Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། མཐར་གྱིས་པའི་སྦྱོར་བའི་སྐབས་ཏེ་དྲུག་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། མཐར་གྱིས་པའི་སྦྱོར་བའི་སྐབས་ཏེ་དྲུག་པ། next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། མཐར་གྱིས་པའི་སྦྱོར་བའི་སྐབས་ཏེ་དྲུག་པ།

སྦྱིན་པ་ཤེས་རབ་བར་དག་དང༌། །རབ་འབྱོར་གྱིས་གསོལ་པ། ཕྲེང་བཞི་ན། བགྱི་བ་མ་མཆིས་པར། ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་དམིགས་པ་དང་མི་དམིགས་པ་དག་འཕྲལ་ཁོ་ན་ལ་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཕྲལ་ཁོ་ན་ལ་དམིགས་སུ་མེད་པ་རྟོགས་པར་འགྱུར་གྱི་རིམ་གྱིས་ནི་མ་ཡིན་ནོ། །ཞེས་དགོངས་པའོ། །ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤོག་གུ་ལྔ་དང་ཕྲེང་བཞི་ན། འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། །སངས་རྒྱས་ལ་སོགས་དྲན་དང་ཆོས། །རབ་འབྱོར། གཞན་ཡང༌། ཤོག་གུ་གསུམ་དང་ཕྲེང་ལྔ་ན། ཐེག་པ་གཞན་ལ་མི་རྟེན་པས་མ་རལ་ཡ་ང་བར་སྐྱེ་བ་སྤངས་པ་མ་ཞིག་སྐྱེ་བོ་ངན་པ་དང་ཉོན་མོངས་པ་དང་མ་འདྲེས་པས་མ་འདྲེས་པ། དཀར་པོའི་ཆོས་རྣམས་ཀྱི་ཆ་གཅིག་རྣམ་པར་འཕེལ་བས་སྐྱོན་མེད་པ། སྐྱེ་བར་སྨོན་ལམ་མི་འདེབས་པས་མ་ཉམས་པ། ཇི་ལྟར་འགྲོ་བར་འདོད་པ་ཉིད་ཀྱིས་ན། མཐུ་དང་ལྡན་པ། མཁས་པས་མ་སྨད་པས་མཁས་པས་བསྔགས་པ། དབང་པོ་རྣམས་བསྲུང་བས་ཤིན་ཏུ་རྫོགས་པའི་བསམ་གཏན་གྱིས་ཡན་ལག་གི་ཚོགས་རྒྱས་པས་ཏིང་ངེ་འཛིན། ནུད་ཙམ་ན། གནས་པ་ཡིན་ཏེ། ཞེས་པའི་འབྲུ་གནོན་རྣམས་བཙུན་པ་གྲོལ་སྡེའི་གསུངས་བཞིན་བཀོད། དེ་ནས་ཕྲེང་ཉི་ཤུ་ན། དྲན་པ་དང་བྲལ་བར་གྱུར་པ་ལྟ་ཅི་ཞིག་སྨོས། དངོས་མེད་ངོ་བོ་ཉིད་ཀྱིས་དེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །རབ་འབྱོར། གཞན་ཡང༌། ཤོག་གུ་བཞི་སོང་བ་ན། མི་དམིགས་པ་མངོན་པར་རྟོགས་པའོ། །ཞེས་བྱ་བ་ནི་མི་དམིགས་པའི་ཐོབ་པ་དང་མི་དམིགས་པའི་མངོན་པར་རྟོགས་པའོ། །ཞེས་བརྗོད་ན། ཐོབ་པར་བྱ་བ་དང་མངོན་པར་རྟོགས་པར་བྱ་བའི་ཕྱིར་དམིགས་པ་ཡོད་པར་འགྱུར་ཏེ། དེ་ལྟ་ན་ནི་དམིགས་པའི་སྐྱོན་ཆེན་པོར་འགྱུར་རོ། །དེ་བས་མི་དམིགས་པ་ཉིད་ཐོབ་པ་དང་མངོན་པར་རྟོགས་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བརྗོད་པར་བསྟན་པ་སྟེ། ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ན། ཚུགས་པར་དཀའ་བ་ཡིན་ནོ། །དེ་རྣམས་ཀྱིས་ནི། མཐ༷ར་གྱི༷ས་པ༷། །རྣ༷མ་གསུ༷མ་རྣ༷མ་བཅུ༷། ཞེས་པ་མཐར་གྱིས་པ། དོན་བཅུ་གསུམ་གསུངས་ཟིན་ཏོ།།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། མཐར་གྱིས་པའི་སྦྱོར་བའི་སྐབས་ཏེ་དྲུག་པའོ།། །།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། མཐར་གྱིས་པའི་སྦྱོར་བའི་སྐབས་ཏེ་དྲུག་པ། next