Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
བཀའ་བསྡུ་བཞི་པའི་བསྡུས་དོན་འགྲེལ་པ་བཞུགས་སོ། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་བསྡུ་བཞི་པའི་བསྡུས་དོན་འགྲེལ་པ་བཞུགས་སོ། ། next

བཀའ་བསྡུ་བཞི་པའི་བསྡུས་དོན་འགྲེལ་པ་བཞུགས་སོ། །

ཨོཾ་བདེ་ལེགས་སུ་གྱུར་ཅིག །ཡོད་པ་ལ་སྐུར་བ་མི་འདེབས་ཤིང་མེད་པ་ལ་སྒྲོ་མི་འདོགས་པར་ཇི་ལྟར་གནས་པ་བཞིན་དུ་རྟོགས་ནས་སྟོན་པར་མཛད་པ་གང་ཡིན་ཐམས་ཅད་ལ་ཕྱག་འཚལ་མཆོད་ཅིང་བསྟོད་དེ་སྐྱབས་སུ་སོང་ནས། བཀའ་བསྡུ་བཞི་པ་བསྟན་རྩིས་ཆེན་པོ་རྩ་འགྲེལ་གྱི་བསྡུས་དོན་འགྲེལ་པ་བརྗོད་པར་བྱའོ། །དེ་ལ། ཨོཾ། ཞེས་པ་ནས། ན་མཿ ཞེས་པའི་བར་གྱིས་སྤྱིར་བླ་མ་དཀོན་མཆོག་ཐམས་ཅད་ལ་མཆོད་པར་བརྗོད་པར་བསྟན་ཏོ། །དེ་ནས། དོན་དམ། ཞེས་པ་ནས། ཕྱག་འཚལ། །ཞེས་པའི་བར་གྱིས་མཐར་ཐུག་གི་སངས་རྒྱས་རང་བྱུང་ཡེ་ཤེས་དེ་བཞིན་ཉིད་ལ་མཆོད་པར་བརྗོད་པ་བསྟན་ཏོ། །དེ་ནས། དུས་བཞི་གཉིས་ཀྱི་རབ་དབྱེ་རབ་བཤད་བྱ། །ཞེས་པས་རྩོམ་པར་དམ་བཅའ་བ་བསྟན་ཏོ། །

དུས་བཞི་ཆེན་པོ། ཞེས་པ་ནས། བཟང་ངན་ཡིན། །ཞེས་པའི་བར་གྱིས་དུས་བཞི་གཉིས་ཀྱི་ངོ་བོ་སྤྱིར་བསྟན་ཏོ། །དང་པོའི། ཞེས་པ་ནས། སོ་སོའི་ཚད། །ཅེས་པའི་བར་གྱིས་དུས་བཞི་གཉིས་ཀྱི་ལོ་གྲངས་བསྟན་ཏོ། །སྐྱོན་མེད། ཅེས་པ་ནས། ཆོས་སུ་གསུངས། །ཞེས་པའི་བར་གྱིས་དུས་བཞི་ཆུང་བའི་ངོས་འཛིན་ཁྱད་པར་དུ་བསྟན་ཏོ། །དེ་དང་དེ་ཡི། ཞེས་པ་ནས། གཙུག་གིས་བླང༌། །ཞེས་པའི་བར་གྱིས་རྫོགས་ལྡན་གྱི་ཆོས་གང་ཡིན་དཔང་དུ་རུང་བར་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། གནོད་པ་བཞིན། །ཞེས་པའི་བར་གྱིས་གསུམ་ལྡན་མར་བཅད་ཀྱི་གཞུང་ལ་སྐྱོན་ཞུགས་པས། དེ་ལས་བཤད་པ་ཐམས་ཅད་བདེན་པའི་ངེས་པ་མེད་པར་བསྟན་ཏོ། །རྫོགས་ལྡན་ཆོས་ནི། ཞེས་པ་ནས། ཉིད་དུ་གསུངས། །ཞེས་པའི་བར་གྱིས་རྫོགས་ལྡན་གྱི་ཆོས་ལ་སྐྱོན་མེད་པས་དེ་ལ་ལྟ་སྒོམ་སྤྱོད་པ་རྣམ་དག་གསུངས་ཞེས་བསྟན་ཏོ། །གང་ཕྱིར། ཞེས་པ་ནས། གསུངས་པའི་ཕྱིར། །ཞེས་པའི་བར་གྱིས་བདེན་པ་གཉིས་ཀྱི་གནས་ལུགས་རྒྱས་པར་བསྟན་ཏོ། །བདེན་གཉིས་ངོ་བོ། ཞེས་པ་ནས། ཚུལ་འདི་ཉིད། །ཅེས་པའི་བར་གྱིས་བདེན་གཉིས་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་དགོས་པ་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། འཁོར་འདས་དོན་དུ་འདོད། །ཅེས་པའི་བར་གྱིས་ལྟ་ངན་ཅན་གྱི་འདོད་ལུགས་བསྟན་ཏོ། །སྣང་ཚད་ཀུན་རྫོབ། ཅེས་པ་ནས། ཉེས་སྐྱོན་གཞན་ཡང་དཔག་མེད་དོ། །ཞེས་པའི་བར་གྱིས་སྣང་བ་གང་ཡིན་ཀུན་རྫོབ་དང༌། སྟོང་པ་གང་ཡིན་དོན་དམ་བདེན་པར་འདོད་པ་ལ་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་ཏོ། །བདེན་གཉིས་འཁོར་འདས་ངོ་བོ་གཅིག་ན་ནི། །ཞེས་པ་ནས། དེ་ལྟར་འདོད་ན་ཉེས་སྐྱོན་དཔག་མེད་དོ། །ཞེས་པའི་བར་གྱིས་བདེན་གཉིས་ངོ་བོ་གཅིག་ཏུ་འདོད་པ་དང༌། འཁོར་འདས་ངོ་བོ་གཅིག་ཏུ་འདོད་པ་ལ་ཧ་ཅང་ཐལ་ཆེས་པའི་སྐྱོན་བརྗོད་པའོ། །རྫོགས་ལྡན་ལུགས་ལ་ཉེས་སྐྱོན་དེ་རྣམས་མེད། །ཅེས་པས་རང་ལུགས་ལ་སྐྱོན་མེད་པར་བསྟན་ཏོ། །ཤེས་བྱ་ཐམས་ཅད། ཅེས་པ་ནས། ལུགས། །ཞེས་པའི་བར་གྱིས་སྐྱོན་ཅན་གྱི་འདོད་ལུགས་བརྗོད་པའོ། །ཆོས་ཉིད་དབུ་མ། ཞེས་པ་ནས། རྐང་པ་ལྔ་འགྲེལ་པ་དང་བཅས་པས་ལུང་རིགས་ཀྱིས་སུན་དབྱུང་བ་བསྟན་ཏོ། །ཐམས་ཅད་བེམ་རིག་གཉིས་སུ་ཁ་ཚོན་ཆོད། །ཅེས་སོགས་རྐང་པ་གསུམ་འགྲེལ་པ་དང་བཅས་པས་བེམ་རིག་གཉིས་སུ་ཤེས་བྱ་ཐམས་ཅད་འདུས་པར་རྫོགས་ལྡན་གྱི་ལུང་རིགས་ཀྱིས་བསྒྲུབ་པར་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། ཅེས་སོགས་རྣམ་པ་མང་པོས་དོན་དམ་ནི། །ཤེས་པ་རིག་པ་ཡེ་ཤེས་ཡིན་པར་སྟོན། །ཞེས་པའི་བར་གྱིས་ཆོས་དབྱིངས་ཤེས་པ་ཡིན་པའི་སྒྲུབ་བྱེད་བསྟན་ཏོ། །དེ་ཕྱིར་སྐད། ཅེས་སོགས་རྐང་པ་གསུམ་འགྲེལ་པ་དང་བཅས་པས་ཆོས་དབྱིངས་ཡེ་ཤེས་ཡིན་ཡང་མི་རྟག་པར་མ་ཡིན་གྱི་མཐར་ཐུག་པའི་དེ་ཁོ་ན་ཉིད་དུ་བསྟན་ཏོ། །གལ་ཏེ་དོན་དམ་རིག་པ་མ་ཡིན་ན། །ཞེས་པ་ནས། འགལ་བར་འགྱུར། །ཞེས་པའི་བར་གྱིས་ཆོས་དབྱིངས་རིག་པ་ཡིན་པ་ལ་ཧ་ཅང་ཐལ་བ་ལ་གནོད་བྱེད་དགོད་པའོ། །གལ་ཏེ་དོན་དམ། ཞེས་པ་ནས། དེ་བཞིན་ནོ། །ཞེས་པའི་བར་གྱིས་ཆོས་དབྱིངས་བདེ་གཤེགས་སྙིང་པོ་རྟག་བརྟན་གྱི་ཤེས་པ་གྲུབ་པར་བསྟན་ཏོ། །གལ་ཏེ་དོན་དམ་ཤེས་པ་མ་ཡིན་ན། །ཞེས་སོགས་ཀྱིས་རྐང་པ་གསུམ་གྱིས་ཆོས་དབྱིངས་ཤེས་པ་མིན་པར་འདོད་པ་ལ་གནོད་བྱེད་གནམ་ལྕགས་ལྟ་བུ་བསྟན་ཏོ། །གལ་ཏེ་དོན་དམ་ཤེས་པ། ཞེས་སོགས་རྐང་པ་གཉིས་ཀྱིས་ཤེས་པ་ཡིན་ན་མི་རྟག་པ་མ་ཡིན་པའི་རྩོད་པ་བཀོད་ནས། དེ་འདྲ། ཞེས་སོགས་ནས། མྱུར་དུ་ཐོབ་པར་འགྱུར། །ཞེས་པའི་བར་གྱིས་ཤེས་པ་གང་ཡིན་མི་རྟག་པར་འདོད་པ་ལྟ་ངན་ཡིན་པ་དང༌། འདུས་མ་བྱས་ཀྱི་ཤེས་པ་རྫོགས་ལྡན་ལས་གསུངས་པའི་ཁུངས་མ་ཆོད་པ་དང་གསུང་རབ་ཀྱི་གནད་ཟབ་ཅིང་ཕུལ་དུ་བྱུང་བ་རྣམས་ཀྱང་ཁུངས་མ་ཆོད་པར་བསྟན་ཏོ། །རྫོགས་ལྡན། ཞེས་པ་ནས། གསུངས་པས་གནོད། །ཅེས་པའི་བར་གྱིས་དཀྱིལ་འཁོར་དང་ལྷ་དང་སྔགས་དང་རྒྱུད་དང་རིགས་དང་དཀོན་མཆོག་གང་ཡིན་ཐམས་ཅད་སྔར་མེད་ཕྱིས་བྱུང་བའི་འདུས་བྱས་སུ་འདོད་པ་ལ་ལུང་རིགས་ཀྱིས་གནོད་བྱེད་བསྟན་ཏོ། །གསུངས་པ་དེ་རྣམས། ཞེས་པ་ནས། གྱུར་ཅིག །ཅེས་པའི་བར་གྱིས་མཐར་ཐུག་གི་སངས་རྒྱས་ལ་སོགས་རྟག་བརྟན་ཡིན་པ་དྲང་དོན་དུ་འདོད་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པར་བསྟན་ཏོ། །གལ་ཏེ། ཞེས་པ་ནས། ཤིན་ཏུ་མང་བར་ཡོད། །ཅེས་པའི་བར་གྱིས་ཐམས་ཅད་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་པར་ཅིར་ཡང་མ་གྲུབ་པར་འདོད་པ་ལ། ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་པ་ལ་སོགས་པས་དོན་དམ་མེད་ན་ཀུན་རྫོབ་ཀྱང་མེད་པར་ཧ་ཅང་ཐལ་པའི་སྐྱོན་གྱིས་གནོད་པ་བསྟན་ཏོ། །དེ་ཕྱིར་འགྲོ་བ། ཞེས་སོགས། རྐང་པ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཆོས་ཟབ་ཁྱད་འཕགས་ཀྱི་བྱིན་རླབས་འཇུག་པར་སྨོན་པའོ། །ཤེས་བྱ་ལ་ནི། ཞེས་པ་ནས། ཡེ་ཤེས་ཡིན། །ཞེས་པའི་བར་གྱིས་སྤྱིར་ཤེས་བྱ་ཙམ་གྱི་རྣམ་དབྱེ་དང༌། ཁྱད་པར་དུ་ཤེས་པ་དང་ཡེ་ཤེས་ཀྱི་རྣམ་དབྱེ་ལ་སོགས་པ་རྫོགས་ལྡན་གྱི་ཆོས་ལུགས་ཁྱད་འཕགས་རྣམས་བསྟན་ཏོ། །རྫོགས་ལྡན་ཆོས། ཞེས་པ་ནས། དགོངས་པ་ ཡིན། །ཞེས་པའི་བར་གྱིས་ཆོས་དབྱིངས་ཤེར་ཕྱིན་ཟབ་མོར་གསུངས་པའི་དགོངས་པ་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། བསླད་པའི་ལུགས། །ཞེས་པའི་བར་གྱིས་ལྟ་ངན་ཅན་གྱི་འདོད་ལུགས་བརྗོད་དེ་ལྟ་བའི་སྙིགས་མ་བདོ་བར་བསྟན་ཏོ། །རྫོགས་ལྡན་ལ་ནི། ཞེས་པ་ནས། ལུགས་ལ་ཡོད། །ཅེས་པའི་བར་གྱིས་རྫོགས་ལྡན་ལུགས་ཀྱི་རྣམ་བཞག་ལེགས་པོ་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། བདོ་བར་བྱས། །ཞེས་པའི་བར་གྱིས་སྐྱོན་ཅན་གྱི་འདོད་པ་བསྟན་ཏོ། །བདེ་གཤེགས་སྙིང་པོ། ཞེས་པ་ནས། སྔར་སངས་རྒྱས་ཀྱང་ཡིན། །ཞེས་པའི་བར་གྱིས་ཀུན་གཞི་ཡེ་ཤེས་དེ་མདོ་སྔགས་ཐམས་ཅད་ཀྱི་ངེས་དོན་མཐར་ཐུག་ཡིན་པར་བསྟན་ཏོ། །གསུམ་ལྡན། ཞེས་པ་ནས། བདོ་བར་བྱས། །ཞེས་པའི་བར་གྱིས་དེ་ལྟར་མ་གཏོགས་པའི་སྐྱོན་བསྟན་ཏོ། །རྫོགས་ལྡན་ཆོས། ཞེས་པ་ནས། དེ་དག་གཅིག་ཏུ་བསྲེ་བར་མ་གྱུར་ཅིག །ཅེས་པའི་བར་གྱིས་ཀུན་གཞི་རྣམ་ཤེས་འདི་རྒྱུའི་རྒྱུད་དང་རང་བཞིན་འོད་གསལ་ལ་སོགས་མ་ཡིན་གྱི། ཀུན་གཞི་ཡེ་ཤེས་ནི་རྒྱུའི་རྒྱུད་དང༌། རང་བཞིན་འོད་གསལ་ལ་སོགས་ཡིན་པས་ཀུན་གཞི་གཉིས་པོ་ལེགས་པར་བྱེད་དགོས་པར་བསྟན་ཏོ། །གལ་ཏེ་བསྲེས་ན། ཞེས་སོགས་རྐང་པ་གཉིས་ཀྱིས་དེ་གཉིས་གཅིག་ཏུ་བསྲེས་པའི་ཉེས་དམིགས་ཆེན་པོ་དཔག་ཏུ་མེད་པ་བསྟན་ཏོ། །རྫོགས་ལྡན། ཞེས་པ་ནས། ནམ་མཁའ་འདྲ། །ཞེས་པའི་བར་གྱིས་སྦྱང་གཞི་ལ་སོགས་ཆོས་བཞི་དཔེ་དང་བཅས་ཏེ་བསྟན་ཏོ། །དེ་ལྟར་གསུངས་ཀྱང་། ཞེས་པ་ནས། མང་བར་མཆིས། །ཞེས་པའི་བར་གྱིས་སྦྱང་བྱ་དང་སྦྱང་གཞི་གཅིག་ཡིན་ན་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་ཏོ། །ཡོངས་གྲུབ། ཅེས་པ་ནས། ལུགས། །ཞེས་པའི་བར་གྱིས་འགྱུར་མེད་ཡོངས་གྲུབ་དང་དབུ་མ་ཆེན་པོ་གཅིག་ཉིད་དུ་བསྟན་ཏོ། །གསུམ་ལྡན་མར་བཅད་སྐྱོན་ཅན། ཞེས་པ་ནས། ལུགས་ལས་ འབྱུང༌། །ཞེས་པའི་བར་གྱིས་རང་བཞིན་གསུམ་སེམས་ཙམ་པ་ཁོ་ནའི་ཆོས་སྐད་ཡིན་པར་འདོད་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པར་བསྟན་ཏོ། །དེ་ཕྱིར་དེ་འདྲའི། ཞེས་པ་ནས། རི་བོང་རྭ་དང་མཚུངས། །ཞེས་པའི་བར་གྱིས་གྲུབ་མཐའི་རྣམ་བཞག་ཚུལ་བཞིན་མ་ཤེས་པའི་རྒྱུ་མཚན་གྱིས་ངོ་བོ་ཉིད་གསུམ་སྟོན་ཚད་སེམས་ཙམ་ཡིན་ཞེས་པ་དང༌། དེ་སྟོན་པའི་གང་ཟག་ཐམས་ཅད་སེམས་ཙམ་པ་ཡིན་ཞེས་པ་དང༌། དོན་དམ་པར་ཅིར་ཡང་གྲུབ་པ་མེད་པས་དབུ་མ་ཡང་ཅིར་ཡང་མ་གྲུབ་ཅེས་པ་དང༌། དེ་ལྟར་སྟོན་ཚད་དབུ་མ་པ་ཆེན་པོ་ཡིན་ཞེས་པ་ཐམས་ཅད་ལྟ་ངན་དུ་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། མི་འགལ་ལམ། །ཞེས་པའི་བར་གྱིས་རྟེན་མེད་ན་བརྟེན་པ་མེད་པ་ལ་སོགས་པས་དོན་དམ་མེད་ན་ཀུན་རྫོབ་ཀྱང་མེད་པར་ཧ་ཅང་ཐལ་ཆེས་པ་བསྟན་ཏོ། །དབུ་མ་ལ་ནི་རང་རྒྱུད། ཅེས་པ་ནས། མཁས་པ་ཆེན་པོར་འགྱུར། །ཞེས་པའི་བར་གྱིས་ཐལ་འགྱུར་དང་རང་རྒྱུད་གཉི་ག་དབུ་མའི་དབྱེ་བར་འདོད་པ་བཀག་ནས། དེ་བཞིན་ཉིད་སོགས་དོན་དམ་གྱི་ལྷ་སྔགས་ཐམས་ཅད་དབུ་མའི་དབྱེ་བ་ཡིན་པར་ལུང་རིགས་ཀྱིས་བསྒྲུབ་པར་བསྟན་ཏོ། །རང་རྒྱུད་ཐལ་འགྱུར། ཞེས་པ་ནས། ཡིན་མོད་ཀྱང༌། །ཞེས་པའི་བར་གྱིས་ཐལ་འགྱུར་དང་རང་རྒྱུད་གཉི་ག་ཡོད་པའི་ཕྱོགས་སུ་ལྷུང་བས་དབུ་མ་ལས་ཕྱེ་བའི་ཡ་གྱལ་ཡིན་པར་མི་རིགས་པ་དཔེ་དོན་དང་བཅས་ཏེ་བསྟན་ཏོ། །གསུམ་ལྡན། ཞེས་པ་ནས། ལོ། །ཞེས་པའི་བར་གྱིས་གཞན་གྱི་འདོད་ལུགས་ ནོར་བ་བརྗོད་པའོ། །དེ་ལྟར་ཡིན་ན། ཞེས་པ་ནས། གསུངས་ཕྱིར་རོ། །ཞེས་པའི་བར་གྱིས་དེ་ལྟར་འདོད་པ་དེ་སྡིག་ལྟ་ཆེན་པོ་ཡིན་པར་རྒྱུ་མཚན་དང་བཅས་པ་བསྟན་ཏོ། །མདོ་རྒྱུད་རྣམ་དག་ཟབ་མོ། ཞེས་པ་ནས། གཞི་ལ་དགོངས། །ཞེས་པའི་བར་གྱིས་སྟོང་ཉིད་ཟབ་མོ་མཐར་ཐུག་དེ་མཐའ་ཐམས་ཅད་ཀྱིས་སྟོང་པའི་གཞི་ཡིན་གྱིས་མཐའ་དང་བྲལ་ཙམ་གྱི་རང་སྟོང་མེད་དགག་ནི་མ་ཡིན་པར་བསྟན་ཏོ། །སྟོང་གཞི། ཞེས་པ་ནས། རྣམ་དག་རྒྱུད་སྡེ་རྣམས་ཀྱང་དེ་བཞིན་ནོ། །ཞེས་པའི་བར་གྱིས་སྟོང་གཞི་ཆོས་དབྱིངས་ཟབ་མོ་དེ་ཀུན་རྫོབ་ཀྱི་ཆོས་འདི་ཐམས་ཅད་གཏན་ནས་མ་ཡིན་གྱི་གནས་ལུགས་བདེ་བ་ཆེན་པོའི་ཡེ་ཤེས་གཞན་སྟོང་ཟབ་མོ་དོན་དམ་པའི་ལྷ་རྒྱུད་ལ་སོགས་ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་པས་དེ་ལྟར་སྟོན་པའི་བཀའ་བསྟན་བཅོས་ཐམས་ཅད་ཀྱང་དབུ་མ་ཆེན་པོའི་གཞུང་དུ་བསྟན་ཏོ། །གསུམ་ལྡན། ཞེས་པ་ནས། འགལ་བར་འགྱུར། །ཞེས་པའི་བར་གྱིས་རྟེན་འབྲེལ་དབུ་མར་འདོད་པ་དང༌། དབུ་མ་རྟེན་འབྲེལ་དུ་འདོད་པ་ལའང་འདུས་བྱས་ཐམས་ཅད་དབུ་མར་ཧ་ཅང་ཐལ་ཆེས་པའི་སྐྱོན་བརྗོད་པའོ། །དེ་ཕྱིར་རྟེན་འབྲེལ། ཞེས་སོགས་རྐང་པ་གཉིས་ཀྱིས་རྟེན་འབྲེལ་ལའང་བདེན་གཉིས་རྣམ་དབྱེ་ཤེས་དགོས་པར་བསྟན་ཏོ། །ཀུན་རྫོབ། ཅེས་སོགས་རྐང་པ་གཉིས་ཀྱིས་ཀུན་རྫོབ་ཀྱི་རྟེན་འབྲེལ་རྟོགས་པ་ནི་དབུ་མའི་ལམ་ཡིན་གྱི་རྟེན་འབྲེལ་དེ་དབུ་མ་ལ་སོགས་གཤིས་ལུགས་ཟབ་མོ་མཐར་ཐུག་ཐམས་ཅད་མིན་པར་བསྟན་ཏོ། །དོན་དམ་རྟེན་འབྲེལ། ཞེས་སོགས་ནས། སྤྱོད་ཡུལ་མིན། །ཞེས་པའི་བར་གྱིས་དོན་དམ་རྟེན་འབྲེལ་དེ་ཀུན་རྫོབ་ཀྱི་རྟེན་འབྲེལ་བཅུ་གཉིས་དང༌། དུས་སྦྱོར་བཅུ་གཉིས་ཀྱི་ལས་རླུང་རྣམས་གདོད་ནས་འགགས་པའི་གཞི་བདེན་དོན་བཅུ་གཉིས་ལ་སོགས་ཡིན་པར་མདོ་རྒྱུད་ཀུན་ལས་གསུངས་པར་བསྟན་ཏོ། །དེ་རྣམས། ཞེས་པ་ནས། ག་ལ་རུང༌། །ཞེས་པའི་བར་གྱིས་ཀུན་རྫོབ་ཐམས་ཅད་ཀྱིས་གདོད་ནས་སྟོང་ཞིང་དབེན་ལ་དག་པའི་གཞི་དོན་དམ་དེ་བཞིན་ཉིད་འགྱུར་མེད་ཡོངས་གྲུབ་དེ་སེམས་ཙམ་ལས་ཤིན་ཏུ་འདས་པས། དེ་ལྟར་སྟོན་ཅིང་འདོད་པ་རྣམས་ཀྱང་སེམས་ཙམ་པ་ལས་ཤིན་ཏུ་འདས་པར་བསྟན་ཏོ། །ཆོས་འཁོར་གཉིས་པའི། ཞེས་པ་ནས། ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་ཕྱིར་རོ། །ཞེས་པའི་བར་གྱིས་བཀའ་འཁོར་ལོ་བར་པའི་བརྗོད་བྱའི་གཙོ་བོའང་གཞན་སྟོང་ཟབ་མོ་དེ་བཞིན་ཉིད་ཡིན་ཞིང༌། དེ་ཡང་རང་སྟོང་ཆད་སྟོང་བེམ་སྟོང་མེད་དགག་ཡོངས་གཅོད་དུ་ཅི་ཡང་མ་གྲུབ་ཙམ་པ་དེ་འདྲ་གཏན་ནས་མ་ཡིན་གྱི། ཡོན་ཏན་དཔག་ཡས་ཚང་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དོན་དམ་པའི་ཨེ་ཝཾ་ཡེ་ཤེས་སྐུ་རང་བཞིན་འོད་གསལ་ཡུམ་ཆེན་མོ་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཤེར་ཕྱིན་ཟབ་མོ་ལ་སོགས་པ་ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་པར་བསྟན་ཏོ། །དེ་ཕྱིར་རྒྱལ་ཡུམ། ཞེས་པ་ནས། སྟོང་ཉིད་འདི་མིན་སྟོང་ཉིད་གཞན་མཆོག་ཡིན། །ཞེས་པའི་བར་གྱིས་བཀའ་འཁོར་ལོ་ཐ་མ་གཉིས་དང་རྒྱུད་སྡེ་བཞིའི་བརྗོད་བྱའི་གཙོ་བོ་སྟོང་ཉིད་ཟབ་མོ་དེར་གཅིག་ཅིང༌། དེ་ཡང་རྣམ་ཤེས་དང་རང་སྟོང་ལ་སོགས་ཀུན་རྫོབ་ཀྱི་ཆོས་གང་ཡང་ཡིན་མི་སྲིད་ཀྱི་རང་བྱུང་ཡེ་ཤེས་དོན་དམ་པའི་ཚད་མ་ཕུང་པོ་ཁམས་སོགས་བདག་རིག་གཞན་རིག་ཐམས་ཅད་པ་ཆ་མེད་ཀུན་འགྲོ་འགྱུར་མེད་ཡོངས་གྲུབ་ལ་སོགས་ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་པར་བསྟན་ཏོ། །བྱང་ཆུབ་ཕྱོགས། ཞེས་པ་ནས། འགོག་བདེན་ཏེ། །ཞེས་པའི་བར་གྱིས་བྱང་ཆུབ་ཕྱོགས་ཆོས་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་ལ་ཡང་བདེན་གཉིས་རྣམ་དབྱེ་བྱས་ནས་དོན་དམ་གྱི་བྱང་ཆུབ་ཕྱོགས་ལ་སོགས་པ་ཐམས་ཅད་ཀུན་རྫོབ་གཏན་ནས་མིན་གྱི་འགོག་བདེན་ཟབ་མོ་ཡིན་པར་བསྟན་ཏོ། །རྒྱུ་རྐྱེན་མེད་ཅིང་། ཞེས་སོགས་རྐང་པ་གསུམ་གྱིས་ཆོས་དབྱིངས་དང་ནམ་མཁའ་དཔེ་ཅན་དང༌། དཔེར་གསུངས་པའི་དགོངས་པ་བསྟན་ཏོ། །རང་གིས་མི་སྟོང་། ཞེས་སོགས་རྐང་པ་གཉིས་ཀྱིས་ཆོས་དབྱིངས་སྟོང་ཉིད་ཡིན་པའི་སྟོང་ཚུལ་གྱིས་དཔེ་དོན་གྱི་དགོངས་པ་བསྟན་ཏོ། །རྟོག་ལ་མི་སྣང་། ཞེས་སོགས་རྐང་པ་གཉིས་ཀྱིས་ལ་ལར་མི་སྣང་བར་དང༌། ལ་ལར་སྣང་བར་དཔེ་དོན་སྦྱར་ཏེ་གསུངས་པའི་དགོངས་པ་བསྟན་ཏོ། །རང་བཞིན་བདེ། ཞེས་སོགས་རྐང་པ་གཉིས་ཀྱིས་ཆོས་དབྱིངས་བདེ་བ་ཆེན་པོར་དཔེ་དོན་སྦྱར་ཏེ་གསུངས་པའི་དགོངས་པ་བསྟན་ཏོ། །བདེན་གཉིས་རྒྱ་མཉམ། ཞེས་སོགས་རྐང་པ་བཞིས་ དར་ཡུག་ཆེན་པོའི་དཔེས་མཚོན་པའི་དགོངས་པ་བསྟན་ཏོ། །ཀུན་ཏུ་ཁྱབ་ཅིང་། ཞེས་སོགས་རྐང་པ་བཞིས་ལིང་ཏོག་ལ་སོགས་པའི་སྐྱོན་གྱིས་མིག་གིས་མི་མཐོང་བ་དང༌། ཁྲོན་པ་རྐོ་བ་ལ་སོགས་པས་མཚོན་པའི་དགོངས་པ་བསྟན་ཏོ། །གཟུགས། ཞེས་སོགས་རྐང་པ་ལྔས་ཆོས་དབྱིངས་དཔེ་ལས་འདས་པར་གསུངས་པའི་དགོངས་པ་བསྟན་ཏོ། །ཀུན་ལ་ཡོད་ཀྱང་། ཞེས་སོགས་རྐང་པ་གསུམ་གྱིས་བུམ་ནང་མར་མེ་དང་དབུལ་པོའི་གཏེར་ཆེན་ལ་སོགས་ཀྱིས་མཚོན་པའི་དགོངས་པ་བསྟན་ཏོ། །དྲི་མ་སངས་ན། ཞེས་སོགས་རྐང་པ་གཉིས་ཀྱིས་ཆུ་ཁམས་གསེར་དང་ནམ་མཁའ་ལ་སོགས་ཀྱིས་མཚོན་པའི་དགོངས་པ་བསྟན་ཏོ། །དྲི་མ་ཟད། ཅེས་སོགས་རྐང་པ་གཉིས་ཀྱིས་ནམ་མཁའ་མི་ཟད་པ་ལ་སོགས་པའི་དཔེས་མཚོན་པའི་དགོངས་པ་བསྟན་ཏོ། །མཐར་ཐུག །ཅེས་སོགས་རྐང་པ་བཞིས་སྤྲིན་ཡོད་མེད་ཀྱི་ནམ་མཁའ་ ཡང་ནམ་མཁར་གཅིག་པས་མཚོན་པའི་དགོངས་པ་བསྟན་ཏོ། །ངེས་དོན་མཐར་ཐུག །ཅེས་སོགས་རྐང་པ་བཞིས་སྤྲིན་ཡོད་ཀྱི་ནམ་མཁའ་སྤྲིན་སངས་སུ་གྱུར་པའི་དཔེས་མཚོན་པའི་དགོངས་པ་བསྟན་ཏོ། །ཇི་བཞིན་རྫོགས་པར། ཞེས་སོགས་རྐང་པ་གཉིས་ཀྱིས་དཔེ་མེད་པ་དང་དཔེ་དང་བཅས་པར་གསུངས་པའི་དགོངས་པ་བསྡུས་ཏེ་བསྟན་ཏོ། །རྒྱུ་མཚན་ཡང་དག །ཅེས་པ་ནས། རྣམ་བཞག་ཉམས། །ཞེས་སོགས་ཀྱི་བར་གྱིས་གཤིས་ལུགས་འཁྲུལ་ལུགས་སྤང་གཉེན་ལ་སོགས་མ་འདྲེས་པར་གསུང་རབ་རྣམ་དག་རྣམས་ནས་བསྟན་ཀྱང་གསུམ་ལྡན་མར་བཅད་བློ་སྐྱོན་ཅན་རྣམས་ཀྱིས་རང་གི་བློ་སྐྱོན་དོན་ལ་སྦྱར་ནས་ལྟ་སྒོམ་རྣམ་དག་ཉམས་པར་བྱས་ཞེས་བསྟན་ཏོ། །གཤིས་ལུགས་ཇི་བཞིན། ཞེས་སོགས་རྐང་པ་གཉིས་ཀྱིས་ལྟ་སྒོམ་རྣམ་དག་བསྟན་ཏོ། །ཕལ་ཆེར། ཞེས་པ་ནས། དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་ངེས་དོན་ཟབ་མོའི་ལྟ་སྒོམ་མེད་ཅིང་གཙོ་བོར་མི་སྐྱོང་ཡང་ཚུལ་ཁྲིམས་སྲུང་བ་ལ་སོགས་པ་སྤྱོད་པ་རྣམ་དག་མངའ་བའི་ཆ་དེ་ལ་རྗེས་སུ་ཡི་རང་ཞིང་ལྟ་སྒོམ་སྤྱོད་པ་ཐམས་ཅད་ཕྱིན་ཅི་མ་ལོག་པར་མཛད་པ་ཐམས་ཅད་ལ་ཡང་དད་ཅིང་གུས་པས་རྗེས་སུ་ཡི་རང་བར་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། ལེགས་པའི་སྐད་འདིར་གཏོང༌། །ཞེས་པའི་བར་གྱིས་ལྟ་སྒོམ་ལོག་པར་ཞུགས་པ་རྣམས་ལ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་སྟེ། ལྟ་སྒོམ་ལོག་པ་དེ་དག་སྤོངས་ཤིག་ཅེས་མ་ཕོད་པའི་གྲོས་འདེབས་པ་བསྟན་ཏོ། །དེ་བཞིན་གཤེགས་པ། ཞེས་པ་ནས། དགོངས་སུ་གསོལ། །ཞེས་པའི་བར་གྱིས་འགྱུར་མེད་ཡོངས་གྲུབ་དགུ་དང་བཅུ་གཉིས་ལ་སོགས་པ་རྟག་ཏུ་དེ་བཞིན་ཉིད་དུ་གནས་པ་ངེས་དོན་དུ་གསུངས་པས་དོན་དམ་ཅང་མེད་དུ་མ་སྨྲ་ཤིག་ཅེས་བསྟན་ཏོ། །ཉོན་མོངས་རྣམ་རྟོག །ཅེས་པ་ནས། བསྟན་དུ་གསོལ། །ཞེས་པའི་བར་གྱིས་ཁྱད་པར་དུ་ཉོན་མོངས་འདི་ཉིད་མཐར་ཐུག་གི་ཡེ་ཤེས་སུ་སྟོན་པའི་ལུང་རིག་རྣམ་དག་མེད་པས། ཉོན་མོངས་རྣམ་རྟོག་འདི་ཡེ་ཤེས་སུ་འདོད་པའི་ལྟ་ལོག་སྤང་བར་གདམས་པ་བསྟན་ཏོ། །ཐམས་ཅད་གཞི་མེད། ཅེས་པ་ནས། དགོངས་སུ་གསོལ། །ཞེས་པའི་བར་གྱིས་ཆོས་ཐམས་ཅད་ཀྱི་གནས་དང་རྟེན་དང་གཞི་ཆོས་དབྱིངས་སུ་ངེས་དོན་གྱི་ལུང་རྣམ་དག་ལས་གསུངས་པས་ཐམས་ཅད་གཞི་མེད་རྩ་བྲལ་དུ་མ་སྨྲ་ཤིག་ཅེས་བསྟན་ཏོ། །ཤེས་བྱ་ཐམས་ཅད། ཅེས་པ་ནས། གསུངས་པའི་གཞུང་མཆོག་རྣམས་ཀྱང་གཟིགས་སུ་གསོལ། །ཞེས་པའི་བར་གྱིས་དོན་དམ་མཐར་ཐུག་གང་ཡིན་ཐམས་ཅད་དངོས་པོ་དངོས་མེད་གང་ཡང་མ་ཡིན་པའི་ཕུང་གསུམ་ཡིན་པས་ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ་ཁ་ཚོན་མ་ཆོད་པར་བསྟན་ཏོ། །བདེན་པ་ཡང་དག །ཅེས་པ་ནས། གཟིགས་སུ་གསོལ། །ཞེས་པའི་བར་གྱིས་ཆོས་ཅན་ཐམས་ཅད་མི་བདེན་ཡང་ཆོས་ཉིད་དེ་བཞིན་ཉིད་བདེན་པའི་མཆོག་ཏུ་ངེས་དོན་གྱི་གསུང་རབ་དུ་མ་ལས་གསུངས་པས་བདེན་པ་ཡེ་མེད་དུ་མ་སྨྲ་ཤིག་ཅེས་བསྟན་ཏོ། །རྟག་པར་རྟོགས། ཞེས་པ་ནས། གྲོས་འདེབས་ཏེ། །ཞེས་པའི་བར་གྱིས་རྟག་ཆད་ཀྱི་ལྟ་བ་མ་ཡིན་པ་ལ་རྟག་ཆད་ཀྱི་ལྟ་བར་འདོད་པ་རྣམས་ལ་ཕན་སེམས་ཀྱིས་བསླངས་ནས་དེ་སྐད་མ་སྨྲ་ཤིག་ཅེས་བསྟན་ཏོ། །རྟག་པར་རྟོགས་ལ་སྐྱོན་དང་ཡོན་ཏན་གཉིས། །ཞེས་པ་ནས། གཟིགས་སུ་གསོལ། །ཞེས་པའི་བར་གྱིས་རྟག་པ་ལ་སོགས་ལ་རྟག་པ་ལ་སོགས་སུ་རྟོགས་པ་ལ་སྐྱོན་མེད་ལ། དོན་ལ་ཆད་པ་ལ་སོགས་ལ་དོན་ལ་ཆད་པ་ལ་སོགས་སུ་རྟོགས་པ་ལའང་སྐྱོན་མེད་ཀྱི་དེ་དང་དེ་ལ་སོགས་པ་ལས་བཟློག་སྟེ་རྟོགས་པ་ལ་སྐྱོན་ཡོད་དོ་ཞེས་བསྟན་ཏོ། །གཤིས་ལ། ཞེས་པ་ནས། གཟིགས་སུ་གསོལ། །ཞེས་པའི་བར་གྱིས་དོན་དམ་པར་སངས་རྒྱས་གྲུབ་སྟེ་དང་པོའི་སངས་རྒྱས་གྲུབ་པའི་ཕྱིར། དེ་བས་ན་དོན་དམ་པར་སངས་རྒྱས་མེད་པར་མ་སྨྲ་ཤིག་ཅེས་བསྟན་ཏོ། །གཤིས་ལ་ཡེ་ཤེས། ཞེས་པ་ནས། གཟིགས་སུ་གསོལ། །ཞེས་པའི་བར་གྱིས་སྐད་ཅིག་དང་བྲལ་པའི་ཡེ་ཤེས་རྟག་བརྟན་ངེས་དོན་གྱི་གསུང་རབ་དུ་མ་ལས་གསུངས་པས་དོན་ལ་ཡེ་ཤེས་མེད་པར་མ་སྨྲ་ཤིག་ཅེས་བསྟན་ཏོ། །བདེ་གཤེགས། ཞེས་པ་ནས། ཧ་ཅང་ཐལ་བས་གནོད། །ཅེས་པའི་བར་གྱིས་བདེ་གཤེགས་སྙིང་པོ་དྲང་དོན་ཡིན་པ་ལ་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་ཏོ། །བདེ་གཤེགས་སྙིང་པོ་དྲང་དོན། ཞེས་སོགས་རྐང་པ་གཉིས་ཀྱིས་བདེ་གཤེགས་སྙིང་པོ་དྲང་དོན་ཡིན་པའི་སྒྲུབ་བྱེད་རྣམ་དག་མེད་ཅེས་བསྟན་ཏོ། །ངེས་དོན། ཞེས་སོགས་རྐང་པ་གཉིས་ཀྱིས་དེ་ངེས་དོན་ཡིན་པར་ལུང་རིགས་རྣམ་དག་གིས་གྲུབ་པས་ངེས་དོན་ཡིན་པ་ལ་གནོད་བྱེད་མེད་པར་བསྟན་ཏོ། །གལ་ཏེ་ལ་ལའི། ཞེས་པ་ནས། ཡོན་ཏན་བགྲང་ཡས་གསུངས་པས་གཟིགས་སུ་གསོལ། །ཅེས་པའི་བར་གྱིས་བདེ་གཤེགས་སྙིང་པོ་ཡོན་ཏན་དཔག་མེད་ཅན་དུ་ངེས་དོན་གྱི་གསུང་རབ་ལས་གསུངས་པས་བདེ་གཤེགས་སྙིང་པོ་ངེས་དོན་ཡིན་ཡང་དེའི་ཡོན་ཏན་དྲང་དོན་ཡིན་ཞེས་པ་ལ་སྒྲུབ་བྱེད་མེད་ལ་གནོད་བྱེད་ཡོད་པའི་སྒོ་ནས་དགག་པ་བསྟན་ཏོ། །གལ་ཏེ་སངས་རྒྱས་རྟག །ཅེས་པ་ནས། སྲིད་པ་ལ་ནི་ལུང་རིགས་དཔག་ཡས་མཆིས། །ཞེས་པའི་བར་གྱིས་སངས་རྒྱས་རྟག་པ་མི་སྲིད་ན་འདུས་མ་བྱས་ཀྱི་སངས་རྒྱས་ཀྱང་མེད་པར་མཚུངས་ཤིང་ཀུན་རྫོབ་ཀྱི་སངས་རྒྱས་ཡོད་པའི་ཕྱིར་དོན་དམ་པའི་སངས་རྒྱས་ཀྱང་ཡོད་ལ། དོན་དམ་གྱི་སངས་རྒྱས་མེད་པར་སྟོན་པའི་ལུང་རིགས་རྣམ་དག་མེད་ཅེས་བསྟན་ཏོ། །རང་ངོ་ཤེས་པས། ཞེས་པ་ནས། སྤོང་གྱུར་ཅིག །ཅེས་པའི་བར་གྱིས་ཚོགས་གཉིས་མ་བསགས་ཀྱང་རང་ངོ་ཤེས་པ་ཙམ་གྱིས་སངས་རྒྱས་ཐོབ་ཅེས་འདོད་པ་ལ། ཤེས་པ་ཐམས་ཅད་ཀྱིས་རང་ངོ་ཤེས་པའི་ཕྱིར་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་ཟིན་པར་འགྱུར་ཞེས་པའི་གནོད་བྱེད་བསྟན་ཏོ། །གལ་ཏེ་རང་ངོ་། ཞེས་པ་ནས། བླུན་པོ་རང་བཟོ་མཁན་གྱི་སྤྱོད་ཡུལ་མིན། །ཅེས་པའི་བར་གྱིས་རང་སེམས་རྣམ་ཤེས་འདི་ཆོས་སྐུར་རྟོགས་པས་སངས་རྒྱས་ཐོབ་པར་འདོད་པ་ལ་སྣང་བ་ཐམས་ཅད་མུན་པར་ཐལ་བ་ལ་སོགས་ཧ་ཅང་ཐལ་ཆེས་པའི་སྐྱོན་དུ་མ་བསྟན་ཏོ། །གལ་ཏེ་རང་སེམས། ཞེས་པ་ནས། རྣམ་པ་ཀུན་ཏུ་འབྲལ་བར་མ་གྱུར་ཅིག ། ཅེས་པའི་བར་གྱིས་ཆོས་སྐུ་དང་སྟོང་པ་ཉིད་ཐ་དད་གཏན་མེད་ཀྱི་གཅིག་མ་ཡིན་ཏེ། སྟོང་ཉིད་ཡིན་ལ་ཆོས་སྐུ་མ་ཡིན་པ་མཐའ་ཡས་པ་ཡོད་པའི་ཕྱིར། ཞེས་ཆོས་ཉིད་སྟོང་ཉིད་ཀྱི་རྣམ་དབྱེ་ལེགས་པར་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། ཞུ་བ་འབུལ། །ཞེས་པའི་བར་གྱིས་ཐམས་ཅད་རང་སྟོང་ཡིན་པས་རྟེན་གསུམ་བཞེངས་པ་ལ་སོགས་དགེ་བ་རྗེས་ཅན་མ་བྱེད་པར་ཚོགས་འཁོར་ལ་སོགས་དགེ་བ་རྗེས་མེད་ཀྱིས་ཟེར་བའི་འདོད་པ་བརྗོད་དེ་ཕན་སེམས་ཀྱིས་དེ་སྐད་མ་སྨྲ་ཤིག་ཅེས་གྲོས་འདེབས་པ་བསྟན་ཏོ། །དོན་དམ་སངས་རྒྱས། ཞེས་པ་ནས། མང་དུ་འབྱེད་གྱུར་ཅིག །ཅེས་པའི་བར་གྱིས་བདེན་པ་གཉིས་ཀྱིས་བསྡུས་པའི་དཀོན་མཆོག་ཐམས་ཅད་ལ་བྱིན་རླབས་ནུས་མཐུ་དཔག་ཡས་མངའ་བས་དེའི་རྟེན་གསུམ་བཞེངས་པ་ལ་བསོད་ནམས་དཔག་མེད་འབྱུང་བར་ལུང་རིགས་ཀྱིས་གྲུབ་པར་བསྟན་ཏོ། །རྒྱལ་བ་སྐྱོན་མེད། ཅེས་པ་ནས། སྡིག་ཆེན་ཡིན་པར་གསུངས་པ་མ་མཐོང་ངོ༌། །ཞེས་པའི་བར་གྱིས་དོན་གཉིས་མཐར་ཕྱིན་པའི་ཕྱིར་སངས་རྒྱས་ཀྱི་རྟེན་གསུམ་བཞེངས་པས་བསོད་ནམས་ཆེན་པོ་ཐོབ་ཅིང་ཆེད་དུ་གཏད་ནས་བཤིག་ན་སྡིག་ཆེན་དུ་འགྱུར་གྱི་རང་ཞིག་ཏུ་སོང་བ་ལ་སྡིག་པ་མེད་པས། བསོད་ནམས་འདོད་པས་རྟེན་གསུམ་བཞེངས་ཤིག་ཅེས་གདམས་པའོ། །བདག་ནི་སྐྱེ་བ་ཐམས་ཅད། ཞེས་སོགས་ཀྱིས་ཚེ་རབས་ཐམས་ཅད་དུ་བསྟན་པ་རིན་པོ་ཆེ་ལ་བྱ་བ་བྱེད་ནུས་པའི་སྨོན་པའོ། །ངོ་བོ་ཉིད་གསུམ། ཞེས་སོགས་ཀྱིས་གསུང་རབ་ཀྱི་གནད་ཟབ་མོ་མ་རྟོགས་པའི་གཞན་གྱི་འདོད་ལུགས་ལོག་བཤད་རྣམས་སྤང་བར་གདམས་ཏེ་སྤོང་བར་སྨོན་པའོ། །

འགྲེལ་པར། མིག་མངས་རྒྱ་དང་མ་འབྲེལ་ན། །ཞེས་སོགས་ཀྱིས། ཡིན་ལུགས་འདི་ཡིན་མེད་པའི་འདོད་ལུགས་མང་པོ་སྨོས་ཏེ་སློབ་མ་ལ་བསྟན་ཅིང་བྲིས་པ་ལ་སྙིང་པོ་ཅི་ཡང་མེད་ཅེས་གཙོ་བོར་བསྟན་ནས་ཞར་ལ་གཤིས་ལུགས་དང་མ་འབྲེལ་བའི་འཁྲུལ་ལུགས་ཐམས་ཅད་ལ་སྙིང་པོ་མེད་པས་སྤང་དགོས་པར་བསྟན་ཏོ། །དེ་ལྟར་ལེགས་པར་རྣམ་པར། ཞེས་སོགས་ཀྱིས། དེ་ལྟར་ལྟ་སྒོམ་སྤྱོད་པ་སྐྱོན་ཅན་རྣམས་སྤངས་ནས་སྐྱོན་མེད་ཉམས་སུ་བླངས་ནས་སངས་རྒྱས་ཀྱི་གསུང་བསྒྲུབ་པ་ཡིན་ཞིང་དེས་རང་གཞན་གྱི་དོན་འགྲུབ་པའི་འཇིག་རྟེན་ཆོས་བརྒྱད་ལ་སོགས་རྣམ་གཡེང་ཐམས་ཅད་སྤོང་ལ་ཐར་པ་སྒྲུབས་ཤིག་ཅེས་བསྟན་ཏོ། །འདིས་ནི་སངས་རྒྱས་ཀྱི། ཞེས་སོགས་ཀྱིས། འདིས་རྫོགས་ལྡན་གྱི་གཞུང་དཔང་དུ་བྱས་ཏེ་ཆོས་མ་དག་པ་སུན་ཕྱུང་ནས། དམ་པའི་ཆོས་རྣམ་དག་བསྟན་པའི་ཕྱིར། བཀའ་བསྡུ་བ་ཡིན་ལ། སྤྱིར་བཀའ་བསྡུ་བར་འདོད་པས་ཀྱང༌། རྫོགས་ལྡན་གྱི་གཞུང་དང༌། ཁྱད་པར་དུ་རྒྱལ་བའི་རང་འགྲེལ་སོགས་དཔང་དུ་གྱིས་ལ། བསྟན་པ་གསལ་བར་མཛོད་ཅིག །ཅེས་གདམས་པའོ།། །།བཀའ་བསྡུ་བཞི་པ་བསྟན་རྩིས་ཆེན་པོའི་བསྡུས་དོན་འགྲེལ་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །།མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾ།


previousབཀའ་བསྡུ་བཞི་པའི་བསྡུས་དོན་འགྲེལ་པ་བཞུགས་སོ། ། next