Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།

31 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]


 
 
 
  
བདེན་གཉིས་གསལ་བའི་ཉི་མ་ཞེས་བྱ་བ་བཞུགས་སོ། །
  
 
  
 
  
  
  
  
  
 
  
  
  
 
  
  
 
  
 


31 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]

 
previousབདེན་གཉིས་གསལ་བའི་ཉི་མ་ཞེས་བྱ་བ་བཞུགས་སོ། ། next

བདེན་གཉིས་གསལ་བའི་ཉི་མ་ཞེས་བྱ་བ་བཞུགས་སོ། །

[ངེས་དོན་དབུ་མའི་མཐར་ཐུག་གི་གསུང་རབ་འགྲན་ཟླ་བྲལ་བ་སྟེ། བསོད་ནམས་དང་ལྡན་པ་རྣམས་ཀྱིས་བརྟེན་པར་བྱའོ།།]

ཆོས་ཉིད་དོན་དམ་རྒྱུན་ཆད་མེད་སྣང་ཞིང༌། །ཆོས་ཅན་ཀུན་རྫོབ་སྣང་བ་གཏན་ནས་སྤངས། །ཇི་ལྟ་ཇི་སྙེད་ཤེས་བྱ་ཀུན་མཁྱེན་པའི། །བླ་མ་མཆོག་དང་འཇམ་པའི་དབྱངས་ལ་འདུད། །དིང་སང་མཁས་པར་གྲགས་པ་ཕལ། །དབུ་སེམས་ཁྱད་པར་མ་དགོངས་པར། །བདེན་གཉིས་ཚུལ་ལ་རྨོངས་གྱུར་ནས། །ཡིན་ལུགས་གྲུབ་པའི་མཐའ་ལས་གོལ། །དེ་ཡི་ངན་རྟོག་མུན་པ་ཡིས། །བསྟན་པའི་གཟུགས་མཆོག་རྣམ་པར་བསྒྲིབས། །ལོག་རྟོག་མུན་པ་གཞོམ་པ་དང༌། །ཡིན་ལུགས་སྣང་བ་བསྐྱེད་པའི་ཕྱིར། །ཡང་དག་ལུང་རིགས་ཉིན་བྱེད་ཀྱིས། །བདེན་གཉིས་གནས་ལུགས་གསལ་བར་བྱ། །

འདི་ལ་བཞི། བདེན་གཉིས་རྣམ་དབྱེ་ཤེས་མ་ཤེས་ཀྱི་སྐྱོན་ཡོན། བདེན་གཉིས་ཀྱི་རང་བཞིན་གཏན་ལ་དབབ་པ། དབུ་སེམས་ཀྱི་ཁྱད་པར་བསྟན་པ། དེ་ལྟར་བདེན་གཉིས་སོགས་ལ་རྣམ་པར་དཔྱད་ཅིང་ཆོས་ཀྱི་རྗེས་འབྲང་ལྷུར་བྱ་བར་གདམས་པའོ། །

དང་པོ་ནི། རྩ་ཤེ་ལས། གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་དང༌། གཞུང་གཞན་[བདེན་གཉིས་]ལས་ཀྱང༌། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་འབྱུང༌།

གཉིས་པ་ལ། བདེན་གཉིས་ཀྱི་མཚན་ཉིད། མཚོན་བྱ། རྣམ་གྲངས། མཚན་གཞིའི་དབྱེ་བའོ། །

དང་པོ་ལ། དངོས་དང༌། དེ་ལ་རྩོད་པ་སྤང་བ། དོན་བསྡུ་པའོ། །དང་པོ་ནི། རྣམ་ཤེས་ཀྱི་ཡུལ་གང་ཞིག །གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་པ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད་དང༌། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིག །གཤིས་ལ་རང་རང་གི་ངོ་བོ་བདེན་པས་མི་སྟོང་པ་ནི། དོན་དམ་བདེན་པའི་མཚན་ཉིད་དེ། [བདེན་གཉིས་ལས།] ཇི་སྐད་དུ། ཀུན་རྫོབ་དང་ནི་དམ་པའི་དོན། །བདེན་གཉིས་ཐུབ་པས་གསུངས་པ་ལ། །ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་འཆད་པ་ལྟར་ཡང་སྟེ། ཇི་ལྟར་སྣང་བ་འདི། ཞེས་པ་ནི། རྣམ་ཤེས་ལ་སྣང་བ་འདིའོ། །གཞན་ནི་ཞེས་པ་ནི། རྣམ་ཤེས་ལ་མི་སྣང་བར་ཡེ་ཤེས་ལ་སྣང་བ་ནི། ཅིག་ཤོས་དོན་དམ་པ་ཡིན་ཞེས་པ་ལྟར་ན་ལེགས་ སོ། །ཀུན་རྫོབ་ནི། དོན་ལ་མེད་པས་རང་སྟོང་དང༌། རྣམ་ཤེས་ལ་སྣང་གི་ཡེ་ཤེས་ལ་མི་སྣང་བ་དང༌། དོན་དམ་ནི། དོན་ལ་ཡོད་པས་རང་གིས་མི་སྟོང་པ་གཞན་སྟོང་དང༌། ཡེ་ཤེས་ལ་སྣང་གིས་རྣམ་ཤེས་ལ་གཏན་ནས་མི་སྣང་བ་ཡིན་ཏེ། དབུ་མ་མདོ་སྡེ་རྒྱན་རྩ་འགྲེལ་ལས། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་མིན་པ་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཉིད་ཅེས་བྱ། །དེ་ནི་གནས་གཞན་གྱུར་པ་སྟེ། །འདོད་རྒུར་སྤྱོད་ཕྱིར་ཐར་པ་ཡིན། །འདིས་ནི་ཇི་ལྟར་བྱིས་པ་རྣམས་ལ་རང་གི་ངང་གིས་ཡང་དག་པ་མ་ཡིན་པ་མཚན་མ་ཁོ་ན་སྣང་གི །ཡང་དག་པ་དེ་བཞིན་ཉིད་ནི་མ་ཡིན་པ་དང༌། དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ལ་རང་གི་ངང་གིས་ཡང་དག་པ་ཁོ་ན་སྣང་གི ། ཡང་དག་པ་མ་ཡིན་པ་ནི་མ་ཡིན་ནོ། །ཞེས་བྱ་བར་ཉེ་བར་སྟོན་ཏོ། །དོན་མེད་པ་མཚན་མ་ནི་མི་སྣང་བ་ཉིད་དང༌། དོན་ཡོད་པ་དེ་བཞིན་སྣང་བ་ནི་གནས་གཞན་དུ་གྱུར་པ་ཡིན་པར་རིག་པར་བྱ་སྟེ། [དེས་དེ་དག་མི་སྣང་བ་དང་སྣང་བ་ཡིན་ནོ།།] ཞེས་སོ། །དེ་ལྟ་མ་ཡིན་ན། བྱིས་པ་རྣམས་ཀྱི་གནས་གྱུར་ཐོབ་པ་དང༌། འཕགས་པ་རྣམས་ཀྱི་གནས་གྱུར་མ་ཐོབ་པར་ཡང་ཐལ་ལོ། །ཚུལ་འདི་དང་མཐུན་པར་སློབ་དཔོན་ཟླ་གྲགས་ཀྱིས་ཀྱང༌། [དབུ་མ་འཇུག་པར།] ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་འཁྲུལ་བ་ཀུན་རྫོབ་བདེན་པར་འདོད། །ཅེས་བཤད། རྗེ་ཕོ་རི་པས། ཀུན་རྫོབ་བདེན་པ་རང་གིས་སྟོང་པ་དང༌། །དོན་དམ་བདེན་པ་གཞན་གྱིས་སྟོང་པ་སྟེ། །བདེན་གཉིས་སྟོང་ཚུལ་དེ་ལྟར་མ་ཤེས་ན། །རྫོགས་སངས་རྒྱས་ལ་སྐུར་བ་བཏབ་ཉེན་གདའོ། །ཞེས་སོ། །དབུ་མ་རྩ་ཤེ་ལས། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་རྟོག་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་དང༌། དབུ་མ་མདོ་སྡེ་རྒྱན་རྩ་འགྲེལ་དུ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་འདི་ནྀ་དོན་དམ་མཚན། །གཉིས་མེད་པའི་དོན་ནི་དོན་དམ་པ་སྟེ། གཉིས་མེད་པའི་དོན་དེ་ཡང་རྣམ་པ་ལྔས་སྟོན་ཏེ། ཀུན་བཏགས་པ་དང༌། གཞན་གྱི་དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །ཀུན་བཏགས་པ་དང༌། གཞན་གྱི་དབང་དེ་དག་དང༌། ཡོངས་སུ་གྲུབ་པར་གཅིག་པ་ཉིད་མེད་པས། དེ་བཞིན་ཉིད་མ་ཡིན་ནོ། །དེ་དག་ཁོ་ན་དང་གཞན་པ་ཉིད་མེད་པས་གཞན་མ་ཡིན་ནོ། །ཆོས་དབྱིངས་འདུས་མ་བྱས་པ་ཡིན་པའི་ཕྱིར། སྐྱེ་བ་ཡང་མེད། འཇིག་པ་ཡང་མེད་དོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དག་འགག་པ་དང༌། སྐྱེ་བ་ན་དེ་བཞིན་གནས་པའི་ཕྱིར་འབྲི་བར་ཡང་མི་འགྱུར་འཕེལ་བར་ཡང་མི་འགྱུར་རོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར། རྣམ་པར་དག་པར་འགྱུར་བ་མེད་དོ། །གློ་བུར་གྱི་ཉོན་མོངས་པ་དང་བྲལ་བས་རྣམ་པར་མི་འདག་པ་ཡང་མ་ཡིན་ཏེ། དེ་ལྟར་ན་གཉིས་སུ་མེད་པའི་མཚན་ཉིད་རྣམ་པ་ལྔ་པོ་དེ་ནི་དོན་དམ་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །ཞེས་ཏེ། དོན་དམ་པའི་མཚན་ཉིད་འདི་རྣམས་ཀྱང་སྔར་བསྟན་པའི་དོན་དམ་གྱི་མཚན་ཉིད་དུ་འདུས་སོ། །

གཉིས་པ་ལ་ལྔ། དོན་དམ་རང་སྟོང་ཡིན་པའི་རྩོད་པ་སྤང་བ་དང༌། དོན་དམ་བློ་གང་གི་ཡང་ཡུལ་མིན་པའི་དང༌། ཀུན་རྫོབ་ཡེ་ཤེས་ཀྱི་ཡུལ་ཡིན་པའི་དང༌། ཡེ་ཤེས་ལ་མི་སྣང་ན་མི་མཁྱེན་པར་འགྱུར་བའི་དང༌། བདེན་གཉིས་ངོ་བོ་ཐ་དད་དུ་ཐལ་བའི་རྩོད་པ་སྤང་བའོ། །

དང་པོ་ནི། གལ་ཏེ་དོན་དམ་རང་གིས་མི་སྟོང་ན། ལང་གཤེགས་སུ། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །དེ་ཕྱིར་དངོས་པོ་གཅིག་ཉིད་ལ། །ཡོད་དང་མེད་པར་ཇི་ལྟར་འགལ། །ཞེས་ཤེས་བྱ་ཐམས་ཅད་ཡོད་པར་བཤད་ཚད་ཀུན་རྫོབ་ཏུ་ཡོད་པ་དང༌། མེད་པར་བཤད་ཚད་དོན་དམ་དུ་མེད་པར་གསུངས་སོ་ཞེ་ན། མ་ཡིན་ཏེ། ལུང་དེ་ནི་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཁོ་ན་ལ་དགོངས་ཏེ། དངོས་པོ་གཅིག་ཉིད་ལ་ཞེས་པའི་ཕྱིར་དང༌། དངོས་པོ་གང་ཡིན་འདུས་བྱས་ཡིན་ཏེ། རྩ་ཤེར། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །གང་ན་ཡང་ནི་ཡོད་མ་ཡིན། །ཞེས་སོ། །སློབ་དཔོན་སེང་བཟང་གིས། རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་པ་ནི། དོན་དང་མི་མཐུན་པ་དང༌། ཆད་པའི་སྟོང་པ་དང༌། དོན་དམ་ལ་སྐུར་བ་འདེབས་པ་ཡིན་པས་གཞན་ཡེ་ཤེས་ཀྱི་ཚོགས་ཀྱི་ཐད་དུ་རྒྱས་པར་བཀག་ཟིན་ཏོ། །དེ་ལྟ་མ་ཡིན་ན། འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ཟློག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་ཉོན་མོངས་ཀུན་རྫོབ་རང་སྟོང་དང༌། ཁམས་དོན་དམ་གཞན་སྟོང་གཉིས་ལ་དགོངས་ཏེ་གསུངས་པར་བཤད་པ་དང༌། སྒོམ་རིམ་དུ། མ་སྐྱེས་པ་ཡི་སྟོང་ཉིད་གཅིག །གཅིག་ནི་སྐྱེས་པའི་སྟོང་པ་སྟེ། །མ་སྐྱེས་པ་ཡི་སྟོང་ཉིད་མཆོག །སྐྱེས་པའི་སྟོང་པ་འཇིག་པ་ཡིན། །ཞེས་དང༌། བྱང་ཆུབ་སེམས་འགྲེལ་དུ། དགེ་དང་མི་དགེའི་རྣམ་རྟོག་ནི། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་གསུངས། །གཞན་ནི་སྟོང་པར་མི་བཞེད་དོ། །དོན་དམ་མ་སྐྱེས་པའི་སྟོང་ཉིད་གཞན་སྟོང་དང༌། ཀུན་རྫོབ་སྐྱེས་པའི་སྟོང་ཉིད་རང་སྟོང་གཉིས་ཀྱི་དབྱེ་བ་གསུངས་པ་དང༌། མགོན་པོ་བྱམས་པས། ཀུན་བཏགས་གཞན་དབང་ཡོངས་གྲུབ་སྟེ། ངོ་བོ་ཉིད་གསུམ་ལ་རིམ་པས་དགོངས་ཏེ། དབུས་མཐར། དངོས་མེད་དེ་ཡི་དངོས་མ་ཡིན། །རང་བཞིན་གྱིས་ནི་སྟོང་པར་འདོད། །ཅེས་དང༌། མདོ་སྡེ་རྒྱན་དུ། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །ཞེས་སོ། །དེའང་ངོ་བོ་ཉིད་དང་པོ་གཉིས་ཀུན་རྫོབ་རང་སྟོང་དང༌། ཕྱི་མ་དོན་དམ་གཞན་སྟོང་ལ་དགོངས་ནས། དབུས་མཐར། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དངོས་མེད་པ་ཡི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་དང༌། རྒྱུད་བླར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། །དེ་དང་མཐུན་པར་སྟོང་པ་ཉིད་ཆེན་པོའི་མདོར། གང་ན་གང་མེད་པ་དེ་ནི་དེས་སྟོང་ངོ༌། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། དེ་ལ་ལྷག་མར་གྱུར་པ་གང་ཡིན་པ་དེ་ནི་འདི་ན་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཞེས་དང༌། མྱང་འདས་ཆེན་པོར། མྱ་ངན་ལས་འདས་པ་ནི་མི་སྟོང་པའི་སྟོང་པ་ཉིད་དོ། །དེ་ལས་གཞན་ནི་སྟོང་པའི་སྟོང་པ་ཉིད་དོ། །ཞེས་དང༌། དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ། གལ་ཏེ་དོན་དམ་པ་མེད་དུ་ཟིན་ན། ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཡང་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་ཡོད་པས་ན། བྱང་ཆུབ་སེམས་དཔའ་རྣམས་དོན་དམ་པ་ལ་མཁས་པ་ཞེས་བྱའོ། །ཞེས་ཀུན་རྫོབ་རང་སྟོང་དང༌། དོན་དམ་གཞན་སྟོང་དུ་གསུངས་པའི་གནོད་པ་ཇི་ལྟར་ཟློག །

གཉིས་པ་ནི། གལ་ཏེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་པས། དོན་དམ་ནི་བློ་གང་གི་ཡང་སྤྱོད་ཡུལ་མ་ཡིན་པས། ཡེ་ཤེས་ཀྱི་ཡུལ་ཡང་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ལུང་དེ་ལྟ་བུའི་རིགས་ཐམས་ཅད་ནི་ཀུན་རྫོབ་ཀྱི་བློ་ཁོ་ན་ལ་དགོངས་པའོ། །དེ་ལྟ་མ་ཡིན་ན། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་དང༌། རྒྱུད་བླར། དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་དང༌། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང༌། །ཞེས་པ་ ནས།[སངས་རྒྱས་ཆོས་དང་སངས་རྒྱས་འཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན།།]འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་དང༌། ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་དང༌། དབུས་མཐར། སྟོང་པ་ཉིད་ནི་མདོར་བསྡུས་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སོ། །གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་ནི་གོ་རིམ་བཞིན། །ཞེས་དོན་དམ་བདེན་པ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གསུངས་པ་དང༌། མངོན་པ་ཀུན་ལས་བཏུས་སུ། ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞེས་དང༌། སློབ་དཔོན་ཨཱརྱ་དེ་བས། མུན་པ་བྲལ་བའི་སྐད་ཅིག་ལ། །འོད་གསལ་བློ་གྲོས་ཤིན་ཏུ་དྭངས། །རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་བདེན་པའི་མཚན་ཉིད་ནི། །ཡེ་ཤེས་རང་བཞིན་འོད་གསལ་བ། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་སོགས་ཀྱི་གནོད་པ་ཇི་ལྟར་ཟློག །དེས་ན་བློ་དང་རིག་པ་དང་སེམས་པ་དང་ཡིད་དང་ཤེས་པ་རྣམས་ལ་ཡང་བདེན་པ་གཉིས་གཉིས་སུ་ཡོད་ཅིང༌། ཀུན་རྫོབ་ཀྱི་བློ་སོགས་ནི་རྣམ་ཤེས་དང༌། དོན་དམ་གྱི་བློ་སོགས་ནི་ཡེ་ཤེས་ཉིད་དོ། །དོན་དམ་གྱི་བློ་སོགས་ཀྱང་འདི་ལྟར་བཤད་དེ། སྡུད་པར། འདས་དང་མ་བྱོན་ད་ལྟར་འཇིག་རྟེན་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་འགྱུར། །ཞེས་ཆོས་དབྱིངས་ཉིད་ཡུམ་ཤེར་ཕྱིན་དུ་བཤད་པ་དང༌། འདའ་ཀ་ཡེ་ཤེས་སུ། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་ནས་མི་བཙལ། ཞེས་དང༌། སློབ་དཔོན་ཟླ་གྲགས་ཀྱིས་ཀྱང༌། ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ལ་སངས་རྒྱས་བརྗོད། །ཅེས་རང་བཞིན་གྱི་སེམས་དང༌། བློ་གཤིས་ལུགས་སངས་རྒྱས་སུ་བཤད་པ་དང༌། རྒྱུད་བླར། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་དང༌། དེ་བཞིན་ཀུན་མཁྱེན་ཡོངས་སུ་དག་པའི་གསེར་འདྲའི་ཞི་བའི་ཡིད་ནི་མཁྱེན་གྱུར་ནས། །ཞེས་དང༌། མདོ་སྡེ་རྒྱན་དུ། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །[འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ།།]ཞེས་ དང༌། ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར། དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་དུ་བ་ཁུག་རྣ་དང༌། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །ཞེས་དང༌། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་ཆོས་དབྱིངས་བདེ་གཤེགས་སྙིང་པོ་ཉིད་ཤེར་ཕྱིན་དང༌། བློ་དང་ཤེས་པ་དང་ཡིད་དང་སེམས་དང་ཡེ་ཤེས་སུ་གསུངས་ཏེ། ཆོས་དབྱིངས་སོགས་དང༌། དོན་དམ་རྣམ་གྲངས་ཡིན་པའི་ཕྱིར་རོ། །

གསུམ་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གལ་ཏེ་མདོ་སྡེ་རྒྱན་དུ། ཉི་མའི་འོད་ཟེར་གཅིག་བཏང་བས། །འགྲོ་བ་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཆར་སྣང༌། །ཞེས་སངས་རྒྱས་ཀྱི་ཡེ་ཤེས་ལ་ཤེས་བྱ་ཐམས་ཅད་སྣང་བར་བཤད་པས། ཀུན་རྫོབ་མི་སྣང་བར་འགལ་ལོ། །ཞེ་ན། མ་ཡིན་ཏེ། ལུང་དེས་ཉི་མའི་འོད་ཟེར་གྱིས་འགྲོ་བ་སྣང་བར་བྱེད་པ་ལྟར། སངས་རྒྱས་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་མཁྱེན་པས་ཕར་སྣང་བྱེད་ཅེས་པར་སྟོན་གྱི། ཚུར་སྣང་མ་ཡིན་ཏེ། ལ་ཞེས་པའི་འདུས་པའི་ཚིག་ཤེས་བྱ་ཐམས་ཅད་ཅེས་པ་ལ་འབྲེལ་གྱི། སངས་རྒྱས་ཡེ་ཤེས་ཞེས་པ་ལ་མ་འབྲེལ་བའི་ཕྱིར་དང༌། གཞུང་ལ་ནང་འགལ་མེད་ཅིང་གཞུང་དེ་ཉིད་དུ། བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །ཞེས་དང༌། འགྲེལ་པར། དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ལ་རང་གི་ངང་གིས་ཡང་དག་པ་ཁོ་ན་སྣང་གི །ཡང་དག་པ་མ་ཡིན་པ་ནི་མ་ཡིན་ནོ། །ཞེས་པའོ། །བདེན་གཉིས་སུ། བརྟགས་པའི་དོན་ཀྱིས་དབེན་པ་ཡིས། །ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ཏེ་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་པ་ཡང༌། སྣང་བའི་སྒོ་ནས་མ་ཡིན་གྱི་མཁྱེན་པའི་སྒོ་ནས་ཡིན་ཏེ། འདིའི་རང་འགྲེལ་དུ། བརྟེན་ཏེ་སྐྱེས་པ་ཁོ་ནའི་དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་གཅིག་ཆར་མངོན་སུམ་དུ་མཁྱེན་པས་ན། ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཞེས་སོ། །

གཉིས་པ་ལ་ལྔ། སྟོན་པ་སངས་རྒྱས་ཀྱི། རྗེ་བཙུན་བྱམས་པའི། ཐོགས་མེད་སྐུ་མཆེད་སོགས་ཀྱི། ཀླུ་སྒྲུབ་ཡབ་སྲས་ཀྱི། འཕགས་པ་ཞི་བ་ལྷའི་ལུང་རིགས་ཀྱི་གནོད་བྱེད་བརྗོད་པའོ། །དང་པོ་ནི། གལ་ཏེ་ཀུན་རྫོབ་ཁམས་གསུམ་པ་མི་རྟོག་ཡེ་ཤེས་ལ་སྣང་ན། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཕྱིན་ཅི་ལོག་ཏུ་ཐལ། ཀུན་རྫོབ་ཁམས་གསུམ་པ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། ལང་གཤེགས་སུ། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་སོ། །འདོད་ན། རྒྱུད་བླར། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་ཟློག་པ་སྟེ། །དེ་བཞིན་གཤེགས་པ་ཇི་ལྟ་བཞིན། །ཕྱིན་ཅི་མ་ལོག་སྤྲོས་མེད་ཉིད། །ཅེས་པས་བསལ་ལོ། །སངས་རྒྱས་ཆོས་ཅན། ལྷག་མཐོང་མཐར་ཐུག་མིན་པར་ཐལ། ཀུན་རྫོབ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། ཕལ་ཆེན་དུ། ལྷག་མཐོང་གིས་ནི་མཐོང་གྱུར་ན། །ཐམས་ཅད་མཐོང་བ་མེད་པ་ཡིན། །ཞེས་སོ། །སངས་རྒྱས་ནི་ལྷག་མཐོང་མཐར་ཐུག་ཡིན་ལ། ཀུན་རྫོབ་ཁམས་གསུམ་པ་མི་སྣང་བར། སྡུད་པར། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང༌། །ཞེས་ནས། [འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང༌། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ།།] འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ ཚིག་ཏུ་རབ་བརྗོད་ཀྱང༌། །ནམ་མཁའ་ཇི་ལྟར་མཐོང་བའི་དོན་དེ་བརྟག་པར་གྱིས། །ཞེས་དང༌། བྱང་སར། དོན་གྱི་སྡེ་ཚན་གྱི་མདོ་དྲངས་པར། འཇིག་རྟེན་དག་ན་ཀུན་རྫོབ་གང་ཅིའང་རུང༌། །དེ་ཀུན་ཐུབ་པས་ཞལ་གྱི་མི་བཞེས་ཏེ། །གཟིགས་དང་གསན་ལ་བཞེད་པ་མི་མངའ་བས། །དེ་ནི་ཞལ་གྱི་མི་བཞེས་གང་གིས་འཛིན། །ཞེས་པས་བཤད་དོ། །

གཉིས་པ་ནི། སངས་རྒྱས་ཆོས་ཅན། ཆོས་ཉིད་དོན་དམ་མི་སྣང་བར་ཐལ། ཆོས་ཅན་ཀུན་རྫོབ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། ཆོས་ཉིད་རྣམ་འབྱེད་དུ། དེ་སྣང་ཆོས་ཉིད་མི་སྣང་ཞིང༌། །དེ་མི་སྣང་བས་ཆོས་ཉིད་སྣང༌། །ཞེས་སོ། །རྣམ་མཁྱེན་ཆོས་ཅན། རྣམ་པར་མི་རྟོག་པའི་ཡེ་ཤེས་མིན་པར་ཐལ། གནས་གྱུར་རྫོགས་པར་མ་ཐོབ་པར་ཐལ། འཁྲུལ་བ་སྣང་བར་ཐལ། དོན་ལ་མེད་པའི་ཀུན་རྫོབ་ཁམས་གསུམ་པ་སྣང་བའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། གྲངས་བཞིན་དུ། ཆོས་ཉིད་རྣམ་འབྱེད་དུ། སྣང་བ་མེད་ལས་གཉིས་དང་ནི། །དབང་པོ་ཡུལ་དང་རྣམ་རིག་དང༌། །སྣོད་ཀྱི་འཇིག་རྟེན་སྣང་མེད་ཕྱིར། །ཞེས་ནས། རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །མཚན་ཉིད་མདོ་བཞིན་བརྗོད་པ་ཡིན། །ཞེས་དང༌། དེ་ལ་དེ་ཡི་བདག་ཉིད་དུ། །ཉེ་བར་སོན་པ་དེ་བཞིན་ཉིད། །དྲི་མ་མེད་པར་གྱུར་པ་ན། །ཐམས་ཅད་དེ་བཞིན་ཉིད་ཙམ་དུ། །སྣང་བ་དེ་ཡང་གནས་གྱུར་པ། །གྲུབ་པ་ཡིན་ནོ། །ཞེས་དང༌། མེད་པ་སྣང་ཕྱིར་འཁྲུལ་བ་ནི། །ཀུན་ནས་ཉོན་མོངས་རྒྱུ་ཡིན་ཏེ། །སྒྱུ་མའི་གླང་ཆེན་སོགས་སྣང་བཞིན། །ཞེས་སོ། །རྣམ་མཁྱེན་ཆོས་ཅན། ཀུན་བཏགས་ གཞན་དབང་སྣང་བར་ཐལ། ཀུན་རྫོབ་ཁམས་གསུམ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། མདོ་སྡེ་རྒྱན་དུ། མིང་དང་དོན་དུ་སྣང་བ་དང༌། །དོན་དང་མིང་དུ་སྣང་བ་དང༌། །ཡང་དག་མིན་རྟོག་མཚན་ཉིད་ནི། །ཀུན་ཏུ་བཏགས་པའི་མཚན་ཉིད་དོ། །རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །གཟུང་དང་འཛིན་པའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ཉིད་དོ། །ཞེས་སོ། །རྣམ་གསུམ་དང་པོ། གནས་དང་དོན་དང་ལུས་སུ་རྣམ་པ་གསུམ་གཟུང་བའི་མཚན་ཉིད་ཅན་དང༌། རྣམ་གསུམ་གཉིས་པ་ནི། ཉོན་ཡིད་དང༌། སྒོ་ལྔའི་རྣམ་ཤེས་དང༌། ཡིད་ཀྱི་རྣམ་རྟོག་ཏུ་སྣང་བ་གསུམ་འཛིན་པའི་མཚན་ཉིད་ཅན་ནོ། །འདོད་ན། དབུས་མཐར། རྣམ་རྟོག་སྤྱོད་ཡུལ་རྣམ་གཉིས་ཏེ། །གཅིག་པུ་ཁོ་ནར་བརྗོད་པ་ཡིན། །ཞེས་དང༌། དེའི་འགྲེལ་པར། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུར་བརྗོད་དེ། ངོ་བོ་ཉིད་གཞན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམ་གཉིས་ཀྱི་ཡུལ་ཡིན་ནོ། །ཞེས་དང༌། མངོན་རྟོགས་རྒྱན་དུ། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱི། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་པས་བསལ་ལོ། །

གསུམ་པ་ནི། རྣམ་མཁྱེན་ཆོས་ཅན། རྣམ་པར་མི་རྟོག་པའི་ཡེ་ཤེས་མིན་པར་ཐལ། ཀུན་རྫོབ་ཁམས་གསུམ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། འཕགས་པ་ཐོགས་མེད་ཀྱི་ཐེག་བསྡུས་སུ། ཡེ་ཤེས་རྒྱུ་བ་རྟོག་མེད་ལ། །དོན་རྣམས་ཐམས་ཅད་མི་སྣང་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་སོ། །ཡང་དོན་རྣམས་གཤིས་ལ་གྲུབ་པར་ཐལ། རྣམ་མཁྱེན་ལ་སྣང་བའི་ཕྱིར། ཁམས་གསུམ་ཐམས་ཅད་ཆོས་ཅན། གཤིས་ལ་གྲུབ་པར་ཐལ། དོན་དམ་བདེན་པར་ཐལ། ཆོས་ཉིད་དུ་ཐལ། རྣམ་མཁྱེན་ལ་སྣང་བའི་ཕྱིར། རྟགས་ཁས་བླང་ཞིང་ཁྱབ་པ་ཡོད་དེ། ཀུན་ལས་བཏུས་སུ། ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞེས་དང༌། དབུས་མཐར། དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །ཞེས་དོན་དམ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གསུངས་པ་དང༌། རྡོ་རྗེ་གཅོད་པར། འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཞེས་པའོ། །ཐེག་བསྡུས་སུ། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་ཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་ཆུ་ལྟ་བུའི་དངོས་པོ་གཅིག་ལ་རིགས་དྲུག་གིས་མཐོང་སྣང་མི་འདྲ་བ་དྲུག་ཏུ་མཐོང་བར་བཤད་པས། སངས་རྒྱས་ལ་གང་དུ་སྣང་བར་འགྱུར། དེ་བཞིན་དུ། དབུ་མ་པ་དབྱིག་གཉེན་གྱི་གནོད་འཇོམས་སུ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་དག་ནི་ཡང་དག་མིན་པ་ཀུན་ཏུ་རྟོག་པ་ལས་བྱུང་བར་མཁྱེན་ཏོ། །ཞེས་དང༌། གཟུགས་ནི་སྣང་བ་མེད་དེ་ཅིའི་ཕྱིར་ཞེ་ན། ཀུན་བཏགས་པའི་གཟུགས་ནི། རི་བོང་གི་རྭ་བཞིན་དུ་སྣང་བ་མེད་པའི་ཕྱིར་སྣང་བ་མེད་དོ། །ཞེས་པ་དང༌། རྣམ་བཤད་རིག་པར། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཞེས་དང༌། [སློབ་དཔོན་དཔའ་བོའི་]འབུམ་ཊཱིཀ་ཏུ། དེ་ལྟར་རྨི་ལམ་ལྟ་བུ་ཞེས་བྱ་བ་ནི། རྨི་ལམ་ན་མཐོང་བའི་ཆོས་རྣམས་གཉིད་སངས་ཚེ། དེ་ལྟར་མི་སྣང་བ་དེ་བཞིན་དུ་ཉེ་ལེན་ཕུང་པོ་ལྔ་ལ་སོགས་པ་ཀུན་བཏགས་པའི་ཆོས་རྣམས་ཀྱང་མ་རིག་པའི་གཉིད་ཀྱིས་ལོག་པའི་ཚེ་སྣང་བ་རྣམས། མ་རིག་པ་སངས་ཏེ། འཕགས་པའི་ལམ་ཐོབ་པའི་ཚེ། དེ་ལྟར་མི་སྣང་བའི་ཕྱིར་རོ། །ཞེས་ཏེ། སངས་རྒྱས་ལ་ཁམས་གསུམ་སྣང་ན། མ་རིག་པའི་གཉིད་མ་སྤངས་པར་ཐལ་ལོ། །སློབ་དཔོན་ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུར། གང་ཕྱིར་མ་རིག་པས་སྤྲུལ་པ། །དེ་ནི་མེད་པ་ཁོ་ན་སྣང༌། །མེད་པ་སྟོན་པར་ནུས་པས་ན། །དེ་ནི་མ་རིག་ཅེས་བརྗོད་དོ། །ཞེས་གང་ཀུན་རྫོབ་ཆོས་ཅན་སྣང་ན། སྣང་བ་ཅན་དེ་མ་རིག་པར་གསུངས་པ་དང༌། སློབ་དཔོན་ཙནྡྲ་གོ་མིའི་འཇམ་དབྱངས་ལ་བསྟོད་པར། ཁྱོད་ནི་ཆོས་ལམ་ཉེ་བར་སྟོན་ལ་མཁས་ཀྱང་ཆོས་ལམ་འགའ་ཡང་གཟིགས་པ་ཡོད་མ་ལགས། །ཞེས་པས་ཀྱང་གནོད་དོ། །

བཞི་པ་ནི། རྣམ་མཁྱེན་ཆོས་ཅན། འཁྲུལ་བ་གཟིགས་པར་ཐལ། རྣམ་རྟོག་དང་མ་བྲལ་བར་ཐལ། མ་རིག་བག་ཆགས་མ་བཅོམ་པར་ཐལ། མ་དག་པའི་མུན་པ་ཡོད་པར་ཐལ། ཀུན་རྫོབ་ཁམས་གསུམ་སྣང་བའི་ཕྱིར། དང་པོ་འདོད་ན། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་སྒོམ་རིམ་དུ། འཕགས་པས་འཁྲུལ་བ་མ་གཟིགས་ཕྱིར། །ཞེས་དང༌། ཇི་ལྟར་བྱིས་ལ་མི་སྣང་བ། །དེ་ལྟར་མཁས་ལ་སྣང་བ་ཡིན། །ཞེས་པས་བསལ་ལོ། །ཁྱབ་པ་ཡོད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱི་རིགས་པ་དྲུག་ཅུ་པར། མ་རིག་རྐྱེན་གྱིས་འཇིག་རྟེན་ཞེས། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས། །དེ་ཕྱིར་འཇིག་རྟེན་འདི་དག་ཀྱང༌། །རྣམ་པར་རྟོག་པར་ཅིས་མི་འཐད། །ཅེས་དང༌། འཕགས་པ་ལྷའི་དབུ་མ་འཁྲུལ་འཇོམས་སུ། ཡོད་ལ་མེད་པར་འཁྲུལ་དང་མི་རྟག་ཉིད་དུ་འཁྲུལ། །མེད་ལ་ཡོད་པར་འཁྲུལ་དང་རྟག་པ་ཉིད་དུ་འཁྲུལ། །འཁྲུལ་བས་འཁྲུལ་བ་བསླུས་ཤིང་འཁྲུལ་བར་འཁྲུལ་བ་གྲུབ། །འཁྲུལ་བའི་དབང་གིས་ཡང་དག་དོན་ལ་སེམས་ཅན་འཁྲུལ། །རྒྱུ་ལ་འཁྲུལ་ཏེ་འབྲས་བུ་ངན་སོང་གསུམ་དུ་འཁྲུལ། །ཞེས་དང༌། གང་གི་བློ་གྲོས་ཀྱི་མིག་ཕྱེ་བར་གྱུར་ཅིང་མ་རིག་པའི་བག་ཆགས་ཀྱི་གཉིད་དང་བྲལ་བར་གྱུར་ནས་སད་པ་དང་འདྲ་བར། བདེ་བར་གཤེགས་པའི་ཡེ་ཤེས་དྲི་མ་མེད་པར་ཤར་བར་གྱུར་པ་དེའི་ཚེ་ཅི་ཡང་མ་གཟིགས་ཏེ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། རབ་རིབ་བྲལ་བར་གྱུར་པའི་མིག །རྣམ་དག་དྲི་མ་མེད་པ་ལ། །སྐྲ་དང་སྦྲང་བུ་ཟླ་གཉིས་དང༌། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ་རིབ་བྲལ་གྱུར་ཅིང༌། །ཡང་དག་མཁྱེན་སྤྱན་དྲི་མེད་ལའང༌། །དེ་བཞིན་ཅི་ཡང་སྣང་བ་མེད། །དཔེར་ན་གཉིད་ལོག་དབང་ཉིད་ལ། །བུ་དང་བུད་མེད་གཞལ་ཡས་ཁང༌། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ནས་དེ་ནི་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་ཕྱེ་གྱུར་ཅིང༌། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །དཔེར་ན་མཚན་མོ་མུན་ཁྲོད་ན། །འབྱུང་པོ་ཡང་དག་མི་མཐོང་བ། །ཉི་མ་ཤར་ཞིང་མིག་ཕྱེའི་ཚེ། །སྣང་བར་གྱུར་པ་མ་ཡིན་ལྟར། །དེ་བཞིན་མཁས་པས་ཡང་དག་གི །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་གཟིགས། །ཞེས་དང༌། [སློབ་དཔོན་ཟླ་གྲགས་ཀྱི་]སྐྱབས་གསུམ་བདུན་ཅུ་པར། མ་རིག་གཉིད་ཀྱིས་ལོག་པ་ཡི། །འགྲོ་ལ་གང་གང་སྣང་དེ་ནི། །བརྫུན་ཏེ་རྨི་ལམ་བཞིན་དུ་འདོད། །མ་རིག་གཉིད་ནི་རྒྱུན་ཆད་ཅིང༌། །ཡང་དག་ཡེ་ཤེས་ངེས་འབྱུང་བས། །གང་ཞིག་མནལ་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སད་ཇི་བཞིན་ནོ། །ཞེས་རབ་རིབ་ཅན་གྱི་མིག་ལ་སྣང་བའི་སྐྲ་ཤད་དང༌། ཟླ་གཉིས་སོགས་མིག་སྐྱོན་མེད་ལ་མི་སྣང་བ་དང༌། རྨི་ལམ་གྱི་སྣང་བ་རྣམས་གཉིད་སད་ཤེས་པ་ལ་མི་སྣང་བ་ལྟར། སེམས་ཅན་པའི་དགོས་ཆོས་ཀུན་རྫོབ་ཀྱི་སྣང་བ་རྣམས་སངས་རྒྱས་རྣམས་ལ་མི་སྣང་བར་གསུངས་སོ། །

ལྔ་པ་ནི། རྣམ་མཁྱེན་ཆོས་ཅན། སྡིག་སེམས་ཡོད་པར་ཐལ། ངན་སོང་གསུམ་གྱི་སྣང་བ་ཡོད་པའི་ཕྱིར། རྟགས་ཁས་བླངས་ཤིང༌། ཁྱབ་པ་ཡོད་དེ། བྱང་ཆུབ་སེམས་དཔའི་སྦྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་འདི་དག་ཅི་ལས་བྱུང༌། །དེ་འདྲ་དེ་དག་ཐམས་ཅད་ཀྱང༌། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོ། །སངས་རྒྱས་ཆོས་ཅན། འཇིག་རྟེན་པ་ཡིན་པར་ཐལ། མྱང་འདས་མཐར་ཐུག་མྀན་པར་ཐལ། ཀུན་རྫོབ་ཀྱི་དངོས་པོ་སྣང་བའི་ཕྱིར། རྟགས་ཁས་བླངས་ཤིང༌། ཁྱབ་པ་ཡོད་དེ། དེ་ཉིད་དུ། འཇིག་རྟེན་པ་ཡིས་དངོས་མཐོང་ཞིང༌། །སྒྱུ་མ་ལྟ་བུ་མིན་པས་ན། །རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །ཅེས་དང༌། རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །འཇིག་རྟེན་ལ་ལྟོས་དེ་ཉིད་མཐོང༌། །ཞེས་དང༌། གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །

བཞི་པ་ནི། འོན་ཏེ་སངས་རྒྱས་ལ་ཀུན་རྫོབ་མི་སྣང་ན། མི་མཁྱེན་པར་ཐལ་ལོ་སྙམ་ན། ཁྱབ་པ་མེད་དེ། འདས་མ་འོངས་དུས་རིང་པོའི་ཆོས་རྣམས་མི་སྣང་ཡང་མཁྱེན་པ་དང༌། རྨི་ལམ་གྱི་སྣང་བ་སད་དུས་སྣང་བ་མེད་ཀྱང་ཤེས་པ་བཞིན་ནོ། །དེས་ན་སངས་རྒྱས་ལ་ཆོས་རྣམས་དངོས་སུ་མི་སྣང་ཡང་ཆོས་ཉིད་དངོས་སུ་སྣང་ནས་མཁྱེན་སྟོབས་ཀྱིས་ཆོས་རྣམས་ཤུགས་ལ་མཁྱེན་པ་ཡིན་ཏེ། མངོན་རྟོགས་རྒྱན་དུ། དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །ཞེས་དང༌། འདིའི་མདོའི་འགྲེལ་པར། རབ་འབྱོར། དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང༌། སྤྲོས་པ་ནི་ཆོས་ཉིད་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །ཞེས་བྱ་བ་ནི། སེམས་ཀྱི་ཆོས་ཉིད་གཟིགས་པས་སེམས་བསྡུས་པ་དང༌། སྤྲོས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་མིན་ཞིང་མེད་པར་མཁྱེན་པ་ལ་སེམས་བསྡུས་པ་དང༌། སྤྲོས་པ་མཁྱེན་པ་ཞེས་བྱའོ། །ཞེས་སོ། །ཆོས་ཅན་ཇི་སྙེད་པ་མཁྱེན་ཚུལ་ཡང༌། ཆོས་ཉིད་དངོས་སུ་གཟིགས་སྟོབས་ཀྱིས་བཞག་སྟེ། རྒྱུད་བླར། ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་སོ། །

ལྔ་པ་བདེན་གཉིས་ངོ་བོ་ཐ་དད་དུ་ཐལ་བའི་རྩོད་སྤོང་ནི། གལ་ཏེ། བདེན་གཉིས་ཀྱི་ཡུལ་ཅན་གྱི་བློ་གཉིས་མི་གཅིག་ཅིང༌། སྟོང་ལུགས་ཀྱང་མི་གཅིག་ན། བདེན་གཉིས་ངོ་བོ་ཐ་དད་དུ་འགྱུར་རོ་སྙམ་ན། མི་འགྱུར་ཏེ། བདེན་གཉིས་ནི། ངོ་བོ་ཉིད་དང༌། གཞན་དུ་བརྗོད་དུ་མེད་པ་གཅིག་པ་བཀག་པའི་ཐ་དད་པ་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་དུ། བདེན་གཉིས་ངོ་བོ་གཅིག་ན་བྱིས་པ་རྣམས་ཀྱི་ཀུན་རྫོབ་མཐོང་བ་ན། དོན་དམ་ཡང་མཐོང་བས་དེ་དག་གྲོལ་ཟིན་པར་འགྱུར་བ་དང༌། ཀུན་རྫོབ་ལ་ཟག་པ་འཕེལ་བ་ལྟར། དོན་དམ་ལའང་འགྱུར་བས། དོན་དམ་ཉོན་མོངས་པའི་དམིགས་པར་འགྱུར་བ་དང༌། དོན་དམ་ལ་དབྱེ་བ་མེད་པ་ལྟར། ཀུན་རྫོབ་ལའང་མེད་པར་འགྱུར་བ་དང༌། ཀུན་རྫོབ་རྣམ་ཤེས་ཀྱི་མཐོང་ཐོས་ལས་ཡོངས་སུ་བཙལ་བ་མེད་པ་ལྟར། དོན་དམ་ཡང་ཐོས་བསམ་གྱིས་གཞན་དུ་བཙལ་དུ་མེད་པའི་སྐྱོན་བཞི་དང༌། ཅི་སྟེ་གཞན་ཡིན་ན། དོན་དམ་མཐོང་ཡང་ཀུན་རྫོབ་ལ་བདེན་འཛིན་མི་ལྡོག་པར་འགྱུར་བ་དང༌། དོན་དམ་པ་ཀུན་རྫོབ་ཀྱི་ཆོས་ཉིད་མིན་པར་འགྱུར་བ་དང༌། ཀུན་རྫོབ་མ་གྲུབ་ཙམ་གྱི་གཞི་དེ་དོན་དམ་མིན་པར་འགྱུར་བ་དང༌། གང་ཟག་གཅིག་ལ་ཉོན་མོངས་དང་རྣམ་བྱང་གཉིས་དུས་གཅིག་ཏུ་དམིགས་པར་འགྱུར་བའི་སྐྱོན་བཞི་འབྱུང་བར་གསུངས་ཤིང༌། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་སོ། །དེ་ཉིད་དང༌། གཞན་དུ་བརྗོད་དུ་མེད་ཚུལ་ཡང༌། ཆོས་ཉིད་རྣམ་འབྱེད་རྩ་འགྲེལ་དུ། གཉིས་པོ་དག་ནི་གཅིག་ཉིད་དང༌། །སོ་སོ་བ་ཡང་མ་ཡིན་ཏེ། །ཡོད་པ་དང་ནི་མེད་པ་དག །ཁྱད་པར་ཡོད་དང་མེད་ཕྱིར་རོ། །གཉིས་པོ་དག་ཅེས་བྱ་བ་ཆོས་དང་ཆོས་ཉིད་དག་ནི་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། ཡོད་པ་དང་མེད་པ་དག་ཁྱད་པར་ཡོད་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །རེ་ཞིག་ཆོས་དང་ཆོས་ཉིད་དག་གཅིག་པ་ཉིད་དུ་འཐད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཡོད་པ་དང་མེད་པའི་ཁྱད་པར་ཡོད་པའི་ཕྱིར་རོ། །ཆོས་ཉིད་ནི་ཡོད་པ་ཡིན་ལ། ཆོས་ཅན་ནི་མེད་པ་ཡིན་པས། ཡོད་པ་དང་མེད་པ་ཁྱད་པར་ཅན་དག་ཇི་ལྟར་གཅིག་པ་ཉིད་དུ་འགྱུར། ཐ་དད་པ་ཉིད་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོད་པ་དང་མེད་པ་དག་ཁྱད་པར་མེད་པའི་ཕྱིར་རོ། །ཇི་ལྟར་ཁྱད་པར་མེད་ཅེ་ན། ཆོས་ཉིད་ནི་ཆོས་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་པའི་ ཕྱིར་ཏེ། གཟུང་བ་ལ་སོགས་པའི་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་སོ། །ཆོས་དང་ཆོས་ཉིད་དག་ནི་གང་ཞེ་ན། དེ་ཉིད་དུ་ཆོས་ཀྱི་རབ་ཏུ་ཕྱེ་བ་ནི་འཁོར་བ་ཡིན་ཏེ། ཆོས་ཉིད་ཀྱི་རབ་ཏུ་ཕྱེ་བ་ནི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པའོ། །དེ་ལ་ཆོས་ཀྱི་མཚན་ཉིད་ནི། གཉིས་དང་ཇི་ལྟར་མངོན་བརྗོད་པར། །སྣང་བ་ཡང་དག་མིན་པ་ཡི། །ཀུན་རྟོག་པ་དེ་མེད་སྣང་ཕྱིར། །དེས་ན་ཡང་དག་མིན་པའོ། །དེ་ཡང་ཐམས་ཅད་དོན་མེད་ཅིང༌། །རྟོག་ཙམ་ཡིན་པས་ཀུན་རྟོག་པའོ། །གཞན་ཡང་ཆོས་ཉིད་མཚན་ཉིད་ནི། །གཟུང་བ་དང་ནི་འཛིན་པ་དང༌། །བརྗོད་པར་བྱ་དང་རྗོད་པར་བྱེད། །ཁྱད་མེད་དེ་བཞིན་ཉིད་ཡིན་ནོ། །ཞེས་སོ། །

གསུམ་པ་དོན་བསྡུ་བ་ནི། ཀུན་རྫོབ་ནི་རྣམ་ཤེས་སམ་འཁྲུལ་ངོར་སྣང་ཞིང་བདེན་ལ། ཡེ་ཤེས་སམ་མ་འཁྲུལ་བའི་ངོར་མི་སྣང་ཞིང་མི་བདེན་པའི་གཤིས་ལ་རང་གི་ངོ་བོས་སྟོང་པའི་རང་སྟོང་དང༌། དོན་དམ་ནི་དེ་ལས་བཟློག་པ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེར། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་དང༌། འདིའི་རང་འགྲེལ་ག་ལས་འཇིག་མེད་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་སྟོན་པ་ནི། བདེན་པ་གཉིས་པོ་འདི་ལ་བརྟེན་ནས་འབྱུང་སྟེ། འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་ནི། ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་པ་དག་ལ་འཇིག་རྟེན་པས་ཕྱིན་ཅི་ལོག་མ་རྟོགས་པས། ཆོས་རྣམས་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པས་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི། འཕགས་པ་རྣམས་ཀྱི་ཕྱིན་ཅི་ལོག་ཐུགས་སུ་ཆུད་པས། ཆོས་རྣམས་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །དེ་ལ་གང་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ། དེ་ལྟར་མི་ཤེས་པ་དེ་དག་གིས་སངས་རྒྱས་ཀྱི་བསྟན་པ་ཟབ་མོའི་དེ་ཁོ་ན་ཉིད་རྣམ་པར་མི་ཤེས་པ་ཡིན་ནོ། །ཞེས་དང༌། ཀུན་རྫོབ་ནི་ཀུན་རྫོབ་ཀྱི་བདེན་པར་ཡོད་ཀྱི། དོན་དམ་པར་མེད་པ་དང༌། དོན་དམ་ནི་དོན་དམ་པར་ཡོད་ཀྱི། ཀུན་རྫོབ་ཏུ་མེད་པ་དང༌། ཀུན་རྫོབ་ཏུ་མི་བདེན་ན་ཀུན་རྫོབ་བདེན་པར་འགལ་ཞིང༌། དོན་དམ་པར་མི་བདེན་ན་དོན་དམ་བདེན་པར་འགལ་བར་གསུངས་སོ། །འདིས་ནི་ཁ་ཅིག །དོན་དམ་ཡང་དོན་དམ་དུ་བདེན་པ་མེད་ཅེས་དང༌། ཀུན་རྫོབ་ཙམ་དུ་ཡང་སྐྱེ་བའི་དངོས་པོ་མེད་ཅེས་དང༌། ལ་ལ་དོན་དམ་ཡང་ཀུན་རྫོབ་ཏུ་བདེན་པར་ཡོད་པ་དང༌། དོན་དམ་དངོས་པོར་སྨྲ་བ་རྣམས། དོན་དང་འགལ་བར་བསྟན་ཏོ། །དེ་བཞིན་དུ། བདེན་གཉིས་ལས་ཀྱང༌། རྩོད་ངན་གྲགས་པ་ཁ་ཅིག་ནི། །ཡང་དག་པར་དངོས་མ་སྐྱེས་པ། །མོ་གཤམ་བུ་ལ་སོགས་བཞིན་དུ། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །ཞེས་དང༌། ཀུན་རྫོབ་ནི་འཁྲུལ་ངོར། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །རྣམ་པར་དཔྱཽད་པར་བྱེད་ན་དོན། །གཞན་དུ་སོང་བས་གནོད་པར་འདོད། །ཞེས་པས་ཀུན་རྫོབ་དཔྱད་ན་བདེན་མེད་དུ་འགྲོ་བ་ཀུན་རྫོབ་ཀྱི་ཆོས་ཉིད་ཡིན་པས། ཀུན་རྫོབ་འཇོག་པ་ན། དཔྱད་པའི་གནས་མིན་པས་ཞྭ་དཔེ་ལྷམ་ལ་མ་འགེབ་ཅིག །ཀུན་རྫོབ་ཏུའང་བདེན་པ་མི་སྲིད་པའི་ལྟ་བ་ནི། ལས་རྒྱུ་འབྲས་དང་བདེན་གཉིས་ལ་སྐུར་འདེབས་ཡིན་པས། རིང་དུ་སྤང་བར་བྱའོ། །དེས་ན་ཀུན་རྫོབ་དང་དོན་དམ་གཉིས་ནི། གྲངས་བཞིན་དུ། རྣམ་ཤེས་ལ་སྣང་བ་དང༌། ཡེ་ཤེས་ལ་སྣང་བ་སྟེ། སྣང་ལུགས་གཉིས་དང༌། གཤིས་ལ་རང་རང་ངོ་བོས་སྟོང་པས་རང་སྟོང༌། རང་རང་ངོ་བོས་མི་སྟོང་པར་ཆོས་གློ་བུར་བ་གཞན་གྱིས་སྟོང་པའི་གཞི་ཡིན་པས་གཞན་སྟོང་སྟེ། སྟོང་ལུགས་གཉིས་དང༌། བློའི་འཁྲུལ་ངོའམ་འཇིག་རྟེན་པའི་ཤེས་ཡུལ་དུ་བདེན་པ་དང༌། བློ་མ་འཁྲུལ་བའམ་འཕགས་པའི་ ཤེས་ཡུལ་དུ་བདེན་པ་སྟེ། བདེན་ལུགས་གཉིས་དང༌། བཅོས་མ་དང་རང་བཞིན་པ་གཉིས་དང༌། གློ་བུར་བ་དང་གཉུག་མ་གཉིས་དང༌། བཏགས་པ་དང་ཡོངས་གྲུབ་གཉིས་དང༌། ཆོས་དང་ཆོས་ཉིད་གཉིས་ལ་སོགས་པར་གྲངས་ངེས་པ་ཡིན་ནོ།།

གཉིས་པ་མཚོན་བྱའི་སྒྲ་དོན་ནི། སཾ་པྲྀ་ཏི་སཏ་ཏྱ་ཞེས་པའི་སཾ་ནི་ཡང་དག་པའོ། །པྲྀ་ཏིའམ་ཨ་ཝ་ར་ཎ་འགེབས་པའམ་སྒྲིབ་པས་ཏེ། གཟུང་འཛིན་གྱི་སྣང་བས་སྟོང་ཉིད་དོན་དམ་དེ་ཁོ་ན་ཉིད་མཐོང་བ་ལ་ཡང་དག་པར་སྒྲིབ་པའམ་འགེབས་པས་ན་ཀུན་རྫོབ་བོ། །བདེན་གཉིས་སུ། གང་ཞིག་གིས་ན་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་ཏེ། ཀུན་རྫོབ་ཅེས་པ་ནི་དོན་འགྱུར་རོ། །སཏ་ཏྱ་ཞེས་པ་བདེན་པ་སྟེ། འཁྲུལ་བའི་ངོར་དུའོ། །དོན་དམ་གྱི་སྐད་དོད། པ་རཱ་མ་ཨརྠ་སཏ་ཏྱ་ཞེས་པའི་པ་རཱ་མ་མཆོག་གམ་དམ་པ་དང༌། ཨརྠ་དོན་ཏེ་རྫུན་མེད་བསླུ་མེད་ཀྱི་ཆོས་ཉིད་དམ་པ་རྣམས་ལ་འཇུག་པའི་དོན་ཡིན་པས་དོན་དམ་པ་དང༌། འཕགས་པའི་ཤེས་ཡུལ་དུ་བདེན་པས་བདེན་པའོ། །རྒྱུད་བླར། བརྫུན་མེད་བསླུ་མེད་ཆོས་ཉིད་དང༌། །ཞེས་དང༌། དབུས་མཐར། དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །ཞེས་སོ། །

གསུམ་པ་བདེན་གཉིས་ཀྱི་མཚན་གྱི་རྣམ་གྲངས་ལ་གཉིས། སྤྱིར་བསྟན་པ་དང༌། དེའི་དོན་སོ་སོར་བཤད་པའོ། །དང་པོ་ནི། [བདེན་གཉིས་སུ་]ཇི་སྐད་དུ། བཏགས་ཙམ་སྣང་གྲགས་དངོས་པོ་དང༌། །ཐ་སྙད་འཁྲུལ་བ་སྒྱུ་མ་དང༌། །ཀུན་རྫོབ་ཉིད་ནི་རྣམ་གྲངས་སོ། །སྟོང་པ་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སོ། །ཞེས་སོ། །དོན་དམ་གྱི་རྣམ་གྲངས་འདི་རྣམས། རྒྱུད་བླར། ཆོས་སྐུ་དང་སངས་རྒྱས་ཀྱི་རྣམ་གྲངས་སུ་བཤད་དེ། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞི། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་ཤེས་པར་བྱ། །དེ་དག་གི་དོན་ཡང་གྲངས་བཞིན་དུ། སངས་རྒྱས་ཆོས་དབྱེར་མེད་པ་དང༌། །དེ་རིགས་དེ་བཞིན་ཐོབ་པ་དང༌། །བརྫུན་མེད་བསླུ་མེད་ཆོས་ཉིད་དང༌། །གདོད་ནས་རང་བཞིན་ཞི་ཉིད་དོ། །ཞེས་སོ། །ཡང་དེ་རྣམས་ཤེར་ཕྱིན་གྱི་མཚན་བརྒྱ་རྩ་བརྒྱད་པར་ཤེར་ཕྱིན་གྱི་རྣམ་གྲངས་སུ་བཤད་དེ། དེ་ཉིད་དུ། སངས་རྒྱས་ཡུམ་གྱུར་དེ་ཡི་མཚན། །དེ་དག་བདག་གིས་བརྗོད་པར་བགྱི། །འབྱོར་བར་འདོད་པས་མཉན་པར་གྱིས། །ཤེར་ཕྱིན་དང༌། ཐམས་ཅད་མཁྱེན་པ་དང༌། ཡང་དག་པའི་མཐའ་དང༌། དེ་བཞིན་ཉིད་དང༌། ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་སོགས་དང༌། ཞེས་སོ། །ཡང་དེ་རྣམས་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་དུ། དོན་དམ་བྱང་ཆུབ་སེམས་ཀྱི་རྣམ་གྲངས་སུ་བཤད་དེ། དེ་ཉིད་དུ། བྱང་ཆུབ་སེམས་མཆོག་དེ་ཉིད་ནི། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །སྟོང་པ་ཉིད་ཅེས་བརྗོད་པ་ཡིན། །ཞེས་སོ། །དེས་ན་དོན་དམ་བདེན་པ་གང་ཡིན། མཐར་ཐུག་གི་རིག་པ་དང་ཡེ་ཤེས་ཡིན་ཞིང༌། མཐར་ཐུག་གི་རིག་པ་དང༌། ཡེ་ཤེས་གང་ཡིན་ཡང༌། དོན་དམ་བདེན་པ་དང་དེ་བཞིན་ཉིད་ཡིན་ནོ། །དེའི་ཕྱིར་དོན་དམ་བདེན་པ། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ་ཡིན་པའི་གནད་ནི་དེ་ཉིད་དོ།།

གཉིས་པ་ནི། ཆོས་ཉིད་དོན་དམ་བདེན་པའི་མཚན་གྱི་རྣམ་གྲངས་ཡུམ་ཤེར་ཕྱིན་དུ་གསུངས་པ་ནི། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ། ཡོངས་གྲུབ་དགུར་གསུངས་ལ། ཆོས་ཅན་བརྟགས་པ་ཀུན་རྫོབ་བདེན་པ་རྣམས་རྨི་ལམ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་དང༌། དྲི་ཟའི་གྲོང་ཁྱེར་དང༌། བྲག་ཆ་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌། སྤྲུལ་པ་ལྟ་བུ་སྟེ། བརྫུན་པའི་ཆོས་དགུར་གསུངས་སོ། །འདི་རྣམས་ཀྱི་འགྲེལ་པར་སློབ་དཔོན་དབྱིག་གཉེན་གྱི་ཡུམ་གྱི་གཞུང་འགྲེལ་གནོད་འཇོམས་སུ། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ལ་བྱེ་བྲག་ནི་ཅི་ཡོད་ཅེ་ན། ཡོངས་སུ་གྲུབ་པའི་འཇུག་པ་ཐ་དད་པ་སྟེ། འདི་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པ་དགུ་སྟེ། རྣམ་པར་འཇིག་པ་མེད་པར་ཡོངས་སུ་གྲུབ་པ་དང༌། དེ་བཞིན་དུ། ཕྱིན་ཅི་མ་ལོག་པ་དང༌། འགྱུར་བ་མེད་པ་དང༌། ངོ་བོ་ཉིད་དང༌། རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྒྱུ་ཉིད་དང༌། དུས་ཐམས་ཅད་དུ་དང༌། ཕྱིར་མི་ལྡོག་པར་དང༌། དེ་ཁོ་ན་ཉིད་དུ་དང༌། རྟོག་གེའི་ཡུལ་ལས་འདས་པར་ཡོངས་སུ་གྲུབ་པའོ། །རྣམ་པར་འཇིག་པ་མེད་པར་ཡོངས་སུ་གྲུབ་པ་ནི། དེ་བཞིན་ཉིད་ཅེས་གསུངས་པ་སྟེ། རྟག་ཏུ་དེ་བཞིན་ཉིད་དུ་གནས་ཤིང་མི་འཇིག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ནི། མ་ནོར་བ་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། ནོར་བ་དང་ཕྱིན་ཅི་ལོག་ཏུ་གྱུར་པ་མེད་པའི་ཕྱིར་རོ། །འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་ནི། གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་ཡོངས་སུ་གྲུབ་པ་ནི། ཆོས་ཉིད་ཅེས་གསུངས་པ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་སྟོང་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྒྱུ་ཉིད་དུ་ཡོངས་སུ་གྲུབ་པ་ནི། ཆོས་ཀྱི་དབྱིངས་ཞེས་གསུངས་པ་སྟེ། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དབྱིངས་དང་རྒྱུ་ཡིན་པའི་ཕྱིར་རོ། །དུས་ཐམས་ཅད་དུ་ཡོངས་སུ་གྲུབ་པ་ནི། ཆོས་གནས་པ་ཉིད་ཅེས་གསུངས་པ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་ཉིད་ཡིན་ནོ། །ཞེས་གསུངས་པས། དུས་ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཕྱིར་མི་ལྡོག་པར་ཡོངས་སུ་གྲུབ་པ་ནི། ཆོས་སྐྱོན་མེད་པ་ཉིད་ཅེས་གསུངས་པ་སྟེ། ས་དང་པོ་ཡན་ཆད་དེ་རབ་ཏུ་རྟོགས་པས་ཡང་དག་པ་སྐྱོན་མེད་པ་ཉིད་ལ་ཞུགས་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱོན་མེད་པ་ལ་ཞུགས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཡོངས་སུ་གྲུབ་པ་ནི་ཡང་དག་པའི་མཐའ་ཞེས་གསུངས་པ་སྟེ། ཡང་དག་པ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་མཐར་ཐུག་ཡིན་པའི་ཕྱིར་རོ། །རྟོག་གེའི་ཡུལ་ལས་འདས་པར་ཡོངས་སུ་གྲུབ་པ་ནི། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་གསུངས་པ་སྟེ། བརྗོད་དུ་མེད་པ་དང༌། སོ་སོ་རང་རིག་པ་ཡིན་པས་རྗེས་སུ་དཔག་པ་ཐམས་ཅད་ཀྱི་སྤྱཽད་ཡུལ་ལས་འདས་པའི་ཕྱིར་རོ། །གཞན་ཡང༌། ཀུན་བརྟགས་པའི་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྟེ། རབ་ཏུ་རྟོགས་པར་གྱུར་པ་རྣམས་ལ་དེ་ལྟར་མི་འགྱུར་བས་དེ་ལས་ལོག་པ་ལ་ནི། དེ་བཞིན་ཉིད་ཅེས་བྱ་སྟེ། དུས་ཐམས་ཅད་དུ་ཡོད་པའི་ཕྱིར། ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། ནོར་བར་སྣང་བའི་ཕྱིར་རོ། །དེ་ལས་ལོག་པ་ནི། མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་སྟེ། མ་ནོར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྨིག་རྒྱུ་ལྟ་བུ་སྟེ། གཞན་དུ་གནས་ལ་གཞན་དུ་སྣང་བའི་ཕྱིར་རོ། །དེ་ལས་ལོག་པ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་སྟེ། དུས་ཐམས་ཅད་དུ་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ཆུ་ཟླ་ལྟ་བུ་སྟེ། ཆོས་དེའི་བདག་ཉིད་མ་ཡིན་པ་ལ་ཆོས་དེའི་བདག་ཉིད་དུ་སོ་སོར་སྣང་བའི་ཕྱིར་རོ། །དེ་ལས་ལོག་པ་ནི་ཆོས་ཉིད་ཅེས་བྱ་སྟེ། དོན་དམ་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། དོན་མེད་པའི་ཕྱིར་རོ། །དེ་ལས་ལོག་པ་ནི་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་ཞིང་དོན་ཡོད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་བྲག་ཆ་ལྟ་བུ་སྟེ། ཡུན་ཐུང་བའི་ཕྱིར་རོ། །དེ་ལས་ལོག་པ་ནི་ཆོས་གནས་པ་ཉིད་ཅེས་བྱ་སྟེ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མིག་ཡོར་ལྟ་བུ་སྟེ། མ་ངེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་སྟེ། ངེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟེ། རྣམ་པར་ཤེས་པ་འཕོས་པའི་ཕྱིར་རོ། །དེ་ལས་ལོག་པ་ནི་ཡང་དག་པའི་མཐའ་ཞེས་བྱ་སྟེ། དོན་དམ་པ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྤྲུལ་པ་ལྟ་བུ་སྟེ། སེམས་ཀྱི་འདུ་བྱེད་ལས་བྱུང་བའི་ཕྱིར་རོ། །དེ་ལས་ལོག་པ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་སྟེ། ཡིད་ཀྱི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །དོན་དམ་པར་ནི་ཆོས་ཐམས་ཅད་ཀྱང་ཡོངས་སུ་གྲུབ་པའི་རྣམ་གྲངས་སོ། །ཞེས་སོ། །དེས་ན་དོན་དམ་པ་བརྫུན་མེད་བསླུ་མེད་རྟག་བརྟན་གཡུང་དྲུང་སྙིང་པོའི་ གནད་ནི་འདི་ཉིད་དོ། །ཀུན་རྫོབ་བདེན་པ་བསླུ་བ་སྙིང་པོ་མེད་པ་ཡིན་པ་ནི་ཀུན་བཏགས་པའི་ཆོས་ཐམས་ཅད་ནི་རྫས་སུ་མེད་པ་བཏགས་པ་ཙམ་དང་མིང་ཙམ་ཡིན་ལ། གཞན་གྱི་དབང་གིས་ཆོས་རྣམས་ནི་རེ་ཞིག་རྫས་སུ་ཡོད་ཀྱང་སྒྱུ་མ་ལ་སོགས་པ་བཞིན་ཏེ། བརྒྱད་སྟོང་དོན་བསྡུར། སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དཔང་ནི་ཡང་དག་བསྟན། །ཞེས་དང༌། མདོ་སྡེ་རྒྱན་རྩ་བགྲེལ་དུ། སངས་རྒྱས་རྣམ་སངས་རྒྱས་མཆོག་རྣམས་ཀྱིས་དེ་དང་དེ་ལས་འདུས་བྱས་དག ། གསུངས་པ་སྒྱུ་མ་རྨི་ལམ་སྨིག་རྒྱུ་གཟུགས་བརྙན་དང་འདྲ་མིག་ཡོར་བཞིན། །བྲག་ཆ་ལྟ་བུ་དང་ནི་ཆུ་ཟླའི་གཟུགས་དང་སྤྲུལ་པ་འདྲར་ཤེས་བྱ། །དྲུག་དང་དྲུག་དང་གཉིས་དང་དྲུག་ཚན་གཉིས་དང་གསུམ་པོ་རེ་རེར་འདོད། །གང་དུ་བཅོམ་ལྡན་འདས་ཀྱི་ཆོས་སྒྱུ་མ་ནས་སྤྲུལ་པ་ལྟ་བུ་ཞེས་བྱ་བའི་བར་དུ་གསུངས་པ་དེ་ལ། ཆོས་རྣམས་སྒྱུ་མ་ལྟ་བུ་ནི་ནང་གི་སྐྱེ་མཆེད་དྲུག་སྟེ། བདག་དང་སྲོག་ལ་སོགས་པ་མེད་བཞིན་དུ་སྣང་བའི་ཕྱིར་རོ། །རྨི་ལམ་ལྟ་བུ་ནི་ཕྱིའི་སྐྱེ་མཆེད་དྲུག་སྟེ། དེ་ཉེ་བར་སྤྱོད་པའི་དངོས་པོ་མེད་པའི་ཕྱིར་རོ། །སྨིག་རྒྱུ་ལྟ་བུ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་གཉིས་ཏེ། འཁྲུལ་པར་བྱེད་པའི་ཕྱིར་རོ། །ཡང་གཟུགས་བརྙན་ལྟ་བུ་ནི་ནང་གི་སྐྱེ་མཆེད་དྲུག་ཁོ་ན་སྟེ། སྔོན་གྱི་ལས་ཀྱི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །མིག་ཡོར་ལྟ་བུ་ནི་ནང་གི་སྐྱེ་མཆེད་རྣམས་ཀྱི་གྲིབ་མ་ལྟ་བུ་ཡིན་པའི་ཕྱིར། ཕྱིའི་སྐྱེ་མཆེད་དྲུག་ཁོ་ན་སྟེ། དེའི་དབང་གིས་བྱུང་བའི་ཕྱིར་རོ། །བྲག་ཆ་ལྟ་བུ་ནི་བཤད་པའི་ཆོས་རྣམས་སོ། །ཆུ་ཟླ་ལྟ་བུ་ནི་ཏིང་ངེ་འཛིན་ལ་བརྟེན་པའི་ཆོས་རྣམས་ཏེ། ཏིང་ངེ་འཛིན་དྭངས་པ་ཉིད་ཀྱིས་ཆུ་ཟླ་ལྟ་བུ་ཡིན་པའི་ཕྱིར་རོ། །སྤྲུལ་པ་ལྟ་བུ་ནི་བསམས་བཞིན་དུ་སྲིད་པར་ཡོངས་སུ་སྐྱེ་བ་ལེན་པ་ཡིན་ཏེ། བྱ་བ་ཐམས་ཅད་ལ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཞེས་སོ། །འདི་ནི་མདོ་སྡེ་རྣམས་ལས་ཆོས་རྣམས་སྒྱུ་མ་ལ་སོགས་པར་བསྟན་པ་ཐམས་ཅད་འདུས་བྱས་ཀུན་རྫོབ་པ་ཁོ་ན་ལ་དགོངས་པར་བསྟན་ཏོ། །

བཞི་པ་མཚན་གཞི་ལ། དབྱེ་གཞི་ནི་ཤེས་བྱ་ཙམ་མོ། །ཁ་ཅིག་རྟེན་འབྲེལ་དབྱེ་གཞིར་བྱེད་པ་མི་འཐད་དེ། དོན་དམ་བདེན་པ་ནི་རྟེན་འབྲེལ་ལས་འདས་པའི་ཕྱིར་ཏེ། དབུ་མ་རྩ་ཤེར། རང་བཞིན་དང་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་བཞིན། །ཞེས་སོ། །དབྱེ་ངོ་ཀུན་རྫོབ་དང་དོན་དམ་གཉིས་ལས། ཀུན་རྫོབ་ལ་དབང་ཤེས་དང་ཡིད་ཤེས་འཕྲལ་གྱི་འཁྲུལ་རྒྱུས་མ་འཁྲུལ་བའི་སྣང་ཡུལ་སོགས་ཡང་དག་ཀུན་རྫོབ་དང༌། འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་བའི་སྣང་བ་སོགས་ལོག་པའི་ཀུན་རྫོབ་གཉིས་ཏེ། བདེན་གཉིས་སུ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མིན་པ་ཡི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཅེས་པའང་འཐད་ལྡན་ནོ། །ཡང་ན། ཀུན་རྫོབ་སྤྱིའི་མཚན་གྱིས་བསྡུས་པ་ཀུན་བཏགས་དང༌། རང་མཚན་གྱིས་བསྡུས་པའི་གཞན་དབང་གཉིས་སོ། །དོན་དམ་ལ་རྣམ་གྲངས་པའི་དོན་དམ་དང༌། རྣམ་གྲངས་མ་ཡིན་པའི་དོན་དམ་མོ། །སྔ་མ་ནི་བདེན་གཉིས་སུ། སྐྱེ་བ་ལ་སོགས་བཀག་པ་ཡང༌། །ཡང་དག་པ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོ་འདོད། །ཅེས་པའང་ལེགས་པའོ། །ཕྱི་མ་ནི་སྟོང་གཞི་དེ་བཞིན་ཉིད་ལ་སོགས་པའོ། །ཡང་ན། དབུས་མཐར། དོན་དང་ཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་པ་དོན་དམ་པ་དེ་བཞིན་ཉིད་དང༌། ཐོབ་པ་དོན་དམ་པ་མྱ་ངན་ལས་འདས་པ་གཉིས། རྣམ་གྲངས་མ་ཡིན་པའི་དོན་དམ་དང༌། སྒྲུབ་པ་དོན་དམ་པ་ལམ་གྱི་བདེན་པ་ནི་རྣམ་གྲངས་ཀྱི་དོན་དམ་མོ། །གཅིག་ཐ་དད་ནི་བདེན་གཉིས་ངོ་བོ་དེ་ཉིད་དང༌། གཞན་དུ་བརྗོད་པ་མེད་པ་གཅིག་པ་བཀག་པའི་ཐ་དད་དོ། །གྲངས་ངེས་ནི། ཤེས་བྱ་ཐམས་ཅད་དོན་དམ་དཔྱོད་པའི་རིགས་པས་དཔྱད་མི་བཟོད་པ་རྣམ་ཤེས་ཀྱི་ཡུལ་དང༌། བཟོད་པ་ཡང་དག་ཡེ་ཤེས་ཀྱི་ཡུལ་གཉིས་སུ་གྲངས་ངེས་པས། ཀུན་རྫོབ་བདེན་པ་དང༌། དོན་དམ་བདེན་པ་གཉིས་སུ་གྲངས་ངེས་སོ། །

གསུམ་པ་དབུ་སེམས་ཀྱི་ཁྱད་པར་ལ་རྒྱས་པར་ནི། ཤེར་ཕྱིན་མདོ་ལུགས་མའི་ཊཱི་ཀར་བལྟ་ཞིང༌། མདོར་བསྡུས་པར་བསྟན་ན། མཐར་ཐུག་གི་ཆོས་རྣམས་དངོས་པོ་དང་རྣམ་ཤེས་སུ་འདོད་པ་སེམས་ཙམ་པ་དང༌། དངོས་པོ་དང་རྣམ་ཤེས་ལས་འདས་པ་ཡེ་ཤེས་སུ་འདོད་པ་ནི་དབུ་མ་པ་སྟེ། དཔལ་དུས་ཀྱི་འཁོར་ལོར། སེམས་ཙམ་པ་དང་དབུ་མ་པའི་གྲུབ་མཐའ་རིམ་པར་གསུངས་པ། སྲིད་གསུམ་མཐའ་དག་རྣམ་ཤེས་ཉིད་དུ་སྨྲ་བ་པོ་ཡང་རྣམ་པར་ཤེས་པར་འདོད་པར་བྱེད། །གང་ཞིག་སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པར་སྨྲ་པོ་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། །ཞེས་དང༌། འདིའི་འགྲེལ་པ་དྲི་མེད་འོད་དུ། གང་ཞིག་སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པར་སྨྲ་བ་པོ་སྟེ། འདིར་གང་གི་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང༌། སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ། དུས་གསུམ་དུ་འཇུག་པ་ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ། །ཞེས་དང༌། སྐད་ཅིག་གཅིག་དང་དུ་མ་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཞེས་དང༌། གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བ་ནམ་མཁའི་པདྨོ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་སོ། །དབུ་མའི་ངོ་བོ་དེ་ཁོ་ན་ཉིད་དུས་གསུམ་མཁྱེན་པའི་རང་བྱུང་ཡེ་ཤེས་འདུས་མ་བྱས་སུ་གསུངས་པ་དང༌། སེམས་ཙམ་པའི་འདོད་པ་བརྗོད་པའི་ཐད་དུ། རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་སོགས་འབྱུང་གི །ཡེ་ཤེས་དང་ཡོངས་གྲུབ་དང་སངས་རྒྱས་སོགས་དོན་དམ་ཡོད་ཅེས་སོགས་མི་འབྱུང་ལ། དེ་ལ་དབུ་མ་པས་དགག་པ་བྱེད་པའི་ཐད་དུ་ཡང༌། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །ཞེས་སོགས་འབྱུང་གི །ཡེ་ཤེས་དང་ཡོངས་གྲུབ་དང་སངས་རྒྱས་སོགས་ཡོད་པར་མཁས་རྣམས་མི་འདོད་དེ། ཞེས་སོགས་ནི་མི་འབྱུང་བས། སེམས་ཙམ་གྱི་འདོད་པའི་ངོ་བོ་ནི་རྣམ་པར་ཤེས་པ་ཁོ་ན་ཡོད་པར་འདོད་པའོ། །དེ་ལྟ་མ་ཡིན་པར་རང་བཞིན་གསུམ་སོགས་ཡིན་པར་བྱས་ནས། བཀའ་འཁོར་ལོ་གསུམ་པ་འཁོར་བཅས་སེམས་ཙམ་དུ་འདོད་པ་ནི་ཆོས་སྤོང་བ་ཡིན་ཏེ། འཁོར་ལོ་གསུམ་པའི་བརྗོད་བྱའི་གཙོ་བོ་དོན་དམ་ཆོས་སྐུའི་སངས་རྒྱས་ནམ་མཁའ་ལྟར་ཁྱབ་པའི་དབང་གིས། ཆོས་སྐུའི་ཡོན་ཏན་ཅན་གྱི་བདེ་གཤེགས་སྙིང་པོ་སེམས་ཅན་ཐམས་ཅད་ལ་བཞུགས་པ་ཡིན་ལ། དེ་དྲང་དོན་དང་སེམས་ཙམ་པའི་ལུགས་ཡིན་ན། དུས་འཁོར་དང་བདེ་དགྱེས་སོགས་གསང་སྔགས་མཐར་ཐུག་ཐམས་ཅད་དྲང་དོན་དང་སེམས་ཙམ་པར་འགྱུར་ཏེ། དུས་འཁོར་དུ། བུམ་པའི་ནང་ནས་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁར་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་དང༌། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་ནི་འཇིག་རྟེན་ཁམས་འདིར་ཡོད་མ་ཡིན། །ཞེས་དང༌། ཀྱཻའི་རྡོ་རྗེར། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང༌། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །ཅེས་དང༌། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་ཏེ། འདིར་ལུས་ལ་ཞེས་དང༌། ལུས་ཀྱི་དབུས་ཞེས་པ་སེམས་ཅན་གྱི་ལུས་ལ་ཞེས་པའི་དོན་ཏེ། སངས་རྒྱས་ཀྱི་ལུས་ལ་ཡེ་ཤེས་ཡོད་མེད་ཀྱི་ཐེ་ཚོམ་བཟློག་མི་དགོས་སོ། །ཡེ་ཤེས་ཆེན་པོ་ཞེས་པའང་ཉན་རང་དང་སློབ་ལམ་གྱི་ཡེ་ཤེས་ལས་ཕུལ་དུ་བྱུང་བས། སངས་རྒྱས་ཀྱི་ཡེ་ཤེས་ཞེས་པའི་དོན་ནོ། །སེམས་ཅན་རྣམས་ནི་སངས་རྒྱས་ཞེས་པ་ཡང༌། སེམས་ཅན་རྣམས་ཀྱི་ཆོས་ཉིད་ཀྱི་སེམས་དེ་དོན་དམ་གྱི་སངས་རྒྱས་དངོས་ཡིན་ཞིང་དེ་ལས་ངོ་བོ་ཐ་དད་པའི་དོན་དམ་གྱི་སངས་རྒྱས་མེད་ཅེས་པའོ། །དེ་བཞིན་དུ། བདེ་མཆོག་རྩ་རྒྱུད་དང༌། མཁའ་འགྲོ་ཀུན་སྤྱོད་དང༌། སམ་བུ་ཊ་ལ་སོགས་པ་རྒྱུད་དུ་མར། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག ། དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་ཁྱབ་བྱེད་དེ། །ལུས་ཅན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །ཅེས་སོགས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཧེ་རུ་ཀ་ཉིད་ནམ་མཁའ་ལྟར་ཐམས་ཅད་ལ་ཁྱབ་པར་བཞུགས་པར་གསུངས་སོ། །དེ་མི་འདོད་ན་མཐར་ཐུག་གི་ངེས་དོན་རྣམས་གཏན་ནས་མི་སྲིད་པར་འགྱུར་ཏེ། བཀའ་འཁོར་ལོ་དང་པོ་དང༌། གཉིས་པ་དྲང་དོན་དུ་བཅོམ་ལྡན་འདས་ཀྱི་མདོ་དགོངས་པ་ངེས་འགྲེལ་དུ་གསུངས་ལ། བཀའ་འཁོར་ལོ་གསུམ་པ་དང༌། གསང་སྔགས་རྣམས་དྲང་དོན་དུ་ཁྱེད་ཀྱིས་ཁས་བླངས་པས་སོ། །དེས་ན་འཁོར་ལོ་གསུམ་པ་སོགས་སེམས་ཙམ་ཡིན་པ་སོགས་ལ་གནོད་བྱེད་དུ་མ་ཡོད་ཅིང༌། དབུ་མ་ཡིན་པའི་སྒྲུབ་བྱེད་ནི་འདི་ལྟར། སེམས་ཙམ་མན་ཆད་ནི། དངོས་པོ་དོན་དམ་དུ་འདོད་པའི་ཕྱིར་དང༌། མདོ་དགོངས་འགྲེལ་དུ། བཀའ་འཁོར་ལོ་ཕྱི་མ་གཉིས་ཀ་ཆོས་རྣམས་ངོ་བོ་ཉིད་ཀྱིས་མེད་པ་དང༌། སྐྱེ་མེད་འགག་མེད་སོགས་ལས་བརྩམས་ཏེ་གསུངས་པས་དེ་གཉིས་དངོས་སྨྲ་ལས་འདས་པར་སྒྲུབ་པའི་ཕྱིར་དང༌། ལང་གཤེགས་སུ། སེམས་ཙམ་ལས་འདས་པའི་དབུ་མ་པ་རིམ་པ་གཉིས་གསུངས་ཏེ། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་རྟོག་གོ །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདས་པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པས། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་སེམས་ཙམ་ལས་འདས་ནས་བཀའ་བར་པའི་དངོས་བསྟན་ཙམ། སྣང་མེད་གནས་སྐབས་ཀྱི་དབུ་མ་ལ་གནས་པ་དང༌། དེ་ལས་འདས་ནས་བཀའ་ཐ་མའི་དགོངས་པ་སྣང་བཅས་མཐར་ཐུག་གི་དབུ་མ་ལ་གནས་དགོས་ཀྱི། སྣང་མེད་ཙམ་གྱིས་ཐེག་ཆེན་རྫོགས་པར་མི་མཐོང་བར་གསུངས་ཤིང༌། བཅོམ་ལྡན་འདས་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་དུ། འདིས་ནི་བདེན་པ་གསུངས་པ་ཡིས། །སྔ་མར་གསུངས་པ་བཀག་པ་སྟེ། །སྔོན་ཉིད་དང་ནི་ཕྱི་མ་དག །རིམ་པ་ཕྱི་མ་སྟོབས་དང་ལྡན། །ཇི་ལྟར་རྣལ་འབྱོར་སྤྱོད་གསུངས་པ། །ཡེ་ཤེས་མེད་པར་སྨྲ་ལ་བསྟན། །རྫོགས་སངས་རྒྱས་ཀྱི་དབུ་མའི་ལུང༌། །དེ་བཞིན་མ་ཡིན་སྲས་ལ་གསུངས། །ཞེས་བཀའ་འཁོར་ལོ་གསུམ་དང༌། རྒྱུད་སྡེ་བཞི་སོགས་ཀྱང་རིམ་པ་ཕྱི་མ་ཕྱི་མ་རྣམས་ངེས་དོན་དང༌། རྣལ་འབྱོར་སྤྱོད་པ་སེམས་ཙམ་མན་ཆད་ལ་ཡེ་ཤེས་མེད་པ་དང༌། རྒྱལ་སྲས་དབུ་མ་པ་རྣམས་ནི་དབུ་མའི་ཁྱད་ཆོས་གཉིས་མེད་ཡེ་ཤེས་ཀྱི་རབ་ཏུ་ཕྱེ་བར་གསུངས་པས་ཀྱང་བཀའ་འཁོར་ལོ་ཕྱི་མ་གཉིས་ཀ་དབུ་མ་དང༌། ཁྱད་པར་བཀའ་ཐ་མ་དབུ་མ་མཐར་ཐུག་ཏུ་གྲུབ་ལ། བྱམས་ཆོས་ཕྱི་མ་བཞི་སོགས་ངོ་བོ་ཉིད་གསུམ་སྟོན་པའི་བསྟན་བཅོས་རྣམས་ཀྱང་མཐར་ཐུག་གི་དབུ་མའི་བསྟན་བཅོས་སུ་གྲུབ་བོ། །དབུ་མ་སྣང་བར་ཡང༌། ངོ་བོ་ཉིད་མེད་པ་གསུམ་གྱི་དགོངས་པ་བསྟན་པས་དབུ་མའི་ལམ། མཐའ་གཉིས་དང་བྲལ་བ་བསྟན་པས་ངེས་པའི་དོན་ཁོ་ནའི་གཞུང་འཛུགས་པར་མཛད་པ་ཡིན་ནོ། །ཞེས་འབྱུང་ངོ༌། །

བཞི་པ་ཆོས་ཀྱི་རྗེས་འབྲང་ལྷུར་བྱ་བར་གདམས་པ་ནི། དེ་ལྟར་བརྗོད་བྱ་བདེན་གཉིས་སོགས་དང་རྗོད་བྱེད་བཀའི་དོན་ལ། རྣམ་པར་དཔྱོད་པ་ལྷུར་བླང་བར་བྱ་སྟེ། དེས་ལྟ་བ་རྣམ་པར་དག་པར་འགྱུར་ལ། ལྟ་བ་དག་པས་ལམ་དག་ཅིང༌། དེས་འབྲས་བུ་རྣམ་པར་དག་པའི་ས་ཐོབ་པའི་ཕྱིར་རོ། །འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱི་རྒྱན་སྟུག་པོ་བཀོད་པར། བསྲེགས་བཅད་བདར་བའི་གསེར་བཞིན་དུ། །མཁས་པ་རྣམས་ཀྱིས་ཡོངས་བརྟགས་ནས། །བདག་གསུང་བླང་བྱ་དགེ་སློང་དག །གུས་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་དང༌། རྗེ་བཙུན་སྤྱན་རས་གཟིགས་ཀྱི་དྲི་མེད་འོད་དུ། མཁས་རྣམས་ཡོན་ཏན་ལ་གུས་ཀྱི། །སངས་རྒྱས་དབང་ཕྱུག་སོགས་ལ་མིན། །ཡོན་ཏན་མེད་ལ་གང་གུས་པ། །དེ་བླུན་མི་དགེའི་ལས་ལས་སྐྱེས། །ཞེས་དང༌། རྗེ་བཙུན་བྱམས་པའི་མདོ་སྡེ་རྒྱན་དུ། ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོགས་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་བཤེས་སྤྲིང་དུ། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་བ་སྒོམ་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་དགེ་སྤྱད་ཀྱང༌། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་དང༌། སློབ་དཔོན་ཨཱརྱ་དེ་བའི་ཀྱང༌། [བཞི་བརྒྱ་པར།] ཚུལ་ཁྲིམས་ལས་ནི་ཉམས་བླ་ཡིས། །ལྟ་ལས་ནམ་ཡང་ཉམས་མི་བྱ། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྲོ། །ཞེས་གསུངས་སོ། །

དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང༌། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་བཟུང་དང་དབུ་མ་པར། །ཁས་འཆེ་དབུ་མ་ལྟར་སྣང་སྨྲ་རྣམས་ཀྱིས། །ཡང་དག་དབུ་མ་བསྒྲིབས་པའི་མུན་པའི་ཚོགས། །འཇོམས་བྱེད་བདེན་གཉིས་གསལ་བའི་ཉི་མ་འདི། །ཤེས་རབ་རྒྱལ་མཚན་དཔལ་གྱིས་རྣམ་པར་སྦྱར། །དེ་ལས་བྱུང་བའི་དགེ་བའི་འོད་ཟེར་གྱིས། །མཁའ་མཉམ་འགྲོ་བའི་བློ་ཡི་མུན་བསལ་ནས། །བདེ་ཆེན་ཐར་བའི་ལམ་ལ་འགོད་པ་དང༌། །ཀུན་ཁྱབ་བདེ་ཆེན་སྙིང་པོ་མངོན་གྱུར་ཤོག། །།ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་ཤོག །

གཅིག་ཞུས། མངྒ་ལཾ།


previousབདེན་གཉིས་གསལ་བའི་ཉི་མ་ཞེས་བྱ་བ་བཞུགས་སོ། ། next