Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ཆོས་སྐུའི་སྐབས་ཏེ་བརྒྱད་པའོ།། །།
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ཆོས་སྐུའི་སྐབས་ཏེ་བརྒྱད་པའོ།། །། next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ཆོས་སྐུའི་སྐབས་ཏེ་བརྒྱད་པའོ།། །།

འདིར་ཡོངས་གྲུབ་དགུ་ལ་སོགས་པ་དབུ་མར་བྱེད་ན། སློབ་དཔོན་སེང་གེ་བཟང་པོ་ལ་སོགས་པ་གྲགས་པ་ཅན་མང་པོ་ནི་སེམས་ཙམ་དུ་བྱེད་ཅིང༌། སློབ་དཔོན་དབྱིག་གཉེན་དང༌། ཕྱོགས་གླང་ལ་སོགས་པ་སེམས་ཙམ་དུ་བྱས་ནས། དེ་དག་གིས་ཡུམ་ཡང་སེམས་ཙམ་དུ་བཀྲལ། ཞེས་ཡོངས་སུ་གྲགས་པ་འདི་དང་འགལ་ལོ། །ཞེ་ན། འགལ་བ་བདེན་མོད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་རང་འགྲེལ་ཁྱད་འཕགས་རྣམས་ཀྱི་ཁོང་ཆོད་མ་ཆོད་ཀྱི་དབང་གིས་གྲུབ་མཐའ་དང་བཤད་སྲོལ་བཟང་ངན་ཤིན་ཏུ་ཁྱད་པར་ཆེ་བའི་ཕྱིར་ཏེ། སྣང་མུན་བཞིན་ནོ། །དེས་ན་རང་འགྲེལ་གྱི་ལུགས་འཆད་པ་རྣམས་སངས་རྒྱས་ཀྱི་དགོངས་པ་དང་མཐུན་གྱི། རང་འགྲེལ་དང་འགལ་བ་རྣམས་ནི་སངས་རྒྱས་ཀྱི་དགོངས་པ་དང་འགལ་བའི་ཕྱིར། དུག་དང་གཡང་ས་བཞིན་དུ་སྤང་བྱ་ཡིན་པས། འདིར་ཡང་དེ་རྣམས་དོར་ནས་རང་འགྲེལ་རྣམས་དང༌། དེ་རྣམས་དང་མཐུན་པའི་འགྲེལ་མཆོག་ཁྱད་འཕགས་བྱ་རྒོད་ཀྱི་ལྟ་ལུགས་ཀྱི་སྲོལ་བཞིན་བཀོད་པའོ། །མིག་མངས་རྒྱ་དང་མ་འབྲེལ་ན། །རྡེའུ་མང་ཡང་ཤི་རོ་ཡིན། །རང་འགྲེལ་རྒྱ་དང་མ་འབྲེལ་ན། །གཞན་འགྲེལ་མང་ཡང་ཤི་རོ་ཡིན། །རྫོགས་ལྡན་རྒྱ་དང་མ་འབྲེལ་ན། །གསུམ་ལྡན་མང་ཡང་ཤི་རོ་ཡིན། །དབང་གི་རྒྱལ་པོ་རྙེད་ན་གསེར་ཡང་དོར། །བདུད་རྩི་རྙེད་ན་ཟས་གཞན་དོར་བ་བཞིན། །ཞེས་སོ། །དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བྱམས་པས། མ་འོངས་པའི་སྐྱེ་བོ་རྣམས་ཀྱི་དོན་དང༌། དེའི་འདུས་པའི་འཁོར་གྱི་གདུལ་བྱ་རྣམས་ཀྱི་དོན་དུ་ཞུས་པ། དེ་ནས་ཕྲེང་ཕྱེད་དང་གཅིག་ན། བགྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཞུས་སོ། །ཉན་ཐོས་ཐམས་ཅད་ལ་ཚུལ་བཞིན་དུ་ཡོངས་སུ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འདོད་པས། གཟུགས་ལ་སོགས་པ་ནས་ལ་སངས་རྒྱས་ཀྱི་ཆོས་ཀྱི་མཐར་ཐུག་པའི་བར་དག་པ་ཇི་ལྟར་བསླབ་པར་བགྱི། ཞེས་ཞུས་པའོ། །ཚོར། དེ་ནས་ཕྲེང་བཅུ་གསུམ་ན་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས། སྟོང་པ་ཉིད་ལ་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའོ། །ཞེས་བསྟན་པའི་ཕྱིར། བྱང་ཆུབ། དེ་ནས་ཕྲེང་གཉིས་ན། བྱའོ། །ཞེས་བྱ་བའི་བར་དག་གིས་ཆོས་ཐམས་ཅད་མིང་ཙམ་དུ་ཟད་དོ་བར་གསུངས་སོ། །དེ་ནས་ཕྲེང་གཅིག་ན། སྟེ། ཞེས་བྱ་བ་ལ་སོགས་པས་འདི་སྐད་སྟོན་ཏེ། གཟུགས་དང་ཚོར་བ་ཞེས་བྱ་བའི་མིང་བརྗོད་པ་ན་མིང་ཙམ་འབའ་ཞིག་སྟོན་པ་མ་ཡིན་གྱིས་མིང་སྨོས་པ་སྔོན་དུ་སོང་བས་དངོས་པོ་རྣམས་འབའ་ཞིག་བློ་ལ་འཇོག་དགོས་ཏེ། དངོས་པོ་དེ་ཇི་ལྟར་གཟུགས་ལ་སོགས་པ་མིང་ཙམ་ཡིན་ཞེས་ཞུས་པས་སོ། །ཚོར་བ། དེ་ནས་ཕྲེང་གསུམ་ན་ལགས་ཏེ། ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་དངོས་པོ་མེད་པར་འབའ་ཞིག་ཡོད་དུ་ཟིན་ན་ཅི་ལ་གནས་ཤིང་གང་ལ་གནས་ནས་མི་འཇུག་པར་འགྱུར་ཏེ་མིང་དེ་ཡང་མེད་པར་འགྱུར་རོ། །དེ་བས་ན་མིང་ཙམ་ཞེས་བྱ་བ་ཡང༌། མི་རིགས་སོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་ནས་ཕྲེང་ཅུང་མེད་ན། བརྒྱ་པའོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏེ། གཟུགས་སོགས་ནི་མིང་གི་ངོ་བོ་མ་ཡིན་ནོ། །གལ་ཏེ་མིང་གི་ངོ་བོ་ཉིད་ཡིན་བརྗོད་པ་ཙམ་གྱིས་འབྲེལ་བ་མི་ཤེས་པ་རྣམས་ཀྱིས་ཀྱང༌། དངོས་པོ་དེ་དག་གིས་ངོ་བོ་ཉིད་ཁྱད་པར་རྣམ་པ་སྣ་ཚོགས་རྟོགས་པར་འགྱུར་བའི་རིགས་ན། དེ་དག་རྟོག་པ་ཡང་མ་ཡིན་ཏེ། དེ་བས་ན་མིང་ཡང་གཞན་ལ་གཟུག་ལ་སོགས་པའི་དངོས་པོ་ཡང་གཞན་ཏེ། ཐ་སྙད་དུ་རུང་བྱ་བའི་ཕྱིར། དངོས་པོ་དེ་དག་ལ་ཕྱིས་མིང་དེ་འཇུག་པ་ཙམ་དུ་ཟད་དོ། །དེ་བས་ན་གཟུགས་ལ་སོགས་པ་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །གློ་བུར་ཞེས་བྱ་བ་ནི་ཕྱིས་འབྱུང་བའོ། །ཞེས་བྱ་བ་སྟེ། བཅོས་མའོ། །ཞེས་བྱ་བའི་ཐ་ཚིག་གོ །འདུ་བྱེད་ཀྱི་མཚན་མའི་དངོས་པོ་ཞེས་བྱ་བས་ནི། རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་འདུ་བྱེད་དོ། །རྣམ་པར་ཤེས་པ་ལ་སྣང་བའི་ཕྱིར་མཚན་མའོ། །དངོས་པོའི་རང་བཞིན་ཡིན་པའི་ཕྱིར་དངོས་པོ་སྟེ། འདུ་བྱེད་ཀྱི་ཆོས་སུ་སྣང་བའི་གཞི་ལ་དངོས་པོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟར། དེ་ནས་ཕྲེང་ཅུང་མེད་ན། བྱམས་པས། མི་གློ་བུར་བ་ཡིན་པའི་མ་བཟོད་ནས། འདི་སྐད། དེ་ནས་ཕྲེང་གཅིག །མི་འགྱུར་ལ། ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། མེད་པར་དངོས་པོ་ཙམ་འབའ་ཞིག་མེད་པར་མཐོང་བ་འདི་ནི་གཟུགས་ཡིན་ཞེས་མི་རིགས་པ་མི་འགྱུར་རོ། །དངོས་པོ་མ་མཐོང་བ་ཙམ་ཡང་མིང་བརྗོད་པ་ཙམ་གྱིས་དངོས་པོ་རིག་པར་བྱའོ། །དེ་ལ་གལ་ཏེ་གཟུགས་ཞེས་བྱ་བའི་མིང་དེའི་ངོ་བོ་ཉིད་མ་ཡིན་དུ་ཟིན་ན་མིང་ལ་བརྗོད་པར་ཡང་མིང་དང་འབྲེལ་པ་མི་ཤེས་པ་རྣམས་ཀྱིས་ཀྱང་གཟུགས་སོ། །ཞེས་ཁོང་དུ་ཆུད་པར་འགྱུར་བ་དང༌། མིང་བརྗོད་དུ་ཟིན་ཀྱང་གློ་བུར་བ་ཡིན་པའི་ཕྱིར། དངོས་པོའི་རང་བཞིན་ལ་བློ་མི་སྐྱེ་བར་འགྱུར་བའི་རིགས་ནི་འདི་ལྟར་དེ་གཉིས་ག་ཡང་གཉིས་ཁོ་ན་ལྟར་འགྱུར་ཏེ། དེ་བས་ན་གཟུགས་ལ་སོགས་པ་མིང་གི་ངོ་བོ་ཉིད་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། མིང་མ་མཆིས་པར་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེས་ཞེས་བྱ་བ་ལ་མིང་མ་མཆིས་པར་ནི། འདུ་བྱེད་ཀྱི་མཚན་མའི་དེས་དངོས་པོ་འདིས། ཞེས་བྱ་བ་མིང་བོར་ནས་མཚན་མའི་དངོས་པོ་དེས། དངོས་པོ་དེ་ལ་གཟུགས་སོ། །ཞེས་བྱ་བར་རིག་པ་མེད་དོ། །སྒྱུར་བར་བྱའོ། །གཟུགས། དེ་ནས་ཕྲེང་དྲུག་ན། དྲིས། ཞེས་བྱ་བ་ལ་སོགས་པ། བཅོམ་ལྡན་འདས་ཀྱིས་རྣམ་པ་གསུམ་གྱིས་མིང་གློ་བུར་ཉིད་ཡིན་པ་དང༌། དངོས་པོ་རྣམས་མིང་གི་ངོ་བོ་ཉིད་མ་ཡིན་པར་བསྟན་ཏོ། །རྣམ་པ་གསུམ་གྱིས་མིང་གློ་བུར་བ་ཡིན་པར་བྱའོ། །རིག་པར་བྱའོ། །སྟེ། མིང་ལ་བརྗོད་པ་དང༌། དངོས་པོ་ཙམ་གྱིས་མིང་ཤེས་པར་མི་འགྱུར་བ་དང༌། དངོས་པོ་གཅིག་ལ་མིང་དུ་མ་ཡོད་པར་སྣང་བ་དང༌། མང་པོ་ལ་མིང་གཅིག་ཡོད་པར་སྣང་བའི་ཕྱིར་རོ། །དེ་ལ་རྣམ་པ་དང་པོ་ནི། ཁྱཽད་ཅིའི་ཕྱིར་མི་འགྱུར། དེ་ནས་ཕྲེང་གཅིག་ན། བར། ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་པ་སྟེ། གལ་ཏེ་གཟུགས་དེ་མིང་གི་ངོ་བོ་ཉིད་ཡིན་དུ་ཟིན་ན། གཟུགས་ཀྱི་དངོས་པོ་དེ་ལ་གནས་པ་གཟུགས་ཞེས་བྱ་བའི་མིང་གང་ཡིན་པ་དེ་མི་ཤེས་པར་ཡང་བརྡ་མི་ཤེས་པ་རྣམས་དངོས་པོ་དེ་ཇི་ཞིག་མཐོང་བས་ཀྱང་འདི་ནི་གཟུགས་སོ་ཡིན་ནོ། །ཞེས་བྱ་བར་མི་རྟོགས་པར་ཅིའི་ཕྱིར་མི་འགྱུར། གལ་ཏེ་མིང་དེ་དངོས་པོ་དེའི་ངོ་བོ་ཉིད་ཡིན་དུ་ཟིན་ན། དངོས་པོ་ཇི་ལྟ་བ་བཞིན་མཐོང་བའི་དངོས་པོའི་ཁྱད་པར་ཅན་གྱི་མཚན་ཉིད་འཛིན་པའི་རྣམ་པར་ཤེས་པ་སྐྱེ་བ་དེ་བཞིན་དུ་མིང་མང་འཛིན་པའི་རྣམ་པར་ཤེས་པ་ཡང་སྐྱེ་བར་འགྱུར་བའི་རིགས་ན། སྐྱེ་བ་ཡང་མ་ཡིན་ཏེ། དེ་བས་ན་གཟུགས་ལ་སོགས་པ་ཡང་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །འདུ་བྱེད། དེ་ནས་ཕྲེང་དྲུག་ན། བྱའོ། །རྣམ་པ་གཉིས་ནི། བྱམས་པ། དེ་ནས་ཕྲེང་གཅིག་ན། ཡིན་ནམ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་དངོས་པོའི་མིང་ནི་ངོ་བོ་ཉིད་ཡིན་དུ་ཟིན་ན། དངོས་པོ་གཅིག་ཡང་མང་དུ་ཡོད་དེ། དཔེར་ན་ཚོར་བ་གཅིག་ལ། ཚོར་བ་དང༌། མྱོང་བ་དང༌། རིགས་པ་དང༌། བདེ་བ་དང༌། སྡུག་བསྔལ་དང༌། བཏང་སྙོམས་ཞེས་བྱ་བ་ལྟ་བུའོ། །དེ་ལ་གལ་ཏེ་དངོས་པོ་དེ་མིང་གི་ངོ་བོ་ཉིད་ཡིན་དུ་ཟིན་ན། ཚོར་བའི་དངོས་པོ་གཅིག་ཁོ་ན་ལ་མིང་མང་པོ་བརྗོད་པ་ན་ངོ་བོ་ཉིད་དུ་མར་གྱུར་པའི་རིགས་ན་དེ་ལྟར་ན་ཡང་མ་ཡིན་ཏེ། དེ་བས་ན་གཟུགས་ལ་སོགས་པ་མིང་གི་ངོ་བོ་ཉིད་མ་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བྱའོ། །རྣམ་པ་གསུམ་པ་ནི། བྱམས། དེ་ནས་ཕྲེང་གཅིག་ན་སམ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་དངོས་པོ་མིང་གི་ངོ་བོ་ཉིད་མ་ཡིན་དུ་ཟིན་ན། གང་གི་ཚེ་དངོས་པོ་མང་པོ་ལ་མིང་གཅིག་ཏུ་བརྗོད་པར་འགྱུར་བ། དཔེར་ན་ཕུང་པོ་དང་ཁམས་དང་སྐྱཻ་མཆེད་བརྗོད་པ་དེའི་ཚེ། ཆོས་ཐམས་ཅད་ཀྱང་དངོས་པོ་གཅིག་ཏུ་གྱུར་པ་ཞིག་ན་དེ་ལྟ་ཡང་མ་ཡིན་ཏེ། དེ་བས་ན་གཟུགས་ལ་སོགས་པ་མིང་གི་ངོ་བོ་ཉིད་མ་ཡིན་པར་ཤེར་པར་བྱའོ། །འདུ་ཤེས། དེ་ནས་ཕྲེང་ལྷག་ན། ལགས་སམ། ཞེས་གསོལ་པ། ཇི་སྐད་བསྟན་པར་འགྱུར་ཞེ་ན། བཅོམ་ལྡན་འདས་ཀྱིས་ནི། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་མིང་བཞི་དང་བཅས་པ་དང༌། གནས་དང་བཅས་པར་བསྟན་གྱི་གཞི་མེད་པ་དང༌། གནས་མེད་པར་ནི་མ་བསྟན་ཏོ། །དེ་བས་ན་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་གནས་པའི་ཕྱིར་འདུ་བྱེད་ཀྱི་མཚན་མའི་ངོ་བོ་ཉིད་མ་ཡིན་པར་མངོན་ནོ། །ཞེས་སྟོན་ཏོ། །དེ་ནས་ཕྲེང་གཉིས་ན། ཟད། ཅེས་བྱ་བས་བྱམས་པའི་ཚིག་དེ་སེལ་བར་མཛད་དེ། འདི་སྐད་དུ་དངོས་པོ་དེ་ལ་གཟུགས་ཞེས་བྱ་བའི་མིང་བརྗོད་པ་དག་ལ་ཅི་དེའི་མཚན་ཉིད་ཀྱི་ངོ་བོ་ཉིད་བརྗོད་དོ་ཞེས་སྨྲ་འམ། འོན་ཏེ་དེའི་མིང་བརྗོད་དོ། །ཞེས་སྨྲ་ཞེས་བྱ་བ་དང༌། འདི་ལྟར་མིང་བརྗོད་དོ་ཞེས་ཟེར་དེ། དེའི་ཕྱིར་དེ་ནི་དངོས་པོ་དེའི་མིང་བརྗོད་ཀྱི། ངོ་བོ་ཉིད་ནི་མ་ཡིན་པར་ཡིན་ཏེ། དཔེར་ན་འཇིག་རྟེན་ན་ལྟས་བྱ་བ་ལ་སོགས་པའི་མིང་ལྟ་བུའོ། །དེ་བས་ན་གཟུགས་ལ་སོགས་པའི་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བསྟན་ཏེ། གསོལ། དེ་ནས་ཕྲེང་ལྔ་ན། ལགས་ཤིང༌། ཞེས་བྱ་བ་ལ་སོགས་པས་གཟུགས་ལ་སོགས་པ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡིན་པར་སྟོན་ཏེ། འདི་སྐད་དུ་བཅོམ་ལྡན་འདས་ཀྱི་གཟུགས་ནི་མིང་ཙམ། ཚོར་བ་ནི་མིང་ཙམ་ཞེས་བཀའ་སྩལ་ཏེ། དེ་ལྟ་ན་གཟུགས་ཞེས་བྱ་བའི་མིང་གཟུགས་ཀྱི་ངོ་བོ་ཉིད་དུ་འགྱུར་ལ། ཚོར་བ་ཞེས་བྱ་བའི་ཚོར་བའི་ངོ་བོ་ཉིད་དུ་འགྱུར་རོ། །ཞེས་བསྟན་ཏོ། །ཚོར་ཏེ། དེ་ནས་ཕྲེང་གསུམ་ཅུང་མེད་ན། གྱིས་དེ་ཡང་བསལ་བའི་ཕྱིར། བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་གཅིག་ལྷག་ན་ཡོད་དམ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་འདི་གཟུགས་ལ་སོགས་པའི་ཆོས་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་དང༌། ཀུན་ནས་ཉོན་མོངས་པ་རྣམ་པར་བྱུང་བའི་ཆོས་ཅན་ཡིན་རྟོགས་པའོ། །ཚོར་བ། ཞེས་བྱ་བ་ཚོར་བའི་ངོ་བོ་ཉིད་དུ་འགྱུར་རོ། །ཞེས་བསྟན་ཏོ། །གལ་ཏེ་ལ་སོགས་པའི་ཆོས་རྣམས་མིང་གི་ངོ་བོ་ཉིད་ཡིན་དུ་ཟིན་ན། མིང་ལས་ལོགས་ཤིག་ན་སྐྱེ་བ་དང་འཇིག་པ་ཡོད་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཙམ་ཡོད་པར་མི་འགྱུར་བ་ཞིག་ན་དེ་ལྟར་ཡང་མི་འགྱུར་ཏེ། དེ་བས་ན་མིང་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས། དེ་ནས་ཕྲེང་ལྔ་ན། ལགས་སམ། ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔས་འདི་སྐད་གསོལ་ཏོ། །གང་བཅོམ་ལྡན་འདས་ཀྱི་སྔར་གཟུགས་ནི་མིང་ཙམ་མོ། །ཚོར་བ་ནི་མིང་ཙམ་མོ། །ཞེས་གསུངས་པ། དེ་ཅི་ལགས། གཟུགས་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་པ་ལགས་སམ། གཟུགས་ལ་སོགས་པ་ཉིད་རྣམ་པ་ཐམས་ཅད་དུ་མ་མཆིས་པ་ལ་དགོངས་ཏེ་གསུངས་ཞེས་ཞུས་པའོ། །བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ན། ཀྱིས། འཆར་བར་འཛིན་དུ་རྟོགས་ནས་བྱང་ཆུབ། དེ་ནས་ཕྲེང་ཕྱེད་ན། སྨྲའོ། །ཞེས་བྱ་བ་ལ་སོགས་པ་བཀག་པ་མཛད་དོ། །བྱམས། དེ་ནས་ཕྲེང་གཉིས་ན། ལགས། ཞེས་བྱ་བ་ལ་སོགས་པ་དེ་ཡོད་པའི་རྣམ་པར་ཞུགས་པ་དང༌། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡོད་ཀྱི་ཞེས་བྱ་བ་ལ་སོགས་པས། བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་དབང་གིས་ནི་ཡོད་ཀྱི། དོན་དམ་པའི་དབང་གིས་ནི་མེད་དོ། །ཞེས་རྣམ་པར་ཕྱེ་སྟེ་བསྟན་ཏོ། །དོན་དམ་པར། དེ་ནས་ཕྲེང་གཉིས་པ་ལྟར་ན། ཞེས་བྱ་བ་ལ་སོགས་པའི་འདི་སྐད་གསོལ་ཏོ། །གལ་ཏེ་ལ་གཟུགས་ལ་སོགས་པ་དོན་དམ་པར་རྣམ་པ་ཐམས་ཅད་དུ་མེད་དོ། །ཞེས་བཤད་ན། དེ་ལྟར་ན་ཆད་པར་སྨྲ་བས་ཐར་བར་མེད་པར་འགྱུར་རོ། །དེ་ལ་དོན་དམ་པར་མེད་དོ་ཞེས་གསུངས་པའི་བཅོམ་ལྡན་འདས་ཀྱིས་དགོངས་པ་ནི་འདི་ཡིན་ཏེ། གཟུགས་བྱ་བ་ལ་སོགས་པར་མིང་བཏགས་སུ་རུང་བའི་དངོས་པོ་ནི་དོན་དམ་པར་མེད་ཀྱི་མིང་དུ་བྱས་མི་རུང་བ། བརྗོད་དུ་མེད་པའི་དངོས་པོ་ནི་དོན་དམ་པར་ཡོད་པ་ཉིད་དོ། །ཞེས་བྱ་བ་ཉིད་དོ། །ཞེས་བྱ་བའོ། །དབྱིངས་པའོ། །དེ་སྐད་གསོལ་ནས། དེ་ལ། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ན། འགྱུར། ཞེས་བྱ་བ་ལ་སོགས་པ་ཡང་ཞུས་སོ། །གལ་ཏེ་གཟུགས་ལ་སོགས་པའི་མིང་རྣམས་ཀྱིས་བརྗོད་པར་མི་ནུས་པའི་ཕྱིར་དོན་དམ་པའི་དབྱིངས་བརྗོད་པ་ཡིན་ནོ། །གང་ལ་མིང་དུ་བཏགས་པ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ཡིན་པ་དེ་དོན་དམ་པར་ཡོད་དམ་མེད་པ་ཇི་ལྟ་བུ་ཞིག་ཞེས་བྱ་བའོ། །དོན་དམ། དེ་ནས་ཕྲེང་གཉིས་ཅུང་མེད་ན། འགྱུར་ཏེ། ཞེས་བྱ་བ་གསོལ་ཏོ། །དེ་སྐད་བསྟན་པར་འགྱུར་ཞེ་ན། བརྗོད་དུ་མེད་པ་དོན་དམ་པའི་དབྱིངས་ཀྱི་གནས་སུ་གྱུར་པ་གཞན་མེད་པའི་ཕྱིར། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ཁས་བླངས་སོ། །གལ་ཏེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དོན་དམ་པར་མེད་ན་འདུ་བྱེད་ཀྱི། མཚན་མའི་དངོས་པོ་ལ་བརྗོད་དུ་གནས་སོ། །ཞེས་གསུངས་པ་མི་རིགས་སོ། །ཞེས་བསྟན་པ་སྟེ། ཅི་དེའི་འདུ་བྱེད་ལགས་སོ། །གསོལ་དེ། དེ་སྐད་ཀྱིས། དེ་སྐད་ཀྱིས། ཇི་ལྟར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་མེད་པ་དང༌། ཇི་ལྟར་དེ་མེད་ཀྱང་གཞིར་འགྱུར་དེ་བསྟན་པར་བཞེད་ནས། བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་གཅིག་ལྷག་ན། ཚོ། ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་པར་འགྱུར་ཏེ། བྱམས་པ། ཁྱོད་གང་གི་ཚེ་ཤེས་རབ་ཡོངས་སུ་དག་པས་བརྗོད་དུ་མེད་པའི་དབྱིངས་འཛིན་པ་ན། ཅི་དེའི་ཚེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ཁྱོད་ལ་སྣང་ངམ། འོན་ཏེ་མི་སྣང་ཞེས་བྱ་བའོ། །འདུ་བྱེད། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ལགས་སོ། །ཞེས་བྱ་བ་སྟེ། མི་སྣང༌། ཞེས་བྱ་བའི་ཐ་ཚིག་གོ །བཀའ་འདིས་ཞེས་བྱ་བས་ཅི་བསྟན་པར་འགྱུར་ཞེ་ན། འདི་ལྟར་ཁྱོད་དོན་དམ་པར་ཡིད་ལ་བྱེད་པ་བསྒོམ་པའི་ཚེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་མི་སྣང་བར་དོན་དམ་པར་ནི་དེ་མེད་ཀྱི་ཀུན་རྫོབ་ཏུ་ཡོད་པར་ཤེས་པར་གྱིས་ཤིག །ཀུན་རྫོབ་དེ་ཡང་དོན་དམ་པར་དེ་ཉིད་དམ། གཞན་དུ་བརྗོད་པ་མི་ནུས་པ་དེ་བས་ན། འདུ་བྱེད། དེ་ནས་ཕྲཻང་གཅིག་ན། བྱའོ། །ཞེས་གསུངས་སོ། །དེའི་འོག་ཏུ་དེ་ཉིད་གཞན་གྱིས་ཉེས་པ་བསྟན་པའི་ཕྱིར། འདུ་བྱེད། དེ་ནས་ཕྲེང་གསུམ་ལྷག་ན། འགྱུར་རོ། །ཞེས་གསུངས་ཏེ། གལ་ཏེ་ཀུན་རྫོབ་ཉིད་དོན་དམ་པ་ཡིན་ན། དེ་ལྟ་ན་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ཉིད་བརྗོད་དུ་མེད་པའི་དབྱིངས་སུ་འགྱུར་རོ། །དེ་ལྟ་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་མངོན་སུམ་དུ་བྱས་པས་བརྗོད་པས། པའི། དབྱིངས་མངོན་སུམ་བྱས་པར་འགྱུར་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེའི་འོག་ཏུ་གཞན་པའི་ཕྱོགས་ཀྱི་ཉེས་པ་བསྟན་པའི་ཕྱིར། བྱིས། དེ་ནས་ཕྲེང་གཅིག་ན་དམིགས་ན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཀུན་རྫོབ་ལས་དོན་དམ་པར་གཞན་ཞིག་ཡིན་པ་དེ་ལྟ་ན་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལས་བརྗོད་དུ་མེད་པའི་དབྱིངས་གཞན་སྟོང་དེ་ཐ་དད་པར་འགྱུར་རོ། །དེ་ལྟར་གྱུར་ནས་ཆོས་ལས་ཆོས་ཉིད་གཞན་དུ་འགྱུར་རོ། །དེ་ལས་ཉེས་པ་ཅི་ཞིག་ཡོད་ཅེ་ན། བརྗོད་དུ་མེད་པའི་དབྱིངས་རབ་ཏུ་རྟོགས་པར་མ་གྲུབ་པའོ། །ཅི་སྟེ་ཞེ་ན། དོན་དམ་པའི་དབྱིངས་ནི་མཚན་མ་མེད་པ་ཡིན་ན། མཚན་མ་མེད་པ་དེ་རྣམ་པ་གང་གིས་རྣམ་པར་ཤེས་པ་ལ་སྣང་བར་འགྱུར། གང་གི་ཚེ་འདུ་བྱེད་ཀྱིས་མཚན་མའི་དངོས་པོ་དེ་ལ་ཆོས་ཀྱི་དབྱིངས་ཐ་དད་པར་མ་ཡིན་པར་གྱུར་པ་དེའི་ཚེ། འདུ་བྱེད་ཀྱི་དངོས་པོ་དང་ཆོས་དབྱིངས་དེའི་རྒྱུར་འགྱུར་རོ། །ཞེས་བྱ་བར་རིགས་སོ། །སྔར་མཚན་མ་དང་བཅས་པའི་དབྱིངས་དམིགས་པའི་དངོས་པོར་བྱས། ཕྱིས་ཤེས་རབ་ཀྱི་དོན་དམ་པར་རབ་ཏུ་རྣམ་པར་འབྱེད་པའི་ཚེ། དེའི་ཚེ་དངོས་པོ་མེད་པའི་བདག་ཉིད་དོན་དམ་པ་དམིགས་སོ། །ཞེས་དགོངས་པའོ། །འདི་ལྟར། དེ་ནས་ཕྲེང་གཅིག་ན། བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཀྱི་དངོས་པོ་མེད་པ་དང་དོན་དམ་པ་ཡང་དེ་ཉིད་དང་གཞན་ལ་རྣམ་པར་གྲོལ་བ་བསྟན་པ། དེ་སྐད་དེ་ལ་འཁྲུལ་བ་ཡོད་པར་བཞེད་ནས། བཅོམ་ལྡན་འདས། དེ་ནས་གཅིག་པུ་སད་ན། ཞེས་བྱ་བ་ལ་སོགས་པ་ཡང་ཞུས་ཏེ། གང་གི་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་དབྱིངས་ཡིད་ལ་བྱེད་པ་བསྒོམ་ན། འདུ་བྱེད་ཀྱི་དངོས་པོ་དམིགས་པ་དེའི་ཚེ། དངོས་པོ་དེ་མེད་པའི་ཕྱིར་མི་དམིགས་སམ་འོན་ཏེ་བརྗོད་དུ་མེད་པའི་དབྱིངས་དང་འབྲེལ་བའི་ཤེས་རབ་ལ་སྤྱོད་པས་དངོས་པོ་ལ་འཇུག་པ་མེད་པའི་ཕྱིར། མི་དམིགས་ཞེས་ཞུས་པའོ། །འདི་ལྟ། དེ་ནས་ཕྲེང་གསུམ་ན། མེད་དོ། །ཞེས་བྱ་བར་འདི་སྐད་བསྟན་པར་འགྱུར་ཏེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ནི་ཡོད་པ་ནི་མ་ཡིན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་དོན་དམ་པར་འཛིན་པའི་མཐུ་མེད་དེ། མ་རིག་པའི་ཕྱིན་ཅི་ལོག་དང༌། ལས་དང་རྣམ་པར་སྨིན་པ་ལ་སོགས་པའི་རྐྱེན་གྱིས་གཞན་གྱི་དབང་གི་ཕྱིན་ཅི་ལོག་ཏུ་གྱུར་པས་རྣམ་པར་ཤེས་པ་རྣམས་ལ་དངོས་པོའི་བདག་ཉིད་སྣང་གི་རང་དབང་དུ་མ་ཡིན་ནོ། །དེ་ལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པ་བསྒོམ་པ་ལ་བརྩོན་པ་དེའི་ཚེ་ནི་མ་རིག་པ་ལ་སོགས་པ་རྒྱུ་དང་རྐྱེན་རྣམས་མེད་པས་ཇི་ལྟར་སྔོན་གྱི་དབང་གིས་བདག་ཉིད་དུ་སྣང་བ་དེ་ལྟ་མི་སྣང་ངོ༌། །རྒྱུ་མ་རིག་པས་ལ་སོགས་པ་མེད་ན་འདུ་བྱེད་ཀྱི་དངོས་པོ་ཡང་རང་དབང་དུ་འབྱུང་བའི་མཐུ་མེད་དོ། །དེ་བས་ན་དངོས་པོ་དེ་ལ་རང་དབང་ཉིད་དམ་ཡོད་པ་ཉིད་དམ་ཡོད་པ་ཉིད་གང་ཡང་མེད་དོ། །ཞེས་གསུངས་ཏེ། དེ་བས་ན་མེད་པ་ནི་དམིགས་པར་མི་འགྱུར་རོ། །ཞེས་བསྟན་པ་ཡིན་ནོ། །དེའི་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཕྱིན་ཅི་ལོག་གི་བདག་ཉིད་དུ་འབྱུང་བ་དང༌། ཕྱིན་ཅི་ལོག་ཏུ་མི་འབྱུང་དེ་དག་སྟོན་ཏེ། གང་གི་ཚེ་རྣམ་པར་རྟོག་པ་དེའི་ཚེ་རྣམ་པར་རྟོག་པའི་གཞན་གྱི་དབང་གིས་ཕྱིན་ཅི་ལོག་ཏུ་དམིགས་སོ། །གང་གི་ཚེ་རྣམ་པར་རྟོག་པ་དེའི་ཚེ་ནི་གཞན་གྱི་དབང་མེད་པས་ཕྱིན་ཅི་མ་ལོག་པ་དོན་དམ་པ་ཉིད་ལ་དམིགས་སོ། །ཞེས་བྱ་བའི་ཐ་ཚིག་གོ །འདུ་བྱེད། དེ་ནས་ཕྲེང་གཅིག་ན། རབ། དེ་སྐད་ཅེས་སྨྲས་པ་དང༌། འཕགས་པ་བྱམས་པས། བཅོམ་ལྡན་འདས། སོ། །ཞེས་ཁས་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། བྱམས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཟམ། ཞེས་བྱ་བས་རྣམ་པར་རྟོག་པ་ཙམ་དུ་རྣམ་པར་བཞག་ནས། རྣམས་ཉིད་དོ། །དེའི་འོག་ཏུ་དངོས་པོ་བསལ་བ་ཡོད་པའི་ཕྱིར། དེ་དེ། དེ་ནས་ཕྲེང་གསུམ་ཅུང་མེད་ན། ཡིན། ཞེས་བྱ་བ་གསུངས་པ་ལ། དེ་ཞེས་བྱ་བ་ནི་བྱང་ཆུབ་པའོ། །ཡོད་པ་ཞེས་བྱ་བ་ནི། དོན་དམ་པ་ཡོད་པའོ་རྣམ་པར་མི་རྟོག་པའི་དབྱིངས་ཞེས་བྱ་བ་ནི་དོན་དམ་པའི་དབྱིངས་ལ་གནས་པ་ནའོ། །དེ་ལ་ཡོད་པ་གང་ཡིན་ཞེས་བྱ་བ་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་ཡོད་པ་གང་ཡིན་དེ་མེད་ཉིད་དོ། །ཞེས་བྱ་བའི་ཐ་ཚིག་གོ །གང༌། རོ། །ཞེས་བྱ་བ་ནི་ཡོད་པར་འགྱུར་ན་ནི་དམིགས་པར་འགྱུར་རོ། །དེ་ལྟར་འདུ་བྱེད་དངོས་པོ་ཡོད་པ་མ་ཡིན་པར་ཡང་དག་བསྟན་པ་དང༌། དེ་སྐད། དེ་ནས་ཕྲེང་ཕྱེད་ན། བྱམས་པས། ཀུན་རྫོབ་དང་དོན་དམ་པའི་དབང་གིས་གཟུགས་ལ་སོགས་པ་ཆོས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། འདི་སྐད། དེ་ནས་ཕྲེང་གཅིག་ན། བགྱི། ཞེས་བྱ་བ་ལ་སོགས་པ་ཞུས་སོ། །ཚོར་བ། དེ་ནས་ཕྲེང་གཉིས་ན། ཞེས་བྱ་བ་ལ་སོགས་པར་རབ་ཏུ་དབྱེ་བ་བསྟན་ཏོ། །ཚོར། དེ་ནས་ཕྲེང་ལྔ་ན། བྱའོ། །ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པ་གསུམ་དུ་བསྡུས་ནས་བསྟན་ཏོ། །དེ་སྐད། དེ་ནས་ཕྲེང་གསུམ་ན། ལགས། ཞེས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས། དེ་ནས་ཕྲེང་གཅིག་ན། གཟུགས་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐ་སྙད་ལ་བརྟེན་ནས་ཐ་སྙད་ཀྱི་རྒྱུས་འདུ་བྱེད་ཀྱི་དངོས་པོ་ལ་གཟུགས་ཀྱི་ངོ་བོ་ཉིད་དུ་བཏགས་པ་ལ་གཟུགས་ཞེས་བྱ་བའི་མིང་དང་བཏགས་པ་གང་ཡིན་པ་དེ་ཀུན་བཏགས་པའི་གཟུགས་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ ། ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་རྣམ་གསུམ་སྟེ། ཀུན་བཏགས་པའི་ངོ་བོ་ཉིད་དང༌། གཞན་གྱི་ངོ་བོ་ཉིད་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། དེ་ལ་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཆོས་རྣམས་ལ་གཟུགས་ཞེས་བྱ་བར་ལ་སོགས་པར་མངོན་པར་བརྗོད་པའི་རྣམ་པར་གང་ཡིན་པ་དེ་ནི་ངོ་བོ་ཉིད་དོ། །མ་རིག་པ་ལ་སོགས་པའི་རྣམ་པར་ཤེས་པ་ཆོས་རྣམས་སུ་ཕྱིན་ཅི་ལོག་ཏུ་སྣང་བས་རྣམ་པ་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །མིང་དེ་ཡང་ཕྱིན་ཅི་ལོག་ཏུ་སྣང་བའི་རྣམ་པ་དེ་དང་བྲལ་བ་བརྗོད་དུ་མེད་པ་མཚན་མ་མེད་པའི་རྣམ་པ་གང་ཡིན་པ་དེ་ནི་དོན་དམ་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །འདི་རྒྱས་པ་ནི་རབ་ཏུ་འབྱེད་པ་ལས་བཟུང་བར་བྱའོ། །ངོ་བོ་ཉིད་གསུམ་པོ་དེ་དག་དང༌། ཀུན་བཏགས་པའི་གཟུགས་དང༌། རྣམ་པར་བཏགས་པའི་གཟུགས་དང༌། ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བ་དེ་དག་འདིར་གོ་རིམ་བཞིན་དུ་བསྟན་པར་བྱ་སྟེ། དེ་ལ་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་རྣམས་ཞེས་བྱ་བ་ལ་སོགས་པ་མིང་གི་རྣམ་གྲངས་ནི། ཀུན་བཏགས་པའི་གཟུགས་དང༌། ཀུན་བཏགས་པའི་ཚོར་བ་དང༌། ཀུན་བཏགས་པའི་འདུ་ཤེས་ཞེས་བྱ་བ་ལ་སོགས་པ་བརྗོད་དེ། འདུ་ཤེས་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་གཟུགས་ཞེས་བྱ་བའི་མིང་དང་འདུ་ཤེས་དང་བཏགས་པ་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། བྱམས། དེ་ནས་ཕྲེང་གསུམ་ན། གོ །དེའི་འོག་ཏུ་རྣམ་པ་གཉིས་པ་ནི། འདུ་བྱེད། དེ་ནས་ཕྲེང་ཕྱེད་ལྷག་ན་བརྗོད་དེ། ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པ་ལ་སོགས་པའི་རྒྱུ་དང་རྐྱེན་གྱིས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ལ་དངོས་པོའི་རྣམ་པར་བློ་སྐྱེས་ཞིང་སྣང་བ་ནི་རྣམ་པར་བརྟགས་པའི་གཟུགས་ཞེས་བྱའོ། །འདུ་བྱེད་ཀྱི་མཚན་མའི་དངོས་པཽ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །རྣམ་པར་རྟོག་པ་ཙམ་གྱིས་ཆོས་ཉིད་དེ་ལ་གནས་པ་ཞེས་བྱ་བ་དེ་ནི་བློས་རྣམ་པ་གཏོད་པར་ངོ་བོ་ཉིད་གཞན་མེད་དེ། དེ་བས་ན་དེ་རྣམ་པར་བཏགས་པ་ཙམ་གྱིས་ངོ་བོ་ཉིད་དུ་གནས་ཏེ། དེའི་གནས་དེ་ཉིད་ལ་རྣམ་པར་རྟོག་པ་ཞེས་བྱའོ། །དེ་ལྟར་བློས་རྣམ་པར་བརྟགས་པའི་རྣམ་པ་ཙམ་གྱིས་ངོ་བོ་ཉིད་དུ་གནས་སོ། །རྣམ་པར་རྟོག་པ་དེ་ཉིད་ལ་བརྟེན་ནས་ཞེས་བྱ་བ་དེ་ཉིད་ལ་ནི། རྒྱུར་བྱས་དེའོ། །མངོན་པར་བརྗོད་པ་ནི་ཞེས་བྱ་བ་ནི་བློ་ལ་དངོས་པོའི་འདུ་ཤེས་སུ་འཁྲུལ་བའི་ཡོད་པ་ལ། མངོན་པར་བརྗོད་པ་ཞེས་བྱའོ། །དེ་ལྟར་བློ་རྣམ་པར་བརྟགས་པའི་རྣམ་པའི་ངོ་བོ་ཉིད་དུ་གནས་ཞེས་བྱ་བ་རྣམ་པར་རྟོག་པའི་རྣམ་པ་ལ་བརྟེན་ནས་བློ་ལ་དངོས་པོའི་བདག་ཉིད་དུ་སྣང་བ་ནི་རྣམ་པར་བརྟགས་པའི་གཟུགས་ཞེས་བྱ་བའི་ཐ་ཚིག་གོ ། དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །གང་ལ། དེ་ནས་ཕྲེང་ན། གོ །དེའི་འོག་ཏུ་ཆོས་ཉིད་ཀྱི་གཟུགས་ནི། གང་རུང་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཞེས་བྱ་བ་ནི་འདིས་ཆོས་ཉིད་དེ་ངོ་བོ་ཉིད་དང་རྟག་པ་ཉིད་ཡིན་ནོ། །ཞེས་བསྟན་པའོ། །ཆོས་ཉིད། དེ་ནས་ཕྲེང་གཅིག་ན། ཁོ་ན་དང༌། ཞེས་བྱ་བ་ལ་ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བ་ནི་གང་གི་ཚེ་རྣམ་པར་བརྟགས་པའི་བློ་ལ་སྣང་བ་དེ་ཉིད་སྔར་བསྟན་པའི་ཀུན་བཏགས་པ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མིང་དང་བརྟགས་པའི། འོས་ཀྱིས་བདག་ཉིད་དང་བྲལ་བར་གྱུར་པ་དེའི་ཚེ། བདག་ཉིད་ཀྱི་བརྗོད་དུ་མེད་པ་རྣམ་པར་མི་རྟོག་པའི་བདག་ཉིད་དུ་གནས་པའི་རྣམ་པ་དེ་ལ་ཆོས་ཉིད་གཟུགས་ཞེས་བྱའོ། །ངོ་བོ་ཉིད་མེད་ཅེས་བྱ་བ་ནི་ཀུན་བཏགས་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དང༌། ཞེས་བྱ་བ་ནི་ཆོས་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྣམ་པ་མེད་པའོ། །དང༌། ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་རྣམ་པའོ། །གཟུགས་སོ། །ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུའི་མཐར་ཐུག་པའོ། །དེ་བཞིན་དུ་ཚོར་བ་སོགས་ལ་ཡང་སྦྱར་བར་བྱའོ། །འདི་ནི། དེ་ནས་ཕྲེང་ལྔ་ན། བྱའོ། །ཞེས་བྱ་བ་ནི་ཤིན་ཏུ་མེད་པའི་ཕྱིར། རྣམ། དེ་ནས་ཕྲེང་ཕྱེད་ན། བྱ་སྟེ། དེ་ནི་ཡོད་པ་ཡང་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡོད་པའི་ཕྱིར་རོ། །དེ་ནི་རྫས་ཀྱང་ཡིན་ཏེ། འདུས་ཀྱང་ཡིན་པས་ན་འཇིག་པའི་ཕྱིར་ཏེ། འགྲོ་བའི་ཕྱིར་རོ། །དེ་བས་ན་རྣམ་པར་བཏགས་པ་ནི་ཡོད་པ་ཉིད་ཀྱི་ཕྱིར་དང༌། རྫས་ཉིད་ཡིན་པའི་ཕྱིར། ཞེས་བྱ་བའི་ཐ་ཚིག་གོ །གཞན་དབང་གི་ངོ་བོ་ཉིད་ཡིན་པའི་ཕྱིར། རང་དབང་ཡིན་ནོ། །ཞེས་གསུངས་སོ། །གང༌། དེ་ནས་ཕྲེང་ཕྱེད་ན། བྱའོ། །ཞེས་བྱ་བ་ལ་ཆོས་ཉིད་ཀྱི་གཟུགས་ནི་བརྗོད་དུ་མེད་པའི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །མེད་དོ། །ཞེས་བརྗོད་དུ་རུང་སྟེ། དེ་བས་ན་རྫས་སུ་མེད་པའི་མ་ཡིན་ནོ། །རྣམ་པར་བཏགས་པའི་དངོས་པོའི་རྣམ་པར་ཡོད་པ་མ་ཡིན་པའི་ཕྱིར་ཡོད་དོ། །ཞེས་བརྗོད་དུ་མི་རུང་སྟེ། དེ་བས་ན་རྫས་སུ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མཐའ་གཉིས་སྤངས་ནས་དབུ་མའི་ལམ་བསྟན་པ་ཡིན་ནོ། །དོན་དམ་པས་རབ་ཏུ་ཕྱེ་བ་ཞེས་པ་ནི། དོན་དམ་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། འདིར་རབ་ཏུ་ཕྱེ་ཞེས་པའི་སྒྲ་ནི་ངོ་བོ་ཉིད་ཀྱི་དོན་ཏོ། །དེ་བཞིན་སངས་རྒྱས་ཀྱི་ཆོས་ཀྱི་མཐའི་བར་ཡང་སྦྱར་བར་བྱའོ། །ག །ཀུན་བཏགས། དེ་ནས་ཕྲེང་བཞི་ན། དང༌། དེ་ལྟར་ངོ་བོ་གསུམ་གྱི་དབང་གིས་མཚན་ཉིད་བཟུང་ནས་ཡང་གཉིས་སུ་མེད་པའི་མཚན་ཉིད་བསྟན་པའི་སྐབས་དབྱེ་བའི་ཕྱིར། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། མཆིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མདོར་བསྡུས་པའི་གཏན་ལ་ཕབ་པའི་སྐབས་སུ་ཞུ་བ་རྣམ་པ་ཉི་ཤུ་རྩ་བརྒྱད། བསྟན་པ་དེ་བསྟན་པ་འདི། དེ་ནས་ཕྲེང་གསུམ་ན། སྩལ། ཞེས་བྱ་བ། གསོལ་ཏོ། །དེ་སྐད། དེ་ནས་ཕྲེང་གཅིག་ན། ཡིན། ཞེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པ་ཡིན་ཞེ་ན། ཀུན་བཏགས་པ་དང༌། རྣམ་པ་ཐམས་ཅད་དུ་དང༌། ཆོས་ཉིད་གཟུགས་འདི་གསུམ་ལ་སོ་སོར་གཟུགས་ཞེས་བྱ་བ་དང༌། གཟུགས་མ་ཡིན་ཞེས་བྱ་བ་དང༌། གཟུགས་མ་ཡིན་ཞེས་བྱ་བ་མེད་པ་དེ་ཉིད་གཉིས་སུ་མེད་པ་དང༌། དེ་བཞིན་ཉིད་དང༌། ཆོས་བདག་མེད་པའོ། །དེ་བས་ན་གཟུགས་དང་ཚོར་བ་ལ་སོགས་པའི་སྒྲས་དེ་བཞིན་ཉིད་གཉིས་སུ་མེད་པའི་གྲངས་སུ་བགྲང་བར་བྱའོ། །ཞེས་པའི་ཐ་ཚིག་སྟེ། དེ་ཉིད་བསྟན་པར་བཞེད་ནས་གཟུགས་རྣམ་པ་གསུམ་རེ་རེ་ལ་སྤང་བྱ་དང་གཟུགས་མ་ཡིན་པའི་ལས་རྣམ་པར་གྲོལ་བའི་མཚན་ཉིད་བསྟན་པའི་ཕྱིར་དང་པོར་ཀུན་བཏགས་པའི་གཟུགས་ལས་བརྩམས་ནས་ཀུན་བཏགས་པའི་གཟུགས་ལ་རྫས་སུ་མེད་པ་ཉིད་གང་ཡིན་པ་དེ་གཟུགས་ཡིན་ནམ། འོན་ཏེ་མ་ཡིན་ཞེས་བྱ་བ་གསུངས་ཏེ། ཀུན་བཏགས་པའི་གཟུགས་ནི་གཟུགས་ཀྱི་བདག་ཉིད་དུ་ཡིན་པའི་ཕྱིར་གཟུགས་ངོ་བོ་ཉིད་དོ། །ཞེས་བརྗོད་དུ་མི་རུང་ངོ༌། །གཟུགས་ཀྱི་མིང་དང༌། གཟུགས་ཀྱི་མིང་བཏགས་པ་དག་དེ་ལ་ཡོད་པའི་ཕྱིར་གཟུགས་ཀྱི་བདག་ཉིད་མ་ཡིན་ནོ། །ཞེས་ཀྱང་བརྗོད་དུ་མི་རུང་ངོ༌། །གསོལ་པ། སོ། །དེ་བས་ན་དེ་ལ། དེ་ཞེས་བྱ་བ་གསུང༌། བཱྀ་ག །གཟུགས་ཡིན་ནམ། ཞེས་བྱ་བ་ནི་དེ་ལྟར་གཟུགས་བཏགས་པའི་དབང་གིས་གཟུགས་མ་ཡིན་ལ་གཟུགས་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར། གཟུགས་ཀྱང་མ་ཡིན་པས་གཉིས་སུ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །གསོལ་པ། དེ་ནས་ཕྲེང་གསུམ་མ་ཡིན་ནམ། ཞེས་བྱ་བའི་རྣམ་པར་བཏགས་པའི་གཟུགས་དེ་ཡང་གཟུགས་ཀྱི་བདག་ཉིད་དུ་སྣང་བའི་ཕྱིར་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་པ་ཡང་མ་ཡིན། དོན་དམ་པ་གཟུགས་ཀྱི་མིང་དང་བྲལ་བ་ཡིན་པ་གཟུགས་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །གསོལ་པའོ། །དེ་བས་ན། བྱམས། དེ་ནས་ཕྲེང་གཅིག་ན་མ་ཡིན་ནམ། ཞེས་བྱ་བ་གསུངས་སོ། །དེ་ལྟར་རྣམ་པར་བཏགས་པའི་གཟུགས་ཏེ། གཟུགས་ཀྱི། མིང་གིས་འོས་ཡིན་པ་དང་གཟུགས་ཀྱི་ངོ་བོ་ཉིད་དུ་སྣང་བས་གཟུགས་མ་ཡིན་པ་ཡང་མ་ཡིན་ལ། དོན་དམ་པར་གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་གཟུགས་ཀྱང་མ་ཡིན་པས་གཉིས་སུ་མེད་ཅེས་པའི་ཐ་ཚིག་གོ །གསོལ། དེ་ནས་ཕྲེང་གཉིས་ལྷག་ན། ཡིན་ནམ། ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ཆོས་ཉིད་ཀྱི་གཟུགས་དེ་ནི་མཚན་མ་ཐམས་ཅད་མེད་པའི་ངོ་བོ་ཉིད་ཡིན་གཟུགས་ཀྱང་མ་ཡིན་གཟུགས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། གཟུགས་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་དོན་ཏོ། །གསོལ། སོ། །དེ་བས་ན་མཚན་ཉིད་ཡིན་ཉིད་ཡིན་ནམ། ཞེས་བྱ་བ་གསུངས་སོ། །དེ་ལྟར་ཆོས་བདག་མེད་པའི་ངོ་བོ་ཉིད་མེད་པའི་ཕྱིར། གཟུགས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་གཟུགས་མ་ཡིན་པ་ཡང་མ་ཡིན་ཞེས་གསུངས་པ་ནི་གཉིས་སུ་མེད་པའི་དོན་ཏོ། །གསོལ། སོ། །དེ་བས་ན། བྱམས། དེ་ནས་ཕྲེང་ན། པའོ། །ཞེས་བྱ་བ་ནི་དེ་བཞིན་ཉིད་གཉིས་སུ་མེད་པར་བྱས་པའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས། དེ་ནས་ཕྲེང་ཕྱེད་ན། ཡང༌། གཉིས་སུ་མེད་པར་སྦྱར་བར། དང༌། དེའི་འོག་ཏུ་རྣམ་པ་གཞན་གྱིས་བདེན་པ་བཞི་པོ་དེ་དག་ལ་གཉིས་སུ་མེད་པའི་མཚན་ཉིད་བསྟན་པའི་ཕྱིར། བཅོམ་ལྡན་འདས། དེ་ནས་ཕྲེང་ལྔ་ན། པའོ། །ཞེས་བྱ་བ་གསུངས་སོ། །བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ལྟར་ཆོས་ཐམས་ཅད་ཀྱི་མཚན་ཉིད་མཉམ་པར་བཞག་པའི། པ་ཡིད་ལ་བྱེད་པས་ཡོངས་སུ་ཤེས་པ་མ་ཡིན་གྱི། མཉམ་པར་མ་བཞག་པ་ཡོངས་སུ་འདྲེས་པའི་ཤེས་པས་ཡོངས་སུ་ཤེས་དེ་ཇི་སྐད་སྔར་བསྟན་པ་བཞིན་ཡིན་ནོ། །དེ་བས་ན་དེ་ལྟར་ཡོངས་སུ་མི་ཤེས་པ་མ་ཡིན་པ་འདི་ཉིད་དེའི་ཡོངས་སུ་ཤེས་པའོ། །དེ་བཞིན་དུ་སྤོང་བ་དང༌། མངོན་དུ་བྱ་བ་དང༌། བསྒོམ་པ་རྣམས་དང་སྦྱར་བར་བྱའོ། །གང༌། དེ་ནས་ཕྲེང་ཕྱེད་དང་ལྔ་ན། དང༌། དེ་ལྟར་གཉིས་སུ་མེད་པའི་མཚན་ཉིད་ལ་མཁས་པ་དེ་འབྱུང་བ་ལ་མཁས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཟབ་པོ་ཞེས་བྱ་བར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས། མྱ་ངན་ལས་འདས་པའི་ཞེས་བྱ་བ་ནི་ཤིན་ཏུ་ཡོངས་སུ་དག་པ་གནས་གྱུར་པ་ལ་བྱ་སྟེ། གནས་གྱུར་པ་དེ་ཡང་འདི་ལྟར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱའོ། །འདི་ཉིད་ཉན་ཐོས་དང་རང་རྒྱལ་དག་ལྟ་བུ་ལ་མ་ཡིན་གྱི། འཁོར་བ་ཡོད་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་སྐད། དེ་ནས་ཕྲེང་གསུམ་ན། ཏེ་དང༌། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དོན་ལས་བརྩམས་ཏེ་འཁོར་བ་ཡོངས་སུ་གཏོང་ན། ཇི་ལྟར་ན་མྱ་ངན་ལས་འདས་པ་ཡོངས་སུ་གཏོང་བར་མི་འགྱུར། ཞེས་བྱ་བ་ནི་གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བ་ཡོད་ཀྱི་བར་དུ་སེམས་ཅན་གྱི་དོན་རྒྱུན་མི་གཅོད་པས་རྟག་ཏུ་འཁོར་བ་ཡོངས་སུ་མི་གཏོང༌། དེ་ལྟར་ན་མྱ་ངན་ལས་འདས་པར་ཇི་ལྟར་འགྱུར་ཞེས་ཞུས་པའོ། །བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་ནོ། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་གཞན་གྱི་དོན་ལས་བརྩམས་ནས། འཁོར་བ་ཡོངས་སུ་མི་གཏོང་ཞིང་ཕུང་པོ་མེད་པའི་མྱ་ངན་ལས་འདས་པ་མི་ལེན་ཏོ། །དེ་བས་ན་མྱ་ངན་ལས་འདས་པ་མ་ཡིན་ནོ། །བདག་གི་དོན་ལ་བརྩམས་ཏེ། བྱ་བ་བྱས་པའི་ཕྱིར། མྱ་ངན་ལས་འདས་པའི་ཡོངས་སུ་མི་གཏོང་ཞིང་འཁོར་བ་ཡང་མི་ལེན་ཏེ། དེ་བས་ན་མྱ་ངན་འདས་པ་ཡིན་ནོ། །ཞེས་བྱ་བས་ཇི་སྐད་བསྟན་པ་འགྱུར་ཞེ་ན། ཆོས་ཀྱི་སྐུ་ལ་བརྩམས་ནས་མྱ་ངན་ལས་འདས་པའོ། །སྤྲུལ་པའི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུའི་དབང་གི་ནི་མྱ་ངན་ལས་འདས་པ་མ་ཡིན་ནོ། །ཞེས་བསྟན་པའོ། །དེ་སྐད། དེ་ནས་ཕྲེང་ཕྱེད་དང་གཉིས་ན། མི་འགྱུར། ཞེས་བྱ་བ་ལ་སོགས་པ་འདི་སྐད་བསྟན་ཏེ། གལ་ཏེ་གཞན་གྱི་དོན་གྱི་ཕྱིར་འཁོར་བ་ཡོངས་སུ་མི་གཏོང་ན། འདིས་མྱ་ངན་ལས་འདས་པ་ཡོངས་སུ་བཏང་བར་འགྱུར་རོ། །གལ་ཏེ་བདག་གི་དོན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་ན། འདིར་འཁོར་བ་ཡོངས་སུ་བཏང་བར་འགྱུར་རོ། །དེ་ནི་གལ་ཏེ་འཁོར་བ་ཡོངས་སུ་མི་གཏོང་བ་དང༌། གཏོང་བ་དང༌། མྱ་ངན་ལས་འདས་པ་དང༌། མྱ་ངན་ལས་ནི་འདས་པ་ཞེས་བྱ་བ་དེ་དག་འགལ་བ་ཡིན་ན། ཇི་ལྟར་མི་འགྱུར། ཞེས་ཞུས་པའོ། །བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ན། མི་རྟོག་ཞེས་བྱ་བ་ལ་སོགས་པས་མི་འགལ་བར་སྟོན་ཏེ། བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་ཅིང༌། མཉམ་ཉིད་ཙམ་དུ་མཐོང་ཞིང་འཁོར་བ་ལས་འཁོར་བའོ་ཞེས་སྤྲོས་པ་དང༌། མྱ་ངན་ལས་འདས་པ་ལ་ཡང་མྱ་ངན་ལས་མ་འདས་པའོ། །ཞེས་སྤྲོས་པས་སྤྲོ་བར་མི་བྱ་སྟེ། དེ་བས་ན་མཉམ་པ་ཉིད་ལ་གནས་པའོ། །མཉམ་པ་ཉིད་ལ་གནས་པ་ན་གང་ལ་ཡང་ཉེས་དམིགས་སུ་མཐོང་བས་ཡིད་འབྱུང་བར་འགྱུར་བ་དང༌། གང་ལ་ཡང་ཕན་ཡོན་དུ་མཐོང་བས་སྦྱོར་བར་འགྱུར་བ་དེ་ལྟ་བུ་མེད་དེ་ཞེས་བྱ་བའི་ཐ་ཚིག་གོ །མྱ་ངན། དེ་ནས་ཕྲེང་བཞི་ན། བྱམས་པ། དེ་བས་ཀྱང་མ་ཚིམ་ན། བ་འདི། དེ་ནས་ཕྲེང་གཉིས་ན། ལགས། ཞེས། དེ་ནས་ཕྲེང་ཕྱེད་ན། མི་སྨྲའོ། །ཞེས་བྱ་བ་འདི་སྐད་གསུངས་སོ། །ད་ནི་འཁོར་བ་སྤོང་བས་དང་མི་སྤོང་བའི་དབང་གིས་ཞེས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་རྣམ་པར་མི་རྟོག་པས་མཉམ་པ་ཉིད་དུ་དམིགས་ཏེ། དེ་ལྟར་ན་འཁོར་བ་དང་མྱ་ངན་ལས་འདས་པ་དག་གཏོང་བ་ཡང་མེད། ལེན་པ་ཡང་མེད་དོ། །ཞེས་གསུངས་པ། དེ་ལ་གལ་ཏེ་ལེན་པ་མེད་ན་ཇི་ལྟར་མི་འགྱུར། ཞེས་ཞུས་པའོ། །བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་ན། མི་སྨྲའོ། །ཞེས་བྱ་བའི་དེ་སྐད་གསུངས་ཏེ། ད་ནི་འཁོར་བ་སྤོང་བ་དང་མི་སྤོང་བའི་དབང་གིས་ལེན་པ་དང་འདོར་བར་མི་སྨྲའོ། །དགོས་པ་ལ་ལྟོས་ནས། དགོས་པ་ལ་ལྟོས། བྱ་བ་བྱེད་པའི་དབང་གིས་སྨྲ་བ་སྟེ། འདིར་མངོན་པར་ཤེས་པའི་མཐུས་དུས་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་བྱེད་དེ། དེའི་ཕྱིར་འཁོར་བ་ཡོངས་སུ་མི་གཏོང་མི་སྨྲའི། འཁོར་བ་མི་གཏོང་བའི་ཕྱིར་ནི་མ་ཡིན་ནོ། །འདི་ལྟར་སྟོང་པ་ཉིད་ཀྱི་དབྱིངས་དམིགས་སུ་མེད་པའི་དབྱིངས་ཉེ་བར་བཟུང་ནས། དེ་ལ་གནས་པ་དེ་ལ་གནས་པ་དེའི་ཕྱིར་མྱ་ངན་ལས་འདས་པ་ལེན་ཏོ། །ཞེས་སྨྲའོ། །ཞེས་བསྟན་ཏོ། །བྱམས། དེ་ནས་ཕྲེང་ཕྱེད་དང་བཞི་ན། བགྱི་ཞེས་བྱ་བ་ནི། ཇི་ལྟར་རྣམ་པར་མི་རྟོག་པ་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་ལྔ་ཞེས་བྱའོ། །བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ན། མེད་པ་ཞེས་བྱ་བ་ནི་ཡོད་ཅེས་བྱ་བའམ་མེད་ཅེས་བྱ་བ་གཉིས་མེད་པའོ། །མེད་པ་ཞེས་བྱ་བ་ནི་ཆོས་དེ་རྣམས་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་མི་རྟོག་པའོ། །གང་ཡིན། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ལགས་སམ། ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་ལེན་ཏོ། །ཞེས་འབྱུང་བས་ཉན་ཐོས་རྣམས་ལེན་པ་མེད་པས། ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་དུ་འགྱུར་རོ། །སྙམ་དུ་ཞུས་ནས་དགོངས་པའོ། །བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་ན། དམིགས་ཏེ། ཞེས་བྱ་བ་ནི། སེམས་ཅན་རྣམས་ཀྱི་རིགས་རྣམས་དང༌། རང་བཞིན་རྣམས་མངའ་བ་སྟེ། རིགས་ནི་རྣམ་པ་གསུམ་མོ། །རང་བཞིན་ཡང༌། བསམ་པ་དང༌། བག་ལ་ཉལ་དང༌། མོས་པ་དང༌། དབང་པོ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་རྣམས་སོ། །བྱམས། དེ་ནས་ཕྲེང་གཅིག་ན། ཡོད། ཞེས་བྱ་བ་ནི། དང་པོ་ཉིད་ན་རང་བཞིན་གྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་ལ་ཇི་ལྟར་འདོད་པ་བཞིན་ཐོབ་པའོ། །གང་ཐོབ་ལ། ཞེས་བྱ་བ་ནི། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་བོ། །དེ་ཉིད། དེ་ནས་ཕྲེང་གཅིག་ན། འཇིག་རྟེན་གྱི་ཞེས་བྱ་བ་ནི། འཕགས་པའི་གང་ཟག་ཏུ་གྱུར་ཏེ། ཉན་ཐོས་ཉིད་ཐོབ་པར་གྱུར་ནས། ཕྱིས་སངས་རྒྱས་སུ་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ །དེའི་འོག་གི །དེ་ནས་ཕྲེང་གཉིས་ན། ཐོབ་པར་འགྱུར་ཞེས་བྱ་བ་ནི། འཁོར་བར་སྐྱེས་ནས་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་ནུས་སོ་སྙམ་དུ་དགོངས་པའོ། །བསྒྲུབ་བོ། །ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ནི་འདིར་སྐྱེ་བ་བརྒྱད་པ་མི་བསྐྱེད་དོ། །ལན་ཅིག་ཕྱིར་འོང་བ་ནི་འདིར་སྐྱེ་བ་གཅིག་ཁོ་ན་ལེན་ཏོ། །ཕྱིར་མི་འོང་བ་ནི་འདིར་སྲིད་པའི་གཅིག་ཀྱང་མི་ལེན་ཏོ། །དགྲ་བཅོམ་པ་ཡང་སྲིད་པ་མི་ལེན་ཏེ། དེ་ལྟར་སྐྱེ་བ་ལ་འགག་པའོ། །ལགས་སོ། །དེ་ནས་ཕྲེང་གཅིག་ན་འདོགས་སོ། །ཞེས་བྱ་བ་ལ་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ཞེས་བྱ་བ་དེ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་བྱའོ། །སྐྱེ་བ་ནི། རྣམ་པ་གསུམ་པ་ལ་ནི་དཔྱད་པ་མེད་དོ། །དེ་དག་ལ་ནི་སྐྱེ་བ་རྣམ་པ་གསུམ་ཡོད་དེ། བསམ་པ་ཁྱབ་པའི་སྐྱེ་བ་དང༌། སྤྲུལ་པའི་སྐྱེ་བ་དང༌། སྨོན་ལམ་གྱི་སྐྱེ་བའོ། །ཞེས་སོགས་རྒྱས་པ་གསུངས་ཏེ། དེ་ལྟར་ལེའུ་འདིའི་མཚན་རྣམས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དབྱིག་གཉེན་གྱིས་འགྲེལ་པ་བྲིས་སོ། །དེ་སྐད་དེ། དེ་ནས་ཕྲེང་དགུ་ན། ལགས་སོ། །ཁྲི་བརྒྱད་སྟོང་པ་ལས། བྱང་ཆུབ་སེམས་དཔའ་བསླབ་པ་ལ་རབ་ཏུ་དབྱེ་བའི་ལེའུ་སྟེ། བརྒྱད་ཅུ་རྩ་གསུམ་པའོ།། །།བམ་པོ་ལྔ་བཅུ་རྩ་བརྒྱད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཞེས་པ་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །འགྲོ་དོན་མངོན་ཞུགས་དེས་པའི་ཤེས་རབ་ཕ་རོལ་ཕྱིན། །དེ་ནས་ཤོག་གུ་ཕྱེད་དང་གཉིས་ན། ལམ་འདི་སེམས་ཅན་ཀུན་ཀྱིས་ཐོབ་པར་བྱ་ཕྱིར་བཤད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། སྡུད་པའི་ཚིགས་སུ་བཅད་པའི་ལེའུ་ཞེས་བྱ་སྟེ། བརྒྱད་ཅུ་རྩ་བཞི་པའོ།། །།བམ་པོ་ལྔ་བཅུ་རྩ་དགུ་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནས་ཤོག་གུ་ཕྱེད་དགུ་ཙམ་ན། ཐོབ་པར་འགྱུར་རོ། །སྐབས་འདིར། ཁ་ཅིག་ཏུ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ་པའི་ལེའུ་ཞེས་བྱ་སྟེ། བརྒྱད་ཅུ་རྩ་ལྔ་པའོ།། །།ཞེས་འབྱུང་བ་ཐོབ་མི་ཐོབ་དཔྱོད། དེ་ནས། དེ་བཞིན་གཤེགས་པ། དེ་ནས་ཤོག་གུ་དྲུག་ཅུང་མེད་ན། བགྱིའོ། །བམ་པོ་དྲུག་ཅུ་པ་སྟེ། ཐ་མ། དེ་ནས་བུ་མོ། དེ་ནས་ཤོག་གུ་བཅུ་གསུམ་ན། ཁྲི་བརྒྱད་སྟོང་པ་ལས། ཆོས་འཕགས་ཀྱི་ལེའུ་ཞེས་བྱ་སྟེ། བརྒྱད་ཅུ་རྩ་དྲུག་པའོ།། །།རབ་འབྱོར། དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ན། སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་དྲུང་ན་སྤྱོད་པ་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དང༌། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང༌། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དང༌། ཚེ་དང་ལྡན་པ་འོད་སྲུང་དང༌། ཚེ་དང་ལྡན་པ་བྱམས་པའི་བུ་གང་པོ་དང༌། ཚེ་དང་ལྡན་པ་ཀ་ཏྱ་ཡ་ན་ཆེན་པོ་དང༌། ཚེ་དང་ལྡན་པ་མ་འགགས་པ་དང༌། ཚེ་དང་ལྡན་པ་ནམ་གྲུབ་དང༌། ཚེ་དང་ལྡན་པ་སྒྲ་གཅན་འཛིན་དང༌། ཚེ་དང་ལྡན་པ་གང་པོ་དང༌། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ཆོས་སྐུའི་སྐབས་ཏེ་བརྒྱད་པའོ།། །། next