Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབུ་མའི་མན་ངག་ཁྱད་འཕགས་ཞེས་བྱ་བ་བཞུགས་སོ། །


 
previousདབུ་མའི་མན་ངག་ཁྱད་འཕགས་ཞེས་བྱ་བ་བཞུགས་སོ། ། no next

དབུ་མའི་མན་ངག་ཁྱད་འཕགས་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཿཧཱུཾ་ཧོཿཧཾ་ཀྵཿ བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དོན་དམ་དེ་བཞིན་ཉིད་བདག་དག་པའི་བདག །དོན་དམ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །བདག་མེད་བདེ་གཤེགས་སྙིང་པོ་བདག་གི་མཆོག །གནས་ལུགས་དབུ་མ་ཆེན་པོ་འགྱུར་བ་མེད། ༡ །འདི་དོན་མ་རྟོགས་རྨོངས་ཤིང་འཁྲུལ་པ་ལས། །གཞི་དུས་གློ་བུར་འཁོར་བའི་ཆོས་རྣམས་ཤར། །དེ་འདྲ་རྟོགས་པའི་ཚུལ་ནི་ལམ་ཞེས་བྱ། །རང་རང་དྲི་མས་དག་ཚེ་འབྲས་བུར་བཏགས། ༢ །དབུ་མའི་དོན་གྱི་མདོར་བསྟན་འདི་ཡིན་ཏེ། །རྟོགས་བྱ་གནས་ལུགས་དོན་གྱི་དབུ་མ་དང༌། །རྟོགས་བྱེད་ཉམས་མྱོང་ལམ་གྱི་དབུ་མའོ། །གཞི་འབྲས་གཉིས་ཀ་དང་པོའི་ཁོངས་སུ་འདུ། ༣། དེ་ལ་རེ་ཞིག་སྲིད་པའི་ཆོས་རྣམས་ནི། །སྣང་གྲགས་ཀུན་རྫོབ་རྣམ་པར་ཤེས་པའི་ཡུལ། །དོན་དམ་དབྱིངས་ནི་ཡེ་ཤེས་སྤྲོས་པས་དབེན། །གདོད་ནས་ཞི་བ་མྱང་འདས་ཆོས་ཉིད་དོ། ༤ །རྣམ་ཤེས་ཡེ་ཤེས་རྒྱལ་ཁམས་སོ་སོ་དང༌། །ཀུན་རྫོབ་དོན་དམ་སོ་སོར་བདེན་ཚུལ་དང༌། །རང་བཞིན་གཅིག་ཀྱང་གཅིག་ལས་གྲོལ་བ་སྟེ། །མཚན་ཉིད་འགལ་ཡང་ཐ་དད་པ་ལས་གྲོལ། ༥ །རྒྱལ་བས་ཕུང་ཁམས་སྐྱེ་མཆེད་མཐའ་ཡས་གསུངས། །ཆོས་ཀུན་གཟུགས་ཕུང་ཡིད་ཀྱི་སྐྱེ་མཆེད་དང༌། །ཆོས་ཁམས་ཞེས་བྱ་གསུམ་གྱིས་བསྡུས་པ་སྟེ། །འབྱུང་བའི་ཁམས་དང་བཅུད་ཀྱི་དངོས་པོ་དང༌། ༦ །སྣོད་ཀྱི་བསྡུས་པས་གཟུགས་ཅན་ཐམས་ཅད་བསྡུས། །ཡིད་ཀྱི་སྐྱེ་མཆེད་ཕྱོགས་མཐུན་བཅས་པ་ནི། །སེམས་ཡིད་རྣམ་པར་ཤེས་པ་གསུམ་དུ་འདུས། །ཆོས་ཁམས་དེ་ལའང་མཚན་གཞིའི་ཆོས་རྣམས་དང༌། ༧ །མཚན་ཉིད་ཆོས་དང་དངོས་མེད་དབྱེ་བས་གསུམ། །དེ་ཡི་དང་པོ་ལ་ཡང་ཕུང་པོ་གསུམ། །ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་དུ་འདུས། །འདུ་ཤེས་ཕྱིན་ཅི་ལོག་དང་དག་པ་བ། ༨ །ཡང་དག་པ་ཡི་འདུ་ཤེས་ཞེས་བྱའོ། །ལུས་ངག་ཡིད་ཀྱི་དབྱེ་བས་འདུ་བྱེད་དེ། །ཡུལ་དང་དུས་དང་དངོས་ལ་བཏགས་པ་ཡི། །མཚན་ཉིད་ཀུན་བཏགས་རྣམ་པ་གསུམ་དུ་འགྱུར། ༩ །ནམ་མཁའ་འགོགས་པ་གཉིས་དང་མ་སྐྱེས་དང༌། །ཞིག་ནས་མེད་སོགས་དངོས་པོ་གཞན་འགྱུར་དང༌། །བུམ་པའི་སྤྱི་སོགས་དངོས་པོ་ལ་བརྟེན་དང༌། །མི་སྲིད་བུམ་མེད་སྤྱི་སོགས་དངོས་མེད་གསུམ། ༡༠ །འཇིག་རྟེན་པ་དང་ཉན་རང་ཐེག་དམན་ལམ། །ཐེག་ཆེན་རྒྱལ་བའི་གནས་སུ་བགྲོད་བྱེད་དོ། །འདུས་བྱས་ཉེར་བཞི་འདུས་མ་བྱས་གཅིག་སྟེ། །ཆོས་མཆོག་རྫོགས་ལྡན་ལུགས་བཞིན་བཀོད་པ་ཡིན། ༡༡ །ཤེས་བྱ་གཞི་ལྔ་ཁམས་གསུམ་སྲིད་པ་གསུམ། །ཐུན་མོང་ཐུན་མོང་མིན་པའི་བདེན་བཞི་དང༌། །རྣམ་རྟོག་རྣམ་རྟོག་མིན་པའི་དབྱེ་བ་སོགས། །ཐམས་ཅད་སྲིད་པ་ཉི་ཤུ་རྩ་ལྔར་གསུངས། ༡༢ །ཆོས་དབྱིངས་དོན་དམ་བདེ་གཤེགས་སྙིང་པོ་སྟེ། །རྟག་པ་ཀུན་ཁྱབ་རང་རིག་ཡེ་ཤེས་དང༌། །རྣམ་པ་ཀུན་ལྡན་ཡོངས་དཔྱོད་མཚན་ཉིད་དེ། །སྤྲོས་བྲལ་མ་གོས་རྣམ་བཅད་མཚན་ཉིད་དེ། ༡༣ །ཟུང་འཇུག་རང་བཞིན་རིགས་དང་དོན་དམ་ཁམས། །དེ་ལྟར་དེ་ཡི་མཚན་ཉིད་རྣམ་པ་དགུ། །འདི་ལ་དོན་དམ་དབྱིངས་ཀྱི་མཚན་ཉིད་དང༌། །རྣལ་འབྱོར་ཅན་ལ་སྣང་ཚུལ་སོ་སོར་ཡོད། ༡༤ །དབྱིངས་དེ་འཁོར་བའི་རྒྱུ་ནི་མིན་མོད་ཀྱང༌། །དེ་མེད་ན་ནི་དེ་ཡང་མི་སྲིད་པས། །མཁའ་ལ་རླུང་གི་དཀྱིལ་འཁོར་བརྟེན་པ་ལྟར། །འཁོར་བའི་གཞིར་གྱུར་ཞེས་པའི་རྣམ་བཞག་བྱས། ༡༥ །རང་བཞིན་རིགས་ལ་སད་དང་མ་སད་མེད། །དེ་ཡོད་རྒྱུ་མཚན་རྒྱས་འགྱུར་སྐྱེས་པ་ལ། །དེ་ཡང་སད་ཅེས་རྣམ་གཞག་བྱས་པ་ཙམ། །འདི་འཕེལ་དེ་ཡང་འཕེལ་བའི་ཐ་སྙད་བཏགས། ༡༦ །བག་ཆགས་ཀུན་འདུས་གསལ་རིག་ཙམ་ཞིག་དང༌། །བདག་ཏུ་སྣང་དང་སྣ་ཚོགས་ཡུལ་སྣང་ཅན། །ཇི་ལྟར་ཆུ་བྲན་དུ་མ་འདུས་པ་ལས། །ཆུ་ཆེན་ཞེས་གྲགས་དེ་ལ་རླབས་འཁྲིགས་ན། ༡༧ །རླབས་དང་ཆུ་བོའི་ཁྱད་པར་དབྱེ་བ་དཀའ། །ཀུན་གཞི་རྣམ་ཤེས་ཆུ་བོ་ཆེན་པོ་འདྲ། །ཐོག་མེད་ནས་བསགས་བག་ཆགས་ཆུ་ཀུན་འདུས། །ད་ལྟའི་བག་ཆགས་གསར་འདྲེའི་ས་བོན་དང༌། ༡༨ །སྔོན་དུས་འདྲེས་པའི་རྒྱུན་ནི་རྣམ་སྨིན་ཡིན། །རྫས་ཀྱི་རྣམ་དབྱེར་མེད་དེ་ཆུ་དང་མཚུངས། །རང་བཞིན་གསལ་བ་ཡིན་མོད་ཡུལ་རྣམས་ཀྱི། །རྣམ་པ་མི་གསལ་དམིགས་པ་ཀུན་ལ་དམིགས། ༡༩ །སྣོད་བཅུད་མ་ལུས་སྟོན་པའི་མཐུ་ཅན་ཏེ། །མཐའ་ཡས་དེ་ནི་ཀུན་ལ་མཚུངས་པར་ཡོད། །རྣམ་ཤེས་བདུན་ནི་ཆུ་བོའི་རླབས་དང་འདྲ། །གསལ་ཞིང་རིག་པའི་རྣམ་འགྱུར་དེ་དག་ཀྱང༌། ༢༠ །རིག་པའི་ཚུལ་དུ་ཀུན་གཞི་དང་མཚུངས་ཀྱང༌། །སེམས་ཀྱི་མཚན་ཉིད་དེ་དག་རྣམས་ལ་མེད། །ཆུ་རླབས་ཆུ་བོ་ཆུ་རུ་མཚུངས་མོད་ཀྱང༌། །དེ་ལ་དེ་ཡི་མཚན་ཉིད་མེད་པ་བཞིན། ༢༡།ཐེག་པ་ཆེན་པོར་ཆོས་ལྔ་བསྟན་པ་ནི། །སྒྲ་དང་ཡིད་ཀྱི་གཡོ་བའི་རང་བཞིན་གྱི། །བརྗོད་པའི་གནས་ཀྱི་སྤྱི་ནི་རྒྱུ་མཚན་ཏེ། །དེ་ལ་བླ་བཏགས་ཚིག་སྤྱི་མིང་དུ་བརྗོད། ༢༢ །དེ་བཞིན་ཉིད་ནི་བརྗོད་པའི་ཡུལ་ལས་འདས། །འཕགས་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ལོ། །མིང་དང་རྒྱུ་མཚན་དེ་ཉིད་གཞན་ཉིད་མེད། །དེ་བཞིན་ཉིད་དང་མཚན་གཞིའང་བརྗོད་དུ་མེད། ༢༣ །མཚན་གཞི་ཀུན་ལ་མཚན་ཉིད་གསུམ་འཇུག་སྟེ། །བརྗོད་པས་བཏགས་པའི་བཏགས་ཆ་ཀུན་བཏགས་དང༌། །རང་གི་རྒྱུ་རྐྱེན་ལས་སྐྱེས་རྣམ་རིགས་གཞན། །གནས་ལུགས་གདོད་མར་གྲུབ་པ་ཡོངས་གྲུབ་བོ། ༢༤ །ཀུན་བཏགས་གཞན་དབང་རྟེན་འབྲེལ་ཉིད་དུ་བརྗོད། །དེ་ནི་གཉིས་ཏེ་བསྐྱེད་བྱ་སྐྱེད་བྱེད་དང༌། །གཞག་བྱ་འཇོག་བྱེད་དབང་བྱས་རྟེན་འབྱུང་ངོ༌། །དང་པོ་གཞན་དབང་གཉིས་པ་ཀུན་བཏགས་ཡིན། ༢༥ །རྟེན་འབྲེལ་ཐམས་ཅད་བཅོས་མ་གློ་བུར་བ། །དུ་བའི་རྣམ་རིག་མེ་ཤེལ་ལས་སྐྱེས་དང༌། །ཉོན་མོངས་སྣང་ལས་ལས་ཀྱི་རྣམ་རིག་སྐྱེ། །དེ་ལས་སྐྱེ་བའི་རྣམ་རིག་འབྱུང་བ་བཞིན། ༢༦ །རྣམ་རིག་དེ་ཡང་རྨི་ལམ་ཤེས་པ་འདྲ། །གདོད་ནས་ཡོད་མ་མྱོང་ཡང་སྣང་མི་འགག །རྨི་ལམ་མེ་ལས་ཚིག་པར་སྣང་བ་བཞིན། །ཡོད་མེད་རྟག་ཆད་ཀུན་ལས་འདས་པ་ཡིན། ༢༧ །དེ་འདྲའི་ཆོས་དབྱིངས་དེ་འདྲའི་སྣང་བརྙན་ཅན། །དེ་ནི་དོན་དམ་ཁོ་ནའི་རྟེན་འབྲེལ་ཏེ། །གང་ལས་ཀྱང་ནི་མ་བྱུང་མ་ལྟོས་ལ། །མི་འགྱུར་སྤྲོས་བྲལ་རྟག་པ་ཡིན་ཕྱིར་རོ། ༢༨ །ཕྱིན་ཅི་ལོག་གསུམ་བདག་ལྟའི་གྲོགས་ཡིན་ཏེ། །བདག་ནི་རྟག་པའམ་རེ་ཞིག་གནས་འདོད་རྟག །སྔར་གནས་བདེན་ལས་གཞན་དུ་ཆད་སྙམ་པ། །གང་ཟག་ལ་ལྟོས་རྟག་ཆད་མཐར་ལྟའོ། ༢༩ །འདུས་བྱས་ནམ་ཡང་རྟག་པའི་གོ་སྐབས་མེད། །མི་རྟག་པ་ལས་མེད་དང་སྡུག་བསྔལ་རྟོགས། །སྡུག་བསྔལ་ཅན་ནི་བྱེད་པོར་མི་རུང་ཞིང༌། །མི་རྟག་པ་ལ་བདག་དང་བྱེད་པོ་འགལ། ༣༠ །ཆོས་ཀྱི་བདག་འཛིན་དངོས་པོར་ཞེན་པ་སྟེ། །བདེན་མིན་སྣང་བ་ཙམ་ལ་རྟག་ཆད་མེད། །ཡེ་ཤེས་བདེན་གྲུབ་ཆོས་ཀྱི་བདག་མ་ཡིན། །འགག་གནས་མེད་དེ་སྐྱེ་བ་མེད་ཕྱིར་དང༌། ༣༡ །ཐ་དད་མེད་དེ་གཅིག་པ་མེད་ཕྱིར་དང༌། །འོང་བ་མེད་དེ་སོང་བ་མ་གྲུབ་དང༌། །ཆད་པ་མེད་དེ་རྟག་པ་མེད་ཕྱིར་རོ། །ཆོས་ཀུན་བདག་མེད་གཉིས་ཀ་ཡིན་མོད་ཀྱི། ༣༢ །དགག་བྱ་ལྡོག་ཚུལ་ཕྱོགས་ནས་ལྡོག་པས་དབྱེ། །གདུལ་བྱ་བཟུང་ཕྱིར་རྒྱལ་བས་འདི་གཉིས་གསུངས། །སངས་རྒྱས་རྟག་པ་གང་ཟག་བདག་མེད་དང༌། །རྣམ་པ་ཀུན་ལྡན་ཆོས་བདག་མེད་པའི་གཞི། ༣༣ །དེ་བཞིན་ཉིད་ལ་ཀུན་རྫོབ་ཆོས་ཀྱི་བདག །ནམ་ཡང་མེད་པ་བདག་མེད་དོན་དུ་གསུངས། །ངེས་པའི་དོན་དུ་དགག་སྒྲུབ་གང་ཡང་མེད། །གཅིག་དང་ཐ་དད་སྐྱེ་འགག་སྤྲོས་དང་བྲལ། ༣༤ ། རང་གི་ངོ་བོ་བདེན་སྟོང་རྣམ་ཤེས་ཀྱི། །ཡུལ་ནི་ཀུན་རྫོབ་ཙམ་གྱི་མཚན་ཉིད་ཡིན། །རང་གི་ངོ་བོས་བདེན་གྲུབ་འཕགས་པ་ཡི། །ཡེ་ཤེས་སྤྱོད་ཡུལ་དོན་དམ་བདེན་པར་གསུངས། ༣༥ །ཀུན་རྫོབ་ལ་ནི་ཡང་དག་ལོག་པ་གཉིས། །དོན་དམ་ལ་ཡང་རྣམ་གྲངས་ཁྱད་པར་གཉིས། །སྟོང་ཉིད་ཉི་ཤུ་ཡོངས་གྲུབ་དགུ་ལ་སོགས། །རྫོགས་ལྡན་ཆོས་མཆོག་རྣམས་ལས་རྒྱས་པར་གསུངས། ༣༦ །ཐེག་གཅིག་ཉིད་དང་དགྲ་བཅོམ་སེམས་སླད་དང༌། །གང་ཟག་བརྒྱད་མེད་ལ་སོགས་དྲང་དོན་ནོ། །མཐར་ཐུག་ཐེག་གསུམ་ཀྱང་དེ་ཐེག་གཅིག་ཉིད། །སྡེ་སྣོད་དགོངས་གཅིག་མཐར་ཐུག་བགྲོད་བྱ་གཅིག ༣༧ །ཆོས་སྐུ་གསུམ་ཤེས་ཆོས་ལ་མོས་པ་ཐོབ། །དེ་བཞིན་ཉིད་ཤེས་ཤེས་རབ་དམ་པ་སྟེ། །རིགས་གཉིས་ཤེས་ནས་དེ་ལ་བསམ་གཏན་བསྒོམ། །སྐུ་གསུམ་ཤེས་ནས་འགྲོ་ལ་སྙིང་རྗེ་འཇུག ༣༨ །ཤེས་རབ་ཡུལ་ལ་སྤྲོས་པ་འགོག་པ་དང༌། །ཡུལ་ཅན་མཚན་མ་འགོག་པའི་དབྱེ་བས་ཕྱེ། །རྟག་ཏུ་ཚུལ་ཁྲིམས་སྡོམ་པའི་བརྟུལ་ཞུགས་འཛིན། །སྡིག་གྲོགས་སྤངས་ནས་བཤེས་གཤེན་དམ་པ་བསྟེན། ༣༩། སྐྱབས་སུ་སོང་ཞིང་བྱང་ཆུབ་སེམས་བསྐྱེད་བླངས། །བསྒོམ་བྱ་སྟོང་ཉིད་སྙིང་རྗེ་མི་གནས་སྦྱོར། །སྒོམ་ཚུལ་ཐབས་ནི་ཞི་གནས་ལྷག་མཐོང་སྦྲེལ། །ཐུན་མཚམས་སྤྱོད་པ་ཆོས་སྤྱོད་དགུ་དང་སྦྱར། ༤༠ །གཟུང་དང་འཛིན་པའི་རྣམ་རྟོག་སྤངས་པ་ལས། །སྤྱོད་པའི་གསང་བ་བསམ་གྱིས་མི་ཁྱབ་པའི། །ཡིད་ཀྱི་ལུས་ནི་མྱུར་དུ་ཐོབ་པར་འགྱུར། །དེ་ལ་བརྟེན་ནས་མཐར་ཐུག་བྱང་ཆུབ་སྒྲུབ། ༤༡ །དམན་པའི་མྱང་འདས་རྒྱལ་བའི་འོད་ཀྱིས་བསྐུལ། །ཡིད་ལུས་དེ་དག་བཅོ་བརྒྱད་ཁམས་དང་བྲལ། །ཡེ་ཤེས་དབང་པོས་ཡེ་ཤེས་འདོད་ཡོན་སྤྱོད། །བསམ་གྱིས་མི་ཁྱབ་འཆི་འཕོ་སྐྱེ་བ་སྟོན། ༤༢ །བཟོད་པ་གསུམ་ཐོབ་རིམ་པར་ལུང་སྟོན་ཅིང༌། །ས་བརྒྱད་ཐོབ་ནས་མཚན་མེད་ལྷུན་གྱིས་གྲུབ། །དབང་བསྐུར་ཐོབ་ནས་སྟོན་པ་གཉིས་པ་སྟེ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་མཐའ་ལ་སྦྱོར། ༤༣ །ཡོན་ཏན་དཔག་ཏུ་མེད་པའི་གཞིར་གྱུར་པ། །སྤྲོས་བྲལ་ཡེ་ཤེས་དོན་དམ་རྣམ་ཀུན་ཅན། །ཀུན་རྫོབ་སྣང་བ་མེད་ཀྱང་ཀུན་མཁྱེན་པ། །ཆོས་ཉིད་གདོད་མ་དེ་ནི་ཆོས་ཀྱི་སྐུ། ༤༤ །སྟོང་དང་གསལ་དང་སྙིང་རྗེའི་ཡེ་ཤེས་ལས། །ཆོས་དང་ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཤར། །རྣམ་ཤེས་རིགས་རྒྱུན་གཞན་སྣང་འགྲོ་དོན་རྒྱུ། །དུས་མཉམ་འདྲེས་ཤིང་ཕྱི་ནས་གསར་ཐོབ་འདྲེས། ༤༥ །ཆོས་དབྱིངས་ཡེ་ཤེས་དོན་དམ་ཉག་གཅིག་སྟེ། །གཞན་རྣམ་ཀུན་རྫོབ་དོན་དམ་གཉིས་སུ་དབྱེ། །དོན་དམ་ཡེ་ཤེས་ལྔ་ནི་ངོ་བོ་གཅིག །ཕུང་ཁམས་སོགས་ཀྱི་ཆོས་དབྱིངས་ཁོ་ནར་གནས། ༤༦ །ཟབ་མོ་ཐེག་པ་མཆོག་གི་མཐར་ཐུག་ལས། །འཁོར་བ་རང་གི་རྣམ་པར་རྟོག་པ་སྟེ། །རྣམ་རྟོག་རྒྱུ་ནི་ལས་རླུང་ཁོ་ན་ཡིན། །དེ་ཕྱིར་ལས་རླུང་འགག་པ་གཙོ་བོར་བཟུང༌། ༤༧ །ལས་རླུང་འགགས་པས་གཉིས་སུ་མེད་པ་ཡི། །ཡེ་ཤེས་གཟུགས་མེད་གཟུགས་བཟང་དམ་པ་ཐོབ། །དེ་ལ་གོམས་པས་རྡོ་རྗེ་སེམས་དཔར་འགྱུར། །དེ་ཕྱིར་ལས་རླུང་འགོག་པའི་ཐབས་ཀྱི་མཆོག ༤༨། བྱེད་བཅིངས་ཟབ་མོའི་གནད་དང་ལྡན་པ་ཡི། །རྡོ་རྗེའི་རྣལ་འབྱོར་མཆོག་ལ་འབད་པར་བྱ། །སེམས་ཅན་དང་པོའི་ལས་ཅན་རྣམས་ཀྱིས་ཀྱང༌། །ཆོས་སྐུ་དམ་པའི་ཡེ་ཤེས་མིག་གིས་མཐོང༌། ༤༩ །རྒྱལ་མཆོག་རྣམས་དང་ས་བཅུའི་སེམས་དཔའ་ཡི། །མན་ངག་ཟབ་མོ་དབུ་མ་ཁྱད་འཕགས་འདི། །འདོད་པ་མང་ཉུང་གཙོ་བོར་མ་བྱས་ཏེ། །རྫོགས་ལྡན་ཆོས་མཆོག་རྣམས་ཀྱི་ལུགས་སུ་བཀོད། ༥༠ །དབུ་མའི་མན་ངག་ཁྱད་འཕགས་མདོ་ཙམ་དུ་བྲིས་པ་འདི་ནི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་ཆེན་རིན་པོ་ཆེ་བྱང་ཆུབ་སེམས་དཔའ་ཆེན་པོ་བསོད་ནམས་གྲགས་པས་བཀའ་གནང་བ་ལ་བརྟེན་ནས། རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་སུག་ལས་སུ་བྱས་པ་ལགས་སོ།། །།ཞུས་དག །མངྒལཾ།[མ་དཔེ་འབྲས་གནས་བཅུའི་དཔེ་རྙིང༌། ཕྱི་ལ ༥༡༥ ཤིང་པར་ཡིན།


previousདབུ་མའི་མན་ངག་ཁྱད་འཕགས་ཞེས་བྱ་བ་བཞུགས་སོ། ། no next