Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
ལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། ། next

ལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། །

ཨོཾ་བདེ་ལེགས་སུ་གྱུར་ཅིག །གཙང་བདག་བདེ་ཆེན་ཆོས་སྐུ་དང༌། །གཟུགས་སྐུ་འཁོར་བཅས་ལ་བཏུད་དེ། །རང་གཞན་ལམ་གྱི་ལྟ་བ་ཡི། །མུན་སེལ་སྒྲོན་མེ་བརྩམ་པར་བགྱི། །འཕགས་ཚོགས་བདག་ལ་སྐྱབས་མཛོད་ཅིག །ཐར་འདོད་ཤེས་ལྡན་དོན་གཉེར་ཀུན། །གྲུབ་མཐའ་གྲགས་པའི་རྗེས་འབྲང་དང༌། །ཞེན་ཕྱོགས་འཛིན་པའི་རབ་རིབ་ཀུན། །བསལ་ཏེ་ཆོས་ལ་འཇུག་པར་རིགས། །ཆོས་ལའང་ཆོས་ཚུལ་དུ་མ་སྣང༌། །ལྟ་སྤྱོད་སྒོམ་པ་ཆོས་ཀྱི་གཞུང༌། །ལྟ་བ་འཁྲུལ་ན་སྤྱོད་པ་ནོར། །དེ་ནས་སྒོམ་པའང་ཉམས་པར་འགྱུར། །དེ་ཕྱིར་ཐོག་མར་ལྟ་བ་གཅེས། །ཡོད་མེད་འབྲེལ་བ་དག་ལ་ཡོད། །ལུགས་ལྡོག་སྒྲིབ་པ་ཟད་ལ་མེད། །རྒྱས་རྟག་རྟག་ཆད་བདེན་རྫུན་སོགས། །ཕན་ཚུན་འཆོལ་བའི་སྒྲོ་སྐུར་སོགས། །སྤངས་ཏེ་བདེན་གཉིས་རང་སར་བལྟ། །ཀུན་རྫོབ་བདེན་པ་རང་གིས་སྟོང༌། །སྟོང་ཡང་སྣང་བ་སྒྱུ་མའི་དཔེ། །འཁྲུལ་ཡང་མི་བསླུ་བདེན་པའི་དོན། །མ་བརྟགས་མ་དཔྱད་བློ་ངོར་ཡོད། །དཔྱད་ན་ཅུང་ཟད་གྲུབ་པ་མེད། །ལུགས་འབྱུང་འགྱུར་ཆེན་ཙམ་ལ་ཡོད། །ལྷུན་གྲུབ་ཆོས་ཉིད་ཐེབས་ལ་མེད། །རྐྱེན་གྱིས་འགྱུར་ཕྱིར་རྟག་པ་མིན། །རྒྱུན་དག་གནས་ཕྱིར་ཆད་པའང་མིན། །ངོ་བོ་སྟོང་ཕྱིར་བདེན་པའང་མིན། །རྒྱུ་རྐྱེན་ངེས་ཕྱིར་རྫུན་པའང་མིན། །དོན་དམ་མི་སྟོང་རང་ཉིད་གྲུབ། །གྲུབ་ཅིང་མི་བསླུ་བདེན་པར་ཡོད། །ཡོད་པ་དེ་ཉིད་ཡེ་ཡོད་ཡིན། །གཉུག་མ་གཤིས་ལ་གྲུབ་པ་ཡིན། །མཁའ་སྟོང་འོད་གསལ་ཀུན་ཁྱབ་ཡིན། །ཁྱབ་བདག་ཡེ་ཤེས་ཆེན་པོ་ཡིན། །ཚོགས་གཉིས་ཚོགས་ནི་བསགས་པ་ཡིན། །དང་པོ་ཉིད་ནས་སངས་རྒྱས་ཡིན། །ཐོག་མཐའ་གཉིས་མེད་དབུས་གཅིག་ཡིན། །ཀུན་ལ་ཕན་པའི་གང་ཟག་ཡིན། །གང་ཟག་མཆོག་སྟེ་རྟེན་པའི་རིགས། །དེ་ལ་ཁ་ཅིག་རྟེན་པའི་རིགས། །མཐའ་བྲལ་དབུ་མའི་དོན་དམ་བྱེད། །ཡོད་པ་མིན་ཞིང་མེད་པའང་མིན། །རྟག་པ་མིན་ཞིང་ཆད་པའང་མིན། །བདེན་མིན་རྫུན་པའང་མིན་པར་གྲགས། །དོན་དམ་ཡོད་པ་མིན་ན་ནི། །དེ་ཉིད་རྟོགས་པའང་ཡོད་མིན་འབྱུང༌། །འདོད་ན་འདོད་མིན་སུ་ཡིས་ཤེས། །རྒྱལ་བའི་ཡེ་ཤེས་འགོག་གམ་ཅི། །རྟེན་གྱི་ཡེ་ཤེས་མེད་ན་ནི། །བརྟེན་པའི་ཡེ་ཤེས་འཕེལ་མེད་འགྱུར། །མཐར་ཕྱིན་ཆོས་ སྐུའང་མེད་པར་འགྱུར། །དོན་དམ་ཡོད་པ་མིན་བཞིན་དུ། །དེ་ཉིད་རྟོགས་ན་ལོག་ཤེས་འགྱུར། །ཡུལ་དེ་མེད་ཀྱང་དེར་འཛིན་བློ། །འཁྲུལ་བའི་རྣམ་བཞག་བྱས་མིན་ནམ། །སོ་སོ་རང་རིག་སྤྱོད་ཡུལ་བ། །སྒྲ་རྟོག་ཐ་སྙད་ཡུལ་མ་ཡིན། །རྣལ་འབྱོར་པའང་བློ་ཁྱད་ཀྱིས། །གོང་མ་གོང་མས་གནོད་ཅེས་གསུངས། །ཞི་ཞིང་ཕྲ་ལ་བླཽ་རྒྱས་ཕྱིར། །དོན་དམ་བླཽ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་འདོད་གསུངས། །མིན་ན་ཁྱོད་ཀྱང་སྨྲ་ཞེ་ན། །བདེན་མོད་འོན་ཀྱང་གསུང་ལ་བརྟེན། །བརྟེན་པ་ངེད་ལ་མཚུངས་ཞེ་ན། །བདེན་ཏེ་འོན་ཏེ་མཚུངས་མི་མཚུངས། །རིགས་པས་གནོད་པ་འབབ་མི་འབབ། །ལུང་རྣམས་དགོངས་པ་ཡིན་མ་ཡིན། །ཚིག་རྣམས་དོན་དང་འབྲེལ་མི་འབྲེལ། །རིགས་པ་ཅན་གྱིས་དཔྱད་ན་ཤེས། །ལུང་རིགས་ཅན་གྱིས་བཀྲོལ་ན་ཤེས། །རྫོགས་ལྡན་ཆོས་ལ་གསུངས་ན་ཤེས། །རྒྱུད་དང་མདོ་ལུང་བསྟན་ན་ཤེས། །ཕྱོགས་རིས་མེད་པས་བལྟ་ན་ཤེས། །སྐལ་བ་ཅན་གྱིས་བསྒོམ་ན་ཤེས། །རྣལ་འབྱོར་ཅན་གྱིས་མཐོང་ན་ཤེས། །རྒྱུད་འགྲེལ་རྣམས་སུ་གསུངས་ན་ཤེས། །སྤྱིར་གྱི་ཡོད་ཙམ་མཐའ་ཡིན་ན། །ཁྱེད་ཀྱི་དབུ་མ་ཡོད་མཐར་ཐལ། །མཐའ་བྲལ་དབུ་མ་ཡོད་པའི་ཕྱིར། །འཁོར་གསུམ་ཁྱེད་ལ་མ་སོང་ངམ། །དེ་ཡང་ཡོད་པ་མིན་ཞེ་ན། །སླར་ཡང་དབུ་མ་མེད་མཐར་ཐལ། །མཐའ་དབུས་གང་ནའང་མེད་པའི་ཕྱྀར། །འཁོར་གསུམ་དེ་ཡང་ཁྱེད་ལ་འཁོར། །མེད་པ་དག་ཀྱང་མིན་ཞེ་ན། །ཁྱེད་ཀྱི་མེད་མིན་མིན་པ་སྟེ། །མེད་པ་དག་ནི་ཁེགས་མ་ཁེགས། །ཁེགས་ན་མེད་པ་མིན་པར་འགྱུར། །དེས་ན་ཡོད་པར་ཅིས་མི་འགྱུར། །དགག་གཉིས་རྣལ་མ་གོ་མིན་ནམ། །དགག་པ་བཀག་པས་སྒྲུབ་པ་དང༌། །སྒྲུབ་པ་བཀག་པས་དགག་པ་དག །གྲུབ་པ་དོན་གྱི་གནས་ལུགས་དང༌། །མཁས་པའི་གཞུང་ལུགས་དག་ལ་འབྱུང༌། །ཆོས་དེ་ཁེགས་ཀྱང་དེ་མིན་ན། །རི་བོང་མགོ་ལ་རྭ་ཁེགས་ཀྱང༌། །དེ་ཉིད་མེད་པ་མིན་པར་འགྱུར། །གལ་ཏེ་མེད་པ་མ་ཁེགས་ན། །མེད་པ་དག་ནི་སོ་ན་གནས། །མེད་མིན་སྨྲ་བས་ཅི་ཞིག་བྱ། །སྒྲུབ་བྱེད་དམ་པ་དོན་མེད་ཉིད། །དབུ་མ་དབུས་ན་མེད་པར་འགྱུར། །ཆོས་དེ་བཀག་པ་མ་ཡིན་ཀྱང༌། །དེ་ཉིད་ཡོད་པ་མ་ཡིན་ན། །འདི་ལྟར་ཆོས་འགའ་མེད་པར་འགྱུར། །ད་དུང་ཁྱོད་ཀྱི་དབུ་མ་དེ། །མཐའ་དང་བྲལ་ལམ་མ་བྲལ་དཔྱད། །བྲལ་ན་དེ་ཕྱིར་མཐའ་མེད་འགྱུར། །དེས་ན་མེད་པའི་མཐའ་ཅན་འགྱུར། །ཆོས་དེ་བྲལ་ཡང་དེ་མིན་ན། །སྐྱེས་བུ་སྐྱོན་དང་བྲལ་ན་ཡང༌། །སྐྱོན་མེད་དམ་པ་མིན་པར་འགྱུར། །ནམ་མཁའ་སྤྲིན་སོགས་བྲལ་ན་ཡང༌། །སྤྲིན་མེད་དྭངས་པ་མིན་པར་འགྱུར། །གལ་ཏེ་མཐའ་དང་མ་བྲལ་ན། །འོ་ན་མཐའ་དང་བཅས་པར་འགྱུར། །ཆོས་དེ་བྲལ་བ་མ་ཡིན་ཀྱང༌། །དེ་དང་ལྡན་པ་མིན་ན་ནི། །སྐྱེས་བུ་སྲོག་དང་བྲལ་མིན་ཀྱང༌། །སྲོག་དང་ལྡན་པ་མིན་པའམ། །ཆུ་སོགས་རྙོག་པ་བྲལ་མིན་ཀྱང༌། །རྙོག་སོགས་ལྡན་པ་མིན་པར་འགྱུར། །བྲལ་དང་མ་བྲལ་བརྟགས་མེད་ན། །འོ་ན་མཐའ་བྲལ་རྣམ་བཞག་འགལ། །བརྗོད་མེད་ཕྱིར་ན་མེད་མཐར་འགྱུར། །ཁྱེད་ལ་ཁུངས་འདོད་ཡོད་མོད་ཀྱང༌། །ཡོད་མེད་བདེན་རྫུན་བཟང་ངན་སོགས། །ཆོས་འགའ་ཁྱེད་ཀྱིས་མ་མཐོང་ན། །གཞན་གྱི་ལྟ་སྤྱོད་འཁྲུལ་བ་སོགས། །མཐོང་དེ་བརྩེ་ལྡན་ཁྱེད་ཀྱིས་ནི། །མ་བཟོད་བཟློག་པར་འདོད་མིན་ནམ། །རང་གཞན་དངོས་པོར་སྨྲ་བ་སོགས། །གཞོམ་པར་འདོད་པ་མ་ཡིན་ནམ། །གཞན་གྱི་ཁས་བླངས་གཞན་དག་ལ། །འཁོར་བར་ཁྱེད་ཉིད་སྨྲ་ཡིན་ནམ། །ཁས་བླངས་མེད་པར་གཡོ་སྒྱུའི་ཚིག །བློ་གྲོས་ཆེ་ལ་བློ་རྐུན་ཞིང༌། །བློ་གྲོས་དམན་ལ་བརྙས་པར་ཟད། །དམན་པར་འདོད་ན་གསུང་འབུར་སྨྲོས། །མྱ་ངན་འདས་དང་སྲིད་པ་ཀུན། །རང་སྟོང་ཙམ་དུ་གོ་ནས་ནི། །ཟུང་འཇུག་བདེ་ཆེན་དབུ་མ་ལ། །རྩོད་ཅིང་གཞོམ་འདོད་ལུང་རིགས་ཏེ། །གཡོག་འབངས་ཁེངས་པའི་ང་རྒྱལ་གྱིས། །རྗེ་བོ་སྨད་པར་འདོད་པའམ། །བུ་ངན་ཕ་ལ་རྒོལ་དང་མཚུངས། །ཁྲིམས་ལུགས་མ་ཞིག་བཟང་པོ་བསྟེན། །ཡོད་མིན་དོན་དེ་གང་གིས་འཇོག །སྒྲུབ་བྱེད་ཚིག་དེ་མཐའ་རྒྱུད་ཆད། །མཐའ་ཡི་དབུ་གཅིག་བསྒྲུབ་བམ་ཅི། །བརྒལ་ན་ཁྱེད་ཀྱི་གྲུབ་མཐའ་འཇིག །དཔྱད་ན་ཁྱེད་ལ་གྲུབ་མཐའ་མེད། །མེད་པར་འདོད་ན་གྲུབ་མཐའ་ཀུན། །ཞེན་པས་མ་འཛིན་ལྕེ་འཕྲུལ་ཅན། །གཞན་གྱི་ལོག་རྟོག་བཟློག་ཕྱིར་ན། །རང་ཡང་ལོག་པའི་ལམ་ལ་འཇུག །གཞན་ལ་བརྩེ་བའི་ཕྱིར་ཡིན་ན། །འོ་ན་དེ་ཙམ་ཞེ་སྡང་ཅི། །ཤེས་བྱ་འདི་ལ་རྒྱལ་བ་མཁས། །རྒྱལ་བས་བརྫུན་མིན་བདེན་པ་གསུངས། །བདེན་པའི་ཆོས་འཁོར་གསུམ་དུ་གསུངས། །ཆོས་འཁོར་དང་པོ་བདེན་བཞི་གསུངས། །དེས་ན་འགོག་པའི་བདེན་པ་བདེན། །རྒྱུ་འབྲས་བདེན་པ་རྟོགས་ཕྱིར་ཡིན། །བར་པ་མཚན་ཉིད་མེད་པ་གསུངས། །དེས་ན་མཐའ་བཞི་སྤྲོས་བྲལ་བདེན། །ཀུན་རྫོབ་རང་སྟོང་རྟོགས་ཕྱིར་ཡིན། །ཐ་མ་དོན་དམ་ངེས་པ་གསུངས། །དེས་ན་ཟབ་མོ་སྣང་བའང་བདེན། །འགྱུར་མེད་ཡོངས་གྲུབ་རྟོགས་ཕྱིར་ཡིན། །ཆོས་ཀུན་བདེན་པའང་བཞི་རུ་ཕྱེ། །ཡོད་པའི་དབྱེ་གྲངས་ཡྀན་པའི་ཕྱིར། །འགོག་པའི་བདེན་པའང་ཡོད་པར་འགྱུར། །ཤེས་བྱ་བདེན་པ་གཉིས་སུ་བསྡུ། །ཤེས་བྱའི་བསྡུས་གྲངས་ཡིན་པའི་ཕྱིར། །དོན་དམ་བདེན་པའང་ཤེས་བྱར་འགྱུར། །ཤེས་བྱ་ཡིན་ན་ཡོད་དམ་མེད། །ཡོད་ན་དོན་དམ་མཐའ་མེད་གྲུབ། །འཁོར་གསུམ་དག་ཅིག་དངོས་སུ་འཕེན། །མེད་པ་ཁྱེད་ཀྱིས་བསྒྲུབ་མི་ནུས། །གལ་ཏེ་བསྒྲུབ་ན་ལོག་བསྒྲུབ་འགྱུར། །ཡོངས་སུ་གྲགས་པའང་འཇིག་བྱེད་དང༌། །འོན་ཀྱང་འཁོར་གསུམ་འདི་ཡང་འཁོར། །ཡོད་པ་མིན་ཞེས་བརྗོད་པ་ཡིས། །དོན་དེ་མེད་པར་མི་སྟོན་ན། །དབུལ་བའི་ཕུང་པོ་གསེར་རྣམ་དག །ཡོད་མེད་དྲིས་པས་ཡོད་མེད་ཅེས། །སྨྲ་ན་གསེར་མེད་མི་ཤེས་སམ། །མེད་པ་མིན་ཞེས་བརྗོད་པ་ཡིས། །ཆོས་དེ་ཡོད་པར་མི་སྟོན་ན། །ཕྱུག་པོ་དག་ལ་ལོངས་སྤྱཽད་དག །ཡོད་མེད་དྲིས་པས་མེད་མིན་ཞེས། །སྨྲ་ན་ནོར་ཡོད་མི་ཤེས་སམ། །རྟག་མིན་མི་རྟག་མི་སྟོན་ན། །སྒྲ་རྟག་མི་རྟག་ཤེས་འདོད་དམ། །རྟག་པར་འདོད་པ་དག་ལ་ཡང༌། །བྱས་སོགས་རྒྱུ་མཚན་སྒྲ་རྟག་མིན། །བུམ་སོགས་དཔེ་དང་བཅས་པའི་ཚིག །མི་རྟག་སྟོན་པ་མ་ཡིན་ནམ། །མི་རྟག་སྟོན་པར་མི་འགྲུབ་བམ། །རྟག་དང་མི་རྟག་མི་འགལ་ལམ། །དགག་བྱ་བསྒྲུབ་བྱ་གཅིག་ཉིད་དམ། །ཐ་སྙད་མང་པོ་འཇིག་ལགས་པས། །དེ་འདྲ་མ་གསུང་མཁས་པ་ཀུན། །ཐལ་སྦྱར་ཁྱེད་ལ་ཞུ་བར་བགྱི། །དོན་དམ་ཐ་སྙད་མི་མཚུངས་ན། །དོན་དམ་ཡོད་པ་འགོག་པ་ལ། །ཁྱོད་ཀྱི་ཐ་སྙད་རིགས་པའང་ཅི། །འདུས་བྱས་དངོས་པོ་འཇིག་པའི་དཔེ། །འཇིག་མེད་དངོས་ལ་སྐྱོན་མཚུངས་ཅི། །ཀུན་རྫོབ་རང་གིས་སྟོང་པའི་དཔེ། །དོན་དམ་དག་ཀྱང་སྟོང་པ་ཅི། །གཟུ་བོར་མནོས་ཀྱི་ཤེས་ལྡན་ཀུན། །ཁྱོད་ཀྱི་ཟབ་མོ་ཤེར་ཕྱིན་ཏེ། །དུས་གསུམ་ཀུན་ཏུ་ཡོད་མིན་ན། །ཐོག་མ་མཐར་དགེ་མིན་པར་འགྱུར། །དུས་གསུམ་རྒྱལ་བའི་ཡུམ་མིན་འགྱུར། །རྒྱལ་བ་སྲས་བཅས་སུ་ཡིས་བསྐྱེད། །བསྐྲུན་པར་གསུངས་པ་སུ་ཞིག་ཡིན། །རང་བཞིན་ཡོད་པ་མིན་བཞིན་དུ། །གཞན་དག་བསྐྱེད་ན་ངོ་མཚར་ཆེ། །འོ་ན་ཀུན་གྱིས་ཀུན་བསྐྱེད་འགྱུར། །རི་བོང་རྭས་ཀྱང་བསྐྱེད་པར་འགྱུར། །རྒྱུ་འབྲས་གོ་རིམ་འཆོལ་བར་འགྱུར། །ཆོས་དེ་དགེ་བ་ཡིན་ནམ་མིན། །དགེ་བ་ཡིན་ན་ཡོད་དམ་མེད། །ཡོད་ན་ཡོད་ལ་ཅི་ཞིག་སྡང༌། །འཁོར་གསུམ་དག་ཅིག་འདིར་ཡང་འཁོར། །མེད་ན་མེད་ལས་ཀུན་མེད་པས། །ལམ་བདེན་དགེ་བའང་མེད་འགྱུར་ལ། །མེད་མཐའི་ཕྱིར་ནའང་འཁོར་གསུམ་འཁོར། །ཆོས་དེ་དགེ་བ་མིན་ན་ནི། །དེ་ཉིད་ལུང་མ་བསྟན་པའམ། །མི་དགེ་བ་ནི་ཡིན་པར་འགྱུར། །ཆོས་དེ་དགེ་བ་མིན་པའི་ཕྱིར། །དམ་པའི་བླང་བྱ་མིན་པར་འགྱུར། །འཕགས་པའི་མངོན་སུམ་མིན་པར་འགྱུར། །རྒྱལ་བའི་ཡེ་ཤེས་མིན་པར་འགྱུར། །འོན་ཀྱང་རང་སྡིག་མི་སྨྲ་མོད། །མུ་སྟེགས་ཡིན་ན་ཅི་ཆ་ཡོད། །གལ་ཏེ་དེ་སྨྲ་རྣ་བ་འགེབས། །གནོད་པ་མང་པོ་འབབ་ན་ཡང༌། །དེ་འདྲ་དག་ལ་ལན་མི་འདེབས། །གཞན་སྡེ་ཡིན་ན་གཞོམ་པར་བྱ། །ཁྱེད་ཀྱི་དོན་དམ་ཡོངས་གྲུབ་དག །དེ་ཉིད་ཡོད་པ་མིན་པར་འགྱུར། །དགེ་བ་བདེན་པ་ཡིན་པའི་ཕྱིར། །བདེན་ཀྱང་ཡོད་པ་མིན་ན་ནི། །བདེན་དེ་དགེ་བ་མེད་པར་ཐལ། །དེ་ཉིད་ཡོད་པ་མིན་པའི་ཕྱིར། །རྟགས་གསལ་ཁས་བླངས་ཁྱབ་པ་གྲུབ། །ལན་གྱིས་མི་བཟློག་ཐལ་འགྱུར་མེད། །གལ་ཏེ་རྗེས་ཁྱབ་མེད་ན་ནི། །ཡོད་པ་མིན་ཡང་ཡོད་འགྱུར་བས། །བདེན་པའི་ངོས་ལས་ཡོད་པར་འགྱུར། །དེ་ཉིད་ཡོད་པ་མིན་པའི་ཕྱིར། །འཁོར་གསུམ་འདི་དག་དངོས་མིན་ནམ། །བརྒྱ་ལ་དོན་འགལ་ཡོད་འགྱུར་ལ། །མེད་པ་འགའ་ཡང་མི་སྲིད་པས། །ཡོངས་གྲུབ་ལ་ཡང་ཅིས་མི་སྤོང༌། །ལོག་ན་བཟློག་པ་མེད་ན་ནི། །ཡོད་ཀྱང་ཡོད་པར་མི་འགྱུར་བས། །དོན་དམ་ཡོད་པར་མི་འགྱུར་བས། །དོན་དམ་ཡོད་པར་འགོག་པ་ལ། །སྒྲུབ་བྱེད་ཡང་དག་ཡོད་མི་འགྱུར། །དེ་དག་ཡོད་པ་མིན་པའི་ཕྱིར། །འཁོར་གསུམ་འདི་ཡང་འཁོར་མིན་ནམ། །ཡོད་པ་འགའ་ཡང་མི་སྲིད་ཕྱིར། །གཞན་དབང་དག་ཀྱང་མེད་འགྱུར་བས། །ཡོད་པར་འགོག་བྱེད་ཅི་ཞིག་ཡོད། །ཐལ་འགྱུར་སྔ་མའང་བཟློག་མེད་ན། །ཡོད་པ་མིན་ཀྱང་བདེན་འགྱུར་བས། །གཙང་བདག་དངོས་པོའང་བདེན་པར་ཐལ། །དེ་དག་ཡོད་པ་མིན་པའི་ཕྱིར། །འཁོར་གསུམ་འདི་ཡང་དངོས་མིན་ནམ། །ཡོད་པ་མིན་ཀྱང་བདེན་ན་ནི། །ཡོད་པ་དག་ནི་ཅིས་མི་བདེན། །དེས་ན་བརྫུན་པ་མི་སྲིད་པས། །དོན་དམ་ཡོད་པའང་ཅིས་མི་བདེན། །མེད་མིན་ཡོད་པའང་དོན་མིན་ན། །མེད་ལ་གནོད་པ་སུ་ཞིག་ཡིན། །ཡོད་མེད་ཕན་ཚུན་འགལ་བས་ན། །དེ་ཕྱིར་མེད་ལ་ཡོད་པས་གནོད། །ཡོད་པ་དག་ལའང་མེད་པ་འགལ། །མིན་ན་ཡོད་པ་མིན་ན་ནི། །ཡོད་པའང་མེད་མིན་མ་ཡིན་ནམ། །མིན་ན་ཡོད་པ་ཅི་ཞིག་འཇོག། འཇོག་བྱེད་དགེ་བ་ཡོད་པ་ཡིས། །མེད་པ་དག་ནི་ཁེགས་པ་ཉིད། །དེས་ན་ཡོད་མེད་དངོས་སུ་འགལ། །ཁྱེད་ཀྱི་དོན་དམ་དབུ་མ་དག །ཁྱེད་ཉིད་བདེན་པ་ཡིན་པར་ཐལ། །ཁྱོད་ཉིད་ཟབ་མོ་ཡིན་པའི་ཕྱིར། །འདོད་ན་བདེན་པ་མཐའ་ཅན་ཕྱིར། །བདེན་མེད་དབུ་མ་འཇིག་པར་འགྱུར། །བདེན་མིན་དམ་བཅའ་དངོས་སུ་འགལ། །ཟབ་ཀྱང་བདེན་པ་མིན་ན་ནི། །རྫུན་པ་དག་ཅིག་ཟབ་འགྱུར་ལ། །ཟབ་པ་དེ་དག་ཟབ་མི་འགྱུར། །བདེན་ལས་ཟབ་གཞན་མི་སྲིད་ཕྱིར། །ཟབ་པ་འགའ་ཡང་མི་སྲིད་པས། །མཐའ་བྲལ་དག་ཀྱང་ཟབ་མི་འགྱུར། །བདེན་པ་མིན་ཀྱང་ཟབ་ན་ནི། །བདེན་པ་དག་ནི་ཅིས་མི་ཟབ། །ཟབ་མིན་འགའ་ཡང་མི་སྲིད་པས། །ཡོད་པའི་དབུ་མའང་ཟབ་པར་ཐལ། །བདེན་པ་ཟབ་པ་མིན་ན་ནི། །བདེན་པ་དག་ཀྱང་བདེན་མི་འགྱུར། །ཟབ་པ་བདེན་གཞན་མེད་ཕྱིར་རོ། །ཟབ་པ་མིན་ཀྱང་བདེན་ན་ནི། །ཡོད་དེ་མཐའ་ཡང་བདེན་པར་ཐལ། །དེ་དག་ཟབ་པ་མིན་པའི་ཕྱིར། །འདི་དག་ཀུན་ཀྱང་འཁོར་གསུམ་འགྲིག །ཁྱེད་ཀྱི་མཐའ་བྲལ་དབུ་མ་ནི། །དེ་དག་རྟག་པ་ཡིན་པར་ཐལ། །འཇིག་མེད་ཆོས་ཀྱང་ཡིན་པའི་ཕྱིར། །འཇིག་པ་མེད་ཀྱང་རྟག་མིན་ན། །འཇིག་མེད་དེ་ཡང་འཇིག་པར་ཐལ། །དེ་དག་རྟག་མིན་ཆོས་མིན་ཕྱིར། །རྟག་པ་མིན་ཀྱང་འཇིག་མེད་ན། །འཇིག་པ་འགའ་ཡང་མི་སྲིད་པས། །རྟག་པའི་དངོས་པོའང་གཞིག་ཏུ་མེད། །རྟག་མིན་རྟག་པ་ལོག་མིན་ན། །རྟག་ལོག་མི་རྟག་མ་ཡིན་ནམ། །མི་རྟག་ལོག་ཡང་རྟག་མིན་ན། །ཡོད་པ་ལོག་པ་མེད་མིན་ནམ། །མེད་པའང་ཡོད་མིན་མ་ཡིན་འགྱུར། །མེད་མིན་ཡོད་པ་མིན་ན་ནི། །ལ་ལ་མེད་ཀྱང་མེད་མིན་ཏེ། །དེ་ཉིད་ཡོད་པ་མིན་པར་འགྱུར། །ཡོད་པ་མིན་པའང་མིན་ན་ནི། །རྒྱ་མཚོར་མེད་པ་ཡོད་མེད་དེ། །དེ་དག་མེད་པ་མིན་པར་འགྱུར། །ཡོད་པ་དག་ནི་བསྒྲུབ་ཏུ་མེད། །མེད་པ་དག་ནི་དགག་ཏུ་མེད། །རིགས་པ་འདི་ནི་འགྲོ་བ་ལ། །དགག་སྒྲུབ་ཅུང་ཟད་མིན་པར་འགྱུར། །འདོད་ན་ངེད་ལ་ཅི་ཞིག་འགེགས། །ཁྱོད་རང་འདོད་པ་ཅི་ཞིག་བསྒྲུབ། །དགག་སྒྲུབ་མ་ཤིག་དགག་སྒྲུབ་ཅན། །ཡོད་མེད་བར་ན་ཕུང་གསུམ་མེད། །དེ་ཕྱིར་ཡོད་མིན་མེད་མིན་གྱི། །རྒོལ་འདི་སྤོང་ལ་གང་རུང་སྨྲོས། །མི་སྤོང་འོ་ན་གཉིས་མིན་འདི། །མུ་སྟེགས་ཐེ་ཚོམ་ཞོན་དང་ནི། །གཉིས་བཅས་སྦྱོར་བ་དག་དང་མཚུངས། །དེས་ན་ཅིས་ཀྱང་མཐའ་རིགས་སོ། །ཡོད་མིན་མེད་མིན་སྟོན་པ་ཡིས། །ལུང་རྣམས་མང་དུ་ཡོད་ཅེ་ན། །མེད་ཡོད་ཡོད་ན་བསྟན་ཏུ་གསོལ། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཕྱག་ཡུལ་བདེ་ཆེན་ཆོས་སྐུ་དེ། །ཀུན་རྫོབ་ངོ་བོར་ཡོད་པ་མིན། །དོན་དམ་ངོ་བོར་མེད་པ་མིན། །གཉིས་ཀའི་ངོ་བོར་ཡོད་པ་མིན། །ཡོད་མེད་མཐའ་བཞིའི་སྐྱོན་བྲལ་བ། །ཕྱག་ཡུལ་བདེ་ཆེན་སྐུ་ལ་འདུད། །ཅེས་པ་ལུང་གིས་དགོངས་པར་ཟད། །མེད་པ་མ་ཡིན་ཕྱག་ཡུལ་བཤད། །ཡོད་མིན་ཕྱག་དག་སུ་ལ་འཚལ། །གང་ཞིག་ཡོད་མིན་མེད་མིན་ཞེས། །དོན་དམ་ཡོད་པ་མིན་བཞིན་དུ། །དེ་ཉིད་རྟོགས་ན་ལོག་ཤེས་འགྱུར། །ཡོད་མེད་མིན་ལས་གཞན་དུའང༌། །བརྟག་པར་མི་ནུས་ངེས་ཚིག་བྲལ། །ཞེས་པའང་འདི་ཡི་འགྲེལ་པར་ཟད། །མེད་མིན་སོ་སོ་རང་གིས་བཤད། །ཡོད་མིན་འོད་ཟེར་སྣང་ལྡན་ཅི། །འདི་ལ་དོན་དམ་ཚུལ་གྱིས་ནི། །ཞིང་དང་སྐྱེ་བ་ཁྱད་པར་མེད། །འོན་ཀྱང་དགེ་བའི་ལས་བྱེད་པའི། །སྐྱེ་བ་ཟད་ན་ཞི་ཐོབ་གསུངས། །བརྗོད་དུ་མེད་པའི་དོན་འདི་ལ། །དོན་དམ་བདེན་པའི་དབང་བྱས་ནས། །སྐྱེ་བ་མེད་ཕྱིར་སྐྱེ་བ་དང༌། །ཞི་བའི་ཁྱད་པར་ཅུང་ཟད་མེད། །མེད་ཀྱང་ཀུན་རྫོབ་དབང་བྱས་ནས། །སྲིད་ཟད་དགེ་བའི་ལས་བྱེད་པའི། །སྐྱེ་བ་ཟད་ན་ཞི་བ་ཐོབ། །ཅེས་པ་ལུང་གི་དགོངས་པར་མངོན། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་བས་རྣམ་པར་གྲོལ། །གདོད་ནས་དག་པའི་ཆོས་འདི་ལ། །བསལ་བྱའི་དྲི་མ་ཅི་ཡང་མེད། །སྔར་མེད་ཡོན་ཏན་བཞག་དགོས་མེད། །ཡང་དག་སྤངས་རྟོགས་མཐར་ཕྱིན་ལ། །སྒྲོ་སྐུར་མེད་པར་ཡང་དག་བལྟ། །ཡིད་བཞིན་མཐོང་ན་རྣམ་པར་གྲོལ། །འཇིག་རྟེན་ཁམས་དང་དོན་དམ་དག ། གཅིག་དང་ཐ་དད་མཚན་ཉིད་བྲལ། །གཅིག་དང་ཐ་དད་གང་རྟོགས་པ། །ཚུལ་མིན་ལྟ་བ་ཞུགས་གསུངས་པའང༌། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དོན་དམ་འཇིག་རྟེན་འདས་པ་དག །བཟང་ངན་ཡོད་ཕྱིར་གཅིག་མ་ཡིན། །ཀུན་རྫོབ་སྟོང་ཕྱིར་ཐ་དད་མིན། །གཅིག་དང་ཐ་དད་གང་རྟོགས་པ། །ཚུལ་མིན་ལོག་ལྟར་ཞུགས་པ་ཡིན། །ཞེས་པའང་ལུང་གི་དགོངས་པར་ཟད། །གཞན་ཡང་འདི་འདྲའི་རིགས་ཅན་འགའ། །འདི་དག་རིགས་པས་བཀྲོལ་བར་བྱ། །ཚིག་གི་སྦུ་བའི་ལུང་ནང་དུ། །དོན་གྱི་དངོས་པོ་བཅུག་ནས་ནི། །འཁྲུལ་བའི་ཐེ་གུས་མ་འཆིངས་པ། །བློ་ཡི་པདྨོའི་ཁ་ཕྱེ་ལ། །ལུང་དོན་ཟེ་འབྲུ་གསལ་བར་མཛོད། །གཙང་རྟག་ལྷུན་གྲུབ་དོན་དམ་དང༌། །གསོག་གསོབ་སྒྱུ་མ་ཀུན་རྫོབ་དག །མཉམ་ཉིད་འདོད་པ་འདི་འདྲ་ནི། །གནམ་ས་གཅིག་ཏུ་བསྡེབས་པའམ། །དུག་དང་སྨན་བསྲེ་དག་དང་མཚུངས། །སྒྲོ་སྐུར་མ་བྱེད་གསུང་ངོ་ཀུན། །དཔྱད་ནས་ཅུང་ཟད་མ་གྲུབ་པས། །ཀུན་རྫོབ་དག་ནི་ཡོད་འདོད་ལ། །སོ་སོ་རང་རིག་དོན་དམ་དག །ཡོད་མིན་པ་ཡི་གྲུབ་མཐའ་དག །རྗེ་ཁོལ་གོ་ས་བརྗེས་པའམ། །ལུས་པོ་མགོ་བཤམས་བཟློག་དང་མཚུངས། །བསྟན་པ་མ་དཀྲུགས་བསྟན་འཛིན་ཀུན། །ཡོད་པ་བདེ་གཤེགས་སྙིང་པོ་དེ། །རང་རེ་ཀུན་གྱི་ས་མཁན་དང༌། །བཀྲོངས་པ་མེད་མོད་ཞེ་ལ་སྡང༌། །ཟུངས་ཤིག་སྒོམས་ཤིག་སྤོངས་ཤིག་སོགས། །དང་པོ་སྤྱོད་པའི་དོན་དུ་བསྟན། །མེད་དོ་ཡིན་ནོ་མཐའ་བྲལ་སོགས། །བར་བ་སྒོམ་པའི་དོན་དུ་བསྟན། །ཡོད་དོ་མེད་དོ་རྟག་ཆད་སོགས། །ལྟ་བ་ཤན་འབྱེད་དོན་དུ་གསུངས། །ཡོད་དོ་རྟག་གོ་གཙང་ངོ་སོགས། །ཐ་མ་འབྲས་བུའི་དོན་དུ་བསྟན། །འབྲས་མེད་མ་ཡིན་གཞི་འབྲས་གསུངས། །ལམ་ཀུན་འབྲས་བུ་ཡོད་མིན་ན། །ལམ་བསྒྲུབ་དམ་པ་དུ་མ་ཡང༌། །འབྲས་མེད་རྒྱུ་ལ་འབད་དམ་ཀྱེ། །འབྲས་བུ་ཡོད་ན་མིན་པ་འགལ། །དེ་མིན་འགོག་པ་པོ་མིན་ན། །འགོག་ཡོད་མིན་ན་སྤངས་པ་འགལ། །སྐྱོན་རྣམས་སྤངས་པ་ཡོད་མིན་ནམ། །གཉེན་པོ་ཡོན་ཏན་སྐྱེ་མི་སྲིད། །སྲིད་ན་སྐྱོན་སྤངས་ངལ་བ་འཁྲུལ། །སྤངས་རྟོགས་མཐར་ཕྱིན་ཡོད་མིན་ན། །སངས་རྒྱས་དག་ཀྱང་ཇི་ལྟར་ཡོད། །ཀུན་མཁྱེན་ཡོད་པ་མ་ཡིན་ན། །ཀུན་གྱི་སྐྱབས་དང་དཔང་པོ་སུ། །ཡོད་མིན་དག་གིས་སྐྱོན་གྱི་ནི། །སྐྱབས་མེད་སྐྱབས་ནི་ཚོལ་བ་ཡི། །སྐྱབས་དག་མ་རྙེད་གོང་དུ་ཡང༌། །སྐྱབས་ཡོད་མིན་ཏེ་མེད་པའི་ཕྱིར། །སྐྱབས་ཚོལ་ངལ་བས་ཅི་ཞིག་བྱ། །འབྲས་བུ་ཡིན་ཀྱང་ཡོད་མིན་ན། །གཟུགས་སྐུ་དག་ཀྱང་ཡོད་མིན་ལ། །འབྲས་བུ་ཀུན་ཀྱང་ཡོད་མིན་ན། །སྡིག་འབྲས་སྡུག་བསྔལ་ངེས་པའང་ཅི། །ཡོད་མྀན་འབྲས་བུར་གྲུབ་ན་ནི། །ཡོན་ཏན་བསྒྲུབ་པའི་སྐྱེ་བོ་ཡིས། །འབྲས་བུ་ཡོན་ཏན་མ་གྲུབ་བོ། །ཡོན་ཏན་ཡོད་པ་མེད་པའི་ཕྱིར། །ཡོན་ཏན་བསྒྲུབ་ངལ་ཅི་ཞིག་བྱ། །སླར་ཡང་ཡོན་ཏན་མི་བསྒྲུབས་ན། །ནོར་མེད་སྐྱེ་བོས་ནོར་བསྒྲུབས་པ། །འབད་རྩོལ་མ་བསླབས་གོང་དུ་ཡང༌། །འབྲས་བུ་ནོར་ཡོད་མིན་ལ་ཡོད། །ནོར་སྒྲུབ་རྩོལ་བས་ཅི་ཞིག་བྱ། །སྡིག་སྤྱོད་སྐྱེ་བོ་དག་ལའང༌། །འགོག་བདེན་ཡོད་ཡིན་དེ་ཡོད་ཕྱིར། །དེས་ཀྱང་འགོག་པ་འགྲུབ་འགྱུར་རམ། །འབྲས་ཀུན་རྣམ་དག་གཉིས་སུ་ངེས། །སྐྱེད་འབྲས་སྔར་མེད་གསར་དུ་བྱས། །བྲལ་འབྲས་སྔར་ཡོད་གསར་མ་བྱས། །དེ་ཕྱིར་འབྲས་ཀུན་ཡོད་པར་འགྱུར། །ཡོད་པ་མིན་ན་འབྲས་བུ་མིན། །འབྲས་བུ་ཡིན་ན་མེད་པ་མིན། །འབྲས་བུ་ལ་ལ་ཡོད་མིན་ནམ། །ལ་ལ་ཡོད་པ་མིན་ན་ནི། །རྒྱུ་རྐྱེན་ལ་ལ་ནུས་མེད་ལ། །ལ་ལ་ནུས་དང་བཅས་པར་འགྱུར། །འདི་ཡོད་ཕྱིར་ན་འདི་འབྱུང་ཞེས། །རྒྱུ་འབྲས་ངེས་དང་བརྫུན་པར་འགྱུར། །མི་བརྫུན་རྒྱུ་རྐྱེན་ནུས་མཉམ་ལ། །འབྲས་བུ་སྐྱེས་མཉམ་རྟེན་འབྲེལ་ཆེ། །གཞི་ནི་ཆོས་ཉིད་རྒྱུ་དེ་ལ། །ལམ་བདེན་རྐྱེན་གྱིས་གསལ་བྱ་སྟེ། །འབྲས་བུ་བདེ་འབྱུང་རྟེན་འབྲེལ་ཆེ། །གཞི་ལ་འབྲས་ཡོད་མིན་ན་ནི། །མཁྱེན་པ་གསུམ་ཡང་ཡོད་མིན་མཚུངས། །རྣམ་མཁྱེན་ཡོད་པ་མིན་ན་ནི། །རང་འབྲས་འཕགས་བཞི་སུ་ཡིས་བསྐྱེད། །ཡོད་མེད་རྣམ་པ་སུ་ཡིས་གཞལ། །ལམ་དག་ཤེས་པས་ཅི་ཞིག་བྱ། །གཞི་དག་ཤེས་པའང་སུ་ཡིས་མཐོང༌། །ཆོས་རྣམས་ཀུན་གྱི་རྟེན་ཡིན་ཕྱིར། །འགོག་བདེན་ཆོས་ཉིད་ཡོད་པར་འགྱུར། །ཀུན་གྱི་རྒྱུ་རྐྱེན་མིན་ཞེ་ན། །མདོ་མཆོག་གསེར་འོད་དམ་པར་ཡང༌། །ཆོས་སྐུ་བརྟེན་ནས་ལོངས་སྐུ་འབྱུང༌། །དེ་ལ་སྤྲུལ་པ་འཕྲོ་ཞེས་གསུངས། །ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་གསུངས་རྒྱུད་རྒྱལ་གཞན་ལ་ཡང༌། །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོགས་སེམས་ཅན་མཉེས་གཤིན་པ། །སྣ་ཚོགས་གཟུགས་ཅན་བསྐྱེད་པ་པོ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཀུན་རྫོབ་མ་ཡིན་རྒྱུད་རྒྱལ་དེར། །དོན་དམ་མཚན་བརྗོད་མ་གསུངས་སམ། །རྫོགས་ལྡན་ཆོས་ལ་ཐོ་མ་འཚམས། །ཁྱེད་ཀྱི་ཟབ་མོ་སྟོང་པ་དེ། །ནམ་མཁའ་དག་དང་མཚུངས་མི་མཚུངས། །མཚུངས་ན་མཁའ་སྤྱོད་ཕྱིར་ཏེ་ཡོད། །མི་མཚུངས་སྟོང་པ་མིན་པའི་ཕྱིར། །ཆོས་དེ་དངོས་པོ་ཡིན་པར་འགྱུར། །ནམ་མཁའ་དག་ཀྱང་ཡོད་མིན་ན། །ས་སོགས་འབྱུང་བ་བརྟེན་པ་ཅི། །གཞན་དག་རྟེན་ཕྱིར་མཁའ་ཡོད་འགྱུར། །དེ་མཚུངས་ཆོས་ཀྱང་ཡོད་པར་འགྱུར། །ཡོད་པ་སྐྱོན་མིན་ཡོད་འཛིན་སྐྱོན། །རྟག་པ་སྐྱོན་མིན་རྟག་འཛིན་སྐྱོན། །དངོས་པོ་སྐྱོན་མིན་དངོས་འཛིན་སྐྱོན། །སྣང་བ་སྐྱོན་མིན་ཞེན་པ་སྐྱོན། །སྣང་བ་ཐམས་ཅད་སྐྱོན་ན་ནི། །མེད་པ་ཐམས་ཅད་ཁེགས་མི་སྲིད། །དེས་ན་ཞེན་པ་ཁེགས་པར་རམ། །གསེར་མིན་གསེར་དུ་འཛིན་ན་སྐྱོན། །གསེར་ལེགས་ཤེས་པས་ཅི་ཞིག་སྐྱོན། །ཟས་མིན་དུག་ནི་ཟོས་ན་སྐྱོན། །ཟས་མཆོག་ཟོས་པས་ཅི་ཞིག་སྐྱོན། །གཉེན་མིན་དགྲ་དང་ཕྲད་ན་སྐྱོན། །གཉེན་དང་ཕྲད་ན་ཅི་ཞིག་སྐྱོན། །མི་མིན་ཐོ་ཡོར་མིར་འཛིན་སྐྱོན། །མི་དངོས་མཐོང་ན་ཅི་ཞིག་སྐྱོན། །བདེན་མིན་བརྫུན་པ་མཐོང་ན་སྐྱོན། །བདེན་པ་མཐོང་ན་ཅི་ཞིག་སྐྱོན། །སྐྱབས་མིན་འདྲེ་ལ་སྐྱབས་ན་སྐྱོན། །སྐྱབས་མཆོག་བསྟེན་པས་ཅི་ཞིག་སྐྱོན། །བདག་མིན་བདག་ཏུ་འཛིན་ན་སྐྱོན། །བདག་མཆོག་རྟོགས་པས་ཅི་ཞིག་སྐྱོན། །བདག་རང་ཡོད་པ་མིན་ཞེ་ན། །ཡོད་མོད་འགྲོ་བའི་བདག་པོ་ནི། །རྒྱུད་ཀུན་གྱི་ནི་བདག་པོའི་མཆོག །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །གཅིག་པུ་སྲ་མཁྲེག་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །དེ་བཞིན་ཉིད་བདག་དག་པའི་བདག །མི་གཡོ་རབ་ཏུ་དང་བའི་བདག །ཤེས་དང་ཤེས་བྱའི་བདག་པོ་མཆོག །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཞེས་གསུངས་རྒྱུད་འགྲེལ་གཞན་དུ་ཡང༌། །འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །ལྷན་ཅིག་སྐྱེས་བདག་རང་བཞིན་ང༌། །ང་ཞེས་གསུངས་པའི་ང་བདག་མིན། །བདག་རྣམས་གསུངས་པའང་བདག་མིན་ན། །ཚིག་ཀུན་དགོངས་པ་གང་ཞིག་ཡིན། །བདག་ནི་ཡོད་པ་མ་ཡིན་ན། །འགྲོ་རྣམས་མགོ་བཅད་མི་བཞིན་གསུངས། །གཞན་བདག་མཆོག་ཏུ་གསུངས་པ་ཡི། །མདོ་རྒྱུད་རྣམས་སུ་གཟིགས་ལགས་མོད། །མ་གཟིགས་ན་ནི་གཟིགས་སུ་གསོལ། །གཟིགས་ན་དོན་ལ་དགོངས་སུ་གསོལ། །གསུངས་པ་དྲང་དོན་ཡིན་ཞེ་ན། །འཆུགས་མེད་ཡིན་པའི་སྒྲུབ་བྱེད་ཅིང༌། །རྒྱུད་སྡེར་གསུངས་པ་དྲང་དོན་ལ། །དེ་བས་ངེས་པ་ཡོད་ན་མཚར། །ཡང་ན་དྲང་དོན་ཅི་ཞིག་སྐྱོན། །རྒྱལ་བས་ཇི་སྙེད་གསུངས་པ་ཀུན། །གཞན་གྱི་ཤེས་བྱ་ཉེར་ལྔ་རུ། །འགྲོ་བ་དྲང་ཕྱིར་དོན་མིན་ནམ། །འཇིག་རྟེན་པ་ལ་མ་བསྟན་པར། །ཀུན་འབྱུང་བ་ནི་མི་སེམས་པས། །ཝཱ་ར་ཎཱ་སཱིར་སོང་ནས་སུ། །ངས་ནི་ཆོས་འཁོར་བསྐོར་ཞེས་གསུངས། །བརྗོད་དེ་ཚིག་ཀུན་དྲང་དོན་ཙམ། །བརྗོད་བྱ་དོན་གནས་ངེས་དོན་ཡིན། །ཡང་ན་དྲང་དོན་ངེས་དོན་དག ། ལྟོས་ཏེ་ལྟོས་ཏེ་ངེས་མིན་ནམ། །ཞི་བས་ལམ་ངེས་འགོག་པ་ངེས། །ཐེག་པ་གསུམ་ངེས་འབྱུང་བ་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །གནས་པར་གསུངས་པའང་བྱ་མིན་ནམ། །འདུས་མ་བྱས་ཀྱི་དངོས་པོ་བརྒྱད། །གསུངས་ཤིང་ཡོངས་གྲུབ་དགུ་ཡང་གསུངས། །དངོས་པོར་གསུངས་ཀྱང་དངོས་མིན་ཞིང༌། །འགྲུབ་པར་གསུངས་ཀྱང་འགྲུབ་མིན་ནས། །གསུངས་པ་ཕལ་ཆེར་བརྫུན་པར་འགྱུར། །ལུང་བརྗོད་བྱས་ཀྱང་སྟོང་པར་འགྱུར། །རྒྱལ་བ་བརྫུན་པ་གསུངས་ན་ནི། །བསླུ་མེད་སྐྱབས་གནས་གང་ན་བགྱི། །བདེན་པ་འབའ་ཞིག་གསུངས་པ་ན། །དེ་ཕྱིར་ཀུན་ལ་ཡང་བ་ཉིད། །གལ་ཏེ་བདག་ཅིག་ཡོད་ན་ནི། །ཕྱི་རོལ་གཞན་དག་བདག་འདོད་པ། །ཇི་ལྟར་དགག་པར་བགྱི་ཞེ་ན། །བདེན་ཏེ་འོན་ཀྱང་མི་མཚུངས་མོད། །རྣམ་སེམས་ཕུང་པོ་བདག་དང་ནི། །ཕུང་པོ་བདག་དང་བདག་གི་བར། །འཁྲུལ་ཏེ་བདག་འདོད་འབྱུང་མིན་ནམ། །ཕུང་པོ་བདག་གཞན་བདེན་བརྫུན་བརྟག །གཞན་གྱི་ཤེས་བྱ་ཉེར་ལྔ་རུ། །ཁ་ཚོན་གཅོད་སོགས་འཁྲུལ་བརྙན་བརྟགས། །བདག་གིས་ཤེས་རིག་སྐྱེས་བུ་ལ། །འགལ་བའི་སྐྱོན་ཀུན་ཡོད་མེད་བརྟག །བདག་ཉིད་ཀུན་ཏུ་ཁྱབ་ན་ནི། །བདག་གིས་ཡོད་པ་གཞན་དག་ཏུ། །ཕུང་སོགས་སྡུག་བསྔལ་ཇི་ལྟར་དགོས། །བདག་ཉིད་རྟག་པ་གཅིག་པུ་ལ། །བདེ་སྡུག་ལ་སོགས་རྐྱེན་རྣམས་ཀྱིས། །རྣམ་པ་མ་རྙེད་ཇི་ལྟར་འཐད། །བདག་ཉིད་ཤེས་རིག་སྐྱེས་ལ་འང༌། །གཉིད་རྨོངས་འཁྲུལ་བ་ལ་སོགས་ཀྱིས། །བསླུས་ཤིང་འགྱོད་སོགས་ཇི་ལྟར་འཐད། །སྐྱོན་དག་གཞན་ཡང་མང་ཡོད་ཀྱང༌། །དེ་མིན་བདག་མཆོག་གཞན་ལ་ནི། །གནོད་པའི་སྐྱོན་དག་ཅི་ཞིག་བྱ། །བདག་མིན་སྒྲུབ་བྱེད་ཅི་ཞིག་མཐོང༌། །དངོས་པོར་འགྱུར་སོགས་ཅི་ཞིག་མཐོང༌། །སྐྱེ་བ་མཐོང་ངམ་འཇིག་པ་མཐོང༌། །འཕེལ་བ་མཐོང་ངམ་འགྲིབ་པ་མཐོང༌། །བྱུང་བ་མཐོང་ངམ་སོང་བ་མཐོང༌། །དར་བ་མཐོང་ངམ་རྒུད་པ་མཐོང༌། །དངོས་སུ་སངས་རྒྱས་གྲུབ་མཐའ་ལ། །འགོག་བྱེད་གནོད་བྱེད་ཅི་ཞིག་ནུས། །ནུས་ན་སངས་རྒྱས་མཁས་མི་འགྱུར། །རྗེས་འཇུག་རྣམས་ཀྱང་འཁྲུལ་བར་འགྱུར། །དེ་ཕྱིར་ཞེན་པ་དེ་མི་ཁེགས། །གཟུགས་རྣམས་སྟོང་པ་སྟོང་པའི་གཟུགས། །གཟུགས་ལས་སྟོང་པ་གཞན་མ་ཡིན། །སྟོང་པ་ཉིད་ལས་གཞན་མ་ཡིན། །གཟུགས་སོགས་རྣམས་ལས་ཡོད་པ་མིན། །སྟོང་པ་དེ་དང་དབྱེར་མེད་ཕྱིར། །དེས་ན་སྟོང་པ་དོན་མིན་ན། །དོན་དམ་བདེན་པ་སྟོང་པ་མིན། །སྟོང་ཙམ་དོན་དམ་ཡིན་ན་ནི། །ཀུན་རྫོབ་ཀུན་ཀྱང་དོན་དམ་འགྱུར། །སྟོང་ཙམ་ཀུན་ལ་ཡོད་པའི་ཕྱིར། །བདེན་ཀྱང་སྟོང་པ་ཡིན་ན་ནི། །སྟོང་ཕྱིར་ངོ་བོ་ཡོད་མིན་འགྱུར། །ངོ་བོ་མེད་ན་དོན་དམ་འགལ། །དེ་ཕྱིར་ཡོད་ནའང་བདེན་པ་ཉིད། །བདེན་པ་དག་ཀྱང་ཡོད་པ་ཉིད། །ཡོད་པ་མིན་ན་བདེན་པ་ཉིད། །ཡོད་ལས་བདེན་པ་གཞན་མེད་ཕྱིར། །བདེན་པ་མིན་ན་ཡོད་པ་མིན། །བདེན་ལས་ཡོད་པ་གཞན་མེད་ཕྱིར། །རྟེན་གྱི་ཆོས་ཉིད་ཟབ་མོ་དག །རྒྱུ་ལ་ཡོད་མིན་འགྲོ་བ་ཀུན། །སྡུག་བསྔལ་སོགས་ཀྱིས་གདུང་བྱའི་ཕྱིར། །མཁྱེན་བརྩེ་ནུས་ལྡན་མིན་ཞེ་ན། །མཁྱེན་བརྩེ་ནུས་ལྡན་གཟུགས་སྐུ་ཡང༌། །འགྲོ་ལ་ཐུགས་རྗེས་གཟིགས་བཞིན་དུ། །འགྲོ་ཀུན་སྐྱབས་མེད་གདུང་བ་ཅི། །ཟས་སོགས་ས་སྟེང་གནས་བཞིན་དུ། །ཡི་དྭགས་ཟས་མེད་བཀྲེས་སམ་ཅི། །གྲང་བ་སེལ་ནུས་ཉི་མ་དག །མཐོང་བའི་ནམ་མཁར་ཡོད་བཞིན་དུ། །སྐྱེས་བུ་ཡོངས་སུ་འཁྱག་པ་ཅི། །ནད་དག་སེལ་ནུས་སྨན་ཀུན་དང༌། །སྨན་པ་མཁས་པ་སྔས་མགོ་ན། །ཡོད་བཞིན་ནད་པ་ཤི་བ་ཅི། །དབུལ་བོའི་ཕུག་གི་ས་འོག་ན། །གཏེར་དག་ཡོད་བཞིན་དབུལ་བ་ཅི། །ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་མི་འབྱུང་བཞིན། །ཞེས་གསུངས་རྒྱུད་རྒྱལ་དག་ཏུའང༌། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་པ་ལ་སོགས་འབྱུང་མིན་ནམ། །མ་གསུངས་མ་གསུངས་སྐྱེས་བུ་ཀུན། །ལེགས་པར་རྟོགས་ཏེ་དགོངས་པར་ཞུ། །སྨྲ་ཞིང་ཉམས་སུ་ལེན་པར་མཛོད། །ལོངས་ཏེ་ཡོངས་སུ་བཀྲལ་བར་མཛོད། །

ལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ཞེས་བྱ་བ། །གངས་ཅན་ཁྲོད་འདིར་ཐམས་ཅད་མཁྱེན་པར་གྲགས་པ་ཡི། །ཤེས་རབ་རྒྱལ་མཚན་བདག་གིས་ལེགས་པར་བཀོད་པ་ཡིན། །དགེ་བས་འགྲོ་ཀུན་སངས་རྒྱས་མྱུར་དུ་ཐོབ་པར་ཤོག། །།

༈ ཤེས་དང་ཤེས་བྱ་མ་ལུས་ཐམས་ཅད་ཀུན། །རབ་རིབ་དྲི་མས་མ་བསྒྲིབས་ཐམས་ཅད་མཁྱེན། །རྒྱལ་བ་སྟོན་པའི་མཚན་བཞིན་གསོལ་ནས་ནི། །མཚན་མཆོག་འགྲོ་བ་ཀུན་གྱིས་ཐོས་ཙམ་གྲོལ། །དཔལ་ལྡན་བླ་མ་ཀུན་མཁྱེན་ཁྱེད་ཀྱིས་ནི། །བཟང་ཟབ་གཞན་སྟོང་ཟབ་མོ་བསྐྱངས་ནས་ནི། །བོད་ཡུལ་ལ་སོགས་ས་སྟེང་ལྟ་ངན་ཀུན། །མྱུར་དུ་བསལ་མཛད་ཁྱེད་ལ་སྤྱི་བོས་འདུད། །རིགས་ལྡན་སྤྱན་རས་གཟིགས་ཀྱི་སྤྲུལ་སྐུ་ཁྱེད། །བོད་ཡུལ་དབང་རྟུལ་སེམས་ཅན་རྣམས་ལ་ནི། །ལྷག་པར་ཐུགས་བརྩེས་དུག་གསུམ་སེལ་མཛད་པའི། །ཉོན་མོངས་ནད་སེལ་ཀུན་མཁྱེན་ཁྱེད་ལ་འདུད། །རྒྱལ་བས་གསུངས་པའི་ཆོས་འཁོར་རིམ་པ་གསུམ། །སྟོན་པའི་ཇི་ལྟར་དགོངས་བཞིན་འགྲོ་ལ་གསུངས། །འགྲོ་རྣམས་མྱུར་དུ་ཐར་པའི་ལམ་དུ་བཀོད། །ཐར་པའི་ལམ་སྟོན་ཀུན་མཁྱེན་ཁྱེད་ལ་འདུད། །འགའ་ཞིག་སེམས་ལ་དྲག་པོའི་བདུད་ཞུགས་ནས། །ངེས་དོན་ཟབ་མོ་རྣམས་ནི་ཆོས་མིན་སྨྲ། །སྐྱབས་གྲོལ་ཁྱེད་ལ་མ་དད་ལོག་ལྟ་བསྐྱེད། །རྒྱལ་སྲས་འཕགས་པའི་ཚོགས་ལ་སྐུར་བ་བཏབ། །སྒོ་གསུམ་བདུད་ཀྱི་དབང་དུ་ཤོར་བ་རྣམས། །ཀུན་མཁྱེན་ཁྱེད་ཀྱིས་མྱུར་དུ་སྒྲོལ་བར་ཤོག། །།སརྦ་མངྒ་ལཾ།


previousལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། ། next