Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཁྲི་ལེ་མང་དང་ལེ་བརྒྱད་པའི་མི་འདྲ་བའི་ཁྱད་པར་ཆེ་ལོང་སོ་དྲུག་གོ །
   
   
   
   


 
previousཉི་ཁྲི་ལེ་མང་དང་ལེ་བརྒྱད་པའི་མི་འདྲ་བའི་ཁྱད་པར་ཆེ་ལོང་སོ་དྲུག་གོ ། next

ཉི་ཁྲི་ལེ་མང་དང་ལེ་བརྒྱད་པའི་མི་འདྲ་བའི་ཁྱད་པར་ཆེ་ལོང་སོ་དྲུག་གོ །

ལེ་མང་དང་ལེ་བརྒྱད་མ་གཉིས་ལ་མི་འདྲ་བའི་ཁྱད་པར་གཙོ་ཆེ་བ་རྣམས་ཕྱོགས་གཅིག་ཏུ་བཀོད་པ་འདི་ལྟ་སྟེ། ལེ་མང་ན་ཡོད་པ། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བ་སྟེ་རང་འགྲེལ་གྱི་ལེའུ་དང༌། རྟག་ཏུ་ངུའི་ལེའུ་དང༌། ཆོས་འཕགས་ཀྱི་ལེའུ་དང༌། ཡོངས་སུ་གཏད་པའི་ལེའུ་རྣམས་ལེ་བརྒྱད་མར་མ་བྱུང༌། སེམས་བསྐྱེད་རྒྱས་པར་བརྗོད་པའི་མདོའི་དུམ་བུ་དྲུག་པའི་རྗེས་ལ། ཤོག་གུ་ཕྱེད་ལྷག་ཙམ་དང༌། བཅུ་བདུན་པའི་སྐབས་སུ། ཕྲེང་དྲུག་ཙམ། ལེ་བརྒྱད་མར་ལྷག་ཅིང༌། ཞེ་གསུམ་པའི་སྐབས་སུ་ཡང༌། ཤོག་གུ་ཕྱེད་དང་གཉིས་ལྷག་ཙམ། ལེ་བརྒྱད་མར་ལྷག་གོ །དགེ་འདུན་དཀོན་མཆོག་གི་སྐབས་སུ་ཡང་གོ་རིམ་འཁྲུགས་པ་དང༌། ཆད་ལྷག་མང་བས་མི་མཐུན་པ་ཤིན་ཏུ་མང་སྟེ། ལེ་མང་དང་ལེ་བརྒྱད་མ་གཉིས་ཀྱི་ཁྱད་པར་གཏན་ལ་དབབ་པ་ལས། ཞིབ་པ་རྣམས་གསལ་བར་སྟོན་ཏོ། །སྲིད་རྩེའི་མཐར་ཐུག་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་དང༌། འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། བསེ་རུ་ལྟ་བུ་རྣམས་ཀྱི་མདོ་ལེ་བརྒྱད་མར་བྱུང་ལ། རྒྱས་འབྲིང་བསྡུས་པ་སོགས་ཤེར་ཕྱིན་གྱི་མདོ་གཞན་གང་ན་ཡང་མི་སྣང་ངོ༌། །ལེ་མང་གི་ལེའུ་གསུམ་པའི་སྐབས་སུ། ཕྲེང་ཕྱེད་དང་བཞི། ལེ་བརྒྱད་མར་ལྷག་གོ །ལེའུ་དྲུག་པའི་སྐབས་སུ། ཕྲེང་གསུམ་ལྷག་ཙམ་དང༌། ལེའུ་བདུན་པའི་སྐབས་སུ། ཕྲེང་ཕྱེད་དང་ལྔ་ལྷག་ཙམ་དང༌། ལེ་བརྒྱད་མར་ལྷག་ཅིང༌། ལེའུ་བརྒྱད་པའི་སྐབས་སུ། ཕྲེང་གསུམ་ཙམ་ཆད་དོ། །ལེའུ་བཅུ་གཅིག་པའི་སྐབས་སུ། ཕྲེང་བཞི། ལེ་བརྒྱད་མར་ལྷག་ཅིང༌། དེའི་རྗེས་ལ་ཕྲེང་བཅུ་ལྷག་ཆད་དེ། དེ་ལ་ཤོག་གུ་ཕྱེད་དང་ཕྲེང་གསུམ་ལྷག་ཙམ་མོ། །དེའི་རྗེས་ལ་ཡང༌། ཤོག་གུ་གཅིག་དང་ཕྲེང་གསུམ་ཅུང་མེད་ཙམ། ལེ་བརྒྱད་མར་ཆད་དོ། །དེ་རྣམས་ལེའུ་བཅུ་གཅིག་པའོ། །ལེའུ་བཅུ་བཞི་པའི་སྐབས་སུ། ཕྲེང་ཕྱེད་དང་ལྔ་དང༌། ལེའུ་བཅུ་དྲུག་པའི་སྐབས་སུ། ཤོག་གུ་གཅིག་ཏུ་ཕྲེང་གསུམ་ཅུང་མེད་ཀྱིས་མ་ལོངས་པ་དང༌། ལེའུ་ཉེར་གཉིས་པར། ཕྲེང་གསུམ་དང༌། ལེའུ་ཉེར་གསུམ་པར། ཕྲེང་དྲུག་ལྷག་ཙམ་དང༌། དེའི་རྗེས་ལ་ཡང་ཕྲེང་ལྔ་ཙམ་ལེ་བརྒྱད་མར་ལྷག་གོ །ལེའུ་བཅུ་བཞི་པ། ནས། ཉེར་གསུམ་པ་ཡར་བཅད་ལའོ། །ལེའུ་ཉེར་བདུན་པའི་སྐབས་སུ། གཟུགས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། ཞེས་པ་ནས། རྣམ་མཁྱེན་གྱི་བར་དུ་རང་བཞིན་གྱིས་འོད་གསལ་བའི་ཕྱྀར། ཞེས་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ཆར་ན་ཡོད་ཀྱང༌། ལེ་བརྒྱད་མར། རང་བཞིན་གྱིས་འོད་གསལ་བའི་ཕྱིར། ཞེས་པ་ཐམས་ཅད་མི་སྣང་ངོ༌། །ལེའུ་ཉེར་བརྒྱད་པའི་སྐབས་སུ། རློམ་སེམས་འགོག་པའི་འགྲེས་གཅིག་ལ། མདོའི་དུམ་བུ་ཉེར་བཞི། ལེའུ་བརྒྱད་མར་ལྷག་གོ །ལེའུ་ཉེར་དགུ་པའི་སྐབས་སུ། ཕྲེང་ཕྱེད་དང་བཞི། ལེའུ་སོ་གཉིས་པའི་སྐབས་སུ། ཕྲེང་གསུམ་ལྷག་ཙམ་དང༌། ལེའུ་བརྒྱད་པའི་སྐབས་སུ། ཕྲེང་ཕྱེད་དང་ལྔ་རྣམས། ལེའུ་བརྒྱད་མར་ལྷག་གོ །ལེའུ་སོ་བརྒྱད་པ་ཡར་བཅད་ལའོ། །ལེའུ་ཞེ་བརྒྱད་པ་དང༌། ང་གསུམ་པའི་ཕྱེད་ཙམ་གྱི་བར་ལ། ལེའུ་བརྒྱད་མར། ལན་གཉིས་སུ་གོ་རིམ་འཁྲུགས་སོ། །ལེའུ་ང་གསུམ་པའི་སྐབས་སུ། ལེ་བརྒྱད་མར། མཁྱེན་གསུམ་སྟོན་པའི་མདོ་རྣམས་གོ་རིམ་འཁྲུགས་སྣང་ངོ༌། །ལེའུ་རེ་གཉིས་པའི་མགོར། ཤོག་གུ་གཅིག་ཏུ་ཕྲེང་གཉིས་ཅུང་མེད་ཀྱིས་མ་ལོངས། ལེ་བརྒྱད་མར་ལྷག་གོ །དེ་རྣམས་ཀྱིས། ལེ་མང་དང༌། ལེ་བརྒྱད་མ་གཉིས་ཀྱི་མི་མཐུན་པའི་ཁྱད་པར་གཙོ་ཆེ་སྟེ། རགས་པ་རྣམས་བསྟན་ཏོ། །ཞི་བ་དང་བཅས་པ་ནི། ལེ་མང་དང༌། ལེ་བརྒྱད་མའི་ཁྱད་པར་གཏན་ལ་དབབ་པ་ཞེས་བྱ་བའི་བསྟན་བཅོས་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལས་ཀྱང༌། ཤིན་ཏུ་ཞིབ་པ་དོན་དུ་གཉེར་ན། དེ་དག་གཉིས་ཆར་བསྒྲིགས་ཏེ་ཞིབ་ཏུ་གཟིགས་པར་ཞུ།། །།[མ་དཔེ་ནི་འཛམ་ཐང་པར་མ་ཡིན།]


previousཉི་ཁྲི་ལེ་མང་དང་ལེ་བརྒྱད་པའི་མི་འདྲ་བའི་ཁྱད་པར་ཆེ་ལོང་སོ་དྲུག་གོ ། next