Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ཆོས་ཀྱི་སྐུའི་སྐབས་ཏེ་བརྒྱད་པ།
   
   
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ཆོས་ཀྱི་སྐུའི་སྐབས་ཏེ་བརྒྱད་པ། next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ཆོས་ཀྱི་སྐུའི་སྐབས་ཏེ་བརྒྱད་པ།

གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །དེ་བཞིན་འཁོར་བ་ཇི་སྲིད་འདི། །ལས་ནི་རྒྱུན་མི་ཆད་པར་བཞེད། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་བརྒྱད་དང་ཕྲེང་དྲུག་ན། སེམས་མི་འབྱུང་ངོ༌། །འགྲོ་རྣམས་ཞི་བའི་ལས་དང་ནི། །རབ་འབྱོར་ངས་འདི་ནས། ཤོག་གུ་ལྔ་དང་ཕྲེང་གཉིས་ན། རྨད་དུ་བྱུང་བའི་ཆོས་སོ། །བསྡུ་རྣམ་བཞི་ལ་འགོད་པ་དང༌། །རབ་འབྱོར་ངས་ཡང་འདི་ནས། ཤོག་གུ་གཅིག་དང་ཕྲེང་ལྔ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འགོད་པ་ཡིན་ནོ། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །རབ་འབྱོར། ཕྲེང་ལྔ་ཐལ་ན། འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱའོ། །བྱང་ཆུབ་ཕྱོགས་མཐུན། རབ་འབྱོར་དེ་ལ། ཤོག་གུ་གཅིག་དང་ཕྲེང་བཞི་ན། ཡན་ལག་བརྒྱད་པ་ཞེས་བྱའོ། །ཚད་མེད་དང༌། །ཞེས་པའི་མདོ་སྐབས་འདིར་མ་བྱུང་ཡང་སྐབས་གཞན་དུ་བྱུང་བ་ལ་དགོངས་སོ། །ཞེས་ཤེས་པར་བྱའོ། །འདི་ལ་ཏིང་ངེ་འཛིན་གསུམ་གང་ཞེ་ན། ཕྲེང་བཞི་ན། རྣམ་པར་ཐར་དང་། རྣམ་པར་ཐར་པ་བརྒྱད་གང་ཞེ་ན། ཕྲེང་ལྔ་ན། མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཕྲེང་བཅུ་གཉིས་དང༌། ཟད་པར་བཅུ་ཡི་བདག་ཉིད་དང༌། །དེ་ལ་མཐའ་དག་གི་སྐྱེ་མཆེད་བཅུ་གང་ཞེ་ན། ཕྲེང་གཉིས་ན། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །དེ་ལ་ཟིལ་གྱིས་གནོན་པ་ཡི། ཤོག་གུ་གཅིག་དང་ཕྲེང་གསུམ་ན། ཉོན་མོངས་མེད་དང་། དེ་ལ་ཉོན་མོངས་པ་མེད་པ་གང་ཞེ་ན། ཞེས་བྱ་བ་ནི་བདག་གི་ཕྱིར་གཞན་དག་ལ་ཉོན་མོངས་པ་སྐྱེ་བར་མ་གྱུར་ཅིག །ཅེས་བྱིན་གྱིས་བརླབས་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང༌། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་གཞན་གྱི་རྒྱུད་ལ་ཉོན་མོངས་པ་སྐྱེ་བའི་སྐབས་མི་འབྱེད་པ་དེ་ནི་ཉོན་མོངས་པ་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །དབུ་མ་པ་གསུངས། བསམ་གཏན་ལ་གནས་ནས། ཕྲེང་གཅིག་ལྷག་ན། སྨོན་མཁྱེན་དང༌། །སྨོན་ལམ་གྱི་ཤེས་པ་གང་ཞེ་ན། ཕྲེང་གསུམ་ན། མངོན་ཤེས། དེ་ལ་མངོན་པར་ཤེས་པ་དྲུག་གང་ཞེ་ན། ཕྲེང་ཕྱེད་དང་གཉིས་ཐལ་ན། རྣམ་པ་ཐམས་ཅད་དག་བཞི་དང༌། །དེ་ལ་ཡོངས་སུ་དག་པ་བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གནས་ངན་ལེན་ཐམས་ཅད་གནས་དང་ཤིན་ཏུ་བྲལ་བར་གྱུར་པ་དང་བདག་གི་ལུས་ཀྱང་ཇི་ལྟར་འདོད་པ་བཞིན་ལེན་པ་དང༌། གནས་པ་དང་འཆི་འཕོ་བ་རྣམས་ལ་རང་དབང་དུ་གྱུར་པ་ནི། ལུས་སམ། གནས་ཡོངས་སུ་དག་པ་དང༌། སྤྲུལ་པ་དང༌། གནས་ཡོངས་སུ་བསྒྱུར་བའི་གྲངས་སུ་གཏོགས་པ་དང༌། དམིགས་པ་ཐམས་ཅད་ལ་དབང་དུ་གྱུར་པ་ནི། དམིགས་པ་ཡོངས་སུ་དག་པ་དང༌། སེམས་ཅན་གྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས་སེམས་ལ་རྣམ་པ་ཐམས་ཅད་དུ་དགེ་བ་འཕེལ་བ་ཡིན། སེམས་ཡོངས་སུ་དག་པ་དང༌། མ་རིག་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས་ཤེས་པར་བྱ་བ་ཐམས་ཅད་ལ་ཤེས་པ་སྒྲིབ་པ་མེད་པ་དབང་དུ་གྱུར་པ་ནི། ཡེ་ཤེས་ཡོངས་སུ་དག་པ་སྟེ་བཞི་པོ་དེ་དག་གོ །དབང་བཅུ་དང་ནི། དེ་ལ་དབང་བཅུ་གང་ཞེ་ན། ཇི་སྲིད་འདོད་པ་དེ་སྲིད་དུ་འདུག་པས་ཚེ་ལ་དབང་བ་དང༌། བསམ་གཏན་དང་ཚད་མེད་པ་ལ་སོགས་པ་དག་གི་སེམས་གནས་པར་འདོད་པ་དེས་ཇི་ལྟར་འདོད་པ་བཞིན་གནས་པས་སེམས་ལ་དབང་བ་དང༌། བསམ་པ་ཙམ་གྱིས་ཡོ་བྱད་ཅི་འདོད་པ་འབྱོར་བ་ནི་ཡོ་བྱད་ལ་དབང་བ་དང༌། སྐྱེ་བར་འགྱུར་བའི་ལས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་འགྱུར་བ་ནི་ལས་ལ་དབང་བ་དང༌། སྐྱེ་གནས་གང་འདོད་པ་འདོད་པར་བཞིན་སྐྱེ་བ་ནི་སྐྱེ་བ་ལ་དབང་བ་དང༌། དངོས་པོ་གང་དང་གང་ལ་མོས་པ་བྱས་པ་བཞིན་འགྱུར་བ་ནི་མོས་པ་ལ་དབང་བ་དང༌། སྨོན་ལམ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་འགྲུབ་པ་ནི་སྨོན་པ་ལ་དབང་བ་དང༌། རྫུ་འཕྲུལ་གྱི་དགོས་པ་ཇི་ལྟར་འདོད་པ་བཞིན་འགྲུབ་པ་ནི་རྫུ་འཕྲུལ་ལ་དབང་བ་དང༌། ཤེས་བྱ་ཟབ་པ་ནི་ཤེས་པར་འདོད་པ་རྣམས་མྱུར་དུ་ཤེས་པ་ནི་ཡེ་ཤེས་ལ་དབང་བ་དང༌། ཆོས་ཐམས་ཅད་ཡང་དག་པར་རྣམ་པར་དགོད་པ་ལ་མཁས་པ་ནི་ཆོས་ལ་དབང་བ་དང༌། དེ་ལྟར་ཡོངས་སུ་དག་པ་བཞི་དང་དབང་བཅུའི་བཤད་པ་དབུ་མ་པའི་གསུངས་བཞིན་བཀོད་དོ། །བཅུ་པོ་དེ་དག་གོ །[གསལ་བཤད། མངོན་རྟོགས་རྒྱན་ལས། སྟོབས་བཅུ་དང༌། །ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] ཕྲེང་བཅུ་དགུ་ལྷག་ན། མི་འཇིགས་པ་ནི་བཞི་དག་དང༌། །རབ་འབྱོར། དེ་བཞིན་གཤེགས་པའི་ཕྲེང་བཅུ་དགུ་ན། སོ་སོ་ཡང་དག་རིག །དེ་བཞིན་གཤེགས་པའི། ཕྲེང་གཉིས་ལྷག་ན། བསྲུང་བ་མེད་པ་རྣམ་གསུམ་དང༌། །རབ་འབྱོར། དེ་བཞིན་གཤེགས་པའི་བསྲུང་བ། ཕྲེང་ལྔ་ན། དྲན་པ་ཉེར་གཞག་རྣམ་གསུམ་དང༌། །དེ་ལ་དེ་བཞིན་གཤེགས་པའི་དགོངས་པ། ཕྲེང་བདུན་ན། བསྙེལ་བ་མི་མངའི་ཆོས་ཉིད་དང༌། །དེ་ལ་དེ་བཞིན་གཤེགས་པའི་ཉམས་པ། ཕྲེང་གཅིག་ན། དུས་ལས་མི་འདའ་བ་སྟེ་དེ་ཉིད་ཀྱི་ཕྱིར་ན། དེ་རྣམས་ཀྱིས་མཛད་པ་འབྲས་བུ་ཡོད་པར་འཐད་པ། ཡང་འབྲས་བུ་ཡོད་པར་འཐད་པ་ཡིན་ནོ། །ཞེས་འཕགས་པ་རྣམ་གྲོལ་སྡེས་གསུངས། དེ་ནི་ཉམས་པ་མེད་པའི་ཆོས་ཉིད་ཅེས་བྱའོ། །བག་ཆགས་ཡང་དག་བཅོམ་པ་དང༌། །དེ་ལ་དེ་བཞིན་གཤེགས་པའི་བག་ཆགས་ཀྱིས། ཕྲེང་གཉིས་ན། ཉོན་མོངས་པ་མ་སྤངས་པ་ལྟ་བུར་སྤྱོད་པའི་ལུས་ཀྱི་འགྱུར་བ་ཡོད་ཀྱི། སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །དེ་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་གང་ཞེ་ན། ཕྲེང་གཉིས་ན། ལན་གསུམ་དུ་རྟོག་པ་མཛད་ཅེས་བྱས་ཏེ། ཇི་ལྟར་རྟོག་ཅེ་ན། སུ་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན། སུ་ནི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན། སུ་ཐོག་མར་མཐོ་བ་བསྟན་པའི་སྣོད་ཡིན། སུ་ནི་ངེས་པར་ལེགས་པར་བསྟན་པའི་སྣོད་ཡིན། ཡང་སུ་ནི་སངས་རྒྱས་ཀྱི་འབྱོར་བའི་སྣོད་ཡིན། གང་ཞིག་ལ་ཅི་ཞིག་བྱ་ཞེས་ཟེར། སོ་སོར་རྟོག་གོ །ཞེས་གྲོལ་སྡེ་གཉིས་གསུངས། དངོས་སུ་ན། ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རབ་འབྱོར། དེ་བཞིན་གཤེགས་པའི། ཕྲེང་བདུན་ལྷག་ན། ཆོས་མ་འདྲེས་པ་རྣམས་སོ། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །རབ་འབྱོར། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ཁ་ཅིག་ནི་བདེན་པ་བཞི་ལ་དམིགས་པའི་ཤེས་པ་རྣམ་པ་བཅུ་དྲུག་གིས་བསྡུས་པ་ཡིན་ནོ། །ཞེས་ཟེར་རོ། །གཞན་དག་ནི་དེའང་ཆོས་ཐམས་ཅད་ངོ་བོ་མེད་པ་མ་སྐྱེས་པ་དང༌། མ་འགག་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པའི་རྣམ་པ་ཡེ་ཤེས་ཀྱིས་བསྡུས་པ་ཡིན་ནོ། །ཞེས་ཟེར་རོ། །གཞན་དག་ནི་འདིར་གཉེན་པོའི་ཕྱོགས་ཀྱིས་བསྡུས་པའི་རྣམ་པ་བརྗོད་པ་ནི་མི་འདོད་ཀྱི། ཡིད་བཞིན་གྱི་ནོར་བུ་ལྟར་དེ་ལས་སེམས་ཅན་གྱི་དོན་དུ་གཉེར་བའི་དོན་ཁ་ན་མ་ཐོ་བ་མེད་པ་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་ཟེར་རོ། །ཡང་གཞན་དག་ནི་སྤངས་པའི་རྣམ་པ་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །དེ་ལ་ནི་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། བག་ཆགས་ཀྱི་སྒྲིབ་པ་སྤངས་པའི་རྣམ་པ་གསུམ་འཆར་ཡང་མངའ་བ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་གྲོལ་བ་འདི་ཐམས་ཅད་ཀྱང་ལེགས་ན་སློབ་དཔོན་བཟང་སྐྱོང་གི་སྐབས་སུ་བབ་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་ཤེས་བྱའི་རྣམ་པ་བཅུས་བསྡུས་པའི་སྙིང་པོ་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་བྱ་བ་འདི་ནི་ཤིན་ཏུ་ལེགས་ཏེ། ཡོངས་སུ་གྲུབ་པ་ལ་དམིགས་པའོ། །ཞེས་འཕགས་པ་གྲོལ་སྡེ་གསུང་ཞིང༌། བཙུན་པ་གྲོལ་སྡེས་ཀྱང་འདི་དང་མཐུན་པ་གསུངས་སོ། །གང་ལ་དམིགས་པ་མེད་པ། ཕྲེང་གཅིག་ན། སྐབས་འདིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤངས་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང༌། །ཐོགས་པ་མེད་དང་རྟག་གནས་དང༌། །འདྲི་བ་ཀུན་ལན་འདེབས་པར་བཞེད། །རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ༌། །ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །དེ་ལ་དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། ཕྲེང་དྲུག་ན། ཕྱག་ཞབས་འཁོར་ལོས་མཚན་དང་། ཕྱག་དང་ཞབས་ཀྱི་མཐིལ། རུ་སྦལ་ཞབས། །ཞབས་ཀྱི་མཐིལ་གཉིས། ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། །ངང་པའི་རྒྱལ་པོ་ལྟར། ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །ཤིང་བལ་གྱི་སྒོ་ང་ལྟར། འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །ཕྱག་དང་ཞབས་དང་མགུར་གྱི། སོར་མོ་རིང་དང་། ཕྱག་དང༌། རྟིང་ཡངས། རྡིང་པ། སྐུ་ཆེ་དྲང༌། །སྐུ་ལེགས་པ། ཞབས་འབུར་མི་མངོན། པུས་མོའི་ལྷ་ང་དང༌། སྤུ་ནི་གྱེན་དུ་ཕྱོགས། །སྤུ་གྱེན་དུ། བྱིན་པ་ཨེ་ནྱ་འདྲ། རི་དྭགས་ཨེ་ན་ཡའི། ཕྱག་རིང་མཛེས། །བརླ་དྲང་པོར་བཞག་སྟེ། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ། །གླང་པོ་དང་རྟ་ཅང་ཤེས་ལྟར། པགས་པ་གསེར་མདོག །ཤིན་ཏུ་འཕྱངས་པའི། པགས་པ་སྲབ་པ་དང༌། །གསེར་དངུལ་ཤིན་ཏུ་འཕྱངས་པ་ལྟར། སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། །ཤིན་ཏུ་རྣམ་པར་འཕྱེ་བའི། ཞལ་མཛོད་སྤུས་བརྒྱན། མེ་ཏོག་ཀུན་ད་དང༌། རོ་སྟོད་སེང་གེ་འདྲ། །རོ་སྟོད་ཆེ་བས། འདི་ཡི་དཔུང་པའི་མགོ་ཟླུམ། མགུར་དང་རྒྱུད། ཐལ་གོང་རྒྱས། །གསེར་གྱི་གདན་པ། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང༌། །རླུང་དང་མཁྲིས་པ། སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞིང་གབ། །སྐུ་ཆེ་ཞིང་འདོམ་དུ། གཙུག་ཏོར་འབུར་ལྟར། སྤྱི་གཙུག་ཟླུམ་ཞིང༌། ལྗགས་རིང་མཛེས་པ་དང༌། །མེ་ཏོག་ཨུཏྤ་ལ་དམར་པོའི། ཚངས་དབྱངས། ཚངས་པ་དང༌། འགྲམ་པ་སེང་གེ་འདྲ་དང་། འགྲམ་པ་མེ་ལོང་གི །ཚེམས། །ཤིན་ཏུ་དཀར་དང་། མེ་ཏོག་ཀུན་ད། ཚད་མཉམ། ཚེམས་ལ་མཐོ་དམན། ཐགས་བཟང་དང༌། །ཚེམས་ལ་མཚམས་མི་དོད། གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང༌། །བླ་འོག་གྱེ་གུ་མེད་པས། སྤྱན་ནི་མཐོན་མཐིང་། དཀར་ནག་གི་ཆ་མ་འདྲེས་ལ། སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །རྫི་མ་བླ་འོག་ཤིན་ཏུ། འདི་ལ་མཚན་ནི་གང་གང་གི །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །བླ་མ་སྐྱེལ་ལ་སོགས་པ་དང༌། །དེ་ལ་བླ་མ་བསུ་སྐྱེལ་དང༌། ཕྲེང་གཅིག་ན། ཡང་དག་བླངས་པ་བརྟན་པ་དང༌། །ཡི་དམ་ལ་བརྟེན་པས། བསྡུ་བ་བསྟེན་དང་། སྦྱིན་པ་དང༌། ངག་སྙན་པ་དང༌། གྱ་ནོམ་པའི། །དངོས་པོ་སྦྱིན་དང་། བཟའ་བ་དང༌། བཅའ་བ་དང༌། བསད་བཅའ་བ། །ཐར་པར་བྱེད་དང་། བཅིངས་པ་གྲོལ་བ་དང༌། དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །དགེ་བའི་ཆོས་ཡང་དག་པར་བླངས་པ་དང༌། ཤོག་གུ་གཅིག་དང་ཕྲེང་དྲུག་ན། ཐུབ་པའི་སེན་མོ་ཟངས་མདོག་དང༌། །དེ་ལ་དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། མདོག་སྣུམ། སངས་རྒྱས་བཅོམ་ལྡན་རྣམས་ནི་ཀུན་ལ་འདྲའོ། །མཐོ་དང་། རིགས་དང་རྒྱུད། སོར་མོ་རྣམས། །ཟླུམ། ཚུལ་ལ་ཁ་ན་མ་ཐོ་བ། རྒྱས། དགེ་བ་རྩ་བ། བྱིན་གྱིས་ཕྲ་བ་དང༌། །དགེ་བའི་རྩ་བ། རྩ་མི་མངོན་དང་། ཐུགས་དང་གསུང་སྐུའི། མདུད་པ་མེད། །ཉོན་མོངས་པའི་མདུད་པ་འགྲོལ་བ། ལོང་བུ་མི་མངོན། ཤིན་ཏུ་དབེན་པའི་ཆོས། ཞབས་མཉམ་དང༌། །མི་མཉམ་པ་ཐམས་ཅད་ལ་དགྲོལ། སེང་གེ། མིའི་སེང་གེ་སྟེ། གླང་ཆེན། མིའི་གླང་པོ་སྟེ། བྱ་དང་ནི། །ངང་པའི་རྒྱལ་པོ་ལྟར། ཁྱུ་མཆོག་སྟབས་གཤེགས། མིའི་ཁྱུ་མཆོག་སྟེ། གཡས་ཕྱོགས་དང༌། །མཐུན་པའི་ལམ་མངའ་བ་སྟེ། མཛེས་གཤེགས། བལྟ་ན་མཛེས་པ་སྟེ། དྲང་དང་། རྟག་ཏུ་ཐུགས་ཡོན་པོ་མི་མངའ་བ་སྟེ། འཁྲིལ་བག་ཆགས། །ཚུལ་རྣམ་པར་དག་པའི། བྱི་དོར་བྱས་འདྲ། སྡིག་པའི་ཆོས་རྣམས་ཤིན་ཏུ་སྦྱངས་པ་སྟེ། རིམ་པར་འཚམ། །ཆོས་རིམ་གྱིས་སྟོན་པ་སྟེ། གཙང་དང་། སྐུ་དང་གསུང་དང་ཐུགས་གཙང༌། འཇམ་དང་། རང་བཞིན་གྱིས་ཐུགས་འཇམ་པ་དང༌། དག་པའི་སྐུ། །རང་བཞིན་གྱིས་རྣམ་པར་དག་པའི་ཐུགས། མཚན་ཉིད་ཡོངས་སུ་རྫོགས་པ་དང༌། །ཆོས་དང་འདུལ་བ་ཤིན་ཏུ། སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །ཡོན་ཏན་ཡངས་ཤིང་བཟང་བ། གོམ་སྙོམས་པ་དང་། སེམས་ཅན་ཐམས་ཅད་ལ་མཉམ་པའི།[གསལ་བཤད། མངོན་རྟོགས་རྒྱན་ལས། སྤྱན་གཉིས་ནི། །དག་དང་། ཞེས་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།]གཞོན་ཤ་ཅན་ཉིད་དང༌། །མཆོག་ཏུ་འཇམ་པའི་ཆོས། སྐུ་ཞུམ་མེད་དང་། རྟག་ཏུ་ཞུམ་པ་མེད་པའི་ཐུགས། རྒྱས་པ་དང༌། །མི་དགེ་བའི་རྩ་བ་ཐམས་ཅད་བྱང་སྟེ། ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །ཡང་འབྱུང་བ་ཤིན་ཏུ་བཅོམ་ཞིང༌། ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། །རྟེན་ཅིང་འབྲེལ་པར་འབྱུང་བའི། གཟིགས་པ་སྒྲིབ་མེད་དག་པ་དང༌། །གཟིགས་པ་ཤིན་ཏུ་དག་པ་སྟེ། དཀུ་ཟླུམ། ཚུལ་དང་ལྡན་པའི། སློབ་མ་མདའ་བ་སྟེ། སྐབས་ཕྱིན། འཁོར་བའི་ཉེས་པ་ཐམས་ཅད། མ་རྙོངས་པ་དང༌། །ང་རྒྱལ་གྱི་དེའུ་བཅོམ་པ། ཕྱང་ངེ་བ་དང་། ཆོས་ཟབ་པ་རྣམ་པར། ལྟེ་བ་ནི། །ཟབ་དང་། ཆོས་ཟབ་མོ་ཤིན་ཏུ། གཡས་ཕྱོགས་འཁྱིལ་བ་དང༌། །མཐུན་པར་འཛིན་པའི། ཀུན་ནས་བལྟ་ན་སྡུག་པ་དང༌། །སློབ་མ་ཀུན་ནས་མཛེས་པའི། ཀུན་སྤྱོད་གཙང་དང་། ཐུགས་ཤིན་ཏུ་གཙང་མ། སྐུ་ལ་ནི། །སྨེ་བ་ནག་བག་མེད་པ་དང༌། །ཆོས་ནག་པོ་བསྟན་པ་དང༌། ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཤིང་བལ་ལྟར་རབ་ཏུ་ཡང་བ། ཕྱག་རིས་མདངས་ཡོད། རང་གི་སྐྱེ་བོ་དང༌། སྐྱེ་བོ་ཕལ་ལ། ཟབ་ཅིང༌། ཟབ། ཤིན་ཏུ་བརྟན་པར། རིང་དང༌། །བཟོད་པའི་ཆོས་ཡངས་བར། ཞལ་ནི་ཧ་ཅང་མི་རིང་དང༌། །བསླབ་པའི་གནས་ཧ་ཅང༌། མཆུ་ནི་བིམ་པ་ལྟར་དམར་དང༌། །གཟུགས་བརྙན་དུ་འཇིག་རྟེན་དུ་བགྱི་བ་སྟེ། ལྗགས་མཉེན་པ་དང་། འཇམ་པ་སྔོན་དུ་བཏང་ཞིང༌། སྲབ་པ་དང༌། །ཡོན་ཏན་ཕྲ་བའི་ཚོགས་དང༌། དམར་དང་། བྱིས་པའི་སྐྱེ་བོ་འདོད་ཆགས་པ། འབྲུག་གི་སྒྲ་ཉིད་དང༌། །གླང་པོ་ཆེའི་སྒྲ་དང༌། གསུང་མཉེན་འཇམ་དང་། སྙན་ཞིང་འཇམ་པ་དང༌། ཉམས་སུ་བདེ་བར་སྨྲ་བའི། མཆེ་བ་ཟླུམ། །སྲིད་པ་ཀུན་ཏུ་སྦྱོར་བ་ལས། རྣོ་དང་། སྐྱེ་བོ་རྣོ་རྣམས་འདུལ་བ་སྟེ། དཀར་དང་། ཆོས་དང༌། འདུལ་བ་ཤིན་ཏུ། མཉམ་པ་དང༌། །སའི་ཕྱོགས་མཉམ་པ་ལ། བྱིན་གྱིས་ཕྲ་དང་། རིམ་གྱིས་མངོན་པར་རྟོགས་པ་དང༌། ཤངས་མཐོ་དང༌། །ཤེས་རབ་ཀྱི་རི་བོ་མཐོན་པོ། མཆོག་ཏུ་དག་པ་དག་དང་ནི། །འདུལ་བའི་སྐྱེ་བོ་གཙང་བ། སྤྱན་ཡངས་པ་དང་། སངས་རྒྱས་ཀྱི་ཆོས་ཕུལ་དུ། སྤྱན་གཉིས་ནི་དག་པ་དང༌། གཟིགས་པ་ཤིན་ཏུ་རྣམ་པར་དག །རྫི་མ་སྟུག །སེམས་ཅན་གྱི་ཚོགས་ཤིན་ཏུ། པད་མའི་འདམ་མ་འདྲ་བ་དང༌། །ལྷ་དང་ལྷ་མ་ཡིན་དང༌། སྨིན་ཚུགས་རིང་དང་། རྟག་ཏུ་ཡངས་པ་གཟིགས་པ་སྟེ། འཇམ་པ་དང༌། །འཇམ་པ་དང་འདུལ་བ་ལ་མཁས་པ་སྟེ། སྤུ་ནི་མཉམ་པ་དང༌། །སྐྱོན་ཐམས་ཅད་མཁྱེན་པ་སྟེ། སྣུམ་དང་། དགེ་བའི་རྩ་བ་སྡུམ་གྱིས། ཕྱག་རིང་རྒྱས་དང་། ཆོས་མཆོག་ཏུ་ཡོངས་ཤིང༌། སྙན་མཉམ་དང༌། །ཉོན་མོངས་པའི་རྒྱུད་ལས། ཉམས་པ་རྣམ་པར་སྤངས་པ་དང༌། །སེམས་ཅན་བསམ་པས་མ་ཉམས་པས་འདུལ་བ་སྟེ། དཔྲལ་བར་ལེགས་པར་འབྱེས་པ་དང༌། །ལྟ་བའི་རྣམ་པ་ཐམས་ཅད་ཡོངས་སུ་སྦྱང་བ་སྟེ། དབྱེས་ཆེ་བ་དང་། ཕས་ཀྱི་རྒོལ་བ་ཤིན་ཏུ་འདུལ་བ་སྟེ། དབུ་རྒྱས་དང༌། །སྨོན་ལམ་དམ་པ་ཤིན་ཏུ་རྫོགས་ཏེ། དབུ་སྐྲ་བུང་བ་ལྟར་གནག་དང༌། །ཡུལ་གྱི་དབུལ་བ་རྣམ་པར་བཟློག་པ་སྟེ། སྟུག་དང་། མཐོང་བ་དང་སྒོམ་པས། འཇམ་དང་། ཐུགས་འཇམ་པས་བསྟན་པའི། མ་འཛིངས་དང༌། །རྟག་ཏུ་མ་འཁྲུགས་པའི་ཐུགས་དང་ལྡན་པ་སྟེ། མི་བཤོར། བརླང་པའི་གསུང་དང་ཡོངས་སུ་བྲལ་བ་སྟེ། དབུ་མི་རྩུབ་པ་ཡིན། དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང༌། །བྱང་ཆུབ་ཀྱི་ཡན་ལག་སྤོས་ཀྱི་མེ་ཏོག་གིས་སྐྱེས་པོ་མཐུན་པར་བསྒྲུབ་པ་སྟེ། དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། དེ་ནས་ཕྲེང་བཅུ་དྲུག་ན། རྨད་དུ་བྱུང་བའི་ཆོས་སོ། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་བཞི་ན། འདུས་པར་སྒོམས་ཤིག །ཅེས་པ་ནི་སྐྱེ་བ་མེད་པའི་ཏིང་ངེ་འཛིན་བསྒྲུབ་པ་ཨ་ཞེས་བྱ་བའི་ནང་དུ་ཡི་གེ་ཐམས་ཅད་ཀྱི་ཏིང་ངེ་འཛིན་འདུས་པར་སྒོམས་ཤིག་ཅེས་པའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གསུམ་དང་ཕྲེང་དྲུག་ན། གཟུགས་མ་བཅིངས་མ་གྲོལ་བ། ཞེས་བྱ་བ་ནི། དྲི་མ་དང་བཅས་པའི་གནས་སྐབས་དང༌། ཆོས་ཉིད་ཀྱི་གཟུགས་ཀུན་བཏགས་པའི་རང་བཞིན་གྱི་དབེན་པའི་ཕྱིར་མ་བཅིངས་པའོ། །དྲི་མ་མེད་པའི་གནས་སྐབས་ན་ཡང་གློ་བུར་གྱི་རྣམ་པར་བྱང་བ་མེད་པའི་ཕྱིར་མ་གྲོལ་བའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཅིག་ན། གཟུགས་མ་ཡིན་ནོ། །ཞེས་བྱ་བ་ནི་མ་བཅིངས་པ་ཉིད་དང་མ་གྲོལ་བ་ཉིད་ཅེས་བྱ་བ་ཡོངས་སུ་གྲུབ་པའི་གནས་སྐབས་ཡིན་ཏེ། དེ་ཀུན་བཏགས་པའི་གཟུགས་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། གཟུགས་ནི་ཤིན་ཏུ་རྣམ་པར་དག་པའོ། །ཞེས་བྱ་བ་ནི་རང་བཞིན་ཉིད་ཀྱིས་བྱ་བར་དགོངས་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་ལྔ་ཐལ་ན། དངོས་པོ་མེད་པ་མི་གནས་སོ། །ཞེས་བྱ་བ་ནི་མི་རྟེན་པའི་ཕྱིར་ཏེ། དཔེར་ནམ་མཁའ་ལ་ནམ་མཁའ་མི་གནས་པ་ལྟ་བུའོ། །ཞེས་དབུ་མ་པ་གསུངས། ཕྲེང་ལྔ་ན། ཆོས་ཉིད་དེའི་རྗེས་སུ་རྟོགས་ཏེ་ཞེས་པ་ནི། ཐམས་ཅད་ཀྱང་ཆོས་མངོན་པར་རྟོགས་པ་གཅིག་པ་ཉིད་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་སོ་གཉིས་ན། ཆོས་ཉིད་ལས་མི་འདའ་འོ། །ཞེས་པ་ནི་ཆོས་འཆད་པའི་ཚེ་དེ་དག་ལས་མི་འདའ་བའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཅིག་ན། རང་བཞིན་མེད་དོ། །ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དབྱིངས་ནི་ཆོས་ཀྱི་སྐུ་སྟེ་འདའ་བ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་ཉིད་འདའ་བ་མེད་དོ། །རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱི་ཡང་དག་པའི་མཐའ་འདའ་བ་མེད་དོ། །ཞེས་བྱ་བར་བྱེ་བྲག་ཏུ་ཕྱེ་སྟེ་གཟུང་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གཉིས་ལྷག་ན། ཅི་ལགས། ཞེས་བྱ་བ་ལ་སོགས་པ་ཇི་སྐད་ཞུས་ཏེ། གཟུགས་དང་ཚོར་བ་ལ་སོགས་པ་ནི། རྣམ་པར་འགྱུར་བའི་ངོ་བོ་ཉིད་ཡིན་པས་འདའ་བར་སྣང་ན། འདི་ལྟར་གཟུགས་ལ་སོགས་པ་ལ་ནི་འདའ་བ་ཡོད་ཀྱི། ཆོས་ཀྱི་དབྱིངས་ལ་སོགས་པ་ལ་མེད་ན། དེའི་ཚེ་གཟུགས་ལ་སོགས་པ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་ལ་ཐ་དད་པ་ཡོད་དམ། ཞེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གསུམ་ལྷག་ན། དེ་ནི་མ་ཡིན་ནོ། །ཞེས་པ་ལ་སོགས་པས། གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་རྣམས་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་ཐ་དད་པ་མེད་པར་བསྟན་ཏོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། དོན་དམ་པའི་གཟུགས་ལ་སོགས་པ་ལ་ནི་འདའ་བ་མེད་དོ། །ཞེས་བྱ་བའོ། །ཞེས་དབུ་མ་པ་གསུངས། ཕྲེང་དྲུག་ན། ཡང་དག་པའི་མཐའ་ཡང་གཞན་མ་ལགས་ན། ཞེས་བྱ་བ་ལ་སོགས་པས་ཞུས་ཏེ། གལ་ཏེ་གཟུགས་དང་ཚོར་བ་ལ་སོགས་པ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་ཐ་དད་པ་མེད་ན། འོ་ན་ནི་ཆོས་ཀྱི་དབྱིངས་ལ་སོགས་བཞིན་དུ་ཆོས་ཐམས་ཅད་འདུས་མ་བྱས་པ་ཡིན་པའི་ཕྱིར། དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་དགོད་པ་མེད་པར་འགྱུར་རོ། །ཞེས་དབུ་མ་པ་གསུངས། ཕྲེང་བཞི་ན། ཀུན་རྫོབ་ཀྱི་བདེན་པ་ཚང་མར་བྱས་ཏེ། ཞེས་བྱ་བ་ལ་སོགས་པས་འདི་སྐད་གསུངས་ཏེ། ཆོས་ཐམས་ཅད་འདུས་མ་བྱས་པའི་ངོ་བོ་ཡིན་དུ་ཟིན་ཀྱང༌། འོན་ཀྱང་བྱིས་པ་ཀུན་བཏགས་པ་སྤྱོད་ཡུལ་དུ་བྱེད་པ་རྣམས་དགེ་བ་དང་མི་དགེ་བ་ཀུན་བཏགས་པ་རྣམས་ཡོད་དེ། དེའི་དབང་གིས་རྣམ་པར་སྨིན་པ་དཀར་པོ་དང་ནག་པོ་ཡང་ཡོད་དོ། །དེའི་དབང་གིས་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་དེ་དག་བཤད་ཀྱིས་དོན་དམ་པར་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱིས་ངོ་བོ་ཡིན་པས་དེ་དག་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཅིག་ན། དེ་ཅིའི་ཕྱིར་ཞེ་ན། དོན་དམ་གྱི་ཆོས་དེ་བཞིན་ཉིད་དེ་ནི་ཡོངས་སུ་གྲུབ་པ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མེད་པ། ཕྲེང་གཅིག་ཐལ་ན། རྣམ་པར་བྱང་བ་མེད་པ་སྟེ། ཞེས་པ་ནི་གཟུགས་མེད་པའི་ཆོས་རྣམས་དང༌། གཟུགས་ཀྱི་ཆོས་རྣམས་ཀྱི་ནང་ནས་མིང་ཞེས་བྱ་བ་དང༌། གཟུགས་ཞེས་བྱ་བ་སྨོས་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ལོ། །དོན་དམ་པར་ནི་དེ་བཞིན་ཉིད་དེ་ནི་ཡོངས་སུ་གྲུབ་པའི་ཕྱིར་རྣམ་པར་མི་རྟོག་པའོ། །བརྗོད་དུ་མེད་པའི་ཕྱིར་བརྗོད་དུ་མི་རུང་བའོ། །འདུས་མ་བྱས་པའི་ཕྱིར་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པའི་ཕྱིར་འགག་པ་མེད་པའོ། །རང་བཞིན་གྱིས་དབེན་པའི་ཀུན་ནས་ཉོན་མོངས་པ་མེད་པའོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རྣམ་པར་བྱང་བ་མེད་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་དགུ་ན། འབྲས་བུ་ཐོབ་པར་བགྱི་བ་མ་མཆིས་སམ། ཞེས་པ་ནི་ལམ་བསྒོམས་པའི་རྒྱུས་འབྲས་བུ་འབྱུང་བར་འགྱུར་རམ། འབྲས་བུ་ཐོབ་པར་འགྱུར་རམ། ཞེས་དེ་སྐད་ཞུས་ཏེ། དེ་ལྟར་གྱུར་ན་དེ་ཡང་དོན་དམ་པ་ཉིད་དུ་འགྱུར་རོ། །ཞེས་བྱ་བའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཅིག་ན། ཐོབ་པར་བྱ་བ་མེད་དོ། །ཞེས་བྱ་བ་ནི་ལམ་དང་འབྲས་བུ་གཉིས་ཀ་ཡང་ཀུན་བཏགས་པ་ཡིན་པས་གསལ་བ་བཀའ་སྩལ་ཏོ། །ཞེས་དབུ་མ་པ་གསུངས། ནུད་ཙམ་ན། འབྲས་བུ་ཐོབ་པ་མེད་དོ། །ཞེས་བྱ་བ་ནི་ཀུན་བཏགས་པ་ཡིན་དུ་ཟིན་ཀྱང་ངེས་པ་བསྟན་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་གསུམ་ལྷག་ན། གོད་པ་མ་མཆིས་ན། ཞེས་བྱ་བ་ལ་སོགས་པས་གནས་བརྟན་གྱིས། འདི་སྐད་ཞུས་ཏེ། ཅིའི་ཕྱིར་སྤོང་བ་དང༌། ལམ་དང་འབྲས་བུ་དག་རིས་སུ་བཅད་དེ་རྣམ་པར་དགོད་པར་བྱས། ཞེས་དབུ་མ་པ་གསུང༌། ཕྲེང་ལྔ་ན། བདག་གིས་ཇི་ལྟར་འཚལ་བར་བགྱི། །ཞེས་བྱ་བ་ལ་སོགས་པས་འདི་སྐད་བཀའ་སྩལ་པ། དེ་དག་ལ་ནི་དོན་དམ་པར་ཡོངས་སུ་ཤེས་པ་དང་རབ་ཏུ་རྟོགས་པའི་རིམ་པ་མེད་པ་ཉིད་དེ། འདི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དེ་དག་ནི་འདུས་མ་བྱས་པ་སྟེ། དེ་དག་ལ་ནི་རིམ་པར་དབྱེ་བ་མེད་པ་ཉིད་དོ། །དེ་བས་ན་དེ་དག་ཐམས་ཅད་སྟོང་པ་ཉིད་དུ་རབ་ཏུ་རྟོགས་པ་ན་མར་བཅད་པ་མེད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་གཉིས་ལྷག་ན། རྣམ་པར་དཀྲུགས་པར་མི་འགྱུར་རམ། ཞེས་པ་ནི་མཚན་ཉིད་མེད་པ་རྣམས་ལ་མཚན་ཉིད་དུ་རྟོགས་པ་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་ལ་སོ་སོ་ཐ་དད་དུ་འཛིན་པའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་གཅིག་ན། དཀྲུགས་པར་ཡང་འགྱུར་རོ། །ཞེས་པ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་དེ་ལྟར་རྟོགས་དུ་ཟིན་ཀྱང་ཕྱིས་ཤེས་རབ་ཀྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་ཐ་དད་པ་མེད་པར་རབ་ཏུ་རྟོགས་ཏེ། དེ་བས་ན་རྣམ་པར་དཀྲུགས་པར་མི་འགྱུར་རོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་དྲུག་ན། འདི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་ཆོས་ཀྱི་དབྱིངས་སོ། །ཕྲེང་ལྔ་ལ། ཇི་ལྟར་གཟུགས་ལ་བསླབ་པར་བགྱི། ཞེས་བྱ་བ་ནི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཙམ་དུ་ཟད་ན། གཟུགས་ལ་སོགས་པའི་ཆོས་ཤིན་ཏུ་མེད་པས་དེ་ལ་སློབ་ན། ཕྱིན་ཅི་ལོག་དང་མཚུངས་པར་འགྱུར་རོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཤོག་གུ་བཞི་དང་ཕྲེང་ལྔ་ན། བྱང་ཆུབ་ཀྱི་བར་ཞེས་བྱའོ། །ཞེས་སྟོན་ཏོ། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་། རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཤོག་གུ་གཉིས་སུ་ཕྲེང་ཉིས་ཆད་པ་ན། སེམས་ཅན་དུ་གདགས་པ་ཡང་མི་དམིགས་ཏེ། ཕ་རོལ་ཕྱིན་དྲུག་དང༌། །བདག་ཀྱང་སྦྱིན་པ་གཏོང་བ་ཡིན། ཕྲེང་བརྒྱད་ན། སངས་རྒྱས་ལམ་དང་། བདག་ཀྱང་དགེ་བ་བཅུའི་ལས། ཕྲེང་ཉེར་བདུན་ན། དགའ་བར་སྤྱོད་པ་ཡིན། རང་བཞིན་གྱིས། །སྟོང་པ་ཉིད་དང་། རབ་འབྱོར། གལ་ཏེ་ཆོས་ཀྱི་དབྱིངས། ཕྲེང་གཅིག་ན་མ་མཆིས་སུ་ཟིན་ན་ནི། ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏེ། འདི་ལ་ཆོས་ཀྱི་དབྱིངས་སྔོན་བྱིས་པ་སོ་སོའི་སྐྱེ་བོའི་དུས་ན་ནི་མ་དག་པ་ཡིན། བར་དུ་བྱང་ཆུབ་སེམས་དཔའི་དུས་ན་ནི་དག་པ་དང་མ་དག་པ་ཡིན། ཕྱིས་ཐ་མར་ནི་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། དེ་ལ་དེ་ཙམ་དུ་ཟད་ཀྱི་དེས་དེ་ལ་བྱེ་བྲག་ཡོད་པར་ཤེས་པར་མི་བྱ་སྟེ། ངོ་བོ་ཉིད་ཀྱིས་དུས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པ་ཉིད་དོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་བརྒྱད་ལྷག་ན། ཚད་མར་བྱས་ཤིང༌། ཞེས་བྱ་བ་ནི་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཀྱང་ཡང་དག་པའི་མཐའི་དོན་དུ་སྤྱོད་དོ། །འདི་ལྟར་ཡོད་པས་མ་ཡིན་པས་མེད་པའི་སེམས་ཅན་ཡོངས་སུ་བཏང་ནས་ཡང་དག་པའི་མཐའི་ངོ་བོ་ཉིད་ལ་རབ་ཏུ་འགོད་དེ། སེམས་ཅན་གྱི་མཐའ་ཉིད་ཡང་དག་པའི་མཐར་བྱེད་དོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་ལྔ་ན། སེམས་ཅན་གྱི་མཐའ་གཞན་མ་ལགས་ན། ཞེས་པ་འདིས་ནི་འདི་སྐད་དུ་གལ་ཏེ་ཡང་དག་པའི་མཐའ་མ་གཏོགས་པར་སེམས་ཅན་གྱི་མཐའ་ཞེས་བྱ་བ་མེད་ན། འོ་ན་སེམས་ཅན་རྣམས་དང་ཡང་དག་པའི་མཐའ་གཅིག་པའི་ཕྱིར། གང་འདི་སྐད་དུ་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་ཅེས་བྱ་བ་དེ་ནི་མི་རིགས་ཏེ། དེ་ཉིད་དེ་ལ་འགོད་ན་ནི། ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའ་རབ་ཏུ་འཇོག་གོ །ཞེས་བྱ་བར་འགྱུར་ཏེ། དེ་ཡང་མི་རིགས་སོ་ཞེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ལྔ་ན་འཁྲུག་པར་མི་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། ངོ་བོ་ཉིད་ནི་ངོ་བོ་ཉིད་ལ་རབ་ཏུ་མི་འཇིག་གི །ཀུན་བཏགས་སེམས་ཅན་གྱི་མཐའ་ཀུན་བཏགས་པའི་སེམས་ཅན་གྱི་དངོས་པོ་བསལ་ནས། ཤིན་ཏུ་ཡོངས་སུ་དག་པ་དེ་བཞིན་ཉིད་ངོ་བོ་ཉིད་ལ་ཐབས་མཁས་པས་འགོད་པ་ལ་ཡང་དག་པའི་མཐའ་ལ་རབ་ཏུ་འགོད་པ་ཞེས་བྱ་སྟེ། དེ་བས་ན་སེམས་ཅན་གྱི་མཐའ་དང་ཡང་དག་པའི་མཐའ་ནི་ཐ་མི་དད་ཅིང་གཅིག་སྟེ། གཉིས་སུ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་བརྒྱད་དང་ཕྲེང་བདུན་ན། ཆོས་མ་ལགས་པར་ཡང་མི་དམིགས་ན། ཞེས་པ་ལ་སོགས་པས་འདི་སྐད་དུ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ན། སེམས་ཅན་དང་ཆོས་དང་ལམ་རྣམས་མེད་པར་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་བྱས་ནས། ལམ་གྱི་རྣམ་པར་ཤེས་པ་ཉིད་བསྒོམས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་བྱེད་ཅེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བཅོམ་ལྡན་འདས་ཇི་ལྟར། ཕྲེང་གསུམ་ན། ཞིག་མ་ཡིན་ན་ནི། ཞེས་པ་ལ་སོགས་པས་འདི་སྐད་དུ་གལ་ཏེ་ཆོས་སམ་ལམ་དག་སོ་སོ་ན་ཡོད་ན་ནི་འགའ་ཞིག་དམིགས་པར་འགྱུར་བའི་རིགས་ཏེ། དེ་ལྟ་ན་ནི་དེ་བཞིན་དུ་སྲོག་ལ་སོགས་པ་ཐམས་ཅད་ཀྱང་ཡོད་པར་འགྱུར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་གནས་པས་སངས་རྒྱས་སུ་ཡང་མི་འགྱུར་ལ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པར་ཡང་མི་འགྱུར་བ་ཞིག་ན་འདི་ལྟར་རང་བཞིན་སྟོང་པ་ཉིད་ལ་ནི་ཆོས་སམ་ལམ་དག་མེད་དེ། དེའི་ཕྱིར་སྟོང་པ་ཉིད་དེ་འགྲུབ་པར་འགྱུར་ཏེ། དེ་བས་ན་སྟོང་པ་ཉིད་དེ་ལ་གནས་ནས་སངས་རྒྱས་སུ་ཡང་འགྱུར་ལ་སྟོང་པ་ཉིད་ཀྱི་ཆོས་བཤད་པར་ཡང་འགྱུར་ཏེ། དེ་བས་ན་རང་བཞིན་སྟོང་པ་ཉིད་ཀྱི་དབང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པ་འགྲུབ་བོ་ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ཉེར་གཉིས་ན། བྱ་བར་ཆོས་སྟོན་ཏོ། །དེ་སྐད་ཅེས་བཀའ་སྩལ་ནས། ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ཉི་ཚེ་སྟོང་པར་མ་ཟད་ཀྱི་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅུ་དྲུག་པ་དག་ཀྱང༌། རང་བཞིན་གྱིས་སྟོང་པ་ཉིད་ཡིན་པར། རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་ན་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གལ་ཏེ་ནང་སྟོང་པ་ཉིད་ལ་སོགས་པ་ཡང་རང་བཞིན་གྱིས་སྟོང་པ་མ་ཡིན་དུ་ཟིན་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་མི་འགྲུབ་བོ། །ཞེས་པ་གཉིས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ལྔ་ལྷག་ན། བཤིག་པར་འགྱུར་ན། ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པ་རང་བཞིན་གྱིས་སྟོང་པ་མ་ཡིན་དུ་ཟིན་ན། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཅེས་བྱ་བ་ལས་ཀྱང་ཉམས་པར་འགྱུར་ཏེ། ཞིག་པར་འགྱུར། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཅུ་བཞི་ན། ཐེ་ཙོམ་ཟ་བར་འགྱུར་བ་ལྟ་ག་ལ་འོང༌། གཉིས་ཟད་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཕྲེང་བརྒྱད་ན། ལོག་མ་ཡིན་པའོ། །ཞེས་བྱ་བ་ནི་གནས་དེ་ཉིད་སྔོན་ཀུན་བཏགས་པའི་གནས་སྐབས་ན་ནི་ཕྱིན་ཅི་ལོག་ཅེས་བྱའོ། །ཡོངས་སུ་དག་པའི་གནས་སྐབས་ན་ནི་ཕྱིན་ཅི་མ་ལོག་པའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། རང་བཞིན་སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་བྱ་བ་གསོལ་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྤྱོད་པ་ན་གཟུགས་ལ་སོགས་པ་དེ་དག་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཞེས་བྱ་བ་མེད་གཟུགས་ལ་སོགས་པ་དེ་དག་ཉིད་སྟོང་པ་ཉིད་དུ་མཐོང་བ་དེ་ངོ་མཚར་ཏོ། །ཞེས་བྱ་བའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། རྣམ་པར་འཁྲུག་པར་མི་བྱེད་དོ། །ཞེས་བྱ་བ་ནི་གཉིས་སུ་འདུ་ཤེས་པས་གཟུགས་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །ཞེས་བྱ་བ་སྟེ་གཉིས་སུ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཤོག་གུ་གཉིས་དང་ཕྲེང་བཞི་ན། དེ་ལྟ་བུའི་རང་བཞིན་མེད་དོ། །ཞེས་པ་ནི་དངོས་པོའི་བདག་ཉིད་ཀྱི་ངོ་བོ་ཉིད་མེད་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་དྲུག་ན། བྱང་ཆུབ་དེ་ནི་གཟུགས་ལ་མི་སྤྱོད་དོ། །ཞེས་བྱ་བ་ནི་བྱང་ཆུབ་ལ་གཉིས་སུ་བྱས་ནས་གཟུགས་ལ་མི་སྤྱོད་དོ། །བྱང་ཆུབ་སེམས་དཔའ་ས་བྱང་ཆུབ་ལ་སྤྱོད་ཅེས་བྱ་བར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱང་གཉིས་སུ་བྱས་ནས་གཟུགས་ལ་མི་སྤྱོད་དོ། །ཞེས་བྱ་བའི་ཐ་ཚིག་གོ ། ཞེས་དབུ་མ་པ་གསུངས། ཤོག་གུ་དྲུག་ཕྲེང་ལྔ་ཆད་པ་ན། ལེའུ་དྲུག་ཅུ་རྩ་བཞི་པའོ།། །།

དམིགས་པ་མེད་པ་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གཅིག་དང་ཕྲེང་ལྔ་ན། བརྩོན་པར་བགྱིད་པ་ལགས། ཞེས་བྱ་བ་ནི་གལ་ཏེ་བྱང་ཆུབ་ཀྱི་ལམ་ཐམས་ཅད་ཡོད་པ་མ་ཡིན་ན། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་གཅིག་ན། ཇི་ལྟར་མངོན་པར་འགྲུབ་པར་འགྱུར། ཞེས་བྱ་བ་ནི་དེ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་དང་ཕྲེང་བཞི་ལྷག་ན། ཡང་དག་པར་འཇུག་གོ །ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །གསོལ་པ། ཤོག་གུ་གཉིས་དང་ཕྲེང་ལྔ་ན། སྔོན་ཡོད་པ་ཕྱིས་མེད་པར་འགྱུར། ཞེས་བྱ་བ་ནི་སྔོན་གྱི་མཐའ་ཐམས་ཅད་ཡོད་པར་བཟུང་ལ། ཕྱིས་མེད་པར་བཟུང་བ་ནི་ཉེས་པར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཤོག་གུ་ཕྱེད་དང་གཉིས་ལྷག་ན། གང་ཡང་ན་མི་དམིགས་སོ། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་གཉིས་ན། བྱང་ཆུབ་ཀྱི་ལམ་ལགས། ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བས་བསྡུ་བའི་ཞུས་པའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་བཅུ་གསུམ་དང་ཕྲེང་གཉིས་ན། ཆོས་སྟོན་ཏོ། །མངོན་པར་ཞེན་པ་བཟློག་པ་དང༌། །རབ་འབྱོར། ཤོག་གུ་གསུམ་དང་ཕྲེང་བརྒྱད་ན། བྱང་ཆུབ་ཀྱི་ལམ་ཇི་ལྟར་བསྒྲུབ་པར་བགྱི། ཞེས་བྱ་བ་ནི་མ་སྐྱེས་པ་རྣམས་བསྐྱེད་པར་བྱ། ཞེས་བྱ་བའི་ཚིག་མི་རིགས་སོ། །སྙམ་དུ་དགོངས་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་ཅིག་ལྷག་ན། ཆོས་ཐམས་ཅད་མ་སྐྱེས་པའོ། །ཞེས་བྱ་བ་ནི་གང་དག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་ནས། བསོད་ནམས་དང་བསོད་ནམས་མ་ཡིན་པ་ལ་སོགས་པ་ཅི་ཡང་མངོན་པར་འདུ་མི་བྱེད་པ་དེ་དག་ཉིད་ལ་ནི་མ་སྐྱེས་པའོ། །བྱིས་པ་སོ་སོའི་སྐྱེ་བོ་གང་དག་ཡོངས་སུ་མི་ཤེས་པ་མངོན་པར་འདུ་མི་བྱེད་པ་དེ་དག་ཉིད་ལ་ནི་མ་སྐྱེས་པའོ། །བྱིས་པ་སོ་སོའི་སྐྱེ་བོ་གང་དག་ཡོངས་སུ་མ་ཤེས་པ་མངོན་པར་འདུ་བྱེད་པ་དེ་དག་ལ་ནི་ཆོས་ཐམས་ཅད་སྐྱེས་པ་ཉིད་དོ། །ཞེས་གསུངས་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་སོ་གཉིས་ན་མ་བྱུང་ཡང་རུང་སྟེ། ཞེས་པ་ནི་གནས་བརྟན་གྱིས་འདི་སྐད་ཞུས་ཏེ། ཆོས་ཐམས་ཅད་ནི་དུས་ཐམས་ཅད་དུ་རྣམ་པ་ཐམས་ཅད་དུ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཡིན་ན། དེ་བྱིས་པ་རྣམས་ལ་ནི་སྐྱེས་པའི་ཆོས་ཅན་དུ་འགྱུར་ལ་མཁས་པ་རྣམས་ལ་ནི་མི་འགྱུར་བ་དེ་ཇི་ལྟར་རིགས་པར་འགྱུར་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ནུད་ཙམ་ན། དེ་དེ་བཞིན་དེ། ཞེས་པ་ལ་སོགས་པས་འདི་སྐད་དུ་བསྟན་ཏེ། ཆོས་ཉིད་ལ་ནི་ནམ་ཡང་ཕྱིན་ཅི་ལོག་ཡོད་པ་མ་ཡིན་གྱི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡོངས་སུ་མི་ཤེས་པའི་ཉེས་པས་ཀུན་བཏགས་པའི་ཆོས་རྣམས་སྐྱེ་བར་འགྱུར་རོ། །ཞེས་ཀུན་བཏགས་པ་རྣམས་ཀྱིས་ཀུན་བཏགས་པ་ཉིད་སྐྱེ་བ་ལ་དགོངས་ཏེ་བཤད་ཀྱིས། ཆོས་ཉིད་ལ་དགོངས་པ་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཉིས་ན། ཐར་བར་བྱེད་དོ། །བྱང་ཆུབ་ཐོབ་དང་། གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཕྲེང་ལྔ་ན། ལམ་ཉིད་ཀྱང་བྱང་ཆུབ་བོ། །ཞེས་པའི་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། གཉིས་ཀའང་ཆོས་ཀྱི་དབྱིངས་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར། བྱང་ཆུབ་དང་ལམ་དག་ལ་ཐ་དད་པ་གང་ཡང་མེད་མོད་ཀྱི། འོན་ཀྱང་སྔོན་གྱི་གནས་སྐབས་ནི་རྒྱུ་ཡིན་པའི་ཕྱིར་ལམ་ཞེས་བྱ། ཕྱི་མའི་གནས་སྐབས་ལ་ནི། བྱང་ཆུབ་ཅེས་བྱའོ། །དོན་དམ་པར་ནི་དེ་གཉིས་ཐ་དད་མ་ཡིན་པའི་ཕྱིར་ལམ་གྱི་བྱང་ཆུབ་ཐོབ་པར་འགྱུར་ཞེས་པའམ་ལམ་མ་ཡིན་པས་ཐོབ་པར་འགྱུར་ཞེས་བརྗོད་དུ་མི་རུང་བར་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གཅིག་དང་ཕྲེང་གཅིག་ན། ཞིང་ཡོངས་སུ་དག་པར་བྱེད་པའོ། །སངས་རྒྱས་ཞིང༌། །རྣམ་པར་དག་དང་། ཤོག་གུ་དྲུག་དང་ཕྲེང་བརྒྱད་ན། ལེའུ་དྲུག་ཅུ་དྲུག་པའོ།། །།

ངེས་པ་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གཉིས་དང་ཕྲེང་དྲུག་ལྷག་ན། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བར་འགྱུར་ཞེས་པ་ནི་ས་བརྒྱད་པ་ཡན་ཆད་ནི་དེའི་ལས་ཐམས་ཅད་འཕགས་པ་ཟག་པ་མེད་པ་ཡིན་ནོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཅིག་དང་ཕྲེང་གཅིག་ན། དེ་ནི་ངོ་མཚར་ཆེའོ། །སེམས་ཅན་དོན་ནི་ཚད་མེད་དང༌། །བཅོམ་ལྡན་འདས། ཤོག་གུ་གཅིག་དང་ཕྲེང་གཉིས་ན། སྤྱོད་པར་རིགས་པར་བྱའོ། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང༌། །དེ་ནས་ཚེ་དང་ལྡན་པ། ཤོག་གུ་བརྒྱད་དང་ཕྲེང་བཞི་ན། རྫོགས་པའི་བྱང་ཆུབ་མེད་དོ། །བྱང་ཆུབ་ཡན་ལག །རབ་འབྱོར་གྱིས་གསོལ་པ། ཤོག་གུ་གཉིས་དང་ཕྲེང་གསུམ་ན། སངས་རྒྱས་ཀྱིས་ཁྱད་པར་རོ། །ལས་རྣམས་ནི། །ཆུད་མི་ཟ་དང་། རབ་འབྱོར་གྱིས་གསོལ་པ། ཕྲེང་བརྒྱད་ན། དེ་དག་ནི་ངན་པར་སྤྱད་པ་ནི་འདིར་བསོད་ནམས་མ་ཡིན་པའི་ལས་ཏེ་དེའམ། ལེགས་པར་སྤྱད་པ་ནི་འདིར་བསོད་ནམས་ཀྱི་ལས་ཏེ་དེའམ། མི་གཡོ་བའི་ལས། ཕྲེང་ཕྱེད་ཡོལ་ན། ལེགས་པར་སྤྱད་པའི་ལས་ཀྱི། འདོད་པའི་ཁམས་ཀྱི་ལྷ་དང་མིར་སྐྱེའོ། །ཉམས་པ་མེད་པ་སྟེ་མི་གཡོ་བའི་ལས་ཀྱིས་གཟུགས་ཀྱི་ཁམས་སམ། ཤོག་གུ་གཉིས་དང་ཕྲེང་གཅིག་ན། ཡོངས་སུ་འགྲེལ་ཏོ། །བདེན་མཐོང་དང༌། །རབ་འབྱོར་གྱིས་གསོལ་པ། ཕྲེང་བདུན་ན། མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་བྱ་བ་ནི་གལ་ཏེ་སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་དག་ལ་ཡང་སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པ་ཡོད་པའི་ཕྱིར་རོ། །ཅི་སྟེ་སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པས་མྱ་ངན་ལས་འདའ་བར་གྱུར་ན་ནི་དེ་ལྟ་ན་ཉན་ཐོས་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པར་འགྱུར་རོ། །སྙམ་དུ་དགོངས་ནས་ཞུས་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ལྷག་ན། འོན་ཏེ་ལམ་གྱིས་མྱ་ངན་ལས་འདའ་བར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱི་རྣམ་པ་གཉིས་ཀ་ལྟར་ཡང་མྱ་ངན་ལས་འདའ་བར་མི་འགྱུར་གྱི། དེ་བཞིན་ཉིད་ཅེས་བྱ་བ་མཉམ་ཉིད་རབ་ཏུ་རྟོགས་པས་མྱ་ངན་ལས་འདའ་བར་མི་འགྱུར་བ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཕྲེང་བཅུ་བཞི་ན། དམིགས་སུ་མེད་པ་དེ་ལྟར་མཐོང་སྟེ། ཞེས་པ་ནི་ཡོངས་སུ་གྲུབ་པའི་གནས་སྐབས་ཉིད་ན་ཆོས་ཐམས་ཅད་མེད་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། སྤྱི་བོར་ཐོགས་པ་ལྟ་བུ། བར་མི་འགྱུར་ཏེ། ཞེས་པ་ནི་དེ་ལ་ཆོས་ལ་བདུན་པའི་སྲེད་པ་མི་བྱེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ལྷག་ན། སེམས་མི་བསྐྱེད་དོ། །ཞེས་བྱ་བ་ནི། སྔར་བཤད་པའི་ཚུལ་གྱིས་ཡོངས་སུ་འདྲིས་པའི་ཤེས་པས་མངོན་དུ་འདྲིས་པ་འབའ་ཞིག་ཏུ་བྱེད་ཀྱིས་ཉན་ཐོས་ཀྱི་སར་ལྷུང་དུ་དོགས་པའི་ཕྱིར། སེམས་བཅུ་དྲུག་པོ་དེ་དག་གིས་དེ་མངོན་སུམ་དུ་བྱས་ནས། མཐོང་བར་ནི་མི་བྱེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་ལྔ་ན། དངོས་པོ་མེད་པ་ནི་བྱང་ཆུབ་སྟེ། ཞེས་པ་ནི་དངོས་པོ་ནི་འདུས་བྱས་དང་འདུས་མ་བྱས་དང་བརྟགས་པ་དང་མ་བརྟགས་པའི་ཆོས་རྣམས་དེ་ནི། དེའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། བརྗོད་དུ་མེད་པ་དོན་དམ་པར་གནས་པའི་བྱང་ཆུབ་ལ་དངོས་པོ་མེད་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཕྲེང་བཞི་ན། ལེའུ་དྲུག་ཅུ་བརྒྱད་པའོ།། །།

ཕྱིན་ཅི་ལོག་ནི་སྤངས་པ་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། དངོས་པོ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་ཉིད་དོ། །ཞེས་པ་ནི་ཀུན་བཏགས་པ་ཡིན་པས་དངོས་པོ་མེད་པའི་བདག་ཉིད་ཁོ་ན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་གཅིག་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་དངོས་པོ་མ་མཆིས་པའོ། །ཞེས་བྱ་བ་ལ་སོགས་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཐོབ་པ་ཞེས་བྱ་བ་གང་ཡང་མེད་དོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་བདུན་ན། དངོས་པོ་ལས་མངོན་པར་རྣམ་པར་འགྲེལ་ཏེ། དེ་གཞི་མེད་པའི་ཚུལ་དང་ནི། །རབ་འབྱོར་གྱིས་གསོལ་པ། ཤོག་གུ་ལྔ་ཕྲེང་དྲུག་ན། ལེའུ་དྲུག་ཅུ་དགུ་པའོ།། །།རྣམ་པར་བྱང་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་དགུ་ན། ལམ་ལས་འདས་པའི་ཆོས་སོ། །ཚོགས་དང་ནི། །གསོལ་པ། ཤོག་གུ་བཞིར་ཕྲེང་གཉིས་ཀྱིས་ཆད་པ་ན། འབྲས་བུ་ཐོབ་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་ཐམས་ཅད་གནས་རྣམ་པར་དག་པར་བྱེད་པ་ཡིན་པས་གནས་ཡོངས་སུ་དག་པར་བྱེད་པ་ན། ལམ་གྱི་རྒྱུར་འགྱུར་རོ་གང་སྐྱེ་བ་མེད་པ་དང༌། འགག་པ་མེད་པའི་བདག་ཉིད་ཅན་དངོས་པོ་མེད་པ་དེ་དག་ལ་ནི་འབྲས་བུ་ཐོབ་པར་བྱ་བ་མེད་དེ། དེ་ནི་ངོ་བོ་ཉིད་བཅོས་མ་ཡིན་པ་གནས་པའི་མཚན་ཉིད་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་སུ་ཕྲེང་གསུམ་ཆད་པ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཟུང་དུ་མེད་དོ། །ཞེས་བྱ་བ་ནི་དངོས་པོའི་ཚུལ་དུའམ། དངོས་པོ་མེད་པའི་ཚུལ་དུ་བཟུང་དུ་མི་རུང་བའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་སུ་ཕྲེང་གསུམ་ཆད་པ་ན། འཇིག་རྟེན་གྱི་ཐ་སྙད་ཀྱིས་བརྗོད་པ་སྟེ། ཞེས་བྱ་བས་ནི་ཤིན་ཏུ་མཐར་ཐུག་པར་གནས་འགྱུར་བ་རྣམ་པར་རྟོག་པ་དང་སྤྲོས་པ་ཐམས་ཅད་སྤངས་པ་ནི། མཉམ་པ་ཉིད་ལ་གནས་པའི་ཕྱིར་ཤེས་བྱ་ཉིད་ཀྱང་མེད་དེ། ཤེས་པར་བྱ་བར་གྱུར་པའི་དོན་མི་གཟིགས་པས་ཅི་ཞིག་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར། ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་བཞི་ན། མངོན་པར་རྟོགས་པར་འགྱུར་བ་མེད་དོ། །ཞེས་བྱ་བ་ནི་གལ་ཏེ་འདུས་བྱས་འདུས་མ་བྱས་ཀྱི་དངོས་པོ་འགའ་ཞིག་མངོན་ནས་ནི་གཉིས་ཀྱིས་མངོན་པར་རྟོགས་པར་འགྱུར་རོ། །གལ་ཏེ་རི་བོང་གི་རྭ་ལ་སོགས་པ་བཞིན་དུ། ཤིན་ཏུ་དངོས་པོ་མེད་པ་ཞིག་ཡིན་ན་ཡང་གཉིས་སུ་མེད་པས་མངོན་པར་རྟོགས་པར་འགྱུར་རོ། །དེ་བས་ན་རྣམ་པ་དེ་གཉིས་ལས་བཟློག་པ་ནི་མཉམ་པ་ཉིད་རབ་ཏུ་རྟོགས་པ་སྟེ། མངོན་པར་རྟོགས་པའོ། །ཞེས་བསྟན་པ་ཡིན་ནོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གསུམ་དང་ཕྲེང་བརྒྱད་ན། དེ་བཞིན་གཤེགས་པའི་མཐུའོ། །ཞེས་པ་ནི་དོན་དམ་པའི་བདེན་པས་ནི་མི་གཡོ་ལ་ཀུན་རྫོབ་ཏུ་རྣམ་པར་དགོད་པར་མཛད་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་གསུམ་ན། འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ། ཤོག་གུ་ལྔར་ཕྲེང་གཉིས་ཆད་པ་ན། འདུས་བྱས་དམིགས་སུ་མེད་དེ། ཞེས་པ་ནི་འདི་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་དེ་བཞིན་ཉིད་མ་དག་པ་གང་ཡིན་པ་དེ་ཕུང་པོ་ལ་སོགས་པ་དེ་དག་ལས་ལོགས་ཤིག་ན། དམིགས་སུ་མེད་ལ་ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་དག་ཀྱང་དེ་བཞིན་ཉིད་མ་གཏོགས་པ་གུད་ན་དམིགས་སུ་མེད་དེ། དེ་བཞིན་ཉིད་མ་དག་པ་ནི་དེ་དག་ལས་དེ་བཞིན་ཉིད་དང་གཞན་དུ་མི་བརྗོད་དུ་མི་རུང་ངོ༌། །ཞེས་དབུ་མ་པ་གསུངས། ཕྲེང་དེ་ལ་ཆོས་དེ་གཉིས་ཀ་ཡང་གཅིག་གོ །ཞེས་བརྗོད་དུ་མི་རུང་བས་ལྡན་པ་ཡང་མ་ཡིན། ཐ་དད་དོ་ཞེས་བརྗོད་དུ་མི་རུང་བའི་ཕྱིར་མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་ཅན་མ་ཡིན་ཞིང་རྣམ་པར་མི་རྟོག་པའི་ཕྱིར་གཟུགས་མེད་པ། ཚིག་ལ་སོགས་པས་བསྟན་དུ་མི་རུང་བའི་ཕྱིར་བསྟན་དུ་མེད་པ། དབང་པོའི་ཡུལ་གྱི་ཐོགས་པ་མེད་པ་དང་གཟུང་བ་དང༌། འཛིན་པ་མེད་པའི་ཕྱིར་ཐོགས་པ་མེད་པ། གཉིས་ཀ་ཡང་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ། །དེ་ལ་འདུས་བྱས་ནི་ཡོད་པའི་མ་ཡིན་པའི་ཕྱིར། མཚན་ཉིད་མེད་པའོ། །འདུས་མ་བྱས་ནི་མཚན་ཉིད་མེད་པས། མཚན་མར་གཟུང་དུ་མི་རུང་བའི་ཕྱིར་མཚན་ཉིད་མེད་པའོ། །ཞེས་དབུ་མ་པ་གསུངས། དེ་ཡང་དེ་བཞིན་གཤེགས་པས། ཕྲེང་བཅུ་བདུན་ན། ཁྱུ་མཆོག་གི་མཐུན་པར་མི་འགྱུར་རོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་མཛད་པ་ནི་རྣམ་པར་རིག་པར་བྱ་བ་ཙམ་དུ་ཟད་དོ། །གལ་ཏེ་སེམས་ཅན་རྣམས་བདག་ཉིད་ཀྱིས་ཤེས་པར་གྱུར་ན། དེ་བཞིན་གཤེགས་པ་མི་དགོས་སོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། མྱ་ངན་འདས་ལ་དགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །གསོལ་པ། བཅོམ་ལྡན་འདས་དེ་ཅིས་སྟོང་པ་ལགས། ཞེས་བྱ་བ་ནི་ཅི་ཞིག་མེད་པས་སྟོང༌། ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུ་བྱེད་ཐམས་ཅད་ཀྱིས་སྟོང་སྟེ། ཞེས་བྱ་བ་ནི་འདུས་བྱས་སོ། །ཞེས་འདུ་ཤེས་པ་མཚན་མར་འཛིན་པའི་བདག་ཉིད་དེ་མེད་པས་སྟོང་པའོ། །ཞེས་པ་གཉིས་དབུ་མ་པ་གསུངས། ཕྲེང་བཅུ་གཉིས་ན། དེ་ལ་ལ་ནི་ཉན་ཐོས་ཀྱི་སྤྲུལ་པའོ། །ཞེས་བྱ་བ་ལ་སོགས་པའི་ཚིག་རྣམ་པ་བཞིས་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་གཅིག་སོང་བ་ན། ལ་ལ་ནི་ཉོན་མོངས་པའི་སྤྲུལ་པའོ། །ཞེས་བྱ་བ་ནི་སེམས་ཅན་དང་སྲོག་ལ་སོགས་པའི་བསྟན་པའོ། །ལ་ལ་ནི་ལས་ཀྱི་སྤྲུལ་པའོ། །ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བསྟན་པའོ། །ཞེས་གཉིས་དབུ་མ་པ་གསུངས། ཕྲེང་གསུམ་ན། བཀག་པའི་ཆོས་གང་ཅི་ཡང་རུང་སྟེ། ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་སོང་བ་ན། ལེའུ་བདུན་ཅུ་གསུམ་པའོ།། །།དེ་རྣམས་ཀྱིས་ནི། ངོ༷་བོ༷་ཉི༷ད་ལོ༷ངས་རྫོ༷གས་བཅ༷ས་ད༷ང༌། །དེ༷་བཞི༷ན་གཞ༷ན་པ༷་སྤྲུ༷ལ་པ༷་ནི༷། །ཆོ༷ས་སྐུ༷་མཛ༷ད་པ༷་ད༷ང་བཅ༷ས་པ༷། །རྣ༷མ་པ༷ར་བཞི༷ར་ནི༷་ཡ༷ང་ད༷ག་བརྗོ༷ད། །ཅེས་པ་ནི་ཆོས་སྐུའི་སྐབས་ཀྱི་དོན་བཞི་པ་གསུངས་ཟིན་ཏོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ཆོས་ཀྱི་སྐུའི་སྐབས་ཏེ་བརྒྱད་པའོ།། །།

མཚན་ཉིད་དེ་ཡི་སྦྱོར་བ་དང༌། །དེ་རབ་དེ་ཡི་གོ་རིམ་དང༌། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང༌། །ཆོས་སྐུའི་འཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ། རྒྱལ་བ་བྱམས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིརྱ་ཀཱ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོཙྪ་བ་བན་དྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླད་ཀྱི་པཎྜི་ཏ་དཔལ་གོ་མི་འཆི་མེད་ལ་སོགས་པ་དང༌། ལོཙྪ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་གཏན་ལ་ཕབ་པའོ།། །།

འདིར་ཡོངས་གྲུབ་དགུ་ལ་སོགས་པ་དབུ་མར་བྱེད་ན། སློབ་དཔོན་སེང་བཟང་ལ་སོགས་པ་གྲགས་པ་ཅན་མང་པོས་ནི་སེམས་ཙམ་དུ་བཞེད་ཅིང༌། སློབ་དཔོན་དབྱིག་གཉེན་དང༌། ཕྱོགས་གླང་ལ་སོགས་པ་སེམས་ཙམ་པར་བྱས་ནས། དེ་དག་གིས་ཡུམ་ཡང་སེམས་ཙམ་དུ་བཀྲལ་ཞེས་ཡོངས་སུ་གྲགས་པ་འདི་དང་འགལ་ལོ། །ཞེ་ན་འགལ་བ་བདེན་མོད། སྐྱོན་ནི་མེད་དེ། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་རང་འགྲེལ་ཁྱད་འཕགས་རྣམས་ཀྱི་ཁོང་ཆོད་མ་ཆོད་ཀྱི་དབང་གིས་གྲུབ་མཐའ་དང་བཤད་སྲོལ་བཟང་ངན་ཤིན་ཏུ་ཁྱད་པར་ཆེ་བའི་ཕྱིར་ཏེ་སྣང་མུན་བཞིན་ནོ། །དེ་བས་ན་རང་འགྲེལ་གྱི་ལུགས་སུ་འཆད་པ་རྣམས་སངས་རྒྱས་ཀྱི་དགོངས་པ་དང་མཐུན་གྱི་རང་འགྲེལ་རྒྱ་དང་འགལ་བ་རྣམས་ནི་སངས་རྒྱས་ཀྱི་དགོངས་པ་དང་འགལ་བའི་ཕྱིར། དུག་དང་གཡང་ས་བཞིན་དུ་སྤང་བྱ་ཡིན་པས། འདིར་ཡང་དེ་རྣམས་དོར་ནས་རང་འགྲེལ་རྣམས་དང་མཐུན་པའི་འགྲེལ་མཆོག་ཁྱད་འཕགས་བྱ་རྒོད་ཀྱི་ལྟ་ལུགས་ཀྱིས་བརྒྱན་པའི་སྲོལ་བཞིན་བཀོད་དོ། །མིག་མང་རྒྱ་དང་མ་འབྲེལ་ན། །རྡེའུ་མང་ཡང་ཤི་རོ་ཡིན། །རང་འགྲེལ་རྒྱ་དང་མ་འབྲེལ་ན། །གཞན་འགྲེལ་མང་ཡང་ཤི་རོ་ཡིན། །རྫོགས་ལྡན་རྒྱ་དང་མ་འབྲེལ་ན། །གསུམ་ལྡན་མང་ཡང་ཤི་རོ་ཡིན། །དབང་གི་རྒྱལ་པོ་རྙེད་ན་གསེར་ཡང་འདོར། །བདུད་རྩི་རྙེད་ན་ཟས་གཞན་འདོར་བ་བཞིན།། །།མངྒ་ལཾ། བྷ་ཝནྟུ། ཕྲེང་གཉིས་ན། གཟུགས་ལ་ཇི་ལྟར་བསླབ་པར་བགྱི། ཞེས་བྱ་བ་ལ་སོགས་པ་ཞུས་སོ། །ཆོས་ཐམས་ཅད་ཚུལ་བཞིན་དུ་ཡོངས་སུ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འདོད་པས། གཟུགས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་མཐར་ཐུག་གི་བར་དག་ལ་ཇི་ལྟར་བསླབ་པར་བགྱི། ཞེས་ཞུས་སོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཅིག་དང་ཕྲེང་བཞི་ན། ཆོས་ལ་ཇི་ལྟར་བསླབ་པར་བགྱི། དེ་ནས་བཅོམ་ལྡན་འདས་སྟོང་པ་ཉིད་ལ་སློབ་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ། །ཞེས་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ། ཕྲེང་གཉིས་ལྷག་ན། མིང་ཙམ་དུ་ཟད་པར་བསླབ་པར་བྱའོ། །ཞེས་པ་རྣམས་ཀྱི་ཆོས་ཐམས་ཅད་མིང་ཙམ་དུ་ཟད་པར་གསུངས་སོ། །དབུ་མ་པ་ཆེན་པོ་གསུངས་སོ། །ཕྲེང་གཅིག་ན། བཅས་པར་མི་དམིགས། ཞེས་བྱ་བ་ལ་སོགས་པས་འདི་སྐད་སྟོན་ཏེ། གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པའི་མིང་བརྗོད་པ་ནི་མིང་ཙམ་འབའ་ཞིག་སྟོན་པ་མ་ཡིན་གྱི། མིང་སྨོས་པ་སྔོན་དུ་བཏང་བས་དངོས་པོའི་རྣམ་པ་འབའ་ཞིག་བློ་ལ་བཞག་ནས་དངོས་པོ་སྟོན་ན་དེ་ལ་གཟུགས་ལ་སོགས་པ་མིང་ཙམ་ཡིན་ཞེས་ཞུས་པའོ། །མིང་དེ་དངོས་པོ་མེད་པ་ཞིག་ཡིན་ན་ནི་མིང་ཙམ་ཞེས་བྱ་བ་དེ་ཡང་མི་རིགས་པར་འགྱུར་རམ། གཟུགས་ལ་སོགས་པའི་དངོས་པོ་མེད་པར་མིང་འབའ་ཞིག་ཡོངས་སུ་ཟིན་ན་ཅི་ལ་གནས་ཤིང༌། གནས་གང་གི་མིང་དེ་ཡང་འཇུག་པར་འགྱུར་རོ། །དེ་བས་ན་མིང་ཙམ་ཞེས་བྱ་བ་ཡང་མི་རིགས་སོ། །ཞེས་བྱ་བའི་མི་རིགས་སོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་བདུན་ན། གཟུགས་ཞེས་བྱ་བ་དེ་ནི་རྒྱུ་དང་རྐྱེན་ལས་བྱུང་བའི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་མིང་བླ་དྭགས་ཏེ། ཕྱིས་ཕྱུང་བ་བཅོས་མར་བཏགས་པའོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །གཟུགས་ལ་ནི་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །གལ་ཏེ་མིང་གི་ངོ་བོ་ཉིད་ཡིན་དུ་ཟིན་ན། བརྗོད་པ་ཙམ་གྱི་འབྲེལ་པ་མི་ཤེས་པ་རྣམས་ཀྱང༌། དངོས་པོ་དེ་དག་གི་ངོ་བོ་ཉིད་དང་ཁྱད་པར་རྣམ་པ་སྣ་ཚོགས་རྟོགས་པར་འགྱུར་བའི་རིགས་ན། དེ་དག་རྟོགས་པ་ཡང་མ་ཡིན་ཏེ། དེ་བས་ན་མིང་ཡང་གཞན་ལ་གཟུགས་ལ་སོགས་པའི་དངོས་པོ་ཡང་གཞན་ཏེ། ཐ་སྙད་རུང་བར་བྱ་བའི་ཕྱིར། དངོས་པོ་དེ་དང་དེ་དག་ལ་ཕྱིས་མིང་དེ་འབྱུང་བ་ཙམ་དུ་ཟད་དེ། དེ་བས་ན་གཟུགས་ལ་སོགས་པ་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །ཤོག་གུ་གཉིས་དང་ཕྲེང་དགུ་རུང་ན། མཚན་ཉིད་ཐམས་ཅད་དུ་མ་མཆིས་པ་ལགས་སམ། ཞེས་བྱ་བ་ལ་སོགས་བྱང་ཆུབ་སེམས་དཔའ་འདི་སྐད་གསུངས་ཏེ། གང་བཅོམ་ལྡན་འདས་ཀྱིས་སྔར་གཟུགས་ནི་མིང་ཙམ་མོ། །ཚོར་བ་ནི་མིང་ཙམ་མོ། །ཞེས་གསུངས་པ་དེ་ཅི་ལགས། གཟུགས་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་པ་ལགས་སམ། གཟུགས་ལ་སོགས་པ་ཉིད་རྣམ་པ་ཐམས་ཅད་དུ་མ་མཆིས་པ་ལགས་སམ། གཟུགས་ལ་སོགས་པ་ཉིད་རྣམ་པ་ཐམས་ཅད་དུ་མ་མཆིས་པ་ལ་དགོངས་ཏེ་གསུངས་ཞེས་ཞུས་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། བྱམས་པ་ལ་བཀའ་སྩལ་པ། ཆད་པ་འཛིན་དུ་དོགས་ནས། བྱམས་པ་ང་ནི། ཕྲེང་ཕྱེད་ན། མེད་དོ་ཞེས་མི་སྨྲའོ། །ཞེས་བྱ་བ་ལ་སོགས་པས་བཀག་པ་མཛད་དོ། །ཞེས་པ་གཉིས་དབུ་མ་པ་གསུངས། གཟུགས་ཇི་ལྟ་བུར་མཆིས། ཞེས་བྱ་བ་ལ་སོགས་པ་དེ་ཡོད་པའི་རྣམ་པ་ཞུས་སོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། བརྡ་དང་ཐ་སྙད་དུ་ཡོད་ཀྱི་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་ཀུན་རྫོབ་ཀྱིས་བདེན་པའི་དབང་གིས་ཡོད་ཀྱི་དོན་དམ་པའི་བདེན་པའི་དབང་གིས་ནི་མེད་དོ་ཞེས་རྣམ་པར་ཕྱེ་སྟེ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ལྷག་ན། དོན་འཚལ་བ་ལྟར་ན་ཞེས་བྱ་བ་ལ་སོགས་པས་འདི་སྐད་གསུངས་ཏེ། གལ་ཏེ་གཟུགས་ལ་སོགས་པ་དོན་དམ་པར་རྣམ་པ་ཐམས་ཅད་དུ་མེད་དེ། ཅེས་བཤད་ན། དེ་ལྟར་ན་ཆད་པར་སྨྲ་བ་ལས་མ་ཐར་བར་མི་འགྱུར་རོ། །དེ་ལ་དོན་དམ་པར་མེད་དོ། །ཞེས་གསུངས་པའི་དོན། བཅོམ་ལྡན་འདས་ཀྱིས་དགོངས་པས་ནི་འདི་ཡིན་ཏེ། གཟུགས་ཞེས་བྱ་བ་ལ་སོགས་པར་མིང་གདགས་སུ་རུང་བའི་དངོས་པོ་ནི་དོན་དམ་པར་མེད་ཀྱི་མིང་བྱར་མི་རུང་བ་བརྗོད་དུ་མེད་པའི་དངོས་པོ་ནི་དོན་དམ་པར་ཡོད་པ་ཉིད་དོ། །ཞེས་བྱ་བའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། མིང་བླ་དྭགས་སུ་གདགས་ཞེས་བྱ་བ་ལ་སོགས་པ་ཡང་ཞུས་སོ། །གལ་ཏེ་གཟུགས་ལ་སོགས་འདུ་ཤེས་དང་མིང་གི་ངོ་བོས་དོན་དམ་པའི་དབྱིངས་བརྗོད་དུ་མེད་པ་ཡིན་ན། གང་ལ་འདུ་ཤེས་གདགས་པ་འདུ་བྱེད་ཀྱི་མཚན་མས་དངོས་པོ་གང་ཡིན་པ་དེ་ལ་དོན་དམ་པར་ཡོད་དམ་མེད་ཇི་ལྟ་བུར་ཞིག་ཅེས་བྱ་བ་ག་ལ་ཡོད། ཅེས་དབུ་མ་པ་གསུངས། ཕྲེང་གཉིས་ན། བརྗོད་དུ་མ་མཆིས་པར་འགྱུར། ཞེས་བྱ་བ་གསོལ་ཏེ། དེ་ཇི་སྐད་བསྟན་པར་འགྱུར་ཞེ་ན། བརྗོད་དུ་མེད་པའི་དོན་དམ་པའི་དབྱིངས་ཀྱི་གནས་སུ་གྱུར་པ་གཞན་མེད་པའི་ཕྱིར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ཉིད་དེའི་གནས་ཡིན་པར་ཁས་བླངས་སོ། །གལ་ཏེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དོན་དམ་པར་མེད་ན། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་བརྗོད་དུ་མེད་པའི་དབྱིངས་གནས་སོ་ཞེས་བྱ་བར་མི་རིགས་སོ། །ཞེས་བསྟན་པ་སྟེ། ཕྲེང་དེ་ལ་བགྱི་བ་མི་རིགས་སོ། །ཞེས་གསོལ་ཏོ། །ཞེས་དབུ་མ་པ་གསུངས། དེ་སྐད་ཅེས་གསོལ་པ་དང༌། དེ་ནས་བཅོམ་ལྡན་འདས་ཀྱི་ཇི་ལྟར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་མེད་པ་དང༌། ཇི་ལྟར་གྱི་མེད་ཀྱང་གཞིར་འགྱུར་བ་དེ་བསྟན་པར་བཞེད་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་བས་ན་བྱམས་པ་ཁྱོད་ཉིད་ལ་དྲིས། ཞེས་བྱ་བ་ལ་སོགས་པས་དེ་ཉིད་ལ་དྲིས་ཞེས་བྱ་བ་ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། ཤེས་རབ་སྤྱོད་པ་དེའི་ཚེ་ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་པར་འགྱུར་ཏེ། བྱམས་པ་ཁྱོད་གང་གི་ཚེ་ཤེས་རབ་ཡོངས་སུ་དག་པས་བརྗོད་དུ་མེད་པའི་དབྱིངས་འཛིན་པ་ན། ཅིའི། དེའི་དེའི་ཚེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ཁྱོད་ལ་སྣང་ངམ། འོན་ཏེ་མི་སྣང་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། བཅོམ་ལྡན་འདས་མ་ལགས་སོ། །ཞེས་བྱ་བ་སྟེ་མི་སྣང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ནུད་ཙམ་ན། འདི་ལྟར་རིགས་པར་བྱའོ། །ཞེས་བྱ་བས་ཅི་བསྟན་པར་འགྱུར་ཞེ་ན། འདི་ལྟར་ཁྱོད་དོན་དམ་པའི་ཡིད་ལ་བྱེད་པ་བསྒོམས་པའི་ཚེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་མི་སྣང་བས་དོན་དམ་པར་ནི་དེ་མེད་ཀྱི་ཀུན་རྫོབ་ཏུ་ཡོད་པར་ཤེས་པར་གྱིས་ཤིག །ཀུན་རྫོབ་དེ་ཡང་དོན་དམ་པར་དེ་ཉིད་དང་གཞན་དུ་བརྗོད་པ་མི་ནུས་སོ། །དེ་བས་ན་ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། གཞན་པ་ཡང་མ་ཡིན་ནོ། །ཞེས་བྱ་བ་གསུངས་སོ། །དེའི་འོག་ཏུ་ཉིད་ཀྱི་ཕྱོགས་ཀྱི་ཉེས་པ་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། ཕྲེང་དེ་ལ་མཚན་མའི་དངོས་པོ་ཀུན་རྫོབ་ཉིད་བརྗོད་དུ་མེད་པའི་དབྱིངས་དོན་དམ་པར་འགྱུར་ན་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཀུན་རྫོབ་མངོན་སུམ་དུ་བྱས་པས་དོན་དམ་མངོན་སུམ་དུ་བྱས་པར་འགྱུར་ལ། དེ་ལྟར་ན་མྱ་ངན་ལས་འདས་པའམ། ནུད་ཙམ་ན། སངས་རྒྱས་པར་འགྱུར་རོ། །དེའི་འོག་ཏུ་གཞན་པའི་ཕྱོགས་ཉིས་པ་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། བྱམས་པ་དེ་སྟེ། ཕྲེང་གཅིག་ཐལ་ན། དམིགས་སུ་མེད་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཀུན་རྫོབ་ལས་དོན་དམ་པ་གཞན་ཞིག་ཡིན་ན། དེ་ལྟ་ན་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལས་བརྗོད་དུ་མེད་པའི་དབྱིངས་གཞན་དེ་ཐ་དད་པར་འགྱུར་རོ། །དེ་ལྟར་གྱུར་ན་ཆོས་ལ་ཆོས་ཉིད་གཞན་དུ་འགྱུར་རོ། །དེ་ལ་ཉེས་པ་ཅི་ཡོད་ཅེ་ན་བརྗོད་དུ་མེད་པ་དོན་དམ་པའི་དབྱིངས་རབ་ཏུ་རྟོགས་པར་མི་འགྱུར་རོ། །ཞེས་དབུ་མ་པ་གསུངས། ཕྲེང་བཞི་ལྷག་ན། ཤེས་རབ་ཀྱི་སྤྱོད་པ་ལ་གནས་པ་ན། ཞེས་བྱ་བ་ལ་སོགས་པ་ཡང་ཞུས་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་དབྱིངས་ཡིད་ལ་བྱེད་པ་བསྒོམ་པ་ན། འདུ་བྱེད་ཀྱི་དངོས་པོ་མི་དམིགས་པ་དེའི་ཚེ་དངོས་པོ་དེ་མེད་པའི་ཕྱིར་མི་དམིགས་ཏེ་འོན་ཏེ་བརྗོད་དུ་མེད་པའི་དབྱིངས་དང་འབྲེལ་བའི་ཤེས་རབ་ལ་སྤྱོད་པས་དངོས་པོ་ལ་འཇུག་པ་མེད་པའི་ཕྱིར་མི་དམིགས་ཞེས་ཞུས་པའོ། །ཞེས་དབུ་མ་པ་གསུངས། འདུ་བྱེད་ཀྱི་མཚན་མའི་དངོས་པོ། ཕྲེང་གསུམ་ན། གང་ཡང་མེད་དོ། །ཞེས་བྱ་བས་འདི་སྐད་བསྟན་པར་འགྱུར་ཏེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ནི་ཡོད་པ་མ་ཡིན་ཡང༌། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་དོན་དམ་པར་འཛིན་པའི་མཐུ་མེད་པ་དང༌། མ་རིག་པའི་ཕྱིན་ཅི་ལོག་དང༌། ལས་རྣམ་པར་སྨིན་པ་ལ་སོགས་པའི་རྒྱུ་དང་རྐྱེན་གྱིས་དབང་གིས་གཞན་གྱི་དབང་དུ་གྱུར་པའི་དངོས་པོ་དག་རྣམ་པར་ཤེས་པ་ལ་ཕྱིན་ཅི་ལོག་ཏུ་སྣང་གི་རང་དབང་དུ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། ཕྲེང་བརྒྱད་ཐལ་ན། རྣམ་པར་རྟོག་པ་དེའི་ཚེ། ཞེས་བྱ་བ་ལ་སོགས་པས་ན། གཞན་གྱི་དབང་ཕྱིན་ཅི་ལོག་གི་བདག་ཉིད་དུ་འབྱུང་བ་དེ་ཉིད་དང༌། ཕྱིན་ཅི་ལོག་ཏུ་མི་འབྱུང་བ་སྟོན་ཏོ། །གང་གི་ཚེ་རྣམ་པར་རྟོག་པའི་གཞན་གྱི་དབང་གིས་ཕྱིན་ཅི་ལོག་ཏུ་དམིགས་སོ། །གང་གི་ཚེ་རྣམ་པར་མི་རྟོག་པའི་དེའི་ཚེ་ནི། གཞན་གྱི་དབང་དུ་གྱུར་པ་མེད་པས་ཕྱིན་ཅི་མ་ལོག་པ་དོན་དམ་པ་ཉིད་དམིགས་སོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ལྷག་ན། རྟོག་ཙམ་དུ་ཟད་པ་ཡིན་ནམ། ཞེས་བྱ་བས་རྣམ་པར་རྟོག་པ་ཙམ་དུ་བཞག་ནས་དེའི་འོག་ཏུ་དངོས་པོ་ཡོད་པ་བསལ་བའི་ཕྱིར། ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། བྱང་ཆུབ་སེམས་དཔའ་བྱམས་པས། ཀུན་རྫོབ་དང་དོན་དམ་པའི་དབང་གིས་གཟུགས་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། ཕྲེང་ལྔ་ན། འདི་ནི་ཡོངས་སུ་བརྟག་པའི་གཟུགས་དང༌། ཞེས་པ་ནས་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པ་གསུམ་གྱི་ནང་དུ་འདུས་པར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་དགུ་ན། ཡོངས་སུ་བརྟགས་པའི་གཟུགས་སོ། །ཞེས་པ་ལ་སོགས་པས་ཐ་སྙད་ལ་བརྟེན་པ་ཐ་སྙད་ཀྱི་འདུ་བྱེད་ཀྱི་དངོས་པོ་ལ་གཟུགས་ཀྱི་ངོ་བོ་ཉིད་དུ་བརྟགས་པ་ལ་གཟུགས་ཞེས་བྱ་བའི་འདུ་ཤེས་དང༌། བརྟགས་པ་དེ་ནི་ཀུན་བཏགས་པའི་གཟུགས་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་གསུམ་སྟེ། ཀུན་བཏགས་པའི་ངོ་བོ་ཉིད་དང༌། གཞན་གྱི་དབང་གི་ངོ་བོ་ཉིད་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། དེ་ལ་གཟུགས་ལ་སོགས་པའི་ཆོས་རྣམས་ལ་གཟུགས་ཞེས་བྱ་བ་ལ་སོགས་པར་མངོན་པར་བརྗོད་པའི་རྣམ་པ་གང་ཡིན་པ་དེ་ནི་ཀུན་བཏགས་པའི་ངོ་བོ་ཉིད་དོ། །མ་རིག་པ་ལ་སོགས་པའི་དབང་གིས་རྣམ་པར་ཤེས་པས་ཆོས་རྣམས་སུ་ཕྱིན་ཅི་ལོག་ཏུ་སྣང་བའི་རྣམ་པ་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །གང་མིང་དེ་དང་ཕྱིན་ཅི་ལོག་ཏུ་སྣང་བའི་རྣམ་པ་དེ་དང་བྲལ་བ་བརྗོད་དུ་མེད་པའི་མཚན་མ་མེད་པའི་རྣམ་པ་དེ་ནི་དོན་དམ་པའི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །འདི་རྒྱས་པར་ནི་དེ་རབ་ཏུ་བྱང་བ་ལས་གཟུང་བར་བྱའོ། །ཞེས་དབུ་མ་པ་གསུངས། ཕྲེང་དྲུག་ན། སངས་རྒྱས་ཀྱི་ཆོས་ཀྱི་བར་དུའོ། །དེའི་འོག་ཏུ་ཆོས་ཉིད་ཀྱི་གཟུགས་ནི། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་མ་བྱུང་ཡང་རུང༌། ཞེས་པ་འདིས་ཆོས་ཉིད་དེ་ངོ་བོ་ཉིད་ཀྱི་མི་རྟག་པ་ནི་མ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གསུམ་ན། འདི་ཉིད་ཆོས་ཉིད་ཀྱི་གཟུགས་སོ། །ཞེས་བྱ་བ་ནི་གང་གི་ཚེ་རྣམ་པར་བརྟགས་པ་བློ་ལ་སྣང་བའི་རྣམ་པ་དེ་ཉིད་སྔར་སྨོས་པའི་ཀུན་བཏགས་པའི་རྗོད་པར་བྱེད་པ་དང༌། རྗོད་པར་བྱེད་པའི་རྣམ་པས་འདུ་ཤེས་དང༌། གདགས་པར་འོས་པའི་བདག་ཉིད་དང་བྲལ་བར་གྱུར་པ་དེའི་ཚེ་བདག་ཉིད་ཀྱིས་བརྗོད་དུ་མེད་པའི་རྣམ་པར་མི་རྟོག་པའི་བདག་ཉིད་དུ་གནས་པའི་རྣམ་པ་དེ་ལ་ཆོས་ཉིད་ཀྱི་གཟུགས་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཕྲེང་དྲུག་ན། རྫས་མེད་པར་བལྟའོ། །ཞེས་བྱ་བ་ནི་ཤིན་ཏུ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། ཕྲེང་དེ་ལ། རྫས་ཡོད་པར་བལྟ་བ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་དེ་ཡོད་པའོ། །འདུས་བྱས་ཀྱི་ཚུལ་གྱི་འཇིག་དང་གཟུགས་སུ་ཡོད་པའི་ཕྱིར། རྫས་ཡིན་ཏེ། དེ་བས་ན་རྣམ་པར་རྟོག་པར་ཡོད་པ་དང༌། རྫས་ཡིན་པའི་ཕྱིར་བཤད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། རང་དབང་དུ་འཇུག་པ་མ་ཡིན་ནོ། །ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་པའི་ཕྱིར། ཞེས་དབུ་མ་པ་གསུངས། ཕྲེང་གཅིག་ན། དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་པར་བལྟའོ། །དེ་བརྗོད་དུ་མེད་པའི་བདག་ཉིད་དུ་ཡོད་པའི་ཕྱིར་མེད་དོ། །ཞེས་བརྗོད་དུ་མི་རུང་སྟེ། དེ་བས་ན་རྫས་སུ་མེད་པའང་མ་ཡིན་ནོ། །རྣམ་པར་བརྟགས་པའི་དངོས་པོ་རྣམ་པར་ཡོད་པ་མ་ཡིན་པའི་ཕྱིར་ཡོད་དོ། །ཞེས་བརྗོད་དུ་ཡང་མི་རུང་སྟེ། དེ་བས་ན་རྫས་སུ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མཐའ་གཉིས་སྤངས་ནས་དབུ་མའི་ལམ་བསྟན་པ་ཡིན་ནོ། །དོན་དམ་པས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་དོན་དམ་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །རབ་ཏུ་ཕྱེ་ཞེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་དོན་ཏོ། །ཞེས་དབུ་མ་པ་གསུངས། ཡོངས་སུ་བརྟགས་པའི་ཚོར་བ་དང༌། ཕྲེང་བཞི་ན། དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ལྟར་ངོ་བོ་ཉིད་གསུམ་གྱི་དབང་གིས་མཚན་ཉིད་གསུམ་སྨོས་ན་ཡང་གཉིས་སུ་མེད་པའི་མཚན་ཉིད་བསྟན་པའི་སྐབས་དབྱེ་བའི་ཕྱིར། ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས། ཕྲེང་ལྔ་ན། འོན་ཏེ་གཟུགས་མ་ཡིན། ཞེས་བྱ་བ་ལ་སོགས་པས་ཇི་སྐད་བསྟན་པ་ཡིན་ཞེ་ན་ཀུན་བཏགས་པ་དང༌། རྣམ་པར་བརྟགས་པ་དང༌། ཆོས་ཉིད་ཀྱི་གཟུགས་འདི་གསུམ་ལ་སོ་སོར་གཟུགས་སམ་གཟུགས་མ་ཡིན་ཞེས་བྱ་བ་མེད་པ་དེ་ཉིད་གཉིས་སུ་མེད་པ་དང༌། དེ་བཞིན་ཉིད་དང་ཆོས་ལ་བདག་མེད་པའོ། །དེ་བས་ན་གཟུགས་དང་ཚོར་བ་ལ་སོགས་པའི་སྒྲས་དེ་བཞིན་ཉིད་གཉིས་སུ་མེད་པའི་གྲངས་སུ་བགྲང་བར་བྱའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། གཟུགས་གང་ཡིན་པ་དེ་ནི་གཟུགས་ཀྱི་བདག་ཉིད་དུ་ཡོད་པ་མ་ཡིན་པས། གཟུགས་ཀྱང་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། བཞིན་བཀྲོལ་ལོ། །གཟུགས་ཀྱང་མ་ཡིན་གཟུགས་ཀྱི་མིང་དང་གདགས་པ་དག་དེ་ལ་ཡོད་པའི་ཕྱིར། གཟུགས་མེད་པ་ཡང་མ་ཡིན། ཕྲེང་བཞི་ན། བརྟགས་པའི་གཟུགས་དེ་གང་ཡིན་པ་དེ་དོན་དམ་པར་གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་ཀྱང་མ་ཡིན། གཟུགས་ཀྱི་བདག་ཉིད་དུ་སྣང་བའི་ཕྱིར་གཟུགས་མེད་པ་ཡང་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། བཞིན་བཀྲོལ་ལོ། །ཕྲེང་བཞི་ན། ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ཡང་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་གཟུགས་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན། གཟུགས་ཀྱི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་མེད་པ་ཡང་མ་ཡིན་ནོ། །གང་དེ་ལྟར་ཆོས་བདག་མེད་པའི་ངོ་བོ་ཡིན་པའི་ཕྱིར། གཟུགས་ཀྱང་མ་ཡིན། གཟུགས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་གཟུགས་མེད་པ་ཡང་མ་ཡིན་པ་དེ་ནི་གཉིས་སུ་མེད་པའི་དོན་ཏེ། ངས་དེ་ལ་དགོངས་ནས་འདི་ལྟར་གཟུགས་ཏེ་གཉིས་སུ་མེད་པར་བརྫིས་པར་གསུངས་སོ། །ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་གྲངས་སུ་བྱས་སོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་པ་རྣམས་དབུ་མ་པའི་གསུང་བཞིན་བཀྲོལ་ལོ། །ཕྲེང་དེ་ལ། བཀའ་སྩལ་པ་དང༌། དེའི་འོག་ཏུ་རྣམ་པ་གཞན་གྱིས་བདེན་པ་བཞི་པོ་དག་ལ་གཉིས་སུ་མེད་པའི་མཚན་ཉིད་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། ཕྲེང་དྲུག་ན། དེ་ཉིད་དེའི་ཡོངས་སུ་ཤེས་པའི། ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ནི། ཆོས་ཐམས་ཅད་ཀྱི་མཚན་ཉིད་མཉམ་པར་བཞག་པ་ཡིད་ལ་བྱེད་པས་ཡོངས་སུ་ཤེས་པ་མ་ཡིན་གྱི། ཉན་ཐོས་ཀྱི་ལྟར་མཉམ་པར་མ་བཞག་པར་ཡོངས་སུ་འདྲེས་པས་ནི་ཡོངས་སུ་ཤེས་ཏེ། ཇི་ལྟར་སྔར་བསྟན་པ་བཞིན་ནོ། །དེ་བས་ན་དེ་ལྟར་ཤིན་ཏུ་ཡོངས་སུ་ཤེས་པ་མ་ཡིན་པའི་དེ་ཉིད་དེའི་ཡོངས་སུ་ཤེས་པའོ། །དེ་བཞིན་དུ་སྤངས་པ་དང༌། མངོན་སུམ་དུ་བྱ་བ་དང༌། བསྒོམ་པ་རྣམས་ལ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ལྔ་ན། དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ལྟར་གཉིས་སུ་མེད་པའི་མཚན་ཉིད་ལ་མཁས་པ་དེ་འབྱུང་བ་ལ་མཁས་པར་བྱ་བ་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ལ། ཕྲེང་བཞི་སོང་བ་ན། མྱ་ངན་ལས་འདས་པ་ནི་གང༌། ཉན་རང་ལྟ་བུ་མ་ཡིན་པར་འཁོར་བ་ཡོད་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པས། གང་མྱ་ངན་ལས་འདས་པ་ཡང་མ་ཡིན། ཤིན་ཏུ་ཡོངས་སུ་དག་པ་གནས་གྱུར་པ་སྟེ་སྒྲིབ་པ་གཉིས་ལས་འདས་ཕྱིར། མྱ་ངན་ལས་འདས་པ་ཡང་མ་ཡིན། ཞེས་དབུ་མ་པ་གསུངས། བཞིན་བཀྲོལ། དེ་བས་ན་ཟབ་ཅིང་རབ་ཏུ་ཟབ་ཅེས་བྱའོ། །ཕྲེང་གསུམ་རུང་ན། མྱ་ངན་ལས་འདས་པའོ། །ཞེས་ཇི་སྐད་བསྟན་པར་གྱུར་ཞེ་ན། ཆོས་སྐུ་ལས་བརྩམས་ཏེ་མྱ་ངན་ལས་འདས་པའོ། །སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུའི་དབང་གིས་ནི་མྱ་ངན་ལས་འདས་པ་མ་ཡིན་ནོ། །ཞེས་བསྟན་པ། ཞེས་དབུ་མ་པ་གསུངས། ཕྲེང་བཅུ་ཐལ་ན། ཐབས་མཁས་པས་འཁོར་བ་སེམས་ཅན་གྱི་དོན་དུ་རྒྱུན་མི་ཆད་པར་བསྟན་པའི་ཕྱིར། ཕྲེང་དེ་ལ། ཡོངས་སུ་མི་མཐོང་བར་སྨྲ་བར་འཁོར་བའི་མི་སྤོང་བའི་ཕྱིར་ནི་མི་སྨྲའོ། །སྟོང་པ་ཉིད་དམིགས་སུ་མེད་པའི་དབྱིངས་ལ་མཁས་པའི་ཕྱིར། ཕྲེང་ཕྱེད་དང་དྲུག་ན། རབ་ཏུ་མང་པོ་ཡོད་དོ། །རིགས་ནི་རྣམ་པ་གསུམ་མོ། །རང་བཞིན་ཡང་བསམ་པ་དང་བག་ལ་ཉལ་བ་དང་མོས་པ་དང་དབང་པོ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་རྣམས་སོ། །ཞེས་དབུ་མ་པ་གསུངས། རིགས་དང་པོ་ནས་བཟང་བའི་ཁྱད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་ཅིང་བཟང་པོའི་ཁྱད་པར་ནུད་ཙམ་ན། རིགས་དང་པོ་ནས་ཁྱད་པར་ངན་པ་ཉན་རང་གི་བྱང་ཆུབ། འདོད་ཅིང་ངན་པ། ཉིད་ཐོབ་སྟེ། ནུད་ཙམ་ན། ངན་པའི་བྱེ་བྲག་འདོད་ཅིང་ཉིད་ཐོབ་སྟེ། ངན་པ་ཐོབ་ནས་དེ་ཙམ་གྱིས་མགུ་བར་མི་འགྱུར་ཞིང༌། དེ་ནས་ཕྱིས་གོང་དུ་བཟང་པོའི་ཁྱད་པར་འདོད་ཅིང་བཟང་པོ། ཐོབ་པར་འགྱུར་བ་དེ་ལྟ་བུ་དག་ཀྱང༌། ཕྲེང་ཕྱེད་དང་གཉིས་ན། བཅོམ་ལྡན་འདས་ཀྱིས་དགྲ་བཅོམ་པ། དེའི་སྐྱེ་བ་ཡང་མ་མཆིས་པར་ལུང་བསྟན་ཏེ། དེ་ནས་ཕྲེང་ལྔ་ན། བྱང་ཆུབ་སེམས་དཔའི་བསླབ་པར། རབ་ཏུ་དབྱེ་བ་ལ་ལེའུ་སྟེ་བདུན་ཅུ་གཉིས་པའོ།། །།མངྒ་ལཾ། བྷ་ཝནྡུ།[མ་དཔེ་ནི་འཛམ་ཐང་པར་མ་དང༌། ཛ་འགོའི་པར་རྙིང་ལ་ཁ་གསབ་བྲིས་པ་ཞིག་ཡོད་པ་དེ་གཉིས་ཡིན།]


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ཆོས་ཀྱི་སྐུའི་སྐབས་ཏེ་བརྒྱད་པ། next