Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྩེ་མོའི་སྦྱོར་བའི་སྐབས་ཏེ་ལྔ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྩེ་མོའི་སྦྱོར་བའི་སྐབས་ཏེ་ལྔ་པ། next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྩེ་མོའི་སྦྱོར་བའི་སྐབས་ཏེ་ལྔ་པ།

རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །དེ་ནས་བཅོམ་ལྡན་འདས། ཤོག་གུ་བཅུ་གཉིས་དང་ཕྲེང་བདུན་ན། མཚན་ཉིད་གང་ཡང་མེད་པའོ། །ཞེས་པས་ཐོགས་པ་མེད་པའི་མཚན་ཉིད་བཀའ་སྩལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཞན་གང་གི་མཚན་ཉིད་ཀྱང་མ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱང་ཅི་ཡང་ཡོད་པ་མ་ཡིན་ཏེ། དངོས་པོའི་ངོ་བོ་ཡོད་པ་མ་ཡིན་ནོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། གསོལ་པ། བཅོམ་ལྡན་འདས་མཚན་ཉིད་གང་གིས། ཕྲེང་གསུམ་ན། ཆོས་ཐམས་ཅད་ཀྱི་སྟོང་པའོ། །ཞེས་པ་ནི་ཀུན་བཏགས་པའི་ཆོས་རྣམས་ཀྱི་དབེན་ཞིང་བྲལ་བ་ནི། ཡོངས་སུ་གྲུབ་པ་སྟེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །དེ་བས་ན་དེ་དག་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། རབ་འབྱོར། རྣམ་གྲངས་དེས་ན། ཤོག་གུ་གཅིག་དང་ཕྲེང་དགུ་ན། ཉེ་བར་གྱུར་པ་ལགས་སོ། །དེ་རྣམས་ཀྱིས་ནི། དེ༷་ཡི༷་རྟ༷གས་ད༷ང་། ཞེས་པ་དོན་དང་པོ་གསུངས་ཟིན་ཏོ། །

འཛམ་བུ་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤོག་གུ་དྲུག་དང་ཕྲེང་བརྒྱད་ན། རྗེས་སུ་མཐོང་ངམ། ཞེས་པ་ནི་ལུང་བསྟན་པར་བྱ་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པས་དངོས་པོ་མེད་པས་འདི་དང་འདི་ལྟ་བུའི་དོན་དུ་ལུང་བསྟན་པར་འགྱུར་རོ། །ཞེས་བྱ་བ་དེ་ལྟ་བུ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། གསོལ་པ། བཅོམ་ལྡན་འདས། དེ་ལྟ་མ་ལགས་ཏེ། ཤོག་གུ་ཉི་ཤུ་ན། ལེའུ་བཞི་བཅུ་བདུན་པའོ།། །།དེ་རྣམས་ཀྱིས་ནི། རྣ༷མ་འཕེ༷ལ་ད༷ང༌། །ཞེས་པ་དོན་གཉིས་པ་གསུངས་ཟིན་ཏོ།།

ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བརྟན་པ་ཞེས་ནི་མངོན་པར་བརྗོད། །དེ་ནས་ལྷའི་དབང༌། ཤོག་གུ་ཕྱེད་དང་གཉིས་ན། མྱ་ངན་ལས་འདའ་བར་འགྱུར་རམ་ཞེས་རྟོགས་ཏེ། དེ་རྣམས་ཀྱིས་ནི། བརྟ༷ན་ད༷ང་། ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། །གླིང་བཞི་པ་དང་སྟོང་དག་དང༌། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །བཅོམ་ལྡན་འདས་དེ་ལྟར་ཐེག་པ་ལ། ཕྲེང་བཅུ་བདུན་ན། བསྔོ་བར་བགྱིའོ། །ཞེས་བྱ་བ་ནི་དེ་དག་གི་སེམས་བསྐྱེད་པ་གང་ཡིན་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པ་དེ་དག་དོན་དམ་པར་ཐ་དད་པ་མ་ཡིན་ཏེ། དེ་དག་གི་དེ་བཞིན་ཉིད་ནི་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་གཉིས་ཀྱི་འདུ་ཤེས་སུ་འགྱུར་རོ། །གཉིས་ནི། དྲི་མ་དང་བཅས་པ་དང༌། དྲི་མ་མེད་པའི་བྱེ་བྲག་ལས་ཐ་དད་པ་ཡོད་པས་གཉིས་ཀྱི་འདུ་ཤེས་སུ་ཡང་འགྱུར་རོ། །དེ་བས་ན་གཅིག་པའི་ཕྱིར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །ཞེས་གསུངས་སོ། །ཐ་དད་པའི་ཕྱིར་གཉིས་ཀྱི་འདུ་ཤེས་སོ། །ཡང་ན་ཡོད་པ་དང་མེད་པ་ཞེས་བྱ་བ་ནི་གཉིས་སུ་འདུ་ཤེས་པའོ། །ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ནི་གཉིས་སུ་འདུ་ཤེས་མེད་པ་སྟེ། དེ་ཡང་འོག་ནས་འབྱུང་བའི་གཞུང་གིས་གསལ་བར་བཤད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་བཅུ་བཞི་ན། ཡོངས་སུ་བསྔོ་བར་བྱའོ། །འཇུག་པ་དང་ནི། དེ་རྣམས་ཀྱིས་ནི། སེ༷མས་ཀུ༷ན་གན༷ས་པ༷་ད༷ང༌། །ཞེས་པ་དོན་བཞི་གསུངས་ཟིན་ཏོ། །འདིའི་རྗེས་ནས་མདོ་དང་མངོན་རྟོགས་གོ་རིམ་མི་མཐུན་པ་ལྔ་བྱུང་ཡང༌། ལེ་བརྒྱད་མར་གོ་རིམ་མཐུན་པར་བཀོད་དོ། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་མཚན་ཉིད་དོ། །ངོ་བོ་ཉིད་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་བཞི་དང་ཕྲེང་དྲུག་ཐལ་ན། སྙམ་པར་མི་བགྱིད་དོ། །རིགས་དང་ནི། །བཅོམ་ལྡན་འདས། འདི་ལྟ་སྟེ། ཕྲེང་བཞི་ན། མི་རྟོག་པའི་སླད་དུའོ། །ལམ་ནི་ཡང་དག་འགྲུབ་པ་དང༌། །བཅོམ་ལྡན་འདས། འདི་ལྟ་སྟེ། ཕྲེང་བཞི་ན། ཤེས་པའི་དམིགས་པ་མ་འཁྲུལ་དང༌། །བཅོམ་ལྡན་འདས། འདི་ལྟ་སྟེ། ཕྲེང་བཞི་ན། མི་མཐུན་ཕྱོགས་དང་གཉེན་པོ་དང༌། །བཅོམ་ལྡན་འདས། ཤེས་རབ་ཀྱི། ཕྲེང་བཞི་ན། མ་མཆིས་སོ། །རང་གི་རྟོགས་དང་། བཅོམ་ལྡན་འདས། ཕྲེང་གཉིས་ཐལ་ན། སླད་དུའོ། །བྱེད་པ་དང༌། །བཅོམ་ལྡན་འདས། ཕྲེང་ལྔ་ན། སླད་དུའོ། །དེ་ཡི་ལས། བཅོམ་ལྡན་འདས། ཕྲེང་གཉིས་ན། མི་རྟོག་པའོ། །བྱའི་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་གྱི་ནི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། ཤིང་མཁན་ནམ། ཕྲེང་གསུམ་ན། ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཤོག་གུ་གཉིས་དང་ཕྲེང་བཞི་ན། ལེའུ་ཞེ་བརྒྱད་པའོ།། །།

སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །དེ་དག་སོ་སོར་དགུ་བདག་ཉིད། །དེ་ནས་ཚེ་དང་ལྡན་པ། ཤོག་གུ་བརྒྱད་དང་ཕྲེང་བདུན་ན། མ་བྱུང་བ་ཡང་རུང་སྟེ། ཞེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་གནས་པ་ཡིན་པའི་ཕྱིར། དེ་དུས་ཐམས་ཅད་དུ་ཡོད་དེ། དེའི་ཕྱིར་གནས་པ་ཞེས་བྱ་བ་དང༌། བསྒྲུབ་པ་ཞེས་བྱ་བ་གང་ཡང་མེད་དེ། དེ་བཞིན་ཉིད་ལ་ནི་གནས་པ་དང༌། བསྒྲུབ་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པ་གང་ཡང་མེད་དོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གསུམ་ལྷག་ན། དེ་ནི་གནས་མེད་དོ། །བྱང་ཆུབ་ལ་གཞན་སྟོན་པ་དང༌། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤོག་གུ་ལྔ་ན། དེ་ཡི་རྒྱུ་ནི་ཡོངས་གཏོད་དང༌། །དགའ་བོ། རིགས་ཀྱི་བུའམ། ཤོག་གུ་ལྔ་དང་ཕྲེང་གསུམ་ན། མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །དགའ་བོ། གལ་ཏེ་ཁྱོད་ཀྱིས། ཤོག་གུ་བཞི་དང་ཕྲེང་གསུམ་ན། ཚད་མེད་དོ། །དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། ཤོག་གུ་གཅིག་དང་ཕྲེང་གཉིས་ན། ལྟ་ག་ལ་ཡོད། ཟག་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམ་བཞིན་དུ་ཤེས་པར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཤོག་གུ་གཅིག་དང་ཕྲེང་གཅིག་ན། ལེའུ་ལྔ་བཅུ་པའོ།། །།

འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཇི་བཞིན་ཟད། །སྐྱེ་མེད་རྣམ་པ་ཇི་བཞིན་འཐོབ། །གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་ཡི། །དེ་ལ་ཁོ་བོས་མཚར་དུ་བརྩིས། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནས་ཚེ་དང་ལྡན་པ། ཤོག་གུ་དྲུག་དང་ཕྲེང་དགུ་ན། སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྦྱིན་པ་ལ་སོགས་རེ་རེ་ནི། །དེ་དག་ཕན་ཚུན་བསྡུས་པ་གང༌། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་བཅུ་དྲུག་དང་ཕྲེང་ལྔ་ན། ནང་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད། ཅེས་བྱ་བར་མིང་དམིགས་སོ། །ཞེས་བྱ་བ་ནི་ནང་སྟོང་པ་ཉིད་དོ། །ཞེས་རྣམ་པར་མི་རྟོག་ཅེས་བྱ་བའི་ཐ་ཚིག་གོ། ཞེས་དབུ་མ་པ་གསུངས། ཤོག་གུ་བཞི་དང་ཕྲེང་བཞི་ན། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །དེ་རྣམས་ཀྱིས་ནི། མཐོ༷ང་ཞེ༷ས་བྱ༷་ད༷ང་།

དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོག་པར་བྱེད། །རྟེན་འབྲེལ་ལུགས་མཐུན་ལུགས་ལས་བཟློག །སྟོན་པའི་མདོ་གཞན་མང་པོར་ཡོད་ཀྱང༌། སྐབས་འདིར་ཡུམ་རྒྱས་འབྲིང་བསྡུས་གསུམ་དུ་མ་བྱུང་ཞིང༌། འཕགས་པ་གྲོལ་སྡེ་དང༌། སློབ་དཔོན་སེང་གེ་བཟང་ལ་སོགས་པས་ལེ་བརྒྱད་མ་དང་སྦྱར་ནས་སྐབས་འདིར་བཀོད་དོ། །འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། ལེའུ་ལྔ་བཅུ་གཉིས་སོ།། །།

སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །དེ་ནས་ཚེ་དང་ལྡན་པ། ཕྲེང་བཅུ་བཞི་ན། [གསལ་བཤད། མངོན་རྟོགས་རྒྱན་ལས། ཡོངས་སུ་འཛིན་པ་མེད་པ་དང༌། །ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] རབ་འབྱོར། འདི་ལྟ་སྟེ། ཕྲེང་གསུམ་ན། ལམ་གྱི་རྣམ་པ་མ་ཚང་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། གཡུལ་དུ། ཕྲེང་གཉིས་ལྷག་ན། ཐུབ་པར་དཀའོ། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །རབ་འབྱོར། འདི་ལྟ་སྟེ། ཕྲེང་གཉིས་ན། གང་ན་པ་དེར་འདོད་དོ། །ཆེད་དུ་བྱ་བ་ལོག་པ་དང༌། །རབ་འབྱོར། འདི་ལྟ་སྟེ། ཕྲེང་གཉིས་ན། ཉི་ཚེ་བ་དང་། སྐྱེས་བུ་ལག་པ་གཡས་པ་ནི། ཕྲེང་གཅིག་ན། སྣ་ཚོགས་ཉིད། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཆུ་ཀླུང་ཕྲ་མོ། ཕྲེང་གཉིས་ན། རོ་གཅིག་པར་འགྱུར་རོ། །གནས་དང་འཇུག་ལ་རྨོངས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། ཕྲེང་གསུམ་ན། གནས་དེ་ལས་མི་འདའོ། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས་ཡིད་ལས་འབྱུང༌། །རབ་འབྱོར། འདི་ལྟ་སྟེ། ཤོག་གུ་གཉིས་ན། ལྔའི་རབ་ཅེས་བགྱི། ཞེས་པ་ནི་ཐ་དད་པ་མེད་པའི་ཕྱིར་ཁྱད་པར་མེད་དེ་གཅིག་པ་ལ་རབ་ཅེས་བྱ་བ་མི་རིགས་སོ། །ཞེས་དགོངས་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གཉིས་ན། དེ་དེ་བཞིན་ཏེ། ཞེས་པའི་དགོངས་པ་ནི། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ཐ་དད་པར་མི་འགྱུར་ཏེ། དེ་བས་ན་ཐ་དད་པ་མེད་པ་ཉིད་དེ་ལ་རག་ལས་པའི་ཕྱིར། དེ་ལ་རབ་ཅེས་བྱ་སྟེ། འདིར་ཡང་རི་རབ་གྱིས་དཔེས་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། རབ་འབྱོར། ཕ་རོལ་ཏུ་ཕྱིན་པ་རྣམས་ན། ཕྲེང་བདུན་ན། རྗེས་སུ་ཐོབ་པར་འགྱུར་བ་ནི་གང་ཞིག་མཆིས། ཞེས་པ་ནི་དོན་གྱི་རྗེས་སུ་བཞུགས་པའི་གང་ཟག་ལ་ཆོས་གང་ཡང་བྱེ་བྲག་ཏུ་མི་སྣང་ངོ༌། །དེ་བཞིན་དུ། དོན་གྱི་དབང་གིས་ཆོས་རྣམས་ལ་ཡང་བྱེ་བྲག་མེད་དེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ་རབ་ཅེས་བརྗོད་པར་མི་བྱའོ། །ཞེས་ཞུས་པའོ། །ཞེས་ཀུན་མཁྱེན་གཉིས་པ་གསུངས། ཕྲེང་གཉིས་ནི། དེ་དེ་བཞིན་ཏེ། ཞེས་པ་འདི་སྐད་བསྟན་ཏོ། །དོན་གྱི་རྗེས་སུ་ཞུགས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་གིས་གྲུབ་སྟེ། དེ་བས་ན་དེ་རབ་ཅེས་བྱའོ། །འདི་ལྟར་བྱེ་བྲག་མེད་ཀྱང་འཇིག་རྟེན་ན་བརྡའི་རྗེས་སུ་འབྲང་བས་འདི་ནི་སྦྱིན་པའོ། །འདི་ནི་ཚུལ་ཁྲིམས་སོ། །འདི་ནི་བཟོད་པའོ། །ཞེ་འདོད་ཆགས་པར་བྱེད་དོ། །འདོགས་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་འགྱུར་གྱི། གཞན་ལས་མ་ཡིན་ཏེ། འདིར་ཡང་བུད་མེད་རིན་པོ་ཆེའི་དཔེས་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དོན་རྗེས་སུ་ཐོབ་པར་བྱ་བ་ལ། ཕྲེང་དགུ་ན། གནས་པར་འགྱུར་བའི་ཕྱིར་རོ། །འཛིན་པ་དང་ནི་དོར་བ་དང༌། །གསོལ་པ། ཕྲེང་གཉིས་ན། གཏོང་བ་གང་ཡང་མེད་དོ། །ཞེས་པ་ནི་ཀུན་བཏགས་པའི་དབང་གིས་ནི་མི་འཛིན། ཆོས་ཉིད་ཀྱི་དབང་གིས་ནི་མི་གཏོང་བའོ། །ཞེས་དབུ་མ་པ་གསུངས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། ཕྲེང་བརྒྱད་ན། མི་འཛིན་མི་གཏོང་ངོ༌། །ཡིད་ལ་བྱེད་དང་། གསོལ་པ། བཅོམ་ལྡན་འདས། ཤོག་གུ་གཉིས་སུ་ཕྲེང་ལྔ་ཆད་པ་ན། དགེ་བའི་རྩ་བ་རྣམས། རྣམ་པར་འཕེལ་བར་འགྱུར་ཏེ། ཞེས་པ་ནི་ཆོས་རྣམས་མེད་པས་དངོས་པོ་མེད་པའི་བདག་ཉིད་ཤེས་ནས། ཡིད་ལ་མི་བྱེད་པ་ཉིད་དགེ་བའི་རྩ་བ་འཕེལ་བ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ག་པའི་མཚམས་རྫོགས་ནས། ང་པའི་འགོ་ན། ཁམས་རྣམས་ནི། །གསུམ་པོ་དག་དང་ཉེར་འབྲེལ་དང༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་ལ་བྱེད་པས། ཕྲེང་གསུམ་ན། འདྲེ་བར་མི་བྱའོ། །གནས་དང་། གསོལ་པ། ཕྲེང་བདུན་ལྷག་ན། མངོན་པར་ཞེན་པ་དང༌། །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ། ཕྲེང་གཉིས་ན། ཆོས་ཀྱི་དངོས་པོར་བཏགས་པ་དང༌། །གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕྲེང་བཅུ་གཉིས་ན། ལས་ཉམས་པར་གྱུར་ཏེ། ཞེས་པ་ནི་མཚན་མར་དམིགས་པའི་ཉེས་པས་ཆགས་པའོ། །ཞེས་དབུ་མ་པ་གསུངས། གང་ཤེས་རབ་ཀྱི། ཤོག་གུ་གཉིས་དང་ཕྲེང་བཞི་ན། ཆགས་པ་དང་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་ལྔ་ན། བརྗོད་པ་མ་ཡིན་ནོ། །གཉེན་པོ་དང༌། །གསོལ་པ། ཕྲེང་དགུ་ཐལ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ། ཞེས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དུས་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་མ་བྲལ་བའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གཉིས་ལྷག་ན། ལགས་ན་ནི། ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང༌། ཕྲེང་བཞི་ན། མངོན་པར་ཆགས་པ་མེད་དོ། །ཞེས་བྱ་བ་ལ་སོགས་པས་ཆོས་ནི་ཆོས་མངོན་པར་མི་སྒྲུབ་སྟེ། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །ཡང་དག་པར་རྗེས་སུ་མཐོང་བས་ཇི་ལྟ་ཇི་ལྟ་བུར་གནས་པའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཅི་ལྟ་བར་རྟོགས་པ་ཉིད་མངོན་པར་སྒྲུབ་པ་ཞེས་བྱ་བའི་གཞན་དུ་ནི་མ་ཡིན་ནོ། །ཞེས་དེ་སྐད་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། ཤོག་གུ་གཉིས་སུ་ཕྲེང་ཉིས་ཆད་པ་ན། ཆེད་བཞིན་ངེས་པར་མི་འབྱུང་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། འཁོར་ལོས། ཕྲེང་གསུམ་ཐལ་ན། ལམ་མཉམ་པ་ནས་འགྲོའོ། །ལམ་ལ་ལམ་མིན་ངེས་འཛིན་དང༌། །གསོལ་པ། ཕྲེང་གསུམ་ཐལ་ན། ལམ་མ་ཡིན་པའོ། །འགོག་དང་བཅས་པའི་སྐྱེ་བ་དང༌། །གསོལ་པ། ཕྲེང་བཅུ་གཉིས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་འདི་སྐད་དུ་གསུངས་ཏེ། ཇི་ཞིག་བསྐྱེད་པར་བྱའོ་སྙམ་མམ། ཇི་ཞིག་འགག་པར་བྱའི་སྙམ་དུ་བསམས་ཏེ། ཚོགས་ཡོངས་སུ་རྫོགས་པར་མི་བྱའི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་ཏུ་ཡོངས་སུ་བསྔོ་ཞིང་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱའོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། སྦྱིན་པ་བྱིན་པར་བྱའོ། །ཕྲེང་བརྒྱད་ཐལ་ན། དྲུག་ལ་བརྩོན་པར་བྱའོ། །དངོས་པོ་ལྡན་དང་མི་ལྡན་དང༌། །གསོལ་པ། ཕྲེང་དགུ་ན། བརྩོན་པར་བྱའོ། །གནས་དང་། རབ་འབྱོར། ཕྲེང་དེ་ལ། བརྩོན་པར་མི་བྱའོ། །ཞེས་བྱ་བ་ལ་སོགས་པས་རྣམ་པར་སྨིན་པ་ཡིད་དུ་འོང་བའི་ཕུང་པོ་ལ་སོགས་པ་ལ། གནས་པར་བྱའོ་སྙམ་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་འབྲས་བུའི་ཚུལ་དུ་གནས་པར་བྱའོ་སྙམ་དུ་བརྩོན་པར་མི་བྱའོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་དྲུག་ན། ཡོངས་གྲུབ་ཀྱི། གཟུགས་ནི་གང་ལ་ཡང་མི་གནས་སོ། །ཞེས་པ་ནི། ཆོས་ཉིད་ཀྱི། གཟུགས་ལ་བྱའོ། །ཞེས་དབུ་མ་པ་དབྱིག་གཉེན་གསུངས། ཚོར་བ་དང༌། ཕྲེང་དྲུག་ན། འཚང་རྒྱ་བར་བྱའོ། །རིགས་ནི་འཇིགས་པ་དང༌། །རབ་འབྱོར། ཕྲེང་བཞི་ན། དཀྲོལ་བར་བྱའོ། །དོན་དུ་གཉེར་དང་། རབ་འབྱོར། དེ་ལྟ་བས་ན། ཕྲེང་བཞི་ན། ཞེས་སྨྲའོ། །རྒྱུ་མེད་དང༌། །དེ་ཅིའི་ཕྱིར་ཞེ་ན། ཕྲེང་དགུ་ན། བར་ལ་བསླབ་པར་བྱའོ། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཕྲེང་བཅུ་གཉིས་ན། དགོངས་པར་མཛད་དོ། །ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ཞིང་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ་ལ། དོན་དམ་པར་ཆོས་གང་ཡང་མི་དམིགས་ལ་ཀུན་རྫོབ་ཏུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མི་སྤྱོད་པ་ཡང་མ་ཡིན་ནོ། །དེ་དག་ལ་ཡང་སྤྱོད་ལ་ཅི་ལ་ཡང་མ་ཆགས་ཤིང་མི་དམིགས་པ་དང༌། ཉོན་མོངས་དང༌། བདུད་ལ་སོགས་པའི་དབང་དུ་མི་འགྱུར་བར་བྱིན་གྱིས་རློབ་ཅིང་དགོངས་པར་མཛད་དོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤོག་གུ་གཅིག་དང་ཕྲེང་གསུམ་ཐལ་ན། དགོངས་པ་མི་མཛད་དོ། །མདོར་བསྡུས་རྒྱས་དང་། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་ཐོབ་ཏུ་གནས་མང་པོར་ཡང་བསླབ་པར་བགྱི་ལ། མཉམ་གཞག་ལ་ཟློ་བའི་སྐབས་སུ་གང་ལ་ཡང་བསླབ་པར་མི་བགྱིའོ། །ཕྲེང་སོ་གཉིས་ན། སེམས་དཔའ་ཆེན་པོས་རྗེས་ཐོབ་ཏུ་གནས་མང་པོར་ཡང་བསླབ་པར་བྱ་སྟེ། མཉམ་གཞག་ལ་ཟློ་བའི་སྐབས་སུ་གང་ལ་ཡང་བསླབ་པར་མི་བྱའོ། །ཕྲེང་ལྔ་ན། མདོ་དང་རྒྱས་པར་ཤེས་པར་བྱའོ། །ཞེས་པ་ནི་གང་གི་ཚེ་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཤེས་པ་དེའི་ཚེ་མདོ་ཤེས་པར་འགྱུར་རོ། །གང་གི་ཚེ་གཟུགས་ཀྱི་དེ་བཞིན་ཉིད་དང༌། ཚོར་བའི་དེ་བཞིན་ཉིད་ལ་སོགས་པ་མ་དག་ཅིང་ཡོངས་སུ་མ་གྲུབ་པར་ཤེས་པ་དེའི་ཚེ་རྒྱས་པར་ཤེས་པར་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་དགུ་ན། མི་དམིགས་པ་དང༌། རང་བཞིན་འོད་གསལ། རང་བཞིན་ལྷན་སྐྱེས། རང་བཞིན་འགྱུར་མེད་ཀྱི་བདེ་བ་ཆེན་པོ་བདེན་དོན་བཅུ་གཉིས། དེ་ཉིད་བཅུ་དྲུག །རྡོ་རྗེའི་ཉི་ཟླ། ཨེ་ཝཾ་ཡི་གེ། རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང༌། དོན་དམ་པའི་དུས་འཁོར་བདེ་དགྱེས་གསང་འདུས་ལ་སོགས་པ་གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི་ལྷ་དང༌། སྔགས་དང༌། རྒྱུད་དང༌། དཀྱིལ་འཁོར་དང༌། ཕྱག་རྒྱ་མཁའ་ཁྱབ་པྲ་ཕབ་དང་མཚུངས་པ་རྣམ་ཤེས་དང༌། རྟོག་གེ་དང༌། རྟེན་འབྲེལ་དང་སྐད་ཅིག་ལས་འདས་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་པོ་རྣམས་ཀྱིས་སྤྱོད་ཡུལ་མ་ཡིན་པ་མཆོག་གི་དབང་པོའི་སྤྱོད་ཡུལ་སོ་སོ་རང་རིག་རང་འབྱུང་ཡེ་ཤེས་ལྔ་དང་ཤེས་བཅུ་རྣམ་དག་བདག་ཉིད་ཀུན་རྫོབ་ཀྱི་བདག་ཐམས་ཅད་ཀྱིས་སྟོང་པའི་གཞི་དེ་བཞིན་ཉིད་བདག་དག་པའི་བདག་བསམ་གྱིས་མི་ཁྱབ་པའི་དབྱིངས་འདི་ནི་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མཉམ་བཞག་ཏུ་ལ་ཟློ་བའི་ཚུལ་དང༌། རྗེས་ཐོབ་ཏུ་ཤན་འབྱེད་ཕའི་ཚུལ་གྱིས་བསླབ་པར་བྱའོ། །ཕྲེང་ལྔ་ལྷག་ན། མཐའ་མེད་པའི་གཞི་ནི་ཡང་དག་པའི་མཐའ་སྟེ། ཞེས་པ་ལ་ཡང་དག་པའི་མཐའ་ཞེས་བྱ་བ་ནི་དེ་ཁོ་ན་མི་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་ཕྱེད་དང་གཉིས་ན། དབྱིངས་གང་ལགས། ཞེས་བྱ་བ་ནི་ཐེག་པ་ཆུང་ངུའི་གཞུང་ལྟར་ན་རྫས་བདུན་པ་ཡང་ཆོས་དབྱིངས་ཞེས་བྱ་བ། ཆོས་རྣམས་སྐྱེ་ཞིང་འབྱུང་བའི་རྒྱུའམ་གནས་ལའང་དབྱིངས་ཞེས་བྱ། རང་གི་མཚན་ཉིད་འཛིན་པ་ཡང་དབྱིངས་ཞེས་བྱ་ན། སྐབས་འདིར་ཆོས་ཀྱི་དབྱིངས་ཞེས་བྱ་བ་གང་ལ་བྱ་ཞེས་ཞུས་པའོ། །དེ་ནས་ནུད་ཙམ་ན། ཆོས་ཀྱི་དབྱིངས་ཏེ། ཞེས་བྱ་བ་ནི་ཐེག་པ་ཆུང་ངུའི་གཞུང་ལས་བྱུང་བའི་ཆོས་ཀྱི་དབྱིངས་གོང་དུ་སྨྲོས་པ་རྣམ་པ་གསུམ་ལ་སོགས་པའི་དངོས་པོ་མེད་པ་ལ་ཆོས་ཀྱི་དབྱིངས་ཞེས་བྱའོ། །ཞེས་བསྟན་པའོ། །ནུད་ཙམ་ན། ཆད་པ་མི་དམིགས་སོ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས། དབྱིངས་དེ་མི་འགྱུར་བར་ཡོངས་སུ་གྲུབ་པའི་ཕྱིར་ཆད་པ་དང༌། གཞན་དུ་འགྱུར་བ་མེད་དོ། །ཞེས་བསྟན་པའོ། །ཞེས་པ་གསུམ་འབུམ་ཏིག་གསུངས། ཕྲེང་གཅིག་ལྷག་ན། ཅི་ནས་ཀྱང༌། དོན་དམ་གྱི་ཆོས་ཉིད་དང༌། ནུད་ཙམ་ན། ཤེས་པར་བྱའོ། །ཞེས་བྱ་བ་ནི་དངོས་པོ་རྣམས་མེད་པ་ཉིད་ཀྱི་ཕྱིར་གཉིས་ཀར་ཡང་མི་འགྱུར་རོ། །ཞེས་དབུ་མ་པ་གསུངས། གསོལ་པ། ཕྲེང་བཅོ་ལྔ་ན། རྟོགས་པར་འགྱུར་བ་སྟེ། སངས་རྒྱས་ཀྱིས། །བཏང་བས་ཡོངས་སུ་མ་བཟུང་དང༌། །གལ་ཏེ་ཇི་སྐད་དུ་བསྟན་པའི། ཤོག་གུ་གཅིག་དང་ཕྲེང་བཅུ་གཉིས་དང༌། འདི་ལས་འབྱུང་བའོ། །དུས་གསུམ་ཡོན་ཏན་མེད་པ་དང༌། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤོག་གུ་གཅིག་དང་ཕྲེང་གསུམ་ན། གཉིས་ཀྱི་ལྷག་པའི་ཚིག་སྟེ། ཚིག་བླ་དྭགས་ལ་མཁས་པ་དང༌། མང་བའི་ལྷག་པའི་ཚིག་ལ་མཁས་པ་དང༌། ཞེས་པ་ནི་གྲངས་ཤེས་པ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ནུད་ཙམ་ན། མ་ནིང་གི་ལྷག་པའི་ཚིག་ལ་མཁས་པར་རིགས་པར་བྱའོ། །ཞེས་པས་ནི། རྟགས་ཤེས་པ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གསུམ་དུ་ཕྲེང་གཉིས་ཆད་པ་ན། ལེགས་པ་འདི་དག་ཡོད་པར་རིག་པར་བྱའོ། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །གསོལ་པ། བཅོམ་ལྡན་འདས། ཕྲེང་གཉིས་ན། བཀའ་སྩལ་པ། གཟུགས་དངོས་པོ་འགོག་པས་ཞི་བ་དང༌། གཟུགས་རྐྱེན་གྱི་དབང་གི་ཡིན་པས། རག་ལུས་པ་དང༌། གཟུགས་རང་བཞིན་སྟོང་པ་ཉིད་ཡིན་པས། གསོག་དང༌། གཟུགས་རྣམ་པར་དཔྱད་མི་བཟོད་པས་ན། སྙིང་པོ་མེད་པ། ཞེས་གྲོལ་སྡེ་གཉིས་གསུངས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཕྲེང་ལྔ་ན། བསྒོམ་པར་བྱའོ། །གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སེམས་མི་སྐྱེ་དང་། གསོལ་པ། བཅོམ་ལྡན་འདས། ཕྲེང་གཅིག་ལྷག་ནས། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང༌། །སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ། ཕྲེང་ཕྱེད་ན། དེ་ལྟར་བསྒོམ་པར་བྱའོ། །ཐེག་པ་དམན་པ་ཡིད་བྱེད་དང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་གཅིག་ན། སྤྱོད་པར་བྱའོ། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད། ཕྲེང་གཉིས་ན། དེ་ལྟར་སྤྱད་པར་བྱའོ། །ཞེས་པ་ནི་གནས་འགྱུར་གྱི་བར་དུ་ཞེས་བྱ་བའི་ཐ་ཚིག་གོ ། ཞེས་དབུ་མ་པ་གསུངས། དེ་ལྟར་མངོན་པར་བསྒྲུབ་པར་བྱའོ། །དེ་ལྟར་བསྒོམ་པར་བྱའོ། །སྒོམ་དང་། གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཕྲེང་ཕྱེད་གཉིས་ན། མ་ཡིན་ནོ། །སྒོམ་པ་མེད་དང༌། །གསོལ་པ། འོ་ན་ཅི་ལགས། ཕྲེང་ཕྱེད་ན། མ་ཡིན་ནོ། །དེ་དག་ལས་ནི་ལྡོག་ཉིད་དང༌། །གསོལ་པ། འོ་ན་ཅི་ལགས། ཕྲེང་གཉིས་ན། དེ་ནི་མ་ཡིན་ནོ། །ཇི་བཞིན་དོན་མིན་རྣམ་རྟོག་པ། །སྒོམ་པའི་ལམ་ལ་ཤེས་པར་བྱ། །གསོལ་པ། བཅོམ་ལྡན་འདས། འོ་ན་ཕྲེང་གཉིས་ན། ཆོས་ཀྱི་དབྱིངས་ནི་ཅི་ལྟ་བ་བཞིན་ནོ། །སེམས་ཅན་བཏགས་པའི་སྤྱོད་ཡུལ་དང༌། །གསོལ་པ། ཆོས་ཀྱི་དབྱིངས། ཕྲེང་བརྒྱད་ན། གདགས་སུ་མེད་པའོ། །ཞེས་པ་ནི། བརྗོད་དུ་མེད། ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཕྲེང་བརྒྱད་ན། དམིགས་སུ་ཡོད་དམ། ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་དམྱལ་བ་ལ་སོགས་པ་ཀུན་བཏགས་པའི་ཕྱིར་མེད་པ་ལས་ཀུན་རྫོབ་ཏུ་བཏག་པ་སྟེ། བྱིས་པའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་རོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། གསོལ་པ། བཅོམ་ལྡན་འདས། ཕྲེང་བཞི་ན། ཆོས་ཐམས་ཅད་ལ་བསླབ་པར་བྱའོ། །ཆོས་བཏགས་པ་དང་། གསོལ་པ། བཅོམ་ལྡན་འདས། ཕྲེང་ལྔ་ན། བསླབ་པར་བགྱིའམ། སྟོང་མིན་ཉིད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནུད་ཙམ་ན། བསླབ་པར་བྱའོ། །ཞེས་པ་ནི་ཡོད་པ་ལ་སྐུར་བ་འདེབས་པ་ནི་དབྲི་བའོ། །མེད་པ་ལ་སྒྲོ་འདོགས་པ་ནི་བསྣན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་བདུན་ན། འགག་པ་མེད་པར་བསླབ་པར་བྱའོ། །ཞེས་པ་ནི་སྐྱེ་བ་མེད་པའི་བསླབ་པ་ནི། གང་སྒྲོ་འདོགས་པ་མེད་པའོ། །འགག་པ་མེད་པའི་བསླབ་པ་ནི། གང་སྐུར་བ་འདེབས་པ་མེད་པའོ། །ཞེས་ཀུན་མཁྱེན་གཉིས་པ་གསུངས། གསོལ་པ། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་དང༌། ཕྲེང་བཞི་ན། གཟུགས་གཟུགས་ཀྱིས་སྟོང་པར་བལྟའོ། །ཞེས་པ་ཀུན་བཏགས་པའི་གཟུགས་ནི་གཟུགས་ཉིད་དུ་མེད་པ་སྟེ། གཟུགས་ཀྱིས་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་དགུ་ན། སྤྱོད་པའོ་ཞེས་པ་ནི། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་གང་ལ་ཡང་མི་སྤྱོད་པ་ཉིད་དང༌། སྤྱོད་པའོ། །ཞེས་དབུ་མ་པ་གསུངས། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། ཕྲེང་ལྔ་ན། ཆོས་ཐམས་ཅད་དམིགས་སུ་མེད་པ་ལ་བསླབ་པར་བྱའོ། །ཞེས་པ་ལ་སོགས་པས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་མི་དམིགས་པའི་ཚུལ་དུ་ཆོས་ཐམས་ཅད་ལ་བསླབ་པར་བྱའོ། །ཞེས་བྱ་སྟེ། ལས་དང་པོ་ལ་དོན་དམ་པའི་སྤྱོད་པ་མེད་དུ་ཟིན་ཀྱང༌། དེའི་ཕྱིར་བསླབ་པར་བྱ་སྟེ། བསླབ་པ་ཉིད་དཔྱད་པ་ཡིན་ནོ། །ཞེས་པ་བསྟན་ཏོ། །དབུ་མ་པ་ཆེན་པོ་གསུངས། དེས་སྦྱིན་པ་གཏོང་བའི་ཚེ། ཕྲེང་བཅུ་གསུམ་ན། ཡོད་པ་མི་དམིགས་པ་ཡང་མ་ཡིན་ཞེས་བྱ་བ་གསུངས་ཏེ། དམིགས་སུ་མེད་པའི་མཚན་ཉིད་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཡོད་པའི་ཕྱིར། མི་དམིགས་པ་དམིགས་སུ་མེད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་གཅིག་ན། མཉམ་པ་ཉིད་ལ་ཟློ་བའི་ཚུལ་གྱིས་བསླབ་པར་བྱའོ། །ཕྲེང་གཅིག་ན། ལྡན་པར་བྱའོ། །ཆགས་དང་། གསོལ་པ། ཕྲེང་དྲུག་ན། སྤྱད་པར་བྱའོ། །རབ་འབྱེད་བདག་ཉིད་དང༌། །གསོལ་པ། ཕྲེང་བཅུ་གཅིག་ན། རྟོགས་པར་མི་བྱེད་དོ། །དངོས་པོར་བྱེད་དང་། གསོལ་པ། ཕྲེང་བརྒྱད་ན། མི་སྤྱོད་དོ། །ཞེས་པ་ལ་སོགས་པས་འདི་སྐད་བསྟན་ཏེ། བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ་མི་སྤྱོད་ཀྱི། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་སྤྱོད་དོ་ཞེས་བྱ་བ་སྟེ། སྔར་བཤད་པའི་དམིགས་སུ་ཡོད་པ་ནི་ཀུན་རྫོབ་ཀྱི་ཐ་སྙད་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། ཕྲེང་བཅུ་ན། སྤྱད་པར་བྱའོ། །ཐེག་གསུམ་དང༌། །གསོལ་པ། ཕྲེང་གཉིས་ཐལ་ན། དམིགས་སུ་མེད་དེ། ཞེས་པ་ནི་ཀུན་བཏགས་པའི་ཐེག་པ་རྣམ་པར་དགོད་པ་དག་དོན་དམ་པར་ཡོད་པ་མ་ཡིན་ནོ། །ཞེས་དགོངས་པའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། མངོན་པར། ཤོག་གུ་གཅིག་དང་ཕྲེང་བཅུ་ན། དོན་དམ་པ་ནི་མ་ཡིན་ནོ། །ཞེས་པ་ནི་དོན་དམ་པ་ཕུང་པོ་གསུམ་དུ་གཏོགས་པའི་སེམས་ཅན་གང་ཡང་དམིགས་སུ་མེད་ཀྱི། དེ་དག་ཡང་དག་པ་མ་ཡིན་པའི་ཆོས་རྣམས་ལ་ཡང་དག་པར་འཛིན་པ་ལས་འཇིག་རྟེན་གྱི་ཀུན་རྫོབ་ཏུ་སླར་ལྡོག་པར་ཟད་དེ་མིང་དེ་ཐ་སྙད་དུ་འདོགས་ཀྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱའོ། །ཞེས་དབྱིག་གཉེན་དབུ་མ་པ་ཆེན་པོ་གསུངས། གསོལ་པ། ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན།སངས་རྒྱས་ཞི་བའི་བློ་གྲོས་ཀྱིས་མྱ་ངན་ལས་འདས་པའི་དུས་ལ་བབ་པའི་ཚེ་ཕྱི་ནས་དམ་པའི་ཆོས་གཏད་ཅིང་སེམས་ཅན་གྱི་དོན་བྱེད་དུ་གཞུགས་སུ་རུང་བའི་བྱང་ཆུབ་སེམས་དཔའ་ལུང་བསྟན་དུ་འོས་པ་མ་གཟིགས་ནས་དེ་བཞིན་གཤེགས་པའི་སྐུ་འདྲ་བའི་སྤྲུལ་པ་ཞིག་སྤྲུལ་པ་དེ། ཕྲེང་གཉིས་ན། གྲངས་ཀྱང༌། དེ་ལྟར་མཛད་པ་ཡང་ལེ་ལོ་ཅན་རྣམས་བསྐུལ་བ་དང༌། སྤྲུལ་པ། འདུལ་བའི་སེམས་རྣམས་ལ་ཕན་གདགས་པའི་ཕྱིར་རོ། །དེ་ལྟ་ཡིན་ཀྱང༌། ནུད་ཙམ་ན། སྔོན་འབྱུང་གིས་འབྲུ་གནོན་འདི་རྣམས་འབུམ་ཏིག་བཞིན་བཀོད་དོ། །རབ་འབྱོར། ཕྲེང་གཅིག་ན། སྤྱོད་པར་བྱའོ། །ཡོན་ནི་དག་པ་མ་ཡིན་དང༌། །གསོལ་པ། [གསལ་བཤད། མངོན་རྟོགས་རྒྱན་ལས། སྤྱོད་པ་རྣམ་པར་འཁྲུགས་པ་ལ། །འཛིན་པར་བྱེད་པ་དང་པོར་དེ། །ཤེས་པར་བྱ་བ་བསྒྲགས་པ་ཡིན། །ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] དེ་ནས་ཤོག་གུ་གཅིག་ཏུ་ཕྲེང་གཉིས་ལྷག་ཆད་པ་ན། དཀྲུགས་པར་མ་གྱུར་ཏམ། ཞེས་པ་ནི་མེད་པའི་ཆོས་རྣམས་ཡོད་པ་ཉིད་དུ་བཤད་པའི་ཕྱིར་རོ། །ཕྲེང་གཅིག་ཐལ་ན། རྣམ་པར་དཀྲུགས་པ་མེད་དོ། །ཞེས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་བྱིས་པའི་ཡོངས་སུ་རྟོགས་པ་ཞལ་གྱིས་བཞེས་ཀྱི། གཞན་དུ་ན་སླ་བ་མ་ཡིན་པས་དེ་སྐད་བརྗོད་དེ། ཞེས་དབུ་མ་པ་ཆེན་པོ་གསུངས། གསོལ་པ། ཕྲེང་གཉིས་ཙམ་ན། སེམས་ཅན་བཏགས་དང་དེ་ཡི་རྒྱུ། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པས། །སྒོམ་པའི་ལམ་དང་འབྲེལ་བ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཕྲེང་གཅིག་ན། འཁོར་བའི་སྡུག་བསྔལ་ཉིད་སེམས་ཅན་རྣམས་ཀྱིས་ཤེས་པར་བྱ་བའི་ཕྱིར་བརྗོད་པར་ཟད་དེ། ཞེས་འབུམ་ཏིག་བཞིན་བཀོད། མིང་དང་མཚན་མ་ལ། ཕྲེང་བཅུ་དྲུག་ན། མི་དམིགས་སོ། །བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དང༌། །གསོལ་པ། ཕྲེང་བཞི་ན། ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བ་ནི་འདུས་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་སྟེ། མཚན་ཉིད་གསུམ་དང་བདེན་པ་བཞིའི་སྒོ་ནས་ཆོས་ཐམས་ཅད་ལ་རྨོངས་པ་མེད་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་བྱའོ། །ལམ་གྱི་རྣམ་པར་ཤེས་པ་ཉིད་ནི། སེམས་དང་པོ་བསྐྱེད་པ་ནས་མོས་པ་སྤྱོད་པའི་ས་ནས་བཟུང་སྟེ་ས་བཅུ་པ་ལ་ཐུག་གི་བར་དུ་བར་ལམ་གྱི་རྣམ་པར་འཇུག་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་སེམས་ཅན་གྱི་རྒྱུན་མ་ཆད་པས་ཆོས་ཀྱི་སྐུ་རབ་ཏུ་གཏོགས་པ་བག་ཆགས་ཀྱི་མཚམས་སྦྱོར་བ་རབ་ཏུ་སྤངས་ལ་འབྲས་བུའི་ཡེ་ཤེས་ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཞུགས་པའི་འབྲས་བུ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ། ནུད་ཙམ་ན། རྣམས་ལ་བྱའོ། །ཞེས་པ་འདི་གསུམ་དབུ་མ་པ་ཆེན་པོའི་གསུང་བཞིན་བཀོད། གསོལ་པ། ཤོག་གུ་ལོགས་གཅིག་ལྷག་ན། ཞི་ལམ། གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཕྲེང་བཅུ་གཉིས་ན། མཁྱེན་པ་ཉིད་ཅེས་བྱའོ། །ཞེས་པ་ནི་གང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་རྟོགས་པ་དང་རྣམ་པར་རྟོག་པའི་རྣམ་པ་ཐམས་ཅད་རབ་ཏུ་ནུབ་ཅིང་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ཐ་དད་དང་བྲལ་བ་ཁམས་གསུམ་དུ་གཏོགས་པ། ཚུལ་ཁྲིམས་ཀྱི་རྣམ་པར་རྟོག་པའི་སྤྲོས་པའི་དྲ་བ་འགགས་པར་གྱུར་པ་ན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་མཉམ་པ་ཉིད་ཀྱི་རྣམ་པར་ཞུགས་པ་ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུའི་བདག་ཉིད་ཤིན་ཏུ་ཞི་བའི་རྣམ་པ་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རྣམ་པ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་ཅེས་བྱའོ། །རྣམ་པ་དེ་ལྟ་བུའི་ཞུགས་པའི་ཡེ་ཤེས་ཀྱི་རང་བཞིན་དེ་ལྟ་བུ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། རབ་འབྱོར། འདི་ལྟར་ཡང་རྣམ་པ་གང་དག་དང༌། ཕྲེང་དགུ་ཐལ་ན། བྱིས་པ་སོ་སོའི་སྐྱེ་བོ་ཀུན་དང་ཐུན་མོང་ཡིན་ཡང་རང་གཞན་ལ་གནོད་པར་འགྱུར་བ་ནི་མ་ཡིན་ཏེ། ཕྲེང་གཅིག་ན། མི་མངའ་ཞིང་མི་དམིགས་སོ། །འདི་མན་ཆད་འབུམ་འགྲེལ་མེད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གཅིག་དང་ཕྲེང་བཞི་ན། ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་བྱ་བ་ནི་ཕ་རོལ་ཏུ་འགྲོ་བར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཡང་ན་དམ་པའི་དོན་ནི་དོན་དམ་པ་ལ་བྱ་སྟེ། དམ་པ་ལས་བྱུང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་དམ་པ་ལ་དམིགས་པ་ལས་བྱུང་བ་ཞེས་བྱའོ། །མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་དོན་དམ་པའི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་ལ་དམིགས་ནས་བྱུང་བའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཕྲེང་གཅིག་ན། ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་བཞིན་ཉིད་སོགས་དང༌། །མཚུངས་པར་ལྡན་དང་མི་ལྡན་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གསུམ་ན། མཚན་ཉིད་གཅིག་པའོ། །མི་མཉམ། རབ་འབྱོར། གཞན་ཡང༌། ཕྲེང་བཞི་ན། དོན་ལ་སྤྲད་པར་བྱའོ། །སྡུག་བསྔལ་ལ་སོགས་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་བཞི་ན། དོན་ལ་སྤྱོད་པར་བྱའོ། །ཉོན་མོངས་རྣམས་ཀྱི་རང་བཞིན་དང༌།།གསོལ་པ། བཅོམ་ལྡན་འདས་གལ་ཏེ། ཕྲེང་གསུམ་ན། དོན་མ་ཡིན་ཞེས་སྤྱད་པར་མི་བྱ་ཞེས་བྱ་བ་ནི་དོན་དང་དོན་མ་ཡིན་པ་ཐ་དད་པར་རྣམ་རྟོག་པར་ཡང་བསལ་བར་བྱའོ། །ཞེས་བྱ་བ་སྟེ་དེ་བཞིན་ཉིད་ལ་དེ་ལྟ་བུར་འཇུག་པ་མེད་པའི་ཕྱིར་རོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་གསུམ་ན། ཆོས་ཀྱི་དབྱིངས་ནི་གནས་པ་སྟེ། །ཞེས་པ་ནི་ཆོས་གནས་པ་དེའི་ངོ་བོ་ཉིད་ཁོ་ན་འདི་ལྟར་འདི་དེ་ལྟར་གནས་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནི་གང་ལ་ཡང༌། ཕྲེང་དགུ་ལྷག་ན། གཉིས་སུ་མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཕྲེང་བརྒྱད་ན། ཡང་དག་པར་ཞུགས་སོ། །ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྤ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་རྟེན་པར་བྱེད། །བཅོམ་ལྡན་འདས། ཤོག་གུ་གཉིས་ཕྲེང་བཞི་ན། དེ་བཞིན་གཤེགས་པར་གདགས་པ་དང༌། ཞེས་པ་ནི་དེ་བཞིན་ཉིད་དུ་གཤེགས་པ་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་ཉིད་དུ་གཤེགས་པ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པར་བྱའོ། །ཞེས་དབུ་མ་པ་གསུངས། དེ་བཞིན་གང་གིས་རང་སངས་རྒྱས་སུ་གདགས་པ་དང༌། ཕྲེང་ཉེར་གསུམ་ན། ཕྱག་བགྱི་བར་འོས་པའོ། །དེ་རྣམས་ཀྱིས་ནི། བསྒོ༷མ་པ༷་ཞེ༷ས། །བྱ༷་བ༷འི་ལ༷མ་ནི༷་སོ༷་སོ༷་ལ༷། །རྣ༷མ་པ༷ར་རྟོ༷ག་པ༷་རྣ༷མ་བཞི༷་ཡི༷། །གཉེ༷ན་པོ༷་རྣ༷མ་པ༷་བཞི༷་ད༷ང་ནི༷། །ཞེས་པ་དོན་ལྔ་པ་དང་དྲུག་པ་གསུངས་ཟིན་ཏོ། །

སྟོང་གསུམ་སྐྱེ་བོ་ཉན་ཐོས་དང༌། །བསེ་རུའི་རྟོགས་པ་ཕུན་ཚོགས་དང༌། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །གསོལ་པ། ཤོག་གུ་གསུམ་དང་ཕྲེང་བརྒྱད་ན། རྒྱུར་ཡང་མི་བཟོད་དོ། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །གསོལ་པ། ཕྲེང་གཅིག་ན། མཁྱེན་པ་ཉིད་ལ་བྱའོ། །འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད། གསོལ་པ། ཕྲེང་གཉིས་ན། མཁྱེན་པ་ཉིད་ཅེས་བྱའོ། །དངོས་པོ་ཆོས་ལས་འདས་པའི་ཕྱིར། དངོས་པོ་མེད་པ། རང་དང་སྤྱིའི་མཚན་ཉིད་དང་བྲལ་བའི་ཕྱིར་མཚན་ཉིད་མེད་པ། མིང་དང་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར། མཚན་མ་མེད་པ། རྩོལ་བ་མེད་པའི་ཕྱིར། བྱེད་པ་མེད་པའམ། ལྷུན་གྱིས་གྲུབ་པ། འདུས་མ་བྱས་པའི་ཕྱིར་སྐྱེ་བ་མེད་པ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར་འབྱུང་བ་མེད་པ་སྟེ། ཞེས་པ་རྣམས་དབུ་མ་པ་གསུངས། རབ་འབྱོར། གང་ཡང༌། འདི་སྐད་དུ། ཕྲེང་གཅིག་ལྷག་ན། མཚན་ཉིད་མེད་པ་སྟེ། འདི་ནི་འདིར་རང་བཞིན་གྱི་ཞི་བར་བརྗོད་པར་ཡིན་གྱི། དངོས་པོ་འགོག་པས་ཞི་བ་ནི་མ་ཡིན་ནོ། །ཞེས་གྲོལ་སྡེ་གཉིས་གསུངས། རབ་འབྱོར། འདི་ནི་ཕྲེང་གཅིག་ན། འདི་ནི་མཚན་ཉིད་དོ། །དེ་རྣམས་ཀྱིས་ནི། བ༷ར་ཆ༷ད་མེ༷ད་པ༷འི་ཏི༷ང་ངེ༷་འཛི༷ན། །ཞེས་པ་དོན་བདུན་པ་བཤད་ཟིན་ཏོ། །འདི་ལ་ནི། །རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ། །དམིགས་པ་འཐད་དང་། གསོལ་པ། [གསལ་བཤད། མངོན་རྟོགས་རྒྱན་ལས། དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང༌། །ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] བཅོམ་ལྡན་འདས། ཅི་ལགས། ཤོག་གུ་གསུམ་དང་ཕྲེང་དྲུག་ན། ཡོངས་སུ་སྤོང་བར་འགྱུར་ཏེ། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང༌། །དེས་སངས་རྒྱས་ཀྱི་སྤྱན་གྱིས། ཤོག་གུ་གཅིག་དང་ཕྲེང་བདུན་ན། འཚལ་བར་མི་རུང་སྟེ། ནམ་མཁའ་ནམ་མཁའི་ལྟ་བུའོ། །དངོས་པོ་མཆིས་པའི་ཆོས་ཀྱི་ཀྱང༌། ནུད་ཙམ་ན། བཙལ་བར་མི་རུང་ངོ༌། །དཔེར་ན་སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་ལྟར་རོ། །རྐང་པ་གཅིག་ན་མི་རུང་ངོ༌། །དཔེར་ན་ནམ་མཁའི་སྒྱུ་མའི་མེ་བཞེད་དོ། །ཚིག་རྐང་གཅིག་ན། བཙལ་བར་མི་རུང་ངོ༌། །དཔེར་ན་ནམ་མཁའི་སྒྱུ་མའི་སྒྱུ་མས་ནམ་མཁའ་ལྟ་བུའོ། །ཞེས་པའི་དཔེ་བཞི་དབུ་མ་པ་གསུངས། དེ་ལྟར་ཆོས་ཐམས་ཅད། ཕྲེང་གསུམ་ན། དོན་དམ་པར་ནི་མ་ཡིན་ནོ། །དམ་པའི་དོན་དང་ཀུན་རྫོབ་དང༌། །གསོལ་པ། ཕྲེང་གཉིས་ན། དེ་བཞིན་ཉིད་ཡིན་ཡང་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཀུན་རྫོབ་ཅེས་བྱ་བ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོན་དམ་པ་དེ་བཞིན་ཉིད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ལ་སེམས་ཅན་དེ་དག །ཕྲེང་བཞི་ན། ལེའུ་ལྔ་བཅུ་བཞི་པའོ།། །།

སྦྱོར་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གཅིག་དང་ཕྲེང་བཞི་ན། སྤྱོད་པ་ཞེས་བྱའོ། །དཀོན་མཆོག་གསུམ་པོ་དང༌། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་གཉིས་ན། སངས་རྒྱས་ཞེས་བྱ་སྟེ། ཞེས་པ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་གསུངས་པ་སྟེ། ཡང་དག་པའི་དོན་དེ་བཞིན་ཉིད་ཆོས་ཀྱི་སྐུ་ལ་སངས་རྒྱས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། རབ་འབྱོར། ཡང་འདི་ལྟར་དེས། ཕྲེང་ཉིས་ལྷག་ན། བླ་དྭགས་ལགས། ཞེས་པ་ལ་བྱང་ཆུབ་ཀྱང༌། རྣམ་པ་གསུམ་དུ་བསྟན་ཏེ། ངོ་བོ་ཉིད་དང་མཚན་ཉིད་དང་ངེས་པའི་ཚིག་གིས་སོ། །དེ་ལ་ངོ་བོ་ཉིད་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀུན་བཏགས་པའི་ངོ་བོ་ཉིད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བཀའ་སྩལ་པ། དེ་ལ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི། རབ་འབྱོར། ནུད་ཙམ་ན། བླ་དྭགས་སོ། །ཞེས་གསུངས་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་ཉིས་ལྷག་ན། བྱང་ཆུབ་ཅེས་བྱའོ། །ཀུན་བཏགས་པའི་ངོ་བོ་ཉིད་ནི། རབ་འབྱོར། ཡང་འདི་ལྟ་སྟེ། ནུད་ཙམ་ན། མཚན་མ་ཙམ་སྟེ། ཞེས་པ་གསུངས་པའོ། །ཞེས་དབུ་མ་པ་གསུངས། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །མཚན་ཉིད་ནི། རབ་འབྱོར་ཡང༌། ནུད་ཙམ་ན། བྱང་ཆུབ་ཀྱི་དོན་ཏོ། །ཞེས་གསུངས་པ་སྟེ། དོན་དམ་པའི་མཚན་ཉིད་ནི། ཡང་དག་པའི་དོན་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། རབ་འབྱོར་འདི་ལྟར་དེ་ནི། ཕྲེང་བཅོ་ལྔ་ན། ཆོས་གང་ཡང་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་རྣམས་ཚོགས་སུ་འགྱུར་བའམ། སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་འགྲིབ་པར་བྱ་བའམ། ནག་པོའི་ཕྱོགས་རྣམས་འགོད་པར་བྱ་བའམ། དཀར་པོའི་ཕྱོགས་རྣམས་འཕེལ་བར་བྱ་བའམ། སངས་རྒྱས་ཀྱི་ཆོས་མ་སྐྱེས་པ་རྣམས་སྐྱེ་བར་བྱ་བའམ། ཀུན་ནས་ཉོན་མོངས་པ་སྐྱེས་པ་རྣམས་འགག་པར་བྱ་བའམ། དྲི་མ་དང་བཅས་པའི་གནས་སྐབས་ན། ཀུན་ནས་ཉོན་མོངས་པར་བྱ་བའམ། དྲི་མ་མེད་པའི་གནས་སྐབས་ན་རྣམ་པར་བྱང་བའི་ཕྱིར། ནུད་ཙམ་ན། མ་ཡིན་ནོ། །ཞེས་བྱ་བ་ལ་བྱང་ཆུབ་ནི་དམིགས་པ་ཐམས་ཅད་སེལ་བའི་རང་བཞིན་ཡིན་པའི་ཕྱིར། དེ་སྐད་ཅེས་གསུངས་སོ། །ཞེས་པ་རྣམས་དབུ་མ་པ་གསུངས། གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་ཏེ། ཤོག་གུ་གཅིག་རུང་ན། ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་ནི་འདིར་བྱང་ཆུབ་ཀྱི་ཕྱིར་བྱའོ། །ཞེས་དམིགས་པར་བྱ་བ་དང༌། དམིགས་པར་བྱེད་པ་གཉིས་ཀྱི་དངོས་པོ་རྣམ་པར་བཏགས་ནས་མི་སྤྱོད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། གཉིས་ཀྱི་ཚུལ་ཁྲིམས་ཀྱི། ཤོག་གུ་གཅིག་ན། འཕེལ་བར་མི་འགྱུར་རོ། །ཞེས་བྱ་བ་ནི་གཉིས་སུ་མེད་པར་སྤྱོད་པ་ཉིད་དགེ་བའི་རྩ་བ་སྤེལ་བའི་རྒྱུ་ཡིན་གྱི། གཉིས་སུ་སྤྱོད་པ་ནི་མ་ཡིན་ནོ། །ཞེས་བསྟན་ཏེ། འདི་ནི་གཉིས་སུ་མེད་པར་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ཅིའི་ཕྱིར་ཞེ་ན། ཤོག་གུ་གསུམ་དང་ཕྲེང་གཅིག་ན། ཐོབ་པར་མི་འགྱུར་རོ། །ཐབས་བཅས། གསོལ་པ། ཤོག་གུ་དྲུག་དང་ཕྲེང་དྲུག་ན། འཚང་རྒྱ་བར་མི་ནུས་སོ། །ཐུབ་པའི་རྟོགས་པ་དང༌། །ཕྲེང་གཅིག་ན། བགྱི་བར་ནུས་སམ། ཞེས་བྱ་བ་ལ་སོགས་པ་རྣམ་པར་རྟོག་པ་བཞི་ནི། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དེ་ལྟ་བུའི་རྣམ་པར་རྟོག་པས་སྤྲོར་རུང་བ་མ་ཡིན་པའི་ཕྱིར། འདི་ལ་ཤེས་པར་བྱེད་པ་མེད་དོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་དགུ་ན། སྤྲོས་པ་དང་བྲལ་བ་ནི་མངོན་པར་རྟོགས་པའོ། །མངོན་པར་རྟོགས་པ་མེད་པར་ཐལ་བ་དང་མུ་བཞི་ལས་ཟློག་པས་དངོས་པོ་དང་དངོས་པོ་མེད་པ་མཉམ་པ་ཉིད་དུ་མཐོང་བ་ནི་མངོན་པར་རྟོགས་པ་ཉིད་ཡིན་པར་ཞལ་གྱིས་བཞེས་པས་གང་གསུངས་པ་ཡིན་ནོ། །ཞེས་གྲོལ་སྡེ་གཉིས་གསུངས། ཕྱིན་ཅི་ལོག་ནི། གསོལ་པ། བཅོམ་ལྡན་འདས། ཤོག་གུ་ལྔར་ཕྲེང་བཞི་ཆད་པ་ན། ཐོབ་པར་བྱེད་དོ། །ལམ་བཅས་དང༌། །གསོལ་པ། ཤོག་གུ་གཉིས་དང་ཕྲེང་དགུ་ན། ཡོངས་སུ་གཟུང་བར་བྱས་ཏེ། ཞེས་པ་ནི་སེམས་ཅན་སྣ་ཚོགས་ཀྱི་སྐད་དང་མཐུན་པར་རོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་དང་ཕྲེང་ཅིག་ན། དེ་དེ་བཞིན་ཏེ། ཞེས་བསྔགས་པས་མཛད་དེ། ཆོས་གང་ཡང་ཆོས་ལ་ཡང་སྒྲུབ་པར་མི་བྱེད་དོ། །ཆོས་རྣམས་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱི་བྱིས་པ་རྣམས་ཁོང་དུ་ཆུད་པར་བྱ་བའི་ཐབས་སུ་ཀུན་རྫོབ་ཏུ་འདི་མཛད་དེ། རིམ་པ་འདིས་ཤེས་པར་གྱུར་ནས། དེ་བཞིན་དུ་བསྒྲུབ་པས་འཚང་རྒྱ་བར་འགྱུར་རོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། ཞེས་བཤད་ཀྱི། གཉེན་པོ་མི་མཐུན་ཕྱོགས་རྣམས་དང༌། །རབ་འབྱོར། དེ་ནི་འདི་ལྟར། ཤོག་གུ་གཅིག་དང་ཕྲེང་གཉིས་ཐལ་ན། འཕགས་པའི་ཆོས་དང་འདུལ་བ་ཞེས་བྱ་བ་ནི། ངོ་བོ་ཉིད་ཀྱི་འདོད་ཆགས་ལ་སོགས་པ་འདུལ་བ་དང༌། བསྒྲུབ་པས་འདུལ་བར་གནས་པའི་མཚན་ཉིད་དུ་སྟོན་ཏེ། འཕགས་པའི་ཆོས་འདུལ་བ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས་པས། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །[གསལ་བཤད། མངོན་རྟོགས་རྒྱན་ལས། མཚན་ཉིད་དང་ནི། ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] ཤོག་གུ་གསུམ་དང་ཕྲེང་བརྒྱད་ལྷག་ན། དབྱིངས་དེ་ནི་དེ་བཞིན་དུ་བྱས་པའོ། །སྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །གསོལ་པ། བཅོམ་ལྡན་འདས་གལ་ཏེ། ཤོག་གུ་དྲུག་དང་ཕྲེང་ལྔ་ན། བྱ་བར་མི་བསྒོམ་མོ། །ཞེས་བྱ་བ་ནི། གཟུགས་དངོས་པོ་ཡོད་པའི་ངོ་བོ་ཉིད་དོ་སྙམ་དུ་མི་བསྒོམ་པའོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། ཕྲེང་ཉེར་གཉིས་ན། མཐའ་གཉིས་ལ་ཆགས་ཏེ་ཞེས་བྱ་བ་ནི་དངོས་པོའི་འདུ་ཤེས་ཅན་ཏེ། འདི་ནི་བདག་སྟེ། གུད་ན་ཡོད་དོ། །ཞེས་སམ་བདག་ནི་གཟུགས་སོ། །བདག་ནི་ཚོར་བའོ། །ཞེས་བྱ་བ་ལ་སོགས་པ་ཆད་པ་དང༌། རྟག་པའི་མཐའ་གཉིས་ལ་ཆགས། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་བདུན་ན། ཀྱེ་འདུ་ཤེས་ནི་གཉིས་སོ་ཞེས་བྱ་བ་ནི་གང་ལ་གཟུགས་སོ། །ཞེས་བྱ་བའི་འདུ་ཤེས་ཡོད་པ་དེ་ལ་ཡོད་པ་དང་མེད་པའམ། དངོས་པོའམ་དངོས་པོ་མ་ཡིན་པར་རྣམ་པར་རྟོག་པ་གདོན་མི་ཟ་བར་འབྱུང་བར་འགྱུར་རོ། །ཡང་ན་བཟུང་བ་དང་འཛིན་པའི་དངོས་པོར་འགྱུར་བའི་ཕྱིར། གཉིས་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། ཤོག་གུ་བཞི་དང་ཕྲེང་བཅུ་གཉིས་ན། ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡུལ་ལ་མངའ་བརྙེས་པར་འགྱུར་ཞེས་བྱ་བ་ནི། མངོན་པར་ཤེས་པ་དང་དབང་བཅུའོ། །ཞེས་པ་གཉིས་དབུ་མ་པ་གསུངས། དེ་ནས་ཕྲེང་ཐལ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་ཅིང་མངོན་པར་ཤེས་པ་ལ་སོགས་པ་ཡང་སྙོམས་པར་འཇུག་པ་དེ་ན་མཚན་མ་ལ་རོ་མྱང་བ་མེད་པར་དམིགས་པ་ཅན་གྱི་འདུ་ཤེས་བསལ་ཏེ་རང་བཞིན་གྱིས་ཡོངས་སུ་དག་པའི་འདུ་ཤེས་བསྐྱེད་ཅིང་སྤྱད་ན། ནམ་མཁའ་ཡིད་ལ་བྱེད་པ་དེ་ཉིད་ཀྱི་མངོན་པར་རྫོགས་པར་སངས་རྒྱས་ནས་ཕྱིས་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ཀྱང་འཕགས་པའི་བདེན་པ་བཞི་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་ཀྱི་ཆོས་རྣམས་མངོན་སུམ་དུ་བྱས་ཏེ། ཀུན་རྫོབ་ཡིད་ལ་བྱེད་པས་སེམས་ཅན་རྣམས་ཕུང་པོ་གསུམ་དུ་ལུང་བསྟན་པར་གྱུར་ཏེ། དེ་བས་ན་མི་དམིགས་པ་ཉིད་ཀྱི་སྤྱོད་པ་དང༌། མི་དམིགས་པ་ཉིད་ཀྱི་བྱང་ཆུབ་པར་འགྱུར་བས་ཉེས་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། འདོད་པས་དབེན། ཕྲེང་བཅོ་ལྔ་ན། སྡིག་ཏོ་མི་དགེ་བའི་ཆོས་རྣམས་དངོས་པོ་ཞིག་ཡོད་དེ་ཞེས་བྱ་བ་ལ་སོགས་པས་དངོས་པོ་མེད་པའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་ཐམས་ཅད་འགྲུབ་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཞེས་བསྟན་ཏེ། འདི་ལྟར་འདོད་པ་རྣམས་དང་སྡིག་པ་མི་དགེ་བའི་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་ལུང་བསྟན་ཏོ། །བསམ་གཏན་རྣམས་བསྐྱེད་དོ། །ཞེས་དབུ་མ་པ་གསུངས། ཕྲེང་དགུ་ན། མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་རྣམས། དེ་རྣམས་ཀྱིས་ནི། ལོ༷ག་པ༷ར་བསྒྲུ༷བ་ད༷ང་བཅ༷ས་པ༷་ནི༷། །རྩེ༷་མོ༷འི་མངོ༷ན་རྟོ༷གས། ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྩེ་མོའི་སྦྱོར་བའི་སྐབས་ཏེ་ལྔ་པའོ།། །།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྩེ་མོའི་སྦྱོར་བའི་སྐབས་ཏེ་ལྔ་པ། next