Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འབུམ་དུས་འཁོར་རྫོགས་ལྡན་ལུགས་སུ་འཆད་སྐབས་ཀྱི་རྣམ་ཐར་བཞུགས་སོ། །
   


 
previousའབུམ་དུས་འཁོར་རྫོགས་ལྡན་ལུགས་སུ་འཆད་སྐབས་ཀྱི་རྣམ་ཐར་བཞུགས་སོ། ། next

འབུམ་དུས་འཁོར་རྫོགས་ལྡན་ལུགས་སུ་འཆད་སྐབས་ཀྱི་རྣམ་ཐར་བཞུགས་སོ། །

དཔལ་ལྡན་བླ་མ་དམ་པ་དང༌། དཔལ་ཡོངས་གྲུབ་ཐམས་ཅད་ལ་ཕྱག་འཚལ་ཞིང་བསྟོད་དེ་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ།ལུག་གི་ལོ་ནག་པ་ཟླ་བའི་ཚེས་གསུམ་ནས། དབུ་མ་བཙུགས་ཏེ། སྣྲོན་གྱི་ཟླ་བའི་ཚེས་བརྒྱད་ཡར་བཅད་ལ། འབུམ་དུས་འཁོར་མ་རྫོགས་ལྡན་གྱི་ལུགས་སུ་བཤད་ལ། གསན་པ་པོ་ནི། བླ་མ་ཀུན་སྤངས་ཆེན་པོ་ཆོས་གྲགས་དཔལ་བཟང་པོ་པ། བླ་མ་ཤར་བ་རིན་ཆེན་རྒྱལ་མཚན། བླ་མ་ལོཙྪ་བ་བློ་གྲོས་རྒྱལ་མཚན། བླ་མ་མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་བ། མཁན་པོ་གནས་དྲུག་པ་དགེ་འདུན་དཔལ་པ། བླ་མ་རྒྱལ་མཚན་འབྱུང་གནས་པ། བླ་མ་ཤངས་པ་དུས་འཁོར་བ་རྡོ་རྗེ་སྙིང་པོ། མཁན་པོ་འོད་གསལ་ཆུང་བ་ལྷ་དབང་བློ་གྲོས་པ། སྣར་ཐང་པ་སློབ་དཔོན་ཆེན་པོ་ངག་དབང༌། ཨེ་པ་བའི་སློབ་དཔོན་ཆེན་པོ་ནམ་མཁའ་ལེགས་པ། སྤྱི་བོ་ལྷས་པ་སློབ་དཔོན་ཆེན་པོ་མགོན་པོ་གྲུབ་པ། སློབ་དཔོན་ཆེན་པོ་བསྟན་པའི་ཤེས་རབ་པ། ནགས་ཕུག་པའི་སློབ་དཔོན་ཆེན་པོ་རྒྱལ་སེང་བ། དོན་མོ་རི་བའི་སློབ་དཔོན་ཆེན་པོ་ནམ་མཁའ་དཔལ་བ། དངུལ་ཆུ་པའི་བླ་མ་ཉི་གཞོན་པ། བླ་མ་ཆོས་དབྱིངས་པ་བློ་གྲོས་རིན་ཆེན་པ། བླ་མ་ཟུར་ཁ་བ་ཡེ་ཤེས་རྒྱལ་མཚན་པ། བླ་ལུང་དགོན་སར་པའི་བླ་མ་དགེ་འདུན་དཔལ་བ། གསལ་ཨེ་ཝཾ་བླ་མ་ཆོས་བཟང་པ། འབུམ་པའི་བླ་མ་བསོད་ནམས་དཔལ་བ། ཤངས་འབར་ར་བའི་བླ་མ་རྒྱལ་མཚན་དཔལ་བ། སིང་སིང་གྲལ་གྲལ་བའི་བླ་མ་རྒྱ་མཚོ། དཔལ་རི་པའི་བླ་མ་རྒྱལ་རིན་པ། འཇད་དགའ་ལྡན་པའི་བླ་མ་སེང་གེ་དཔལ་བ། དཔོན་ཚང་བའི་བླ་མ་དགེ་འདུན་རྒྱལ་མཚན་པ། སྒོ་ཕུབ་པའི་མཁན་པོ་རྒྱལ་མཚན་འབུམ་པ། མཁའ་སྤྱོད་པའི་བླ་མ་བརྩོན་སེང་བ། བྲག་དཀར་བའི་བླ་མ་སྟོན་མཆོག་པ། དཔོན་ཚང་བའི་བློ་བཟང་བ། བཟང་ལྡན་པ་སློབ་དཔོན་མགོན་པོ་འབུམ་པ་དང༌། སློབ་དཔོན་སངས་རྒྱས་བཟང་པོ་པ། སློབ་དཔོན་ལོཙྪ་བ་བསོད་ནམས་བཟང་པོ། སློབ་དཔོན་དཔལ་བཟང་པ། རི་ཕུག་པ་སློབ་དཔོན་བཤེས་གཉེན་པ་དང༌། སློབ་དཔོན་བློ་གྲོས་དཔལ། འཛིམ་བྲག་པོ་ཆེའི་བླ་མ་ཀུན་དགའ་དཔལ་བ། ཁ་ཆུ་སྤང་ལུང་བའི་བླ་མ་ཆོས་ཉིད་རྒྱལ་མཚན་པ། གཞན་ཡང་ངམ་རིང་པ་སློབ་དཔོན་བྱང་ཆུབ་སེང་གེ །གཉེར་གནས་འབུམ་སྐབས་ཀྱི་དབོན་པོ་སློབ་དཔོན་ནམ་མཁའ་རྒྱལ་མཚན། སློབ་དཔོན་ཉའི་དབོན་པོ་ཀུན་དགའ་དཔལ། སློབ་དཔོན་ཁམས་པ་རིན་ཆེན་མཆོག །གསང་ཕུ་ནེའུ་ཐོག་པའི་སློབ་དཔོན་བློ་གྲོས་རྒྱལ་མཚན། ལྡོང་དཀར་བ་སློབ་དཔོན་བསོད་ནམས་བཟང་པོ། ཁམས་པ་སློབ་དཔོན་བསམ་གཏན་དཔལ། སློབ་དཔོན་ངག་དབང་གྲགས་པ། སློབ་དཔོན་འཇམ་དབྱངས། སློབ་དཔོན་སངས་རྒྱས་བཟང་པོ། དབུས་པ་སློབ་དཔོན་བསམ་གཞོན། སྣང་ཐང་པ་སློབ་དཔོན་ཤེས་རབ་དཔལ། སློབ་དཔོན་རི་བྱང༌། སློབ་དཔོན་སེང་གེ་རྒྱལ་མཚན། སློབ་དཔོན་གྲགས་པ་དཔལ། སློབ་དཔོན་གཞོན་ནུ་རྒྱལ་མཚན། སློབ་དཔོན་ཚུལ་རྒྱལ། སློབ་དཔོན་དགེ་ལེགས་བཤེས་གཉེན། སློབ་དཔོན་གྲགས་པ་རྒྱལ་མཚན། སློབ་དཔོན་ཀུན་དགའ་སེང་གེ །སློབ་དཔོན་གྲགས་པ་རྒྱ་མཚོ། སློབ་དཔོན་མཆོག་ལྡན། བདེ་ཆེན་པ་སློབ་དཔོན་ཞང་རྒྱལ་མཚན་དཔལ། སློབ་དཔོན་རྡོ་རྗེ་སྐྱབས། སློབ་དཔོན་ཆོས་རིན། སྤྱི་པོ་ལྷས་པ་སློབ་དཔོན་ཤེ །སློབ་དཔོན་ནམ་མཁའ་རྒྱལ་མཚན། སློབ་དཔོན་སངས་རྒྱས་རྒྱལ་མཚན། བླ་ལུང་ཟེར་ཁ་བའི་དབོན་པོ་སློབ་དཔོན་དཔལ་ལྡན་བཟང་པོ། ད་ཕྱར་གླང་མ་ལུང་པ་སློབ་དཔོན་སངས་རྒྱས་གྲགས་དང༌། དགེ་སློང་བློ་གྲོས་བཟང་པོ། སློབ་དཔོན་བསོད་ནམས་དཔལ་ལྡན། སློབ་དཔོན་བསོད་རྒྱལ། ཤངས་པ་བླ་མ་རྡོ་རྗེ་པའི་དབོན་པོ་སློབ་དཔོན་བྱམས་པ། བླ་མ་གང་བ་ཤེས་རབ་བཟང་པོ། བླ་མ་རིན་ཆེན་དཔལ་བཟང་པོ། གྱ་པ་རིག་ཚང་བ་བླ་མ་བདེ་ལེགས་རྒྱལ་མཚན། ཞལ་ལུང་པ་སློབ་དཔོན་འཕགས་པ་ནམ་ཚུལ། མཚུར་ཕུ་བ་དཀའ་བཞི་པ་སེང་གེ་རྒྱལ་མཚན། གཙང་སོ་བྲག་ནག་པ་སྟོན་པ་བསམ་འགྲུབ་དཔལ། ངམ་རིང་པ་བསྟན་པ་ཆོས་སྐྱོང་དཔལ་དང༌། སྟོན་པ་ཆོས་བཟང༌། \ོ་བོའི་སྣ་ཚ་བ་སློབ་དཔོན་དབང་ཕྱུག་དཔལ་ལྡན། གུང་མཁན་པའི་དབོན་པོ་གཞོན་ནུ་ཚུལ་ཁྲིམས། གུང་ཐང་པ་གནས་པོ་ཆེ་བ་སློབ་དཔོན་བསོད་རྒྱལ། མུ་ཉག་རིང་མོ་སློབ་དཔོན་ཤེས་རབ་རྒྱལ་མཚན། སྟག་ལུང་པ་སློབ་དཔོན་ཞང་བཙུན་རིན་རྒྱལ། སྟོད་ལུང་པ་སློབ་དཔོན་སྡེ་སྣོད་གསུམ་པ་ཤེས་རབ་རིན་ཆེན། གནམ་འདབ་བརྒྱད་པའི་དབོན་པོ་དགེ་བཤེས་བསོད་ཤེ །རྒྱལ་བ་དགེ་བཤེས་གཉལ་ཞིག་ཚུལ་ཆེན་པ། གཟི་བསོད་ནམས་སེང་གེ །ཁམས་པ་དགེ་བཤེས་བདེར་གཤེགས། དཔལ་ཅོ་ནེ་པ། བླ་མ་མཚོ་སྐྱེས་རྡོ་རྗེ་པ། བླ་མ་དཔལ་ལྡན་བཟང་པོ་པ། བླ་མ་ནམ་མཁའ་བཀྲ་ཤིས་པ། སློབ་དཔོན་དཔལ་རྒྱལ། སློབ་དཔོན་བཅོམ་ལྡན། སློབ་དཔོན་ཤག་རྡོ་རྗེ། སློབ་དཔོན་མཁའ་སྤྱོད་པ་སངས་རྒྱས་བཟང་པོ། སློབ་དཔོན་སངས་རྒྱས་དཔལ་ལུ། སློབ་དཔོན་ཀུན་རིན། ཉེ་གནས་སྟོན་ཤེ །སློབ་དཔོན་སྨོན་ལམ་དཔལ། སློབ་དཔལ་ཀུན་དགའ་ཆོས་ལྡན། སློབ་དཔོན་སངས་རྒྱས་གྲུབ། སློབ་དཔོན་སངས་རྒྱས་མགོན་པོ། སློབ་དཔོན་རྒྱལ་མཚན་དཔལ། སློབ་དཔོན་སེང་གེ་འབུམ། སློབ་དཔོན་སེང་གེ་གྲུབ། རི་པ་དགེ་སློང་ཀུན་ཏུ་བཟང་པོ། སློབ་དཔོན་རིན་རྒྱལ། ཅོག་བུ་པ་དགེ་སློང་ཐར་པ་བཟང་པོ། སྒྲུབ་པ་པོ་ཐར་པ་དཔལ། དཀའ་བཞི་པ་སློབ་དཔོན་རིན་རྒྱལ། སློབ་དཔོན་ནམ་མཁའ་དཔལ། ཕར་ཚད་པ་སློབ་དཔོན་བློ་ལྡན། སྟོན་པ་ཐོགས་མེད་དཔལ། སྟོན་པ་དཔལ་ལྡན་བཟང་པོ། དགེ་སློང་ཤཱཀྱ་དཔལ། སློབ་དཔོན་དཔལ་འཛིན། འཁྲུལ་འཁོར་བ་སངས་རྒྱས་རྒྱ་མཚོ། དགེ་སློང་བློ་བཟང་གྲགས་པ། དགེ་སློང་ཆོས་ལྡན་དཔལ། དགེ་བཤེས་གཞོན་ནུ་གྲགས་པ། དགེ་སློང་དཀོན་མཆོག་འབུམ། མདོག་ལྷོ་བ་དབོན་པོ་དགེ་སློང་བློ་གྲོས་བཟང་པོ་པ། དགེ་སློང་ཀུན་དགའ་འབུམ། དགེ་སློང་བཟང་པོ་དཔལ་བ་སྟེ་སྐུ་མཆེད་གསུམ། དགེ་སློང་བསོད་ནམས་རྒྱལ་མཚན། དབོན་པོ་རྒྱལ་པོ་དཔལ། སློབ་དཔོན་ཤཱཀ་སེང༌། དགེ་སློང་ཡོན་ཏན་དཔལ། སློབ་དཔོན་དགེ་འབྱོར། དགེ་སློང་སྨོན་ལམ། དཀོན་མཆོག་བཟང་པོ། སྟོན་པ་ཚུལ་ཤེ །སྒོམ་ཆེན་ནམ་རིན། སློབ་དཔོན་ཆོས་དཔལ། ཡེ་ཤེས་མགོན། དགེ་སློང་རྡོ་རྗེ་དཔལ། དགེ་སློང་གྲུབ་བཟང༌། མར་ཡུལ་པ་ཤེས་རབ་རྒྱལ་མཚན་དང༌། སངས་རྒྱས་རྒྱལ་མཚན། པེ་རིབ་པ་དངོས་གྲུབ་བཀྲ་ཤིས། དྭགས་པོ་པ་སློབ་དཔོན་དཔལ་འཛིན། དགེ་སློང་སངས་རྒྱས་དཔལ། སློབ་དཔོན་སངས་རྒྱས་སྐྱོང༌། དགེ་སློང་དཀོན་མཆོག་དར། འགར་སྒོམ་སངས་རྒྱས་འབུམ། སྒོམ་ཆེན་གྲགས་པ་དཔལ་དང༌། གྲགས་པ་བཟང་པོ། སྒོམ་ཆེན་རྒྱལ་མཚན་བཟང་པོ། དགེ་སློང་བྱང་ཆུབ་རྒྱལ་མཚན། དགེ་སློང་བསོད་རྒྱལ། ལ་སྟོད་པ་དབོན་པོ་ཚུལ་རྒྱལ་དང༌། དབོན་པོ་དབང་ཕྱུག་དཔལ་ལྡན། དཔོན་ལྷ་རྗེ་རིན་ཆེན་རྒྱལ། ལྷ་རྗེ་དགེ་སློང་ཀུན་དགའ་གྲགས། དགེ་སློང་དཀོན་མཆོག་བཟང༌། ལྷ་རྗེ་ཆོས་དཔལ། དགེ་སློང་ཤེས་རབ་དར། དིང་རི་བ་སངས་རྒྱས་འབུམ། དགེ་སློང་སེང་རིན། གྱ་ལུང་པ་སློབ་དཔོན་རིན་རྒྱལ། དགེ་སློང་རིན་དར། དགེ་བཤེས་སེང་ཡེ། སློབ་དཔོན་བློ་གྲོས་མཚུངས་མེད། དགེ་སློང་འཇམ་དཔལ་འབུམ། སྟོན་པ་ཡོན་ཏན་བཟང་པོ། སྟོན་པ་ཤེས་རབ་བཟང་པོ། བྱང་ཆུབ་བཟང་པོ། བསོད་ནམས་འོད་ཟེར། སྨོན་ལམ་ལེགས་པ་བྱང་ཆུབ་རྒྱལ་མཚན། བསོད་ནམས་རྒྱལ་མཚན། སྟོན་པ་ཟླ་བ། བཙོ་ཐབ་པ་དཔོན་གྲགས། སྨོན་གྲོ་རྗེ་ཁ་བ། དབོན་སྟོན་པ་དཔལ་བཟང་པོ་རིན་ཆེན། ཉང་སྟོད་པ་བསམ་སྡིངས་པ་དབོན་དོན་གྲུབ་བཟང་པོ། སྒྲུབ་པ་པོ་རིན་ཆེན་རྒྱ་མཚོ། བདེ་ཆེན་ཤེས་རབ་རྡོ་རྗེ། བླ་མ་བཞི་པ། ཤེས་རབ་དཔལ། ཁམས་པ་སྦྱིན་བཟང༌། བར་འབྲོག་རྡོ་རྗེ་གླིང་པ། ཚུལ་ཁྲིམས་དཔལ་ལ་སོགས་པ་དང༌། གཞན་ཡང་སྒྲུབ་པ་པོ་བཟང་པོ་དང༌། སྒྲུབ་པ་པོ་ཕྱེད་དང་སུམ་བརྒྱ་ཙམ་དང༌། གཞན་ཡང་ཕྱོགས་ཕྱོགས་ནས་བྱོན་པ་ནར་མར་གསན་པ་དང༌། གློ་བུར་དུ་ལྷགས་པ་རྣམས་དང་བཅས་པ་སྟེ།དེ་རྣམས་ལ་ཕྱི་རོལ་བཤད་ལུགས་ནི། བསྟན་རྩིས་ཆེན་པོ་བཀའ་བསྡུ་བཞི་པ་དང༌། རྒྱལ་བའི་རང་འགྲེལ་རྣམས་དང༌། གསང་སྔགས་ཟབ་མོའི་གནམ་འཕང་མཐོན་པོ་བཅད་ནས་བཤད་པ་ནི། ཤིང་རྟ་ཆེན་པོ་དབུ་མ་པ་སློབ་དཔོན་དབྱིག་གཉེན་ལ་སོགས་པ་རྣམས་དང་འཆད་ཚུལ་གཅིག་ཏུ་སྣང་བས། དབུ་མ་པ་ཆེན་པོ་དེ་དག་གི་འཆད་ཚུལ་བཞིན་དུ་སྐྱོན་མེད་ཡོན་ཏན་ཚང་བ་རྫོགས་ལྡན་གྱི་ལུགས་སུ་བཤད་ཅིང༌། བཀའ་འཁོར་ལོ་གསུམ་དང༌། རང་བཞིན་གསུམ་དང༌། ཕྱི་ནང་གཞན་གསུམ་དང༌། ཐེག་པ་གསུམ་དང༌། བདག་ཉིད་གསུམ་ལ་སོགས་པ་གསུམ་ཚན་མང་པོར་ཡང་ཕྱེ། ཀུན་རྫོབ་དོན་དམ་དང༌། ཆོས་ཆོས་ཉིད། མཐའ་དང༌། དབུས་དང༌། ཀུན་བཏགས་ཡོངས་གྲུབ་དང༌། རྣམ་ཤེས་ཡེ་ཤེས་དང༌། མཉམ་གཞག་རྗེས་ཐོབ་དང༌། ལ་ཟློ་ཤན་འབྱེད་དང༌། རྒྱུ་ཐེག་འབྲས་ཐེག་དང༌། བསྐྱེད་འབྲས་བྲལ་འབྲས་དང༌། སྐྱེད་བྱེད་བྲལ་བྱེད་དང༌། རང་བྱུང་གཞན་བྱུང་དང༌། རང་དོན་གཞན་དོན་དང༌། ཐུན་མོང་དང༌། ཐུན་མོང་མ་ཡིན་པ་དང༌། བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་དང༌། བསྐྱེད་རིམ་དང༌། རྫོགས་རིམ་དང༌། རྟོག་གེ་ཅན་གྱི་སྤྱོད་ཡུལ་དང༌། རྣམ་ཤེས་ཅན་གྱི་སྤྱོད་ཡུལ་དང༌། རྟོག་བཅས་རྟོག་མེད། སྤྲོས་བཅས་སྤྲོས་མེད། དམིགས་བཅས་དམིགས་མེད། མཚན་བཅས་མཚན་མེད་ལ་སོགས་པ་དང༌། བླ་ན་ཡོད་མེད། སྐབས་ཡོད་མེད། དྲང་དོན། ངེས་དོན། རྩོད་པའི་གཞིའི་གནས་སུ་གྱུར་མ་གྱུར་ལ་སོགས་པ་གཉིས་ཚན་མང་པོར་ཡང་ཕྱེ། ཀུན་གཞིའི་རབ་ཏུ་དབྱེ་བ་ཁྱད་འཕགས། སྟོང་ཉིད་ཀྱི་རབ་ཏུ་དབྱེ་བ་ཁྱད་འཕགས། རང་རིག་རང་གསལ་གྱི་དབྱེ་བ་ཁྱད་འཕགས། སྲིད་མི་སྲིད་དབྱེ་བ་ཁྱད་འཕགས། སྙིང་རྗེའི་རབ་ཏུ་དབྱེ་བ་ཁྱད་འཕགས་ལ་སོགས་པ་རབ་དབྱེ་མང་པོར་ཡང་ཕྱེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་འགྲེས་རྐང་བརྒྱ་རྩ་བརྒྱད། གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་འགྲེས་རྐང་བརྒྱ་ཉི་ཤུ་རྩ་བདུན་དང༌། བརྒྱ་ཉི་ཤུ་རྩ་བརྒྱད་ལ་སོགས་པར་ཡང་ཕྱེ། རྒྱས་པར་དབྱེ་ན་འགྲེས་རྐང་འགྲཻས་རྐང་དེ་དག་རེ་རེ་ཡང་ངོ་བོ་ཉིད་ཀྱི་གསུམ་གྱི་སྒོ་ནས་གསུམ་འགྱུར་དུ་ཡང་ཕྱེ། སེམས་འགྲེལ་སྐོར་གསུམ་ལ་སོགས་པ་དང༌། དཔལ་མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་རྒྱུད་ཟབ་མང་པོར་གསུངས་པའི་འཁོར་འདས་དབྱེར་མེད། བདེན་གཉིས་དབྱེར་མེད། བདེན་བཞི་དབྱེར་མེད་ལ་སོགས་པ་དབྱེར་མེད་ཀྱི་སྡེ་ཚན་མང་པོ་དང༌། སེམས་རིགས་དང་འདུས་བྱས་མ་བྱས་གཉིས་དང༌། ཀུན་གཞི་ལ་ཡེ་ཤེས་རྣམ་ཤེས་གཉིས་དང༌། སྲིད་མི་སྲིད་གཉིས་དང༌། རྟག་མི་རྟག་གཉིས་དང༌། བཅོས་མ་རང་བཞིན་གཉིས་དང༌། གློ་བུར་གཉུག་མ་གཉིས་དང༌། རང་བཞིན་གྱི་རིགས་ལ་དབྱེ་བསྡུས་མང་པོ་དང༌། ལྷན་སྐྱེས་ལ་རང་བཞིན་དང་ཞུ་བདེ་གཉིས་དང༌། ཆོས་ཉིད་དུ་མ་རོ་གཅིག་ལ་བཤད་ལུགས་གཉིས་དང༌། འགྱུར་མེད་ཡོངས་གྲུབ་ལ་དགུ་དང༌། བཅུ་གཉིས་ལ་སོགས་པར་དབྱེ་བ་དང༌། རབ་ཏུ་རྒྱས་པར་ཕྱེ་ན་གྲངས་མེད་པའི་བར་དུ་འགྱུར་ཚུལ་དང༌། ཤེར་ཕྱིན་ལ་གཞི་ལམ་འབྲས་གསུམ་དུ་དབྱེ་བ་དང༌། དེ་བཞིན་དུ དབུ་མ་པ་ཆེན་པོ། ཕྱག་རྒྱ་ཆེན་པོ། མྱ་འདས་ཆེན་པོ། འོད་གསལ་ཆེན་པོ། བྱང་ཆུབ་ཆེན་པོ་ལ་སོགས་པ་ཟབ་མོ་མཐར་ཐུག །ཐམས་ཅད་ལ་གཞི་ལམ་འབྲས་བུར་དབྱེ་བ་དང༌། ལམ་ལ་ལྟ་སྒོམ་སྤྱོད་པར་དབྱེ་བ་དང༌། འབྲས་བུ་ལ་བྲལ་འབྲས་དང༌། བསྐྱེད་འབྲས་སུ་དབྱེ་བ་དང༌། ཡོན་ཏན་ལ་བྲལ་བ་དང༌། བསྐྱེད་པའི་ཡོན་ཏན་དུ་དབྱེ་བ་དང༌། ཞིང་ཁམས་ལ་ཀུན་རྫོབ་དང༌། འདུས་བྱས་ཀྱི་ཞིང་ཁམས་དང༌། དོན་དམ་འདུས་མ་བྱས་ཀྱི་ཞིང་ཁམས་སུ་དབྱེ་བ་དང༌། གླིང་གཞི་ལ་ཀུན་རྫོབ་ཐུན་མོང་དང༌། དོན་དམ་ཐུན་མོང་མ་ཡིན་པའི་གླིང་གཞི་དབྱེ་བ་དང༌། ལྷ་དང༌། སྔགས་དང༌། རྒྱུད་དང༌། དཀྱིལ་འཁོར་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་རང་སངས་རྒྱས་དང༌། ལྷ་དང༌། ཀླུ་དང༌། ལྷ་མ་ཡིན་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང་མི་མ་ཡིན་ཐམས་ཅད་ལ་ཀུན་རྫོབ་དང༌། དོན་དམ་སྟེ་བདེན་པ་གཉིས་གཉིས་སུ་དབྱེ་བ་ལ་སོགས་པ་དང༌། བདེན་གཉིས་ལ་དབྱེར་ཡོད་མེད། བདེན་བཞི་ལ་དབྱེར་ཡོད་མེད། འཁོར་འདས་ལ་དབྱེར་ཡོད་མེད། ཁམས་གསུམ་ལ་དབྱེར་ཡོད་མེད། དུས་གསུམ་ལ་དབྱེར་ཡོད་མེད། ཐེག་གསུམ་ལ་དབྱེར་ཡོད་མེད། སྐྱབས་གསུམ་ལ་དབྱེར་ཡོད་མེད། མདོ་སྔགས་ན་གསུང་བའི་དོན་ལ་དབྱེར་ཡོད་མེད་ལ་སོགས་པའི་ཁྱད་པར་ལེགས་པར་གཏན་ལ་ཕབ་ནས། བཤད་པ་ལ་ཡོན་ཏན་གྱིས་བརྒྱན་ཅིང་སྐྱོན་གྱིས་མ་གོས་པར་བཤད་པའི་ཚུལ་ནི་འདི་ལྟ་སྟེ། འབུམ་དུས་འཁོར་ལྟར་བཤད་ཅིང་དུས་འཁོར་འབུམ་ལྟར་དུ་བཤད་ཀྱང༌། སྣོད་མིན་ལ་ཟབ་མོ་གསང་སྒྲོགས་བྱས་པའི་སྐྱོན་གྱིས་མ་གོས་པར་བཤད། མདོ་དང་སྔགས་ཟབ་མོ་རྣམས་ཀྱི་མཐར་ཐུག་གི་ངེས་དོན་གཅིག་ཏུ་བཤད་ཀྱང་མདོ་སྔགས་ཀྱི་མཐར་ཐུག་ཟབ་མོའི་དགོངས་པ་ཐ་དད་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། དབུ་མ་པ་ཆེན་པོ་དབྱིག་གཉེན་ཞབས་དང༌། ཕྱོགས་ཀྱི་གླང་པོ་ལ་སོགས་པ་ཤིང་རྟ་ཆེན་པོ་དེ་དག་གི་འཆད་ཚུལ་བཞིན་དུ་རང་བཞིན་གསུམ་དུ་ཕྱེ་ཞིང་གཉིས་སུ་བསྡུས་ནས་བཤད་ཀྱང་སློབ་དཔོན་ཆེན་པོ་དེ་དག་གི་རྒྱལ་བའི་ཡུམ་དངོས་སྨྲ་བའི་གཞུང་དུ་བཀྲལ་བ་དང༌། སེམས་ཙམ་དུ་བཤད་པར་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། འཕགས་པ་ཀླུ་སྒྲུབ་དང༌། ཐོགས་མེད་སྐུ་མཆེད་དང༌། ཕྱོགས་ཀྱི་གླང་པོ་ལ་སོགས་པའི་དགོངས་པ་མི་འགལ་ཞིང་མཐུན་པར་བསྒྲུབས་ནས་བཤད་ཀྱང༌། དབུ་མ་པ་དང༌། སེམས་ཙམ་བསྲེས་པའི་སྐྱོན་གྱིས་མ་གོས་པར་བཤད། འཕགས་པ་ཀླུ་སྒྲུབ་ཀྱིས་བསྟོད་པའི་ཚོགས་ཀྱིས་མེད་པའི་ཕྱོགས་བཤིག་ཅིང༌། རིགས་པའི་ཚོགས་ཀྱིས་ཡོད་པའི་ཕྱོགས་བཤིག་ནས་དབུ་མ་པ་གང་ཡིན་པ་དེ་ཕྱིན་ཅི་མ་ལོག་པ་བསྟན་པ་ལྟར། འཕགས་པ་ཐོགས་མེད་སྐུ་མཆེད་ཀྱིས་ཀུན་བཏགས་གཞན་དབང་གཤིས་ལས་བཀག་པས་ཡོད་པའི་ཕྱོགས་བཤིག་ཅིང༌། ཡོངས་གྲུབ་ཟབ་མོ་གཤིས་ལ་བསྒྲུབ་པས་མེད་པའི་ཕྱོགས་བཤིག་ནས། ཤེར་ཕྱིན་དབུ་མར་བཀྲལ་བ་བཞིན་དུ་བདག་གིས་བཤད་ཀྱང༌། འཕགས་པ་ཀླུ་སྒྲུབ་དང༌། ཐོགས་མེད་སྐུ་མཆེད་དགོངས་པ་འགལ་བར་འདོད་པ་དང༌། སེམས་ཙམ་གྱི་སྐྱོན་གྱིས་མ་གོས་པར་བཤད། ཡུམ་ནས་གསུངས་པའི་རྣམ་པར་དག་པའི་གཟུགས་སོགས་ཐམས་ཅད་རྒྱུད་སྡེ་ཟབ་མོ་ནས་གསུངས་པའི་ལྷ་ཚོགས་སུ་བཤད་ཀྱང༌། ཉ་དང་ཉུང་མ་བསྲེས་པ་བཞིན་དུ་སྲེར་མི་རུང་པ་རྣམས་བསྲེས་པའི་སྐྱོན་གྱིས་མ་གོས་པར་བཤད། རྒྱུད་སྡཻ་ཟབ་མོ་ནས་གསུངས་པའི་ལྷ་ཚོགས་ཐམས་ཅད་ཡུམ་ནས་གསུངས་པའི་རྣམ་པར་དག་པའི་གཟུགས་སོགས་སུ་བཤད་ཀྱང་བསྐྱེད་རིམ་དུ་བརྟག་པའི་ལྷ་ཚོགས་དང༌། འདུས་བྱས་ཀྱི་ངོ་བོ་ལྷ་ཚོགས་སུ་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། འགྱུར་མེད་ཡོངས་གྲུབ་གཞི་འབྲས་ཀྱི་དབུ་མ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ལམ་དབུ་མ་དང༌། གཞན་དབང་ལམ་དེའི་སྤང་བྱ་དང༌། ཀུན་བཏགས་གཞན་དབང་གི་སྣང་ཡུལ་དུ་བཤད་ཀྱང༌། ངོ་བོ་ཉིད་གསུམ་གྱི་སྒོ་ནས་རྒྱལ་བའི་ཡུམ་སེམས་ཙམ་དུ་བཤད་པར་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཀུན་བཏགས་ཤེས་བྱ་དང༌། གཞན་དབང་སྤང་བྱ་དང༌། ཡོངས་གྲུབ་ཐོབ་བྱར་བཤད་ཀྱང་ཀུན་བཏགས་ཤེས་བྱ་མ་ཡིན་པར་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཆོས་ཉིད་ཀྱི་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་སྣང་བ་དོན་དམ་པའི་སེམས་ཙམ་དང༌། ཆོས་ཅན་འཁྲུལ་བའི་སྣང་བ་ཐམས་ཅད་རྣམ་ཤེས་ཀྱི་སྣང་བ་ཀུན་རྫོབ་ཀྱི་སེམས་ཙམ་དུ་བཤད་ཀྱང་གཟུང་འཛིན་ཤེས་བྱ་ལ་མི་སྲིད་པར་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིར་ཟབ་མོ་གཞན་སྟོང་དུ་བཤད་ཀྱང་ཉི་ཚེ་བའི་སྟོང་ཉིད་ཀྱི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་ཟབ་མོ་འགྱུར་མེད་ཡོངས་གྲུབ་ཏུ་བཤད་ཀྱང་དངོས་སྨྲའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་ཟབ་མོ་སེམས་ཡིན་པར་བཤད་ཀྱང་རྣམ་ཤེས་ཀྱི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་ཟབ་མོ་རང་རིག་ཡིན་པར་བཤད་ཀྱང་མི་རྟོག་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་ཟབ་མོ་ཡེ་ཤེས་ཡིན་པར་བཤད་ཀྱང་འདུས་བྱས་ཀྱི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་ཟབ་མོ་དེ་བཞིན་ཉིད་ཡིན་པར་བཤད་ཀྱང་ཅིར་ཡང་མ་གྲུབ་ཙམ་དུ་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་ཟབ་མོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་པར་བཤད་ཀྱང་སངས་རྒྱས་ཀྱི་སས་མ་བསྡུས་པར་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་ཟབ་མོ་ཆོས་སྐུ་ཡིན་པར་བཤད་ཀྱང་འདུས་བྱས་དང་འཁྲུལ་སྣང་འདི་ཡིན་པར་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་ཟབ་མོ་ངོ་བོ་ཉིད་ཀྱི་སྐུ་ཡིན་པར་བཤད་ཀྱང་དབྱིངས་རྐྱང་པའི་ངོ་བོ་ཅིར་ཡང་མ་གྲུབ་པའི་རང་སྟོང་ཙམ་དུ་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་ཟབ་མོ་དོན་དམ་བདེན་པར་བཤད་ཀྱང་གཤིས་ལུགས་ལ་གཏན་མེད་དུ་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་ཟབ་མོ་སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུའི་མྱང་འདས་བཤད་ཀྱང་བརྫུན་པ་བསླུ་པའི་ཆོས་ཅན་དུ་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་ཟབ་མོ་པྲ་ཕབ་པ་བརྒྱད་དང་མཚུངས་པའི་ཕྱག་རྒྱ་ཆེན་མོར་བཤད་ཀྱང་དེ་བཞིན་དུ་སྣང་བར་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་ཟབ་མོ་ཤ་ལ་སོགས་པའི་སྤྱན་ལྔའི་བལྟ་བྱ་ཡིན་པར་བཤད་ཀྱང་རྣམ་ཤེས་ཚོགས་བརྒྱད་འཁོར་དང་བཅས་པའི་བལྟ་བྱར་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་ཟབ་མོ་གཉིས་མེད་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཆོས་ཉིད་དེ་བཞིན་དུ་བཤད་ཀྱང་གཉིས་འཛིན་རྣམ་ཤེས་ཀྱི་ངོ་བོར་གྱུར་པའི་ཆོས་ཉིད་ལས་མ་འདས་པར་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། གཞན་ཡང་ཤེར་ཕྱིན་མཚན་ཉིད་པ་ཆོས་ཀྱི་དབྱིངས་ཡིན་པར་བཤད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པར་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་མཚན་ཉིད་པ་དབུ་མ་ཡིན་པར་བཤད་ཀྱང་ཐལ་འགྱུར་དང་རང་རྒྱུད་དུ་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་མཚན་ཉིད་པ་དོན་དམ་ཡིན་པར་བཤད་ཀྱང་ཡང་དག་པར་ཅིར་ཡང་མ་གྲུབ་པར་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་མཚན་ཉིད་པ་དཔའ་བར་འགྲོ་བ་དང༌། སེང་གེའི་སྒྲ་སྒྲོགས་པ་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་པར་བཤད་ཀྱང་དེ་བཞིན་གཤེགས་པ་མ་ཡིན་པར་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་མཚན་ཉིད་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་བཤད་ཀྱང་གློ་བུར་དྲི་མ་མ་བསལ་བའི་ཚེ་སངས་རྒྱས་སུ་ཐལ་བའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་མཚན་ཉིད་པ་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པར་བཤད་ཀྱང་འདུས་བྱས་ཀྱིས་བསྡུས་པའི་ས་བོན་ཙམ་དུ་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་མཚན་ཉིད་པ་རྣམ་པར་དག་པ་དང༌། ཤིན་ཏུ་དག་པ་ཡོངས་སུ་དག་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་སུ་བཤད་ཀྱང་ཀུན་རྫོབ་འཁྲུལ་སྣང་གིས་བསྡུས་པའི་གཟུགས་སོགས་རྣམ་རྟོག་སོགས་སུ་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། ཤེར་ཕྱིན་མཚན་ཉིད་པ་དུས་འཁོར་གསང་འདུས་ཀྱེ་རྡོར་ལུགས་སུ་བཤད་ཀྱང་སྐད་ཅིག་དང་རྟེན་འབྲེལ་ལས་མ་འདས་པར་འདོད་པའི་སྐྱོན་གྱིས་མ་གོར་པར་བཤད། ཤེར་ཕྱིན་མཚན་ཉིད་པ་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་གནས་པ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་རྣམས་སུ་བཤད་ཀྱང༌། སེམས་དང་ཡེ་ཤེས་དང་བདེ་བ་ཆེན་པོ་དང་འོད་གསལ་ཆེན་པོ་དང་སྙིང་རྗེ་ཆེན་པོ་རྣམས་མ་ཡིན་པར་འདོད་པའི་སྐྱོན་གྱིས་མ་གོས་པར་བཤད། གཞན་ཡང་ཤེར་ཕྱིན་ཟབ་མོ་དེ་ཡེ་ཤེས་ལ་སྣང་བ་ཆེན་པོ་གསལ་བ་ཆེ་ཡིན་པར་བཤད་ཅིང་རྣམ་ཤེས་ལ་མི་མངོན་མི་སྣང་གསལ་བྱེད་མིན་པར་ཡང་བཤད། བདག་རིགས་གཞན་རིགས་ཐམས་ཅད་པ་ཡིན་པར་བཤད་ཅིང་སེམས་དང་ཡིད་དང་རྣམ་པར་ཤེས་པ་མེད་པར་ཡང་བཤད། དེ་བཞིན་ཉིད་བདག་དག་པའི་བདག་ཡིན་པར་བཤད་ཅིང་གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་པར་ཡང་བཤད། དོན་དམ་གྱི་གཟུགས་མཆོག་གཟུགས་བཟང་དམ་པར་བཤད་ཅིང་ཀུན་རྫོབ་ཀྱི་གཟུགས་ཐམས་ཅད་མེད་པར་ཡང་བཤད། དོན་དམ་གྱི་འདོད་ཆགས་ཆེན་པོ་ཞེ་སྡང་ཆེན་པོ་གཏི་མུག་ཆེན་པོ་ང་རྒྱལ་ཆེན་པོ་ཕྲག་དོག་ཆེན་པོ་སེར་སྣ་ཆེན་པོ་རྣམས་ཡིན་པར་བཤད་ཅིང༌། ཀུན་རྫོབ་ཀྱི་ཉོན་མོངས་པ་བག་ཆགས་དང་བཅས་པ་གཏན་ནས་སྤངས་པ་ཡིན་པར་བཤད། སྲིད་གསུམ་ཀུན་ནས་དང་བའི་ཁམས་གསུམ་ཡིན་པར་བཤད་ཅིང་འཁོར་བའི་ཕ་རོལ་མཐར་སོན་པ་ཡིན་པར་ཡང་བཤད། རང་བཞིན་མ་བཅོས་པའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་གང་བར་བཤད་ཅིང་བཅོས་མ་གློ་བུར་བའི་ཉེས་པ་ཐམས་ཅད་ཀྱིས་སྟོང་པར་ཡང་བཤད། གཞན་ཡང་བདེན་པ་གཉིས་ལ་བདེན་ལུགས་གཉིས་དང་སྣང་ལུགས་གཉིས་དང་སྟོང་ལུགས་གཉིས་དང་སྒྲོ་འདོགས་ལུགས་གཉིས་དང་སྐུར་བ་འདེབས་པ་ལུགས་གཉིས་གཉིས་སུ་བཤད་ཀྱི། བདེན་གཉིས་ངོ་བོ་གཅིག་པར་འདོད་པའི་སྐྱོན་དང་བཅས་པར་མ་བཤད། གང་ཞིག་གང་ན་མེད་པ་དེ་དེས་སྟོང་ཉིད་དེ་ལ་ལྷག་མ་གང་ཡིན་པ་དེ་རྟག་ཏུ་ཡོད་པར་བཤད་ཀྱི། སྟོང་ཉིད་ཁོང་སྲན་ཅན་དུ་འདོད་པ་དང་ཅུང་ཟད་ཙམ་ལ་ཐོག་ནས་དབུ་མ་མ་སླབ་པར་འདོད་པའི་སྐྱོན་དང་བཅས་པར་མ་བཤད། ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པ་རང་བཞིན་སྟོང་པ་ཉིད་དུ་བཤད་ཀྱི། མེད་དགག་ཏུ་འདོད་པའི་སྐྱོན་དང་བཅས་པར་མ་བཤད། གཤིས་ལུགས་ཟབ་མོ་ཐམས་ཅད་ཅང་མེད་མ་ཡིན་པར་གཞན་སྟོང་ཟབ་མོར་བཤད་ཀྱི། དངོས་སྨྲའམ་ཉི་ཚེའི་སྟོང་ཉིད་འདོད་པའི་སྐྱོན་དང་བཅས་པར་མ་བཤད། གཞན་སྟོང་ཟབ་མོའི་སྟོང་ཉིད་ནི་དེ་བཞིན་ཉིད་དང་ཡང་དག་མཐའ་ལ་སོགས་པ་དབུ་མའི་རྣམ་གྲངས་ཀྱིས་བཤད་ཀྱི། ཐམས་ཅད་དེ་བཞིན་ཉིད་དང་ཡང་དག་མཐའ་ལ་སོགས་པའི་རྣམ་གྲངས་ཀྱིས་བཤད་པར་འདོད་པའི་སྐྱོན་དང་བཅས་པར་མ་བཤད། འགྱུར་མེད་ཡོངས་གྲུབ་ཐམས་ཅད་དབུ་མ་ཆེན་པོར་བཤད་ཀྱི། རྣམ་པར་ཤེས་པར་ཙམ་དུ་སྨྲ་བའི་སྐྱོན་དང་བཅས་པ་མ་བཤད། ཐམས་ཅད་སྟོང་ཉིད་དུ་བཤད་ཀྱི། ཐམས་ཅད་རང་སྟོང་དུ་འདོད་པའི་སྐྱོན་དང་བཅས་པར་མ་བཤད། དོན་དམ་པ་ཆོས་ཀྱི་སྐུ་སྟོང་ཉིད་དུ་བཤད་ཀྱི། སྟོང་ཉིད་ཐམས་ཅད་ཆོས་སྐུར་འདོད་པའི་ཡོན་ཏན་དང་བཅས་པར་མ་བཤད། ཟབ་མོ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། དེ་བཞིན་ཉིད་དང༌། དོན་དམ་བདེན་པ་དང༌། འགོག་བདེན་ཟབ་མོ་དང༌། དབུ་མ་ཆེན་པོ་དང༌། ཕྱག་རྒྱ་ཆེན་པོ་དང༌། གཞན་སྟོན་ཟབ་མོ་དང༌། རང་བཞིན་གྱི་རིགས་དང༌། ཆོས་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་རྣམས་རང་བྱུང་ཡེ་ཤེས་དང༌། བདེ་བ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། འོད་གསལ་གྱི་སེམས་ཡིན་པར་བཤད་ཀྱི། ཡེ་ཤེས་དང་བདེ་བ་དང༌། སྙིང་རྗེ་རང་རིགས་པ་ཡིན་ཚད་འདུས་བྱས་དང་རྣམ་ཤེས་སུ་འདོད་པའི་སྐྱོན་དང་བཅས་པར་མ་བཤད། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པ་གཉིས་དང་ངོ་བོ་ཉིད་གསུམ་དུ་བཤད་ཀྱི། བདེན་གཉིས་དབུ་མའི་ཆོས་སྐད་དུ་གྲགས་པར་འདོད་པ་དང༌། ངོ་བོ་ཉིད་གསུམ་སེམས་ཙམ་པའི་ཆོས་སྐད་དུ་གྲགས་པར་འདོད་པར་སྐྱོན་དང་གྲགས་པའི་མ་བཤད། སྤང་གཉེན་རྒྱས་པར་ཕྱེ་ནས་བཤད་ཀྱི། སྤང་གཉེན་ངོ་བོ་གཅིག་ཏུ་འདོད་པའི་སྐྱོན་དང་བཅས་པར་མ་བཤད། འཁོར་འདས་མཚན་ཉིད་པ་ཕྱེ་ནས་བཤད་ཀྱི། འཁོར་འདས་མཚན་ཉིད་ངོ་བོ་གཅིག་ཏུ་འདོད་པའི་སྐྱོན་དང་བཅས་པར་མ་བཤད། སྤང་བྱ་ཐམས་ཅད་གཉེན་པོ་བཅོམ་པས་འབྲས་བུ་ཐོབ་པར་བཤད་ཀྱི། འཁོར་བ་མ་སྤངས་གནས་དག་ཏུ་འདོད་པའི་སྐྱོན་དང་བཅས་པར་མ་བཤད། གཞན་ཡང་ལུང་རིགས་རྣམ་དག་མང་པོ་དཔང་དུ་བྱས་ནས་བཤད་ཀྱང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་ཀྱི་ལུང་དང་སོ་སོ་སྐྱེ་བོའི་པཎྜི་ཏ་རྣམས་ཀྱིས་ལུང་རིགས་མཉམ་ཉིད་དུ་འདོད་པའི་སྐྱོན་ལས་གྲོལ་བར་བཤད། སངས་རྒྱས་རང་ཉིད་ཀྱི་འཁོར་ལོ་ཐ་མ་ངེས་དོན་དུ་གསུངས་པ་དེ་ཡང་དག་ཡིན་པར་བཤད་ཀྱང༌། དེ་ལ་སོ་སོ་སྐྱེ་བོའི་པཎྜི་ཏ་ཕལ་པའི་ལུང་གིས་གནོད་པར་འདོད་པའི་སྐྱོན་ལས་གྲོལ་བར་བཤད། བཤད་པ་ཐམས་ཅད་རྫོགས་ལྡན་ལུགས་ཀྱི་བསྟན་འགྱུར་དང་མཐུན་པར་བཤད་ཀྱང༌། གསུམ་ལྡན་མར་བཅད་ཀྱི་བསྟན་འགྱུར་གྱི་སྐྱོན་ལས་གྲོལ་བར་བཤད། བཀའ་བསྟན་བཅོས་རྣམ་དག་ཐམས་ཅད་ལས་ལེགས་པར་གསུངས་པ་ལྟར་དོན་དམ་གཞན་སྟོང་དང་ཀུན་རྫོབ་རང་སྟོང་དུ་བཤད་ཀྱང་སངས་རྒྱས་སྲས་བཅས་ལ་སྔར་མ་གྲགས་པའི་ཆོས་སྐད་གསར་བྱུང་དུ་འདོད་པའི་སྐྱོན་ལས་གྲོལ་བར་བཤད། གསུམ་ལྡན་མར་བཅད་ཀྱི་ཆོས་སྐད་ནོར་བ་ཐམས་ཅད་དང་འགལ་པར་བཤད་ཀྱང༌། རྒྱལ་བ་སྲས་བཅས་ཀྱི་ཆོས་སྐད་རྣམ་དག་དང་འགལ་བར་འདོད་པའི་སྐྱོན་ལས་གྲོལ་བར་བཤད། མདོ་སྔགས་ལེགས་པར་སྦྱར་ནས་རྟོན་པ་བཞི་ལྡན་དུ་བཤད་ཀྱང༌། བདུན་བྲལ་རྣམས་དང་མ་འཁྲིགས་པས་ནོར་བར་འདོད་པའི་སྐྱོན་ལས་གྲོལ་བར་བཤད། དོན་དམ་གྱི་སྒྲ་སོགས་ཆོས་ཐམས་ཅད་རྟག་པར་བཤད་ཀྱང༌། ཀུན་རྫོབ་ཀྱི་སྒྲ་སོགས་རྟག་པར་འདོད་པ་དང་རྟག་ལྟའི་སྐྱོན་ལས་གྲོལ་བར་བཤད་དོ། །དེས་ན་བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡོད་པ་ལ་ཡོད་པར་ཡང་དག་པ་ཇི་ལྟ་བ་དང༌། མེད་པ་ལ་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྒྱལ་བའི་བསྟན་པ་འབའ་ཞིག་གི་དབང་དུ་བྱས་ནས་བཤད་པ་ནི། སྒྲོ་སྐུར་བྲལ་བའི་ཕྱིར་བརྟགས་པ་དང་ཡང་མི་འགལ་བར། ཆོས་ཉིད་ཀྱང་ལེགས་པར་སྟོན་ཏོ། །དེ་བཞིན་དུ་གཟུགས་ཀྱི་དེ་བཞིན་ཉིད་བཤད་ན་ཆོས་ཉིད་ཀྱི་མདོ་དང་རྒྱས་པར་བཤད་པར་འགྱུར་བའི་ཕྱིར། གཟུགས་སོགས་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱང་ལེགས་པར་བཤད་དོ། །ཇི་སྐད་དུ་ཡུམ་ལས། དེ་བཞིན་གཤེགས་པས་ཆོས་གང་ཅི་བསྟན་པ་དེ་ཐམས་ཅད་ཀྱང་ཆོས་ཉིད་དང་མི་འགལ་བར་བསྟན་ཏོ། །ཞེས་གསུང་པ་ལྟར། དོན་དམ་གྱི་གཤིས་ལུགས་ལ་མ་གྲུབ་པ་དང༌། སྣང་བ་འདི་ཐམས་ཅད་ཆོས་སྐུ་ཡིན་པ་ལ་སོགས་པ་འཆད་པ་ནི་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་དང་འགལ་བར་འགྱུར་ཏེ། ཤེས་བྱའི་གནས་ལུགས་ཕྱིན་ཅི་ལོག་ཏུ་བསྟན་པའི་ཕྱིར་རོ། །འདིར་ནི་སྒྲོ་སྐུར་དེ་དག་སྤངས་པའི་ཕྱིར་ཤེས་བྱའི་གནས་ལུགས་ཕྱིན་ཅི་མ་ལོག་པར་བཤད་པས་གང་ཅི་བཤད་པ་དེ་ཐམས་ཅད་ཆོས་ཉིད་དང་མི་འགལ་བར་ལེགས་པར་བཤད་དོ། །དེ་དག་ལ་སོགས་པ་རྫོགས་ལྡན་གྱི་ལུགས་དང་མཐུན་པ་རྣམས་བླངས་ནས་བཤད་ཅིང༌། གསུམ་ལྡན་མར་བཅད་ཀྱི་ལུགས་ངན་རྣམས་དོར་ནས་བཤད་པས་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་བཤད་པ་ལ། གསུམ་ལྡན་མར་བཅད་ཀྱི་ཕྲ་མ་སྔ་བཙན་ཞུགས་ཤིང་རིང་དུ་འཛིན་པ་རྣམས་ཀྱི་ཐུགས་དང་འགལ་ན་བཟོད་པར་གསོལ། དེའི་དགེ་བའི་རྩ་བ་ལ་བརྟེན་ནས་ཀྱང་སངས་རྒྱས་མ་ཐོབ་བར་གྱི་སྐྱེ་བ་ཐམས་ཅད་དུ་བསྟན་པ་རིན་པོ་ཆེའི་སྒྲོན་མེ་འདེགས་ཤིང་སྲོག་ཤིང་བཟུང་ནས་མ་རྟོགས་ལོག་རྟོག་ཐེ་ཙོམ་གྱི་དྲི་མ་ཐམས་ཅད་སེལ་བར་གྱུར་ཅིག །འབུམ་དུས་འཁོར་ལུགས་ཀྱི་རྣམ་ཐར་ཡིན་ནོ།། །།འདིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།ཡུམ་རྒྱས་པའི་བརྒྱུད་པ་ནི། ཡང་དག་རྫོགས་པའི་སངས་རྒྱས། བྱམས་པ་མགོན་པོ། འཕགས་པ་ཐོགས་མེད། དབུ་མ་ཆེན་པོ་དབྱིག་གཉེན། སློབ་དཔོན་བློ་གྲོས་བརྟན། འཕགས་པ་རྣམ་གྲོལ་སྡཻ། རིགས་པའི་ཁུ་ཕྱུག ། དཾ་ཋཌ་སེ་ན། བཟང་པོ་ཞབས། མར་མེ་མཛད་བཟང་པོ། གང་ག་དྷ་ར། ཀ་ན་ཀ་ཤྲཱི། སུ་བུ་ནྱ་ཤྲཱི། ཁ་ཆེ་དགོན་པ། ཁ་ཆེ་དྷརྨ་ཤྲཱི། བ་རེག་ལོཙྪ་བ་རྒྱལ་མཚན། མ་རེག་སྟོན་སྐྱབས། ཡང་དག་པའི་རྒྱལ་པོ། བཀྲ་ཤིས་རྡོ་རྗེ་ཅི་གདོན་ཀོང་པ་པ། འདུལ་འཛིན་ཤེས་རབ་གྲགས། གྲོ་སྟོན་བདུད་རྩི་གྲགས། ཆིམས་ནམ་མཁའ་གྲགས། མཁན་ཆེན་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་རྣམས་ལས་བརྒྱུད་དེ། མཁས་མཆོག་སྐྱི་སྟོན་འཇམ་དབྱངས་ཀྱི་ཞལ་སྔ་ནས། ཕྱོགས་མེད་རིས་མེད་རིགས་མེད་ཤེས་རབ་རྒྱལ་མཚན་ལ་ལུང་གནང་ངོ༌།། །།

བདག་ནི་ཚེ་རབས་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་གྱུར་ཅིག། བསྟན་པ་གསལ་བར་མི་ནུས་ནའང༌། །བསྟན་པའི་ཁུར་ཆེན་འཁུར་བར་ཤོག །ཁུར་ཆེན་ཁུར་བར་མི་ནུས་ནའང༌། །བསྟན་པའི་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱིས་དོགས་པ་ཡི། །བྱ་ར་ཙམ་ཡང་བྱེད་པར་ཤོག །མཁའ་ཁྱབ་ཕ་མ་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །སྡུག་བསྔལ་སེལ་བར་མ་ནུས་ནའང༌། །དེ་ཡི་སྡུག་གྲོགས་བྱེད་པར་ཤོག །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་རྫོགས་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་གྱུར་ཅིག །ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་མགོན་པོས་ལུང་བསྟན་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །རླུང་སེམས་ཐམས་ཅད་མྱུར་དུ་རབ་འགགས་ནས། །འཛག་མེད་བདེ་ཆེན་མྱུར་དུ་ཐོབ་གྱུར་ཅིག། གློ་བུར་དྲི་མ་ཐམས་ཅད་རབ་འགགས་ནས། །དུས་འཁོར་བདེ་གཤེགས་སྙིང་པོ་མྱུར་ཐོབ་ཤོག །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང༌། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བ་དང༌། །དེ་དག་མ་ལུས་བདག་གིས་ཡོངས་རྫོགས་ཏེ། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་བགྱིད་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པད་མོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གི་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །སེམས་ཅན་རྣམས་ལ་ཕན་མང་བྱེད་པར་ཤོག། བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ལུས་ངག་སེམས་རྩ་ཤིན་ཏུ་བཟང་བ་དང༌། །ལུས་གནད་ལྟ་སྟངས་ཁྱད་པར་འཕགས་པ་དང༌། །ཉམས་དང་རྟོགས་པ་ཤིན་ཏུ་བཟང་བར་ཤོག །ཅེས་པ་རྟོན་པ་བཞི་ལྡན་གྱིས་སྦྱར་བའོ།། །།ཤུ་བྷཾ། དགེའོ།།[མ་དཔེ་ནི་འཛམ་ཐང་པར་མ་དང༌། ཛ་འགོའི་པར་རྙིང་ལ་ཁ་གསབ་བྲིས་པ་ཞིག་ཡོད་པ་དེ་གཉིས་ཡིན།]

རང་བཞིན་གསུམ་གྱི་རྣམ་གཞག་བཞུགས་སོ། །དཔལ་ཡོངས་སུ་གྲུབ་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཡུམ་བསྡུས་པའི་ཁྲི་བརྒྱད་སྟོང་པར། ཆོས་ཉིད་ཀྱི་གཟུགས་དང༌། ཆོས་ཉིད་ཀྱི་ཚོར་བ་དང༌། ཆོས་ཉིད་ཀྱི་འདུ་ཤེས་དང༌། ཆོས་ཉིད་ཀྱི་འདུ་བྱེད་དང༌། ཆོས་ཉིད་ཀྱི་རྣམ་པར་ཤེས་པ་དང༌། ཆོས་ཉིད་ཀྱི་མིག་གི་སྐྱེ་མཆེད་དང༌། ཆོས་ཉིད་ཀྱི་རྣ་བའི་སྐྱེ་མཆེད་དང༌། ཆོས་ཉིད་ཀྱི་སྣའི་སྐྱེ་མཆེད་དང༌། ཆོས་ཉིད་ཀྱི་ལྕེའི་སྐྱེ་མཆེད་དང༌། ཆོས་ཉིད་ཀྱི་ལུས་ཀྱི་སྐྱེ་མཆེད་དང༌། ཆོས་ཉིད་ཀྱི་ཡིད་ཀྱི་སྐྱེ་མཆེད་དང༌། ཆོས་ཉིད་ཀྱི་སྒྲའི་སྐྱེ་མཆེད་དང༌། ཆོས་ཉིད་ཀྱི་དྲིའི་སྐྱེ་མཆེད་དང༌། ཆོས་ཉིད་ཀྱི་རོའི་སྐྱེ་མཆེད་དང༌། ཆོས་ཉིད་ཀྱི་རེག་བྱའི་སྐྱེ་མཆེད་དང༌། ཆོས་ཉིད་ཀྱི་ཆོས་ཀྱི་སྐྱེ་མཆེད་དང༌། ཆོས་ཉིད་ཀྱི་མིག་གི་ཁམས་དང༌། ཆོས་ཉིད་ཀྱི་གཟུགས་ཀྱི་ཁམས་དང༌། ཆོས་ཉིད་ཀྱི་མིག་གི་རྣམ་པར་ཤེས་པའི་ཁམས་དང༌། ཆོས་ཉིད་ཀྱི་རྣ་བའི་ཁམས་དང༌། ཆོས་ཉིད་ཀྱི་སྒྲའི་ཁམས་དང༌། ཆོས་ཉིད་ཀྱི་རྣ་བའི་རྣམ་པར་ཤེས་པའི་ཁམས་དང༌། ཆོས་ཉིད་ཀྱི་སྣའི་ཁམས་དང༌། ཆོས་ཉིད་ཀྱི་དྲིའི་ཁམས་དང༌། ཆོས་ཉིད་ཀྱི་རྣའི་རྣམ་པར་ཤེས་པའི་ཁམས་དང༌། ཆོས་ཉིད་ཀྱི་ལྕེའི་ཁམས་དང༌། ཆོས་ཉིད་ཀྱི་རོའི་ཁམས་དང༌། ཆོས་ཉིད་ཀྱི་ལྕེའི་རྣམ་པར་ཤེས་པའི་ཁམས་དང༌། ཆོས་ཉིད་ཀྱི་ལུས་ཀྱི་ཁམས་དང༌། ཆོས་ཉིད་ཀྱི་རེག་བྱའི་ཁམས་དང༌། ཆོས་ཉིད་ཀྱི་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཆོས་ཉིད་ཀྱི་ཡིད་ཀྱི་ཁམས་དང༌། ཆོས་ཉིད་ཀྱི་ཆོས་ཀྱི་ཁམས་དང༌། ཆོས་ཉིད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཆོས་ཉིད་ཀྱི་མིག་གི་རེག་བྱའི་སྐྱེ་མཆེད་དང༌། ཆོས་ཉིད་ཀྱི་རྣ་བ་དང༌། ཆོས་ཉིད་ཀྱི་སྣ་དང༌། ཆོས་ཉིད་ཀྱི་ལྕེ་དང༌། ཆོས་ཉིད་ཀྱི་ལུས་དང༌། ཆོས་ཉིད་ཀྱི་ཡིད་རེག་བྱའི་སྐྱེ་མཆེད་དང༌། ཆོས་ཉིད་ཀྱི་མ་རིག་པ་དང༌། ཆོས་ཉིད་ཀྱི་འདུ་བྱེད་དང༌། ཆོས་ཉིད་ཀྱི་རྣམ་པར་ཤེས་པ་དང༌། ཆོས་ཉིད་ཀྱི་མིང་དང་གཟུགས་དང༌། ཆོས་ཉིད་ཀྱི་སྐྱེ་མཆེད་དྲུག་དང༌། ཆོས་ཉིད་ཀྱི་རེག་པ་དང༌། ཆོས་ཉིད་ཀྱི་ཚོར་བ་དང༌། ཆོས་ཉིད་ཀྱི་སྲེད་པ་དང༌། ཆོས་ཉིད་ཀྱི་ལེན་པ་དང༌། ཆོས་ཉིད་ཀྱི་སྲིད་པ་དང༌། ཆོས་ཉིད་ཀྱི་སྐྱེ་བ་དང༌། ཆོས་ཀྱི་རྒ་ཤི་དང༌། ཆོས་ཉིད་ཀྱི་སྡུག་བསྔལ་ཀྱི་བདེན་པ་དང༌། ཆོས་ཉིད་ཀྱི་ཀུན་འབྱུང་དང༌། ཆོས་ཉིད་ཀྱི་འགོག་པ་དང༌། ཆོས་ཉིད་ཀྱི་ལམ་གྱི་བདེན་པ་དང༌། ཆོས་ཉིད་ཀྱི་གཟུགས་ཅན་དང༌། ཆོས་ཉིད་ཀྱི་གཟུགས་ཅན་མ་ཡིན་པ་དང༌། ཆོས་ཉིད་ཀྱི་བསྟན་དུ་ཡོད་པ་དང༌། ཆོས་ཉིད་ཀྱི་བསྟན་དུ་མེད་པ་དང༌། ཆོས་ཉིད་ཀྱི་ཐོགས་པ་དང་བཅས་པ་དང༌། ཆོས་ཉིད་ཀྱི་ཐོགས་པ་མེད་པ་དང༌། ཆོས་ཉིད་ཀྱི་འདུས་བྱས་དང༌། ཆོས་ཉིད་ཀྱི་འདུས་མ་བྱས་དང༌། ཆོས་ཉིད་ཀྱི་ཟག་པ་དང་བཅས་པ་དང༌། ཆོས་ཉིད་ཀྱི་ཟག་པ་མེད་པ་དང༌། ཆོས་ཉིད་ཀྱི་ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཆོས་ཉིད་ཀྱི་ཁ་ན་མ་ཐོ་བ་མེད་པ་དང༌། ཆོས་ཉིད་ཀྱི་བསྟེན་པར་བྱ་བ་དང༌། ཆོས་ཉིད་ཀྱི་བསྟེན་པར་བྱ་བ་མ་ཡིན་པ་དང༌། ཆོས་ཉིད་ཀྱི་ངན་པ་དང༌། ཆོས་ཉིད་ཀྱི་གྱ་ནོམ་པ་དང༌། ཆོས་ཉིད་ཀྱི་ནང་དང༌། ཆོས་ཉིད་ཀྱི་ཕྱི་དང༌། ཆོས་ཉིད་ཀྱི་མཐོང་བ་དང༌། ཆོས་ཉིད་ཀྱི་ཐོས་པ་དང༌། ཆོས་ཉིད་ཀྱི་བྱེ་བྲག་ཕྱེད་དང༌། ཆོས་ཉིད་ཀྱི་རྣམ་པར་ཤེས་པ་དང༌། ཆོས་ཉིད་ཀྱི་འདས་པ་དང༌། ཆོས་ཉིད་ཀྱི་མ་འོངས་པ་དང༌། ཆོས་ཉིད་ཀྱི་ད་ལྟར་བྱུང་བ་དང༌། ཆོས་ཉིད་ཀྱི་དགེ་བ་དང༌། ཆོས་ཉིད་ཀྱི་མི་དགེ་བ་དང༌། ཆོས་ཉིད་ཀྱི་ལུང་དུ་མ་བསྟན་པ་དང༌། ཆོས་ཉིད་ཀྱི་འདོད་པ་དང༌། རབ་ཏུ་ལྡན་པ་དང༌། ཆོས་ཉིད་ཀྱི་གཟུགས་དང༌། རབ་ཏུ་ལྡན་པ་དང༌། ཆོས་ཉིད་ཀྱི་གཟུགས་མེད་པ་དང༌། རབ་ཏུ་ལྡན་པ་དང༌། ཆོས་ཉིད་ཀྱི་ལྡན་པ་མ་ཡིན་པ་དང༌། ཆོས་ཉིད་ཀྱི་སློབ་པ་དང༌། ཆོས་ཉིད་ཀྱི་མི་སློབ་པ་དང༌། ཆོས་ཉིད་ཀྱི་འདོད་ཆགས་དང༌། ཆོས་ཉིད་ཀྱི་ཁོང་ཁྲོ་དང༌། ཆོས་ཉིད་ཀྱི་ང་རྒྱལ་དང༌། ཆོས་ཉིད་ཀྱི་ལྟ་བ་དང༌། ཆོས་ཉིད་ཀྱི་ཐེ་ཙོམ་དང༌། ཆོས་ཉིད་ཀྱི་སེར་སྣ་དང༌། ཆོས་ཉིད་ཀྱི་སྦྱིན་པ་དང༌། ཆོས་ཉིད་ཀྱི་འཆལ་པའི་ཚུལ་ཁྲིམས་དང༌། ཆོས་ཉིད་ཀྱི་ཚུལ་ཁྲིམས་བཟང་པོ་དང༌། ཆོས་ཉིད་ཀྱི་གནོད་སེམས་དང༌། ཆོས་ཉིད་ཀྱི་བཟོད་པ་དང༌། ཆོས་ཉིད་ཀྱི་ལེ་ལོ་དང༌། ཆོས་ཉིད་ཀྱི་བརྩོན་འགྲུས་དང༌། ཆོས་ཉིད་ཀྱི་རྣམ་པར་གཡེང་བ་དང༌། ཆོས་ཉིད་ཀྱི་བསམ་གཏན་དང༌། ཆོས་ཉིད་ཀྱི་འཆལ་པའི་ཤེས་རབ་དང༌། ཆོས་ཉིད་ཀྱི་ཤེས་རབ་དང༌། ཆོས་ཉིད་ཀྱི་རྣམ་པར་རྟོག་པ་དང༌། ཆོས་ཉིད་ཀྱི་སྟོང་པ་ཉིད་དང༌། ཆོས་ཉིད་ཀྱི་མཚན་མ་དང༌། ཆོས་ཉིད་ཀྱི་མཚན་མ་མེད་པ་དང༌། ཆོས་ཉིད་ཀྱི་ལོག་པའི་སྨོན་པའི་ལམ་དང༌། ཆོས་ཉིད་ཀྱི་སྨོན་པ་མེད་པ་དང༌། ཆོས་ཉིད་ཀྱི་མི་སྡུག་པའི་ཆོས་རྣམས་དང༌། ཆོས་ཉིད་ཀྱི་མི་རྟག་པ་དང༌། ཆོས་ཉིད་ཀྱི་སྡུག་བསྔལ་བ་དང༌། ཆོས་ཉིད་ཀྱི་བདག་མེད་པ་དང༌། ཆོས་ཉིད་ཀྱི་ཉོན་མོངས་པ་དང༌། ཆོས་ཉིད་ཀྱི་ཉོན་མོངས་སྤངས་པ་དང༌། ཆོས་ཉིད་ཀྱི་ཀུན་ནས་ཉོན་མོངས་པ་དང༌། ཆོས་ཉིད་ཀྱི་རྣམ་པར་བྱང་བ་དང༌། ཆོས་ཉིད་ཀྱི་འཁོར་བ་དང༌། ཆོས་ཉིད་ཀྱི་མྱ་ངན་འདས་པ་དང༌། ཆོས་ཉིད་ཀྱི་བྱང་ཆུབ་དང༌། ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་སོ། །དེ་བཞིན་དུ་བཏགས་པའི་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དང་རྣམ་པར་བརྟགས་པའི་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་ལ་ཡང༌། འགྲེས་རྐང་བརྒྱ་དང་ཉི་ཤུ་རྩ་བདུན་ནོ། །དེ་ལ་ཀུན་བཏགས་པའི་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་གྱི་དངོས་པོ་མེད་པ་སྟེ་ཤེས་པར་བྱའོ། །རྣམ་པར་བཏགས་པའི་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་གྱི་དངོས་པོ་ངན་པ་སྟེ་སྤངས་པར་བྱའོ། །ཆོས་ཉིད་ཀྱི་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རང་གི་གཤིས་ལུགས་རྟག་ཏུ་ཡོད་པ་ཆོས་ཉིད་འདུས་མ་བྱས་ཀྱི་དངོས་པོ་སྟེ། དྲི་མ་བསལ་ནས་ཐོབ་པར་བྱའོ། །འདི་རྣམས་ཀྱི་དོན་ནི་དབུ་མ་ཆེན་པོ་མདོ་སྡེའི་རྒྱན་དུ་ཡང༌། རྟག་ཏུ་གཉིས་བྲལ་འཁྲུལ་བའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད། །འགྲོ་བ་དག་ན་དེ་ལ་གཞན་པའམ་ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ལུས་པ་ཡང་དེ་ལ་ཀུན་ཏུ་རྨོངས་པའི་བློས། །ཡོད་པ་ཀུན་ནས་སྤངས་ཏེ་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ཀོ་ཇི་ལྟ་བུ། །ཞེས་དང༌། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་གསུངས་པའོ། །དེ་ལ་ཀུན་བཏགས་པའི་གཟུགས་སོགས་ལ་ཡང་འགྲེས་རྐང་བརྒྱ་དང་ཉེར་བདུན་པ་དང༌། གཞན་དབང་གི་གཟུགས་སོགས་ལ་བརྒྱ་དང་ཉེར་བདུན། ཆོས་ཉིད་ཡོངས་གྲུབ་ཀྱི་གཟུགས་སོགས་ལ་ཡང་བརྒྱ་དང་ཉེར་བདུན། དེ་ཐམས་ཅད་བསྡོམས་པས་འགྲེས་རྐང་སུམ་བརྒྱ་བརྒྱད་ཅུ་རྩ་གཅིག་གོ །དེ་ལ་ཀུན་བཏགས་པའི་ཆོས་རྣམས་ནི་དངོས་པོ་མེད་པའི་ཕྱིར་རྫས་མེད་པར་བལྟའོ། །གཞན་དབང་གི་ཆོས་རྣམས་རྟོག་རྫས་སུ་ཡོད་ཀྱང་རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །ཆོས་ཉིད་ཡོངས་གྲུབ་ཀྱི་ཆོས་རྣམས་ནི་དངོས་པོ་དངོས་མེད་གང་ཡང་མ་ཡིན་ཞིང་གཏན་ནས་མེད་པ་ཡང༌། མ་ཡིན་པའི་ཕྱིར་རྫས་མེད་ལ་ཡང་མ་ཡིན་གྱི་དོན་དམ་པས་རབ་ཏུ་ཕྱེ་བ་སྟེ། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་ལོ། །འདི་ལ་བརྟེན་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་ཀུན་བཏགས་ཐམས་ཅད་ཤེས་ཤིང་གཞན་དབང་ཐམས་ཅད་སྤངས་ནས། ཡོངས་གྲུབ་ཐོབ་སྟེ་ཐམས་ཅད་ཐོབ་སྟེ། བསྟན་པ་ཟབ་མོའི་སྒྲོན་མེ་འདེགས་པར་གྱུར་ཅིག །འདི་ཡང་རྒྱལ་ཁམས་ཕྱོགས་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །།ཐེག་བསྡུས་ལས་ཤེས། མང་ག་ལཾ། བྷ་ཝན་ཏུ། ཞུས་དག།[མ་དཔེ་ནི་འཛམ་ཐང་པར་མ་ཡིན།]


previousའབུམ་དུས་འཁོར་རྫོགས་ལྡན་ལུགས་སུ་འཆད་སྐབས་ཀྱི་རྣམ་ཐར་བཞུགས་སོ། ། next