོས་པོ་མེད་པ་ནི་སྐྱོན་མེད་པ་ཉིད་དོ། །ཞེས་སྔར་ཇི་སྐད་དུ་བསྟན་པ་ལྟ་བུའོ། །ཆོས་རྣམས་ལ་སྐྱོན་མེད་པ་ཉིད་ནི། ཆོས་སྐྱོན་མེད་པ་ཉིད་དེ། ཆོས་གང་རབ་ཏུ་རྟོགས་པས་སྐྱོན་གྱི་ཆོས་རྣམས་རྒྱུན་བཅད་པ། དེ་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་ཡང་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་མཐའ་སྟེ། མཐར་ཕྱིན་པའི་ཕྱིར་ཡང་དག་པའི་མཐའ་ཤིན་ཏུ་ངེས་པ་དེ་ཁོ་ན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་དེ། འཇིག་རྟེན་པའི་རྟོག་པ་ཐམས་ཅད་ཀྱི་རྗེས་སུ་དཔག་པའི་སྤྱོད་ཡུལ་མ་ཡིན་པས་ཤིན་ཏུ་ངེས་པའི་སོ་སོ་རང་གི་རིག་པའི་དོན་དམ་པ་ལ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱའོ། །ཡང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར། བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྐུའི་དབང་གི་ཆོ་འཕྲུལ་ངོ་མཚར་རྣམས་འཇིག་རྟེན་དུ་འབྱུང་བའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། འདིར་ཡུམ་རྒྱས་པ་དང་གཞུང་འདི་ལ་ཡོངས་གྲུབ་དགུ་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་མ་བྱུང་བ་ཡང་ཁྲི་བརྒྱད་སྟོང་པར་བྱུང་བས། དེའི་ཕྱིར་སློབ་དཔོན་དབུ་མ་པས་བཤད་པ་མཛད་པ་ཡིན་ནོ། །དེ་ལ་གཟུགས་མི་དམིགས། ཤོག་གུ་གསུམ་དང་ཕྲེང་ལྔ་ན། རང་སངས་རྒྱས་ཀྱི་སར་ལྟུང་ངོ༌། །དེ་རྣམས་ཀྱིས་ནི། མཚ༷ན་ཉི༷ད་བཅ༷ས། །ཞེས་པ་དོན་ལྔ་པ་གསུང་ཟིན་ཏོ། །

མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །སངས་རྒྱས་སོགས་དམིགས་དད་པ་དང༌། །ཤཱ་ར་དྭ་ཏིའི་བུ། ཕྲེང་བཅུ་གཅིག་ན། རིགས་པར་བྱའོ། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །དེ་ཅིའི་ཕྱིར་ཞེ་ན། ཕྲེང་བཅུ་ལྷག་ན། བསམ་པ་ཕུན་ཚོགས་དྲན་པ་དང༌། །གསོལ་པ། བཅོམ་ལྡན་འདས་བདག་གིས། ཕྲེང་ཕྱེད་དང་གཉིས་ན། ཐེ་ཙོམ་མ་མཆིས་པའི་རྣམ་པར་མི་རྟོག་ཏིང་འཛིན་དང༌། དེ་ཅིའི་སླད་དུ་ཞེ་ན། ཕྲེང་ཕྱེད། ཉེ་བར་བཟུང་སྟེ། ཞེས་པ་ནི་ས་དང་པོ་ལ་ཉེ་བར་བཟུང་སྟེ། ཞེས་བྱ་བའི་ཐ་ཚིག་གོ །གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། ཤོག་གུ་གཅིག་དང་ཕྲེང་ལྔ་ན། སྤྱད་པར་བགྱིའོ། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡི། །རྟོགས་སླ། དེ་ནས་འདོད་པ་ན་སྤྱོད་པ་དང༌། ཕྲེང་ཕྱེད་དང་ལྔ་ན། གང་ཡང་མི་དམིགས་སོ། །ཞེས་པ་ནི་ངེས་ཀྱང་ཀུན་རྫོབ་ཀྱི་ཤེས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་བསྡུས་པས་ནི་ཆོས་ཐམས་ཅད་དུ་རྣམ་པ་ཐམས་ཅད་དུ་ཤེས་ཀྱི། དོན་དམ་པའི་ཡེ་ཤེས་ཀྱི་རབ་ཏུ་རྣམ་པར་ཕྱེ་ན་རྨི་ལམ་ན་མཐོང་བའི་དོན་བཞིན་དུ་ཤེས་པར་བྱེད་པའམ་ཤེས་པར་བྱ་བའི་ཆོས་གང་ཡང་མཐོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། དེ་ཅིའི་ཕྱིར་ཞེ་ན། ཕྲེང་བཅུ་གཅིག་ལྷག་ན། འཚང་རྒྱ་བར་སླའོ། །ཞེས་པ་ནི་ཆོས་ཐམས་ཅད་མེད་པའི་ཕྱིར་དངོས་པོ་མེད་པ་ལ་དངོས་པོ་མེད་པར་རྟོག་པར་བྱ་བ་ནི་མི་དཀའི། ཡོད་པའི་ཆོས་རྣམས་ཀྱི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་ཉིད་རྟོགས་པར་བྱ་བ་ནི་དཀའོ། །མེད་པ་ལ་དངོས་པོ་མེད་པ་ཙམ་དུ་ཤེས་པར་སྒྲུབ་པ་ནི་མི་དཀའ་སྟེ། འདི་ལྟར་ཆོས་རྣམས་ཡོད་པ་ལ་ནི་དཀར་པོའི་ཆོས་རྣམས་འཕེལ་བར་བྱ་བ་དང༌། ནག་པོའི་ཆོས་རྣམས་སྤངས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་པ་བསྒྲུབ་པ་དགོས་པར་འགྱུར་ན་གང་གི་ཕྱིར་ཆོས་འདི་རྣམས་མེད་པ་དེའི་ཕྱིར་སྒྲུབ་པ་ཡང་མི་དཀའོ། །དེ་བས་ན་མངོན་པར་རྫོགས་པར་འཚང་རྒྱ་བར་མི་དཀའོ། །ཞེས་བྱ་བ་གསུངས་སོ། །གནས་བརྟན་ཤཱ་ར་དྭ་ཏིའི་བུས། མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བར་གསུངས་པ་དེའི་དགོངས་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དེ་ནམ་མཁའ་ལྟ་བུར་རིགས་ནས་གལ་ཏེ་མི་སྨྲ་བར་འདུག་ན་དེ་ལྟ་ན་ནི་དཀའ་བ་མ་ཡིན་པར་འགྱུར། འདི་ཡང་དག་པ་ན་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་མེད་པ་ཡང་རིགས་པར་བྱས་ལ་དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྣམས་ལ་ཡང་སྦྱོར་ཞིང་ཆོས་ཐམས་ཅད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ན་དེ་ལྟ་ན་ནི་དཀའ་ཞེས་བྱ་བར་དགོངས་པའོ། །ཞེས་དབུ་མ་པ་གསུངས། དེ་ཅིའི་སླད་དུ་ཞེ་ན། ཕྲེང་བཅུ་གཅིག་ལྷག་ན་འཚང་རྒྱའོ། །རྟུལ་པོས་རྟོགས་དཀར་བཞེད། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤོག་གུ་བཞི་དང་ཕྲེང་ལྔ་ན། དེ་འབྱུང་བར་འགྱུར་རོ། །དེ་རྣམས་ཀྱིས་ནི། ཐ༷ར་ད༷ང་། ཞེས་པ་དོན་དྲུག་པ་གསུངས་ཟིན་ཏོ། །

དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །རབ་འབྱོར་གྱིས། གསོལ་པ། ཕྲེང་བཅུ་ན། སྲོག་གཅོད་པ་སྤང་བར་བྱའོ། །བདག་ཉིད་སྡིག་པ་ལས་ལྡོག་ཅིང༌། །སྦྱིན་ལ་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་གྱུར། གཞན་ཡང་སྲོག་གཅོད་པ་སྤངས་ལ། ཤོག་གུ་གསུམ་དང་ཕྲེང་དྲུག་ན། དེ་བཞིན་བཟོད་པ་ནི། །རང་གཞན་རྟེན་ཅན་བདེན་ཤེས་པ། །བདག་གིས་ཀྱང༌། ཕྲེང་བཅུ་ན། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །བདག་གིས་ཀྱང་སེམས་ཅན། ཕྲེང་བཅུ་བདུན་ན། ལེའུ་སོ་བརྒྱད་པའོ།། །།དེ་རྣམས་ཀྱི་ནི། ངེ༷ས་འབྱེ༷ད་ཆ༷་མཐུ༷ན་ད༷ང༌། །ཞེས་པ་དོན་བདུན་པ་གསུངས་ཟིན་ཏོ། །

ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་བརྒྱད་ན། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུར་བརྗོད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །གཟུགས་ལ་སོགས་ལས་ལྡོག་པ་དང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་བཅུ་དགུ་ན། ངོ་བོ་ཉིད་མེད་དོ། །ཐེ་ཚོམ། རབ་འབྱོར། ཕྲེང་བཞི་ལྷག་ན། མི་དལ་ཟད་པ་དང༌། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི། ཕྲེང་གཉིས་ན། བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་འགོད་པ་དང༌། །རབ་འབྱོར། གཞན་ཡང༌། ལོགས་ཅིག་སོང་བ་ན། གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །རབ་འབྱོར། ཤོག་ལོགས་གཅིག་དང་ཕྲེང་གཅིག་ན། རིག་པར་བྱའོ། །ཟབ་མོའི་དོན་ལའང་སོམ་ཉི་མེད། །རབ་འབྱོར། གཞན་ཡང༌། བྱང་ཆུབ། ཕྲེང་བཅུ་གཅིག་ན། བྱམས་ལུས་སོགས་དང་། རབ་འབྱོར། གཞན་ཡང༌། ཕྲེང་གཉིས་ན། སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གཉིས་ན། བག་ལ་ཉལ་ཀུན་འཇོམས་པ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གཉིས་ན། དྲན་པ་དང་ནི་ཤེས་བཞིན་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་ལྔ་ན། གོས་ལ་སོགས་པ་གཙང་བ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གསུམ་ན། ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །རབ་འབྱོར། གཞན་ཡང༌། མི་འགྱུར་བ། ཕྲེང་ལྔ་ཐལ་ན། གྱ་གྱུ་མེད་སེམས། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་བརྒྱད་ན། སྦྱངས་པ་ནི། །ལེན་དང་། རབ་འབྱོར། གཞན་ཡང༌། ཕྲེང་གསུམ་ན། སེར་སྣ་མེད་སོགས་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གསུམ་ན། ཆོས་ཉིད་ལྡན་པར་འགྲོ་ཉིད་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་བཞི་ན། སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །ཕྲེང་བཅུ་གཉིས་ན། གཞན་གྱིས་དཀྲི་བར་མི་བཏུབ་དང༌། །རབ་འབྱོར། གལ་ཏེ། ཤོག་གུ་གཉིས་ལྷག་ན། ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །རབ་འབྱོར། གཞན་ཡང༌། བྱང་ཆུབ། ཤོག་གུ་གཉིས་དང་ཕྲེང་གཅིག་ན། སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །རབ་འབྱོར། གཞན་ཡང༌། ཕྲེང་བཅུ་ན། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་བཅུ་གསུམ་ན། ལེའུ་སོ་དགུའོ།། །།

སེམས་བརྟན། རབ་འབྱོར། གཞན་ཡང༌། ཕྲེང་བཅུ་བཞི་ན། ཐེག་པ་དམན་དག་ལས། །རྣམ་ལོག །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་དགུ་ན། བཟློག་པར་མི་ནུས་སོ། །བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་བཅུ་གཅིག་ན། ལུས་སེམས་ཡང་བ་ཉིད་དང་ནི། །རབ་འབྱོར། གཞན་ཡང༌། ཤོག་གུ་གཅིག་རུང་ན། འདོད་ལ་སྤྱོད་ལ་ཐབས་མཁས་དང༌། །ལོགས་གཅིག་དང་ཕྲེང་གཅིག་ན། རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །རབ་འབྱོར། གཞན་ཡང༌། གལ་ཏེ། ཕྲེང་དགུ་ན། འཚོ་བ་རྣམ་པར་དག་ཉིད་དང༌། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕྲེང་བཅུ་གཅིག་ན། ཕུང་སོགས། རབ་འབྱོར། གཞན་ཡང༌། ཕྲེང་བརྒྱད་ན། བར་ཆད་བྱེད་རྣམས་དང༌། །དེ་རྐུན་པོའི་གཏམ་གྱི་སྦྱོར་བ་ལ། ཕྲེང་གཅིག་ན། ཚོགས་དང་། དེ་ཡུལ་གྱི་གཏམ་གྱི། ཕྲེང་གཅིག་ན། དབང་སོགས་བཅས་པ་ཡི། །གཡུལ་འགྱེད་ཀྱི། ཕྲེང་བདུན་ན། སེར་སྣ་ལ་སོགས་པ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང༌། །དེ་སྦྱིན་པའི་ཕ། ཕྲེང་བཅུ་གཉིས་ན། ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རབ་འབྱོར། གཞན་ཡང༌། ཕྲེང་ཉི་ཤུ་རྩ་བཞི་ན། རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང༌། །རབ་འབྱོར། བྱང་ཆུབ། ཕྲེང་བཅུ་གཅིག་ན། ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་པའི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །རབ་འབྱོར། གལ་ཏེ་བདུད་སྡིག་ཏོ། །ཤོག་གུ་གཅིག་དང་ཕྲེང་བཞི་ན། ཆབ་མི་འཚལ་བ་སྟེ་ཆུད་མི་ཟ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་བཅོ་ལྔ་ན། སྒྲུབ་བོ། །སྒོམ་པའི་ལམ་ནི་ཟབ་པ་སྟེ། །རབ་འབྱོར་གྱིས་གསོལ་པ། ཕྲེང་བདུན་ན། བསྟན་དུ་གསོལ། ཟབ་མོ་སྟོང་པ་ཉིད་ལ་སོགས། །བཅོམ་ལྡན་འདས་ཀྱིས་བཀའ། ཕྲེང་གཉིས་ན། ཞེས་བྱ་བ་འདི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་མ་ནོར་བ་དེ་བཞིན་ཉིད་ཀྱི་ཚིག་བླ་དྭགས་སོ། །དེ་བཞིན་དུ་འདི་ནི་གདོད་ནས་རང་བཞིན་གྱིས་མཚན་མ་མེད་པའི་གཞི་དང་སྨོན་པ་མེད་པའི་གཞི་དང༌། མངོན་པར་འདུ་བྱ་བ་མེད་པའི་གཞི་དང༌། སྐྱེ་བ་མེད་པའི་གཞི་དང༌། འདོད་ཆགས་དང་བྲལ་བའི་གཞི་དང༌། འགོག་པའི་གཞི་དང༌། མྱ་ངན་ལས། བླ་དྭགས་སོ། །གང་གཟོད་ནས་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས་པའི་ཚིག །ཕྲེང་གཅིག་ལྷག་ན། ཟབ་མོ་ཞེས་བྱ་བ་ནི། རང་བཞིན་གཉུག་མ་གཤིས་ལུགས་ལ་བཞུགས་པ་དོན་དམ་གྱི་ཆོས་ཐམས་ཅད་ཀྱི་ཚིག །རབ་འབྱོར། ཡོངས་གྲུབ་ཀྱི་གཟུགས་ཟབ་བོ། །ཞེས་པ་ནི། འདིར་གཟུགས་ཀྱི་དེ་བཞིན་ཉིད་ལ་གཟུགས་ཀྱི་ཚིག་ཏུ་བརྗོད་དོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་ཕྱེད་ན། རབ་འབྱོར། ཆོས་ཉིད་ཀྱི་གཟུགས་ཟབ་བོ། །སྒྲ་དང༌། དྲི་དང༌། རབ་འབྱོར། མིག་གི་རྣམ་པར་ཤེས་པ་ཟབ་བོ། །རབ་འབྱོར། རྣ་བ་དང༌། སྣ་དང༌། ལྕེ་དང༌། རབ་འབྱོར། དོན་དམ་གྱི། སའི་ཁམས་ཟབ་བོ། །ཆུའི་ཁམས་དང༌། རབ་འབྱོར། མ་རིག་པ་ཟབ་བོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ། འཕགས་པའི་བདེན་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། རབ་འབྱོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཟབ་བོ། །དོན་དམ་གྱི་བྱང་ཆུབ་ཟབ་བོ། །ཕྲེང་གསུམ་ན། གཟུགས་ཀྱི་དེ་བཞིན་ཉིད། ཟབ་པ། ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་གཟུགས་རྣམ་པར་སྣང་མཛད་མེ་ལོང་ཡེ་ཤེས་ཟབ་བོ། །ཞེས་པ་དེ་བཞིན་ཉིད་ཡིན་པར་བསྟན་ཏེ། རྣམ་པ་གང་གིས་དེ་བཞིན་ཉིད་ཟབ་པའི་རྣམ་པ་དེ་ལྟ་བུས་གཟུགས་ཟབ་བོ། །ཞེས་བྱ་བའི་ཐ་ཚིག་གོ། ཞེས་དབུ་མ་པ་གསུངས། ཚོར་བ་དང༌། དེ་བཞིན་ཉིད་ཟབ་པ་ཇི་ལྟར་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ། མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས་ཟབ་བོ། །སེམས་བསྐྱེད་དང༌། དེ་བཞིན་ཉིད་ཟབ་པ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་སྐྱེ་མཆེད་དང༌། ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བྱུང་ཡེ་ཤེས་ཀྱི་ལྷ་སེམས་དཔའ་སེམས་མ་ལ་སོགས་པ་བདེན་དོན་བཅུ་གཉིས་ཀྱི་ལྷ་རྡོ་རྗེ་བཞིའི་ཞལ་བཅུ་གཉིས་དང༌། གནས་ལ་སོགས་པ་བཅུ་གཉིས་ཀྱི་དོན་དཀྱིལ་འཁོར་གྱི་སྒོ་བཅུ་གཉིས་ལ་སོགས་པ་ཟབ་བོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཟབ་པ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་ཕར་ཕྱིན་ཐམས་ཅད་དང༌། སྟོང་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རང་བྱུང་ཡེ་ཤེས་ཀྱི་ལྷ་ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཏུ་བཞུགས་པ་རྣམས་ཟབ་བོ། །ཕྲེང་གཉིས་ན། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ཟབ་པ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་འཕགས་པའི་བདེན་པ་ལ་སོགས་པ་གཟུངས་ཀྱི་སྒོ་རྣམས་ཀྱི་བར་རང་བྱུང་ཡེ་ཤེས་ཀྱི་ལྷར་གསུངས་པ་རྣམས་ཟབ་བོ། །ཕྲེང་གཅིག་ན། མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ཟབ་པ་ནི་ལྟ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་དེ་བཞིན་གཤེགས་པའི་སྟོབས་རྣམས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་རང་བྱུང་ཡེ་ཤེས་ཀྱི་ལྷར་གསུངས་པ་རྣམས་ཟབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དེ་བཞིན་ཉིད་ཟབ་པ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རང་བྱུང་ཡེ་ཤེས་ཀྱི་ལྷ་ཀུན་གྲོལ་ཡེ་ཤེས་སེམས་དཔར་རྟག་ཏུ་བཞུགས་པ་ཟབ་པོ། བྱང་ཆུབ་ཀྱི་དེ་བཞིན་ཉིད་ཟབ་པ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་བྱང་ཆུབ་ཟབ། ཟབ་པ་དེ་ནི་སྒྲོ་འདོགས་དང༌། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །གསོལ་པ། བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། ཞེས་ཞུས་པ་ཅི་ལ་དགོངས་ཞེ་ན། དེ་བཞིན་ཉིད་ཅེས་བྱ་བ་ནི། རྣམ་པ་མེད་པ་སྟེ། གཟུགས་ལ་སོགས་པའི་མཚན་ཉིད་དམ་གཟུགས་ལ་སོགས་པ་ལ་རག་ལུས་པ་ཡང་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་དང༌། ཚོར་བའི་དེ་བཞིན་ཉིད་ཅེས་བྱ་བ་གཟུགས་ལ་སོགས་པའི་ཚིག་ཏུ་ཇི་ལྟར་བརྗོད་ཅེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་བཞི་ན། རབ་འབྱོར། གཟུགས་ཀྱི་དེ་བཞིན་ཉིད་དེ་ལ་ཀུན་རྫོབ་ཀྱི་གཟུགས་ཀྱང་དབྱེར་མེད་དུ་མེད། དོན་དམ་གྱི་གཟུགས་རྣམ་སྣང་མེ་ལོང་ཡེ་ཤེས་ལས་གུད་ན་ཡང་དེ་བཞིན་ཉིད་མེད། གཟུགས་ཀྱི་དེ་བཞིན་ཉིད་དེ་ལྟ་བུའོ། །ཞེས་པ་ནི་ཀུན་བཏགས་པ་སྤངས་ཏེ། ཀུན་བཏགས་པ་ལས་གུད་ན་ཡོད་པའི་དེ་བཞིན་ཉིད་ཀྱིས་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་དང་བྲལ་བ་སྟེ། གཟུགས་ལ་སོགས་པའི་སྒྲར་བརྗོད་དུ་མི་རུང་ངོ༌། །གང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཀུན་བཏགས་པའི་གཟུགས་ལ་སོགས་པ་དང༌། དེ་བཞིན་ཉིད་དང༌། གཞན་དུ་བརྗོད་དུ་མི་རུང་བ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་དེའི་གནས་སྐབས་ཉེ་བར་མཚོན་པའི་ཕྱིར་གཟུགས་ལ་སོགས་པའི་སྒྲོ་བཏགས་ཏེ་ཐ་སྙད་དུ་བྱས་སོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ནུད་ཙམ་ན། དེ་བཞིན་ཉིད་དེ་ལ་ཀུན་རྫོབ་ཀྱི་རྣམ་པར་ཤེས་པ་ཡང་དབྱེར་མེད་དུ་མེད། དོན་དམ་གྱི་རྣམ་པར་ཤེས་པ་མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཀུན་རྫོབ་ཀྱི་རྟེན་ཅིང་འབྲེལ་བ་ཡང་རང་བཞིན་དབྱེར་མེད་དུ་མེད། དོན་དམ་འདུས་མ་བྱས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བདེན་དོན་བཅུ་གཉིས་ཀྱི་དོན་ས་བཅུ་གཉིས་དང༌། ཕྱག་བཅུ་གཉིས་ལ་སོགས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཕྲེང་གཅིག་ན། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དབྱེར་མེད་དུ་མེད། དོན་དམ་གྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རང་བྱུང་ཡེ་ཤེས་ཀྱི་ལྷ་སོ་བདུན་དང༌། ཀ་རྡོ་རྗེའི་རྒྱུད་ལ་སོགས་པ་རྒྱུད་སོ་དྲུག་གི་དཀྱིལ་འཁོར་དང༌། ལྷ་སོ་དྲུག་ཁྱབ་བྱེད་བསམ་དུ་མེད་པའི་ཐུགས་རྡོ་རྗེ་དང་བཅས་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཕྲེང་གཅིག་ལྷག་ན། ཀུན་རྫོབ་ཀྱི་གཟུགས་མེད་པའི་སྙོམས་པར་འཇུག་པ་ཡང་དབྱེར་མེད་དུ་མེད། དོན་དམ་གྱི་གཟུགས་མེད་པའི་སྙོམས་པར་འཇུག་པ་རང་བྱུང་ཡེ་ཤེས་ལྷར་རྟག་ཏུ་བཞུགས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མེད། ཕྲེང་གཅིག་ན། དེ་བཞིན་ཉིད་དེ་ལ་ཀུན་རྫོབ་ཀྱི་སྟོང་པ་ཉིད་དང༌། ནུད་ཙམ་ན། དོན་དམ་གྱི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པར་རང་བྱུང་ཡེ་ཤེས་ཀྱི་ལྷའི་ཞལ་གསུམ་དུ་རྟག་ཏུ་བཞུགས་པ་ལ་སོགས་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཕྲེང་གཉིས་ཙམ་ན། ཀུན་རྫོབ་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་དབྱེར་མེད་དུ་མེད། དོན་དམ་གྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རང་བྱུང་ཡེ་ཤེས་ཀྱི་ལྷ་ཚོགས་མང་པོར་གསུངས་པ་དང༌། དཀྱིལ་འཁོར་གྱི་རྒྱན་ལ་སོགས་པ་གསུངས་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཕྲེང་གཅིག་ཙམ་ན། ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད་ཀྱང་དབྱེར་མེད་དུ་མེད། དོན་དམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རྡོ་རྗེ་སེམས་དཔར་རྟག་ཏུ་བཞུགས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཕྲེང་གཅིག་རང་ན། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱང་དབྱེར་མེད་དུ་མེད། བྱང་ཆུབ་རྡོ་རྗེ་འཆང་ཆེན་དུ་རྟག་ཏུ་བཞུགས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཕྲེང་གཅིག་ལྷག་ན། པ་ཡང་བསྟན། ཞེས་པ་ནི་གཟུགས་ཟབ་བོ། །ཞེས་བྱ་བ་དེ་ཀུན་བཏགས་པའི་གཟུགས་ལས་ནི་བཟློག །ཆོས་ཉིད་ཀྱི་གཟུགས་མྱ་ངན་ལས་འདས་པ་ནི་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས་ཤིང༌། ཐེག་ཆེན་གྱི་མདོ་རྒྱུད་ཟབ་མོ་ཤིན་ཏུ་མང་བ་དང༌། མཐུན་ལ་སེམས་འགྲེལ་སྐོར་གསུམ་ལ་སོགས་པ་རྫོགས་ལྡན་གྱི་ཆོས་རྣམས་དང༌། མཐུན་པས་ཀུན་བཏགས་ཀྱི་ཚོར་བ་དང༌། འདུ་ཤེས་དང༌། ཡོངས་གྲུབ་ཀྱི་མྱ་ངན་ལས་འདས་པ་ཡང་བསྟན། ཀུན་བཏགས་ཀྱི་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལས་ཀྱང་བཟློག །ཡོངས་གྲུབ་ཀྱི་མྱ་ངན་ལས་འདས་པ་ཡང་བསྟན། ཀུན་བཏགས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། ནུད་ཙམ་ན། མྱ་ངན་ལས་འདས་པ་ཡང་བསྟན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། འཇིག་རྟེན་པ་དང༌། ཕྲེང་གཅིག་ན། མྱ་ངན་ལས་འདས་པ་ཡང་བསྟན་པ་དེ་ནི་བཀའ་མདོ་རྒྱུད་ཟབ་མོ་ཀུན་གྱི་ངེས་དོན་མཐར་ཐུག་ཐམས་ཅད་གཅིག་ཏུ་འདུས་པ་ཡིན་པས་ངོ་མཚར་ཆེའོ། །ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཤོག་གུ་གཅིག་དང་ཕྲེང་གཉིས་ལྷག་ན། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་ནི་རྒྱུད་ཆགས་ཡིན་པའི་ཕྱིར། །ཆུང་དང་། རབ་འབྱོར། གཞན་ཡང༌། ཕྲེང་བཅུ་གཉིས་ན། འབྲིང་དང་། རབ་འབྱོར། དེ་ཅི་སྙམ་དུ་སེམས། ཤོག་གུ་གཉིས་དང་ཕྲེང་བཞི་ལྷག་ན། བསྔོ་བ་ལ་མཁས་པར་བྱའོ། །ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་བཞེད་དོ། །རབ་འབྱོར། དེ་ཅི་སྙམ་དུ་སེམས། ཕྲེང་བཅུ་དགུ་ན། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །གསོལ་པ། བཅོམ་ལྡན་འདས་གྲངས་མ་མཆིས་པ་དང༌། ཕྲེང་དགུ་ན། དཔག་ཏུ་མེད། ཚད་མེད་པའོ། །ཞེས་པ་ནི་གྲངས་དང་ཚད་ལ་སོགས་པ་ནི་ཀུན་བཏགས་པ་ལ་ཡོད་ཅིང་སྟོང་པ་ཉིད་ཀྱི་དབྱིངས་ལ་ནི་མེད་དེ། དེའི་རྣམ་གྲངས་སུ་གཏོགས་པའོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་ལྔ་ཐལ་ན། ཐ་དད་དུ་བགྱི་བ་མི་དམིགས་སོ། །ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་བདུན་ན། སྟོང་པ་ཉིད་ནི་བརྗོད་པར་མི་ནུས་སོ། །དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང༌། །སྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །གསོལ་པ། བཅོམ་ལྡན་འདས་བརྗོད་དུ་མ་མཆིས་པའི་དོན་ལ། ཕྲེང་བཅུ་གཉིས་ན། འཚང་རྒྱ་བར་འགྱུར། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་བདུན་ན། བསྔོ་བའོ། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །གསོལ་པ། ནུད་ཙམ་ན། བྱང་ཆུབ་ཇི་ལྟ་བུ་ལགས། ཞེས་པ་ནི་གཟུགས་ལ་སོགས་པ་དང༌། ཐ་དད་པ་མ་ཡིན་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་པ་དེ་ཡང་བསྟན་པའི་ཕྱིར་ཞུས་པའོ། །ཞེས་དབུ་མ་པ་གསུངས། གང་ཡིན་པ་སྟེ། འགྱུར་མེད་ཡོངས་གྲུབ་དོན་དམ་པའི་དབྱིངས། དབྱིངས་རིག་དབྱེར་མེད་ཀུན་གྲོལ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཕྲེང་གཅིག་ལྷག་ན། སངས་རྒྱས་རྣམ་པར་སྣང་མཛད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་ཕྱེད་ན། གང་ཡིན་པ་རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ། མི་བསྐྱོད་པ་སྟེ་རང་བྱུང་ཡེ་ཤེས་ལྔ་གང་ཡིན་པ་དེ། བླ་ན་མེད་པ། དེ་བཞིན་ཉིད་གང་ཡིན་པ་གཞི་འབྲས་དབྱེར་མེད་འདུས་མ་བྱས་ཀྱི་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡེ་ཤེས་ཀྱི་ལྷ་ཚོགས་མང་པོར་བཞུགས་པ་དེ་བླ་ན་མེད་པ། ཕྲེང་ཕྱེད་ལྷག་ན། སུམ་ཅུ་རྩ་བདུན་གྱི་དེ་བཞིན་ཉིད་གང་ཡིན་པ་དང༌། གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི་ཕར་ཕྱིན་ཐམས་ཅད་སྟོང་ཉིད་ཐམས་ཅད་བྱང་ཆུབ་ཕྱོགས་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་བདེ་བ་ཆེན་པོའི་ལྷ་ཚོགས་མང་པོ་རྟག་ཏུ་བཞུགས་པ་གང་ཡིན་པ་དེ་བླ་ན་མེད་པ། ཕྲེང་ཕྱེད་དང་གསུམ་ན། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་འགོག་བདེན་ཟབ་མོ་འདུས་མ་བྱས་ཀྱི་བདེ་བ་ཆེན་པོ་མཁའ་ཁྱབ་རང་བྱུང་ཡེ་ཤེས་ཀྱི་ལྷ་ཚོགས་མང་པོ་རྟག་ཏུ་བཞུགས་པ་རྟོག་གེ་རྣམ་ཤེས་ལས་འདས་ཤིང་སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག །ཕྲེང་གཅིག་ལྷག་ན། གང་ཡིན་པ། ཕྱི་ནང་ཀུན་རྫོབ་འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཉིད། དོན་དམ་གྱི་ལྷ་ཚོགས་མང་པོ་རྟག་ཏུ་བཞུགས་པ་གང་ཡིན་པ། དེ་ན་བླ་ན་མེད་པ། དེ་བཞིན་ཉིད་གང་ཡིན་པ། དེ་བླ་ན་མེད་པ་གང་ཡིན་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། རབ་ཞི་ན་མ་ངེས་སུ་ཡང་ཆོས་ཀྱི་དབྱིངས་ནི་སངས་རྒྱས་ཏེ། སངས་རྒྱས་ནི་ཡང་དག་པའི་མཐའོ། །ཞེས་སོགས་དང༌། ཤེར་ཕྱིན་བདུན་བརྒྱ་པར་ཡང༌། འདི་ལྟར་ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་ཡིན་པའི་ཕྱིར་རོ། །ཞེས་དང༌། ཆོས་ཀྱི་དེ་ཉིད་བྱང་ཆུབ་ཐོབ་བོ། །ཞེས་སོགས་དང༌། རྒྱན་སྡུག་པོར་ཡང༌། དེ་བཞིན་གཤེགས་པ་ནི་རྟག་པ། བརྟན་པ། ཐེར་ཟུག་མི་འཇིག་པ་སྟེ། སངས་རྒྱས་རྗེས་སུ་དྲན་པའི་བསྒོམ་པའི་རྣལ་འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ། མྱ་ངན་ལས་འདས་པ་དབྱིངས་ནམ་མཁའ་ལྟ་བུར་མི་འཇིག་པ་སྟེ། མྱ་ངན་ལས་འདས་པའི་སྒྲ་ཆོས་ཀྱི་དབྱིངས་ཀྱི་ཚིག་གིས་འདས་པ་དང༌། བྱུང་བ་དང༌། འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང་ཆོས་སྐྱོན་མེད་པ་འདི་ནི་དེ་བཞིན་གཤེགས་པའོ། །ཞེས་སོགས་དང༌། དཀོན་མཆོག་སྤྲིན་ལས་དང༌། དེ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། ཡང་དག་པའི་མཐའ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་པ་དང༌། ཆོས་འཕགས་ཀྱི་ལེའུར་ཡང༌། རིགས་ཀྱི་བུ། མི་སྐྱེ་བ་ལ་ནི་འགྲོ་བའམ་འོང་བ་མེད་དེ། མི་སྐྱེ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་དུ་ཡང་དག་པའི་མཐའ་དང་སྟོང་པ་ཉིད་དང༌། ཇི་ལྟ་བ་བཞིན་དང༌། འདོད་ཆགས་དང་བྲལ་བ་དང་འགོག་པ་ལ་ཡང་སྦྱར་ཏེ། གསུངས་ཤིང་གཞན་ཡང་ཤིན་ཏུ་མང་པོར་བཀའ་སྩལ་པ། དེ་ནི་ཚོགས་གཉིས་གློ་བུར་པ་བསགས་པས་འཕེལ་བ་ཡང་མེད་དོ། །སྒྲིབ་གཉིས་གློ་བུར་བཟད་པས་ཡོངས་སུ་འགྲིབ་པ་ཡང་མེད་དོ། །ཕྲེང་གཅིག་ན། ཆོས་གང་ལ་ཡང་ཅིར་ཡང་མི་རྟོག་པས་འཕེལ་བའམ། ཕྲེང་ཕྱེད་ན། བརྗོད་དུ་མེད་པའི་དོན་གཤིས་ཀྱི་གནས་ལུགས་ཟབ་མོ་དོན་དམ་གཞན་སྟོང་བདེ་ཆེན་མཁའ་ཁྱབ་ནི་འཕེལ་བ་མེད་ཅིང༌། ནུད་ཙམ་ན། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ། ཚུལ་ཁྲིམས། འགྲིབ་པ་ཡང་མེད་དོ། །ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། ནང་སྟོང་པ་ཉིད་ལ། ཕྲེང་དྲུག་ན། འཕེལ་བའི་རྟོགས་པ་མེད་པ་དང༌། ཡོངས་སུ་འགྲིབ་པའི་རྟོག་པ་མེད་པ་ལ་སོགས་པའི་ཚུལ་གྱིས། ཅིར་ཡང་མི་རྟོག་ཅིང་སེམས་ལ་ཅི་ཡང་མི་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཁྱད་པར་བྱའོ། །ཞེས་པས་ནི་འདི་གཅིག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡིན་པར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། སེམས་ནི་སྔ་མས་བྱང་ཆུབ་བར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །གསོལ་པས་བཅོམ་ལྡན་འདས་ཅི་ལགས། ཕྲེང་དྲུག་ན། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །རབ་འབྱོར། དེ་ཇི་སྙམ་དུ་སེམས། ཕྲེང་བཅུ་གཉིས་ན། སྐྱེ་བ་དང་ནི། གསོལ་བ། བཅོམ་ལྡན་འདས་དེ་ལྟར། ཕྲེང་ལྔ་ན། འབྱུང་བ་ཟབ་བོ། །འགག་པ་དང༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་གཅིག་ན། མ་ལགས་སོ། །དེ་བཞིན་ཉིད་དང་། བཅོམ་ལྡན་འདས་ཀྱིས། ཕྲེང་གཅིག་ན། དེ་བཞིན་དུ་རྟོགས་མེད་དུ་གནས་པར་འགྱུར་རོ། །ཕྲེང་གཅིག་ན། བཅོམ་ལྡན་འདས་རྟོགས་མེད་སྤྲོས་བྲལ་དུ་གནས་པའི་ལམ་ཤེར་ཕྱིན་དེ་ནི་རྟག་པ་མ་ལགས་སོ། །དེ་བཞིན་ཉིད་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་ཕྱེད་ན། བཅོམ་ལྡན་འདས་ཟབ་བོ། །གཤེགས་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཅི་སྙམ་དུ་སེམས། ལམ་འདུས་བྱས་ཀྱི་སེམས་དེ་ཡང་དེ་བཞིན་ཉིད་དམ། ཞེས་པ་ནི་ཅི་འདུས་བྱས་ཀྱི་སེམས་གང་ཡིན་པ་དེ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་ནམ་ཞེས་དྲིས་པའོ། །ཞེས་དབུ་མ་པ་གསུངས། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཞེས་པ་ནི་དྲི་མ་དང་བཅས་པའི་ཕྱིར་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་མ་ལགས་སོ། །ཞེས་གསོལ་པའོ། །ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ལ་སེམས་དེ་གུད་ན་ཡོད་དམ། ཞེས་པ་ནི་འདུས་བྱས་ཀྱི་སེམས་དེ་དེ་བཞིན་ཉིད་ལས་གཞན་ནམ་ཞེས་དྲིས་པའོ། །ཞེས་དབུ་མ་པ་གསུངས། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཞེས་པ་ནི་ཀུན་བཏགས་པའི་སེམས་སུ་གྲུབ་པ་ལས་དེ་ཁོ་ན་ཉིད་དམ་གཞན་དུ་བསྙད་དུ་མི་རུང་བའི་ཕྱིར་སླར་གསོལ་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། མ་ལགས་སོ། །[ཞེས་[ཤེས་?] དང་། བཅོམ་ལྡན་འདས་ཀྱིས། ཕྲེང་གཅིག་ན་མ་ལགས་སོ། །སྤྱོད་དང་། བཅོམ་ལྡན་འདས་ཀྱིས། ཕྲེང་གཉིས་ན། སྤྱོད་པ་དེ་ནི་མཚན་མའི་ཚུལ་གྱིས་ཅི་ཡང་མི་སྤྱོད་དོ། །ཕྲེང་གཅིག་ན། གནས་པ་ལ། སེམས་སེམས་འབྱུང་དང་ལས་རུང་ཡོངས་སུ་རྒྱུ་བ་དེ་དག །ཕྲེང་གཅིག་ན། དེ་བཞིན་ཉིད་ལ་ཡང་རླུང་སེམས་གང་ཡང་རྒྱུ་བ་མ་མཆིས་སོ། །གཉིས་མེད་དང༌། །བཅོམ་ལྡན་འདས་ཀྱིས། ཕྲེང་གཅིག་ན། དེ་ནི་མི་རྟོག་ཡེ་ཤེས་གང་ལ་གཟུང་འཛིན་གཉིས་དང་རང་གཞན་གཉིས་ལ་སོགས་པ་གཉིས་ཀྱི་ཡོངས་སུ་རྒྱུ་བ་མ་མཆིས་པའི་དོན་དམ་པ། རང་བཞིན་འོད་གསལ་རྣམ་པ་ཀུན་ལྡན་རྣམ་པ་མེད་ལ་སྤྱོད་དེ། ཕྲེང་གཅིག་ན། རླུང་སེམས་ཡོངས་སུ་རྒྱུ་བ་ལ་སྤྱོད་པའམ། ཕྲེང་གཉིས་ན། མ་ལགས་སོ། །ཐབས་མཁས་པ་ལ་ཟབ་པ་ཉིད། །བཅོམ་ལྡན་འདས་ཀྱིས། ཕྲེང་གཉིས་ལྷག་ན། སྙམ་དུ་མི་སྦྱོར་ཏེ། རླུང་སེམས་ཀྱི་འགྱུར་བ་འགག་པའི་ཕྱིར་རོ། །གསོལ་པ། ཕྲེང་གཉིས་ལྷག་ན། འཚང་མི་རྒྱ་སྟེ། རྣམ་ཤེས་ཚོགས་བརྒྱད་འཁོར་དང་བཅས་པ་དང༌། དབུགས་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་མ་འགགས་པར་སངས་རྒྱས་ཐོབ་པ་མི་སྲིད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས། རླུང་སེམས་ངང་གིས་འགག་པའི་ཐབས་ཟབ་འདི་ནི། ཕྲེང་བརྒྱད་ཐལ་ན། དངོས་པོར་ཡང་སེམས་པར་མི་བགྱིད། དངོས་པོ་མ་མཆིས་པ་སེམས་པར་མི་བགྱིད་དོ། །ཕྲེང་བདུན་ན། ལེའུ་ཞེ་གཅིག་གོ། །།དེ་རྣམས་ཀྱིས་ནི། སློ༷བ་པ༷་ཕྱི༷ར་མི༷་ལྡོ༷ག་པ༷འི་ཚོ༷གས། །ཞེས་དོན་བརྒྱད་པ་བཤད་ཟིན་ཏོ། །

ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །དེ་ནས་ཡང་ཚེ་དང་ལྡན་པ། ཕྲེང་ལྔ་ན། ལས་མེད་ལ་སོགས་གླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །སྨྲས་པ། ཚེ་དང་ལྡན་པ། ཤོག་གུ་གཉིས་དང་ཕྲེང་བཅུ་ན། འགྱུར་རོ་སྙམ་མོ། །དེ་རྣམས་ཀྱིས་ནི། སྲི༷ད་ད༷ང་ཞི༷་བ༷་མཉ༷མ་ཉི༷ད་ད༷ང༌། །ཞེས་པ་དོན་དགུ་པ་གསུངས་ཟིན་ཏོ། །སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བསྒྲུབས་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་བཞི་དང་ཕྲེང་བཞི་ན། དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དངོས་པོ་བདག་ཏུ་བྱ་བ་ནི། ཤོག་གུ་བཅུ་ན། ལེའུ་བཞི་བཅུ་གསུམ་པའོ།། །།དེ་རྣམས་ཀྱིས་ནི། ཞི༷ང་ད༷ག་བླ༷་ན༷་མེ༷ད་པ༷་ནི༷། །ཞེས་པ་དོན་བཅུ་པ་བཤད་ཟིན་ཏོ། །ཡུལ་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་བརྒྱད་ན། མ་འདྲེས་པ་རྣམས་བསྒོམ་པར་བགྱི། སྦྱོར་བ་ཅན་འདི་ནི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་སུམ་ཅུ་ན། དགྲ་རྣམས་ལས་ནི་འདས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཤོག་གུ་གཅིག་དང་ཕྲེང་ཅིག་ཐལ་ན། མི་གནས། རབ་འབྱོར། འདི་ལྟ་སྟེ། དཔེར་ན། འདབ་ཆགས་བྱ་ནི། ཕྲེང་བཞི་ཐལ་ན། ཐོབ་པར་བྱའོ། །ཇི་བཞིན་ཤུགས་དང་ནི། །རབ་འབྱོར། འདི་ལྟ་སྟེ། ཕྲེང་བདུན་ན། ཐུན་མོང་མ་ཡིན་མཚན་ཉིད་དང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་བརྒྱད་ལྷག་ན། མི་བྱེད་པར་རིགས་པར་བྱའོ། །མ་ཆགས་པ་དང་། རབ་འབྱོར། གཞན་ཡང༌། ཤོག་གུ་གཅིག་དང་ཕྲེང་དྲུག་ན། ལྟ་བུ་མ་ཡིན་པར་འགྱུར་རོ། །མི་དམིགས་དང༌། །རབ་འབྱོར། གཞན་ཡང༌། ཤོག་གུ་གཅིག་དང་ཕྲེང་བཞི་ན། སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །མཚན་མ། རབ་འབྱོར། གཞན་ཡང༌། ཕྲེང་བདུན་ན། བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྨོན་ལམ་ཟད་པ་དང༌། །རབ་འབྱོར། གཞན་ཡང༌། ཤོག་གུ་གཅིག་ལྷག་ན། གནས་མ་ཡིན་ནོ། །དེ་ཡི་རྟག་དང་། རབ་འབྱོར། གཞན་ཡང༌། ཤོག་གུ་གཅིག་དང་ཕྲེང་གཉིས་ན། བྱ་བར་རིགས་པར་བྱའོ། །ཚད་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ། །གསོལ་པ། བཅོམ་ལྡན་འདས་གང་གིས། ཕྲེང་བདུན་ན། ལེའུ་བཞི་བཅུ་རྩ་བཞི་པའོ།། །།དེ་རྣམས་ཀྱིས་ནི། རྣ༷མ་ཀུ༷ན་མངོ༷ན་རྫོ༷གས་རྟོ༷གས་པ༷་སྟེ༷། །འདི༷་ནི༷་ཐ༷བས་མཁ༷ས་བཅ༷ས་པ༷་ཡི༷ན། །ཞེས་དོན་བཅུ་གཅིག་པ་གསུངས་ཟིན་ཏོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བའི་སྐབས་ཏེ་བཞི་པའོ།། །།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བའི་སྐབས་ཏེ་བཞི་པ། next