Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།

31 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]


 
 
 
  
  
 
  
 
  
  
  
ཆོས་དབྱིངས་དུ་མ་རོ་གཅིག་ཅེས་བྱ་བ་བདེ་གཤེགས་སྙིང་པོ་ཡོན་ཏན་ཅན་གྱི་མེ་ལོང་བཞུགས།
  
  
 
  
  
  
 
  
  
 
  
 


31 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]

 
previousཆོས་དབྱིངས་དུ་མ་རོ་གཅིག་ཅེས་བྱ་བ་བདེ་གཤེགས་སྙིང་པོ་ཡོན་ཏན་ཅན་གྱི་མེ་ལོང་བཞུགས། next

ཆོས་དབྱིངས་དུ་མ་རོ་གཅིག་ཅེས་བྱ་བ་བདེ་གཤེགས་སྙིང་པོ་ཡོན་ཏན་ཅན་གྱི་མེ་ལོང་བཞུགས།

ན་མཿཤྲཱི་བཛྲ་གུ་རུ་ཝེ། ན་མོ་རཏྣ་ཏྲ་ཡཱ་ཡ། དགེ་བའི་བཤེས་གཉེན་པའི་གསུང་ཡིག་ལ། མཁས་པ་འགའི་གསུང་གིས། བདེ་གཤེགས་སྙིང་པོ་ལ་སྟོབས་སོགས་ཀྱི་ཡོན་ཏན་ཚང་བར་གསུངས་པ་དེ་དག་དགོངས་པ་ཅན་ཡིན་གྱི། དོན་ལ་མ་ཚང་སྟེ་གློ་བུར་དྲི་མས་ཟིལ་གྱིས་མནན་པའི་ཕྱིར། ཞེས་གསུངས་པས། འདི་ལའང་ལན་གསུང་དུ་གསོལ་ཞེས་པ་ལ།

ལན་ནི། སྟོབས་སོགས་ཡོན་ཏན་རྣམས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་ལུགས་དང༌། དོན་དམ་བདེན་པར་གཏོགས་པའི་ཡོན་ཏན་ཐམས་ཅད་འདུས་མ་བྱས་ཡིན་ལུགས་ལ་སོགས་པ་སྔར་ཡང་གསལ་བར་བཀོད་ཅིང༌། འདུས་མ་བྱས་ལ་སྐྱེ་འགགས་འཕོ་འགྱུར་མེད་པས། ཡོན་ཏན་དེ་རྣམས་བྲལ་གཞི་རང་བཞིན་གྱི་རིགས་ལ་དབྱེར་མེད་དུ་མེད་ན། བྲལ་འབྲས་དོན་དམ་ཆོས་སྐུ་ལ་ཡང་དབྱེར་མེད་དུ་མེད་པར་འགྱུར་ཏེ། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང༌། ཡུམ་རྒྱས་པར། གཟུགས་འདུས་མ་བྱས་པ་སྟེ། ཞེས་པ་ནས། མ་འདྲེས་པའི་བཅོ་བརྒྱད་ཀྱི་མཐར་ཐུག་པ་རེ་རེ་ནས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་བཀའ་སྩལ་པའི་ཡང་ ཕྱིར་སྟོབས་སོགས་འདུས་མ་བྱས་ཀྱི་ཡོན་ཏན་ཐམས་ཅད་བདེ་གཤེགས་སྙིང་པོ་ལ་མེད་ན་གཞན་གང་ལ་ཡོད། དང་པོ་ནས་མེད་ན་ཕྱིས་སྐྱེ་བར་ཡང་འགལ་ཏེ། འདུས་མ་བྱས་ཡིན་པའི་ཕྱིར་རོ། །གཞན་ཡང༌། གློ་བུར་དྲི་མས་ཟིལ་གྱིས་མནན་པའི་ཕྱིར། ཞེས་པའི་རྟགས་མ་གྲུབ་སྟེ། དེ་བཞིན་ཉིད་དམ་དེ་དང་ཁྱབ་མཉམ་དབྱེར་མེད་རོ་གཅིག་པའི་ཡོན་ཏན་རྣམས་ནི་གང་གིས་ཀྱང་ཟིལ་གྱིས་མནན་པར་མི་ནུས་པའི་ཕྱིར་ཏེ། དེ་ནི། ཐུབ་པ་མེད་པ་དཔེ་མེད་པ། །ཞེས་དང༌། ཚུགས་པ་མེད་ཅིང་ཆེ་པར་གྲགས། །ཞེས་སོགས་དང༌། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། ཞེས་དང༌། མི་ཤིགས་པའམ། གཞོམ་དུ་མེད་པ་ལ་སོགས་པ་དང༌། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མེད། །ཅེས་སོགས་ལུང་རྣམ་དག་ཤིན་ཏུ་མང་པོས་གནོད་པའི་ཕྱིར་རོ། །

གཞན་ཡང༌། ཟིལ་གྱིས་མནན་པ་ལ་མེད་པས་ཁྱབ་པ་ཡང་མེད་དེ། ཉི་འོད་ཤར་བ་ན་སྐར་མ་ཟིལ་གྱིས་མནན་ཡང་མེད་པར་མ་སོང་བ་བཞིན་དང༌། རྒྱལ་བའི་རང་བཞིན་གྱི་འོད་ཀྱིས་ལྷའི་རྣམ་སྨིན་གྱི་འོད་ཟིལ་གྱིས་མནན་ཡང་མེད་པ་མ་ཡིན་པ་བཞིན་ནོ། །གཞན་ཡང༌། ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ་ཡིས་ཟིལ་གྱིས་གནོན། །རང་སངས་རྒྱས་ཀྱི་ས་པ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན། །ཞེས་སོགས་དེ་ཙམ་གྱིས་དེར་མི་འགྲུབ་པའི་ལུང་རིགས་རྣམ་དག་དཔག་ཏུ་མེད་པས་གནོན་པའི་ཕྱིར། ཁྱབ་པ་དེ་འདྲ་ནི་མཁས་པ་རྣམས་ཀྱི་བཞད་གད་ཀྱི་གནས་སུ་རིག་པར་བྱའོ། །གཞན་ཡང༌། ཟིལ་གྱིས་གནན་བྱ་དང་གནོན་བྱེད་གཉིས་མེད་ན་ཟིལ་གྱིས་མནན་པ་མི་འགྲུབ་པའི་ཕྱིར། འདི་ནི་ཁྱབ་པ་འགལ་ཏེ། མ་གྲུབ་པ་ཡང་ཡིན་ནོ། །རྟགས་ཁྱབ་གང་རུང་གཅིག་མ་ཚང་ནའང་རྒྱུ་མཚན་ཡང་དག་ཏུ་མི་རུང་ན། གཉིས་ཀ་མ་ཚང་ན་ལྟ་སྨོས་ཀྱང་ཅི་འཚལ། དེ་ལྟ་བས་ན་རྒྱུ་མཚན་ལྟར་སྣང་ལ་ཡིད་ཆེས་བྱས་ནས་རང་གཞན་ཆོས་སྤོང་གི་ལས་ལ་སྦྱོར་བར་མ་གྱུར་ཅིག །འདུས་མ་བྱས་ཀྱི་ཤེར་ཕྱིན་ལ་སོགས་པ་དོན་དམ་ཆོས་ཉིད་ཀྱི་ཡོན་ཏན་དཔག་ཡས་གསུངས་པ་རྣམས་དང༌། ཡོངས་གྲུབ་དགུའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། གདོད་ནས་རང་བཞིན་གྱིས་དག་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སོགས་པ་དང༌། ཁམས་གསུམ་དང་དུས་གསུམ་ལས་འདས་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཡོན་ཏན་མཐའ་ཡས་གསུངས་པ་རྣམས་ཀྱང་མཐོང་ཞིང་རྟོགས་པར་གྱུར་ཅིག། གཞན་ཡང༌། དེ་སྐད་ཟེར་བ་དེ་ལ་འདི་སྐད་དྲི་བར་བྱའོ། །བདེ་གཤེགས་སྙིང་པོ་ལ་སྟོབས་སོགས་ཀྱི་ཡོན་ཏན་མ་ཚང་བ་ལ་ཤེས་བྱེད་དང༌། ཚང་བ་ལ་གནོད་བྱེད་ཀྱི་ལུང་གང་གང་བདོག་ཅེས་བསྟན་པ་དང་འགྲོ་བའི་དོན་ལ་བསམས་ནས་བློ་གཟུ་བོར་གནས་པས་དྲིས་ནའང་གཏན་ལ་ཕབ་པར་འགྱུར་ཏེ། དེ་དག་གི་བཟློག་ཕྱོགས་ལ་ནི་ཤེས་བྱེད་དང་གནོད་བྱེད་ཀྱི་ལུང་རིགས་རྣམ་དག་ཤིན་ཏུ་མང་བའི་ཕྱིར་རོ། །དེ་ཡང༌། ལུང་རིགས་ཤེས་པའི་རྣལ་འབྱོར་པས། །སེམས་འགྲེལ་སྐོར་བཅུ་ཆ་ལག་བཅས། །ངེས་དོན་མདོ་བཅུ་ལ་སོགས་དང༌། །སྙིང་པོའི་མདོ་བཅུ་ལ་སོགས་པ། །འཁོར་ལོ་གསུམ་དང་རྒྱུད་སྡེ་བཞི། །ཐོས་བསམ་སྒོམ་པ་རྣམ་དག་ལ། །རྟོན་པ་རྣམ་བཞིས་ལེགས་བརྒྱན་ཅིང༌། །དཔའ་གསལ་གྲགས་གསུམ་སྤངས་པ་ཡིས། །ལེགས་པར་གཟིགས་ན་རབ་གསལ་འགྱུར། །འདི་ལྟར། བདེ་གཤེགས་སྙིང་པོ་དང༌། ཡོངས་གྲུབ་དགུ་དང༌། རང་བཞིན་གྱི་རིགས་དང༌། དོན་དམ་ཆོས་སྐུ་དང༌། རང་བཞིན་ལྷན་སྐྱེས་དང༌། ལྷན་ཅིག་སྐྱེས་སྐུ་དང༌། ངོ་བོ་ཉིད་སྐུ་ལ་སོགས་པ་མིང་དཔག་ཏུ་མེད་པའི་དོན་གཅིག་ཚུལ་དང༌། དེ་ལ་སྟོབས་བཅུ་ལ་སོགས་པ་ཆོས་ཉིད་འདུས་མ་བྱས་ཀྱི་ཡོན་ཏན་ཐམས་ཅད་དབྱེར་མེད་དུ་ཚང་བའི་ལུང་རིགས་མང་པོ་སྔར་ཡང་བཀོད་ཅིང༌། གཞན་ཡང༌། ཡུམ་ཆེན་མོར། དེ་བཞིན་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དེ་བཞིན་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་དུ་སྦྱར་ཏེ། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་མི་འགྱུར་བ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །ཞེས་དང༌། ཡུམ་བར་མར་ཡང༌། དེ་དང་མཐུན་པར་མང་དུ་གསུངས་ ཤིང༌། རྒྱུད་བླ་མར། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གིས་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་སོགས་དང༌། དཔལ་ཕྲེང་དུ་ཡང༌། དེ་དང་མཐུན་པར་གསུངས་ཤིང༌། སོར་ཕྲེང་དུ་ཡང༌། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་ཡོད་དོ། །ཞེས་སོགས་དཔག་ཡས་དང༌། དཀོན་མཆོག་སྤྲིན་ལས་ཀྱང༌། དེ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པའོ། །ཞེས། དེ་བཞིན་ཉིད་ལ་སོགས་པ་དང་རྣམ་མཁྱེན་གྱི་ཡེ་ཤེས་རང་བཞིན་པ་རྣམ་གྲངས་སུ་གསུངས་ཤིང༌། རབ་ཞི་རྣམ་ངེས་སུ་ཡང༌། ཆོས་ཀྱི་དབྱིངས་ནི་སངས་རྒྱས་ཏེ། སངས་རྒྱས་ནི་ཡང་དག་པའི་མཐའོ། །ཞེས་སོགས་དང༌། ཤེར་ཕྱིན་བདུན་བརྒྱ་པར་ཡང༌། འདི་ལྟར་ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་ཡིན་པའི་ཕྱིར་རོ། །ཞེས་དང༌། ཆོས་ཀྱི་དབྱིངས་དེ་ཉིད་བྱང་ཆུབ་བོ། །ཞེས་དེ་རྣམས་དོན་གཅིག་པར་གསུངས་ལ། རྒྱན་སྟུག་པོར་ཡང༌། དེ་བཞིན་གཤེགས་པ་ནི་རྟག་པ་བརྟན་པ་ཐེར་ཟུག་མི་འཇིགས་པ་སྟེ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་རྣལ་འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོའོ། །ཞེས་བསྒྲགས་པ་མྱ་ངན་ལས་འདས་པའི་དབྱིངས་དང༌། ནམ་མཁའ་ལྟ་བུར་མི་འཇིག་པ་སྟེ། མྱ་ངན་ལས་འདས་པའི་སྒྲ་ཆོས་ཀྱི་དབྱིངས་ཀྱི་ཚིག་གིས་འདས་པ་དང༌། བྱུང་བ་དང་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་འདི་ནི་དེ་བཞིན་གཤེགས་པའོ། །ཞེས་སོགས་དང༌། མཁས་པས་སོ་སོར་རང་རིག་པ། །ཡང་དག་ཉིད་དང་ཡང་དག་མཐའ། །ཚིག་གི་སྤྱོད་ཡུལ་འདས་པ་ནི། །སངས་རྒྱས་དངོས་པོ་མི་སྣང་སྟེ། །སངས་རྒྱས་སྒྲས་ནི་མྱ་ངན་འདས། །མྱ་ངན་འདས་ཀྱང་སངས་རྒྱས་ཏེ། །རྣམ་རྟོག་རྟོག་དང་བྲལ་བས་ན། །དེ་ནི་བསྟན་དུ་མི་ནུས་པའོ། །རྒྱུ་དང་འབྲས་བུ་མེད་པ་སྟེ། །ཡོད་དང་མེད་པ་རྣམ་པར་སྤངས། །རྡོ་བ་ཕྱེ་མར་བཏགས་པ་ལ། །གསེར་ནི་ཡོད་པར་མི་སྣང་སྟེ། །སྦྱང་བའི་ལས་ཀྱི་ཁྱད་པར་གྱིས། །གསེར་ནི་སྣང་བ་འགྱུར་བ་ཡིན། །ཞེས་སོགས་དང༌། ཡུམ་པར་མར་ཡང༌། ཀོའུ་ཤི་ཀ །དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མེད་དོ། །གཉིས་སུ་བྱར་མེད་དོ། །ཞེས་སོགས་དང༌། གཞན་ཡང༌། ལུང་ཁྱད་འཕགས་ ཤིན་ཏུ་མང་པོས། ཤེར་ཕྱིན་མཚན་ཉིད་པ་དང༌། དེ་བཞིན་ཉིད་དང༌། འགྱུར་མེད་ཡོངས་གྲུབ་ལ་སོགས་པ་དོན་གཅིག་ཚུལ་དང༌། དེ་རྣམས་ཀྱི་ཡོན་ཏན་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་རྣམས་ཀྱང་དེ་རྣམས་ཀྱང་དབྱེར་མེད་རོ་མཉམ་འདུས་མ་བྱས་སུ་རྒྱ་ཆེར་གསུངས་པ་རྣམས་ཀྱང་མཐོང་ཞིང་རྟོགས་པར་གྱུར་ཅིག །གཞན་ཡང༌། ཆོས་དབྱིངས་གདོད་ནས་དྲི་བྲལ་དུ་གསུངས་པ་དེ་ཀུན་བཏགས་ཀྱི་དྲི་མ་ཡིན་གྱི། དྲི་མ་གཞན་དང་མ་བྲལ་གསུངས་པས་འདི་ལའང་ལན་བཀའ་སྩལ་དུ་གསོལ། ཞེས་པ་ལ། ཀུན་བཏགས་ཞེས་པ་འདི་ཆོས་ཐམས་ཅད་ཀུན་བཏགས་དང་ཡོངས་གྲུབ་གཉིས་སུ་དབྱེ་བའི་ཡ་གྱལ་དེ་ཡིན་ནམ། རང་བཞིན་གསུམ་ཕྱེ་བའི་ཡ་གྱལ་དེ་ཡིན་ནམ། སྤང་བྱ་ལ་ཀུན་བརྟགས་དང་ལྷན་སྐྱེས་སུ་ཕྱེ་བའི་ཡ་གྱལ་དེ་ཡིན་ནམ། དེ་རྣམས་གང་ཡང་མ་ཡིན་པའི་ཀུན་བཏགས་ཀྱི་དྲི་མ་ཞིག་ཡོད་པ་ཡིན་ནམ། ཞེས་བརྟགས་ནས་རྣམ་པར་ཕྱེ་བའི་ལན་གདབ་པར་བྱའོ། །

དེ་ལ་དང་པོ་ལྟར་ན། དེར་མ་འདུས་པའི་དྲི་མ་འགའ་ཡང་མེད་པའི་ཕྱིར་ རོ། །ཆོས་དབྱིངས་དྲི་བྲལ་དུ་གསུངས་པ་ལ་སྐྱོན་ཅུང་ཟད་ཀྱང་མེད་ཅིང༌། ཁོ་རང་གི་ཚིག་ནང་འགལ་བར་ཡང་འགྱུར་རོ། །

གཉིས་པ་ལྟར་ན། དྲི་མེད་འོད་དུ། དུས་ཐམས་ཅད་དུ་སྒྲིབ་པ་ཐམས་ཅད་དང་བྲལ་བ། ཞེས་དང༌། རྣམ་གསུམ་སྲིད་གནས་ཞེས་པ་ནི། ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་ཕུང་པོ་ལ་སོགས་པ་ཐམས་ཅད་རྣམ་པར་དག་པ་སྟེ། སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར་རོ། །ཞེས་པ་བཅོམ་ལྡན་འདས་ཀྱིས་ངེས་པའོ། །ཞེས་སོགས་དང༌། ཆོས་ཀྱི་དབྱིངས་ལ་བསྟོད་པར། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་དང༌། གཞན་དུ་ཡང༌། རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་སོགས་དང༌། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཞེས་དང༌། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཞེས་དང༌། སྒྲིབ་པ་ཀུན་ལས་ངཻས་པར་གྲོལ་དང༌། །ཞེས་དང༌། ཉོན་མོངས་ཉེ་ཉོན་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་སོགས་དང༌། རང་བཞིན་གྱིས་ནི་ཡོངས་བདག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད་ཅེས་བསྟན། །ཞེས་དང༌། ཀུན་བཏགས་པ་དང༌། གཞན་གྱི་དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །ཞེས་སོགས་ངེས་དོན་གྱི་ལུང་དཔག་ཏུ་མེད་པས་གནོད་དོ། །

གསུམ་པ་ལྟར་ན། མཐོང་སྤང་དང་བྲལ་སྒོམ་སྤང་དང་མ་བྲལ་བའི་རྒྱུ་མཚན་གསུང་བར་ཞུས་ཤིང༌། སྔར་གྱི་ལུང་རྣམ་དག་དེ་རྣམས་ཀྱིས་ཀྱང་གནོད་དོ། །

བཞི་པའོ་ཞེ་ན། དེ་ལ་ནི་ལུང་རིགས་རྣམ་དག་མེད་ཅིང༌། གལ་ཏེ་ཡོད་པར་རློམ་ན། གསལ་བར་སྟོན་ཅིག་དང་དེའི་ཚེ་ལན་གདབ་པར་བྱའོ། །འདིར་ཡོན་ཏན་མེད་པའི་སངས་རྒྱས་དང་བྱང་ཆུབ་དང༌། ཆོས་སྐུ་ལ་སོགས་པ་ཤེས་བྱ་ལ་མི་སྲིད་པ་ཉིད་ཀྱི་ཕྱིར། ཡོན་ཏན་མེད་པའི་བདེ་གཤེགས་སྙིང་པོ་དང༌། དེ་བཞིན་ཉིད་ལ་སོགས་པའང་ཤེས་བྱ་ལ་མི་སྲིད་ཅིང༌། དེ་རྣམས་ཐམས་ཅད་ཀྱང་དབྱེར་མེད་རོ་མཉམ་འདུས་མ་བྱས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་ལ། རྟོག་གེ་དང༌། རྣམ་ཤེས་དང༌། རྟེན་འབྲེལ་དང༌། སྐད་ཅིག་ལས་འདས་ཤིང༌། སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་བདེ་བ་དང༌། སྟོང་པ་དང༌། ཤེས་རབ་དང༌། སྙིང་རྗེ་དང༌། ཐབས་དང༌། ཤེས་རབ་དང༌། འོད་གསལ་བ་དང༌། གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་དང༌། ཡོངས་སུ་དག་པ་ལ་སོགས་པ་རང་བཞིན་གྱིས་གྲུབ་པའི་ཚོགས་གཉིས་དང༌། སྤངས་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པ་གདོད་ནས་ལྷུན་གྲུབ་ཏུ་ཚང་བས་སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་དང་དཔུང་གཉེན་དང༌། ཕྱག་མཆོད་བསྐོར་བ་ལ་སོགས་པ་དད་གུས་ཀྱི་བྱ་བ་རྣམས་ཀྱི་ཡུལ་མཆོག་ཏུ་གྱུར་ཅིང༌། ཆོས་དབྱིངས་འདུས་མ་བྱས་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་དང་ཡོན་ཏན་རྨད་དུ་བྱུང་བ་ཚད་མེད་ལ་གཞལ་དུ་མེད་པ་བགྲང་བ་ལས་འདས་པ། ནམ་མཁའ་ལྟར་ཀུན་ཁྱབ་ཏུ་ནམ་ཡང་གང་ནའང་བཞུགས་པའི་དབྱིངས་རིག་དབྱེར་མེད། འཁོར་འདས་དབྱེར་མེད། བདེན་གཉིས་དབྱེར་མེད། བདེན་བཞི་དབྱེར་མེད། དུ་མ་རོ་གཅིག་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོའི་ཡོན་ཏན་རྣམས་ལ་བརྙས་པ་དང༌། སྐུར་བ་གདབ་པར་མི་བྱ་ཡི་ཤེས་ནས་དད་པ་ཐོབ་པར་བྱས་ཏེ། གཞན་དག་ལ་ཡང་རབ་ཏུ་བསྟན་པར་བྱའོ། །དེ་ལྟར་བྱས་པའི་ཕན་ཡོན་དང༌། དེ་ལས་བཟློག་པ་བྱས་པའི་ཉེས་དམིགས་དཔག་ཏུ་མེད་པ་གསུང་རབ་ཤིན་ཏུ་མང་པོར་རབ་ཏུ་གསལ་བར་བཀའ་སྩལ་པ། དེ་རྣམས་ཀྱི་ནང་ནས་འགའ་ཞིག་ནི་ཁོ་བོས་ཀྱང་གཞུང་གཞན་དག་ཏུ་དྲངས་པས་འདིར་ཡི་གེ་མང་དུ་དོགས་ནས་རྒྱ་ཆེར་མི་འབྲིའོ། །

ཅུང་ཟད་ཙམ་འབྲི་ན། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོར། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ལྷའི་བསྐལ་པ་བྱེ་བར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེར་འཁོར་བཞི་ལ་ཅི་འདོད་པ་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་གྱི་དེ་བཞིན་གཤེགས་པ་ནི་རྟག་པའོ། །དེ་བཞིན་གཤེགས་པ་ནི་གཡུང་དྲུང་ངོ༌། །ཞེས་ཚིག་ཏུ་སྨྲས་ན་ཡང༌། དེ་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །ཞེས་དང༌། གཞན་དུ་ཡང༌། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱད་པ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་ཞིག་དེ་བཞིན་གཤེགས་པ་ནི་རྟག་པའོ། །སྙམ་དུ་མོས་པ་བྱེད་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །ཞེས་སོགས་དང༌། སོར་ཕྲེང་གི་མདོར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྙས་པའི་རྒྱུས་འགྲོ་བ་ལྔའི་གནས་ཐམས་ཅད་ཡན་ལག་མ་ཚང་བར་འགྱུར། འཁོར་བ་སྡུག་བསྔལ་བར་འཁྱམས་པ་ན། སྡུག་བསྔལ་བ་མྱོང་བར་འགྱུར་རོ། །སེམས་ཅན་གང་སངས་རྒྱས་ལ་བསྙེན་བཀུར་བྱས་པ་དང༌། སེམས་ཅན་གང་ཕན་པར་སྟོན་ཅིང༌། བདག་ཉིད་དེ་བཞིན་གཤེགས་པར་སེམས་དཔའ་དེ་དག་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཐོས་པ་རྙེད་པར་འགྱུར་རོ། །བཙུན་པ་གང་པོ་སངས་རྒྱས་མང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས་སྨོད་པའི་སེམས་ཅན་དེ་དག་ནི་བདག་ཉིད་ཀྱི་ས་བོན་བསྲེགས་ཤིང༌། ཀྱེ་མ་དུས་གསུམ་དུ་བསམ་གྱིས་མི་ཁྱབ་པས་མྱ་ངན་དུ་བྱ་བ་ཡིན་ནོ། །ཆོས་སྟོན་པར་འདོད་པས་འདི་ལྟར་བསྟན་ཏེ། དེ་བཞིན་གཤེགས་པ་རྟག་པ་དང་ཡང་དག་པ་ཉིད་དུ་བསྔགས་པར་བྱའོ། །ཞེས་པ་ལ་སོགས་པའོ། །དེའི་ཕྱིར་བདག་དང་གཞན་ལ་ཕན་པར་འདོད་པ་རྣམས་ཀྱིས་བླང་དོར་གྱི་གནས་དེ་དག་ཕྱིན་ཅི་མ་ལོག་པར་མཛད་པ་ཞུ་ཞེས་ཐལ་མོ་སྦྱར་ཏེ། ཞུ་ཞིང་གསོལ་བ་ཞེ་ཐག་པ་ནས་འདེབས་ལགས་པས་ཞུ་བ་གནང་བར་མཛད་དུ་གསོལ།

དེ་ལྟར་དེ་དག་ལ་ཕན་ཡོན་དང་ཉེས་དམིགས་རླབས་པོ་ཆེ་བགྲང་བ་ལས་འདས་པ་ལེགས་པར་བཀའ་སྩལ་པ་ལས་ཀྱང་ཡོན་ཏན་ཅན་གྱི་བདེ་གཤེགས་སྙིང་པོ་གཤིས་ལ་བཞུགས་པ་གྲུབ་སྟེ། དེ་མ་གྲུབ་ན་དེ་ཙམ་གསུངས་པ་མི་རིགས་པའི་ཕྱིར་དང༌། མི་རིགས་པ་གསུངས་ན། སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། དཔང་དུ་གྱུར་པ། ཚད་མ་གྱུར་པ་མ་ཡིན་པར་ཧ་ཅང་ཐལ་བས་གནོད་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་གློ་བུར་དྲི་མས་ཟིལ་གྱིས་མནན་པའི་ཕྱིར། ཞེས་པ་བདེ་གཤེགས་སྙིང་པོའི་ཡོན་ཏན་ཟིལ་གྱིས་མནན་པ་མ་ཡིན་གྱི། སེམས་ཅན་པ་ཟིལ་གྱིས་མནན་པ་ཡིན་ནོ་སྙམ་ན། དེས་ཀྱང་བདེ་གཤེགས་སྙིང་པོའི་ཡོན་ཏན་མེད་པར་མི་འགྲུབ་སྟེ། བདེ་གཤེགས་སྙིང་པོའི་ཡོན་ཏན་དང་སེམས་ཅན་པ་ནི་བདག་གཅིག་སྟེ་བྱུང༌། གང་དུ་ཡང་མ་འབྲེལ་ཞིང༌། ངོ་བོ་གཅིག་དང་ཐ་དད་གང་ཡང་མ་ཡིན་ལ་ཤེས་བྱ་ལ་མི་སྲིད་པ་ཡང་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་སྣང་བས་མུན་པ་ཟིལ་གྱིས་མནན་ཡང་འདུས་མ་བྱས་ནམ་མཁའ་འམ། ཆོས་དབྱིངས་ཟབ་མོ་མེད་པར་མི་འགྱུར་བ་བཞིན་ནོ། །

ཡང་གལ་ཏེ་གློ་བུར་དྲི་མས་བདེ་གཤེགས་སྙིང་པོའི་ཡོན་ཏན་བསྒྲིབས་ནས་མི་མཐོང་བར་བྱས་པ་ལ་ཟིལ་གྱིས་མནན་པའི་དོན་དུ་བྱེད་དོ་ཞེ་ན། འདིར་ཡང་རྣམ་པ་གསལ་བར་བྱ་བའི་ཕྱིར་ལེགས་པར་རྣམ་པར་ཕྱེ་ན་རྣམ་ཤེས་ཡེ་ཤེས་གང་གིས་མི་མཐོང་བར་བྱས། དང་པོ་ནི་རྒྱལ་བའི་ལུང་རྣམ་དག་ལ་བརྟེན་ནས་ཁོ་བོ་ཅག་ཀྱང་འདོད་ཅིང༌། རྣམ་ཤེས་ཀྱིས་མ་མཐོང་བས་མེད་པར་ནི་མི་འགྲུབ་སྟེ། དེ་ལ་དེ་སྣང་རུང་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ནི། རྒྱལ་བའི་ལུང་རྣམ་དག་མང་པོས་གནོད་དོ། །

གཞན་ཡང༌། བདེ་གཤེགས་སྙིང་པོའི་ཡོན་ཏན་ཤེས་བྱ་ལ་མི་སྲིད་པར་འདོད་ན། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་རང་རང་གི་ཆོས་སམ། ཡོན་ཏན་དུ་གཏོགས་པ་གང་ཡིན་པ་རྣམས་ཚང་ངམ་མ་ཚང༌།

དང་པོ་ལྟར་ན། བདེ་གཤེགས་སྙིང་པོ་ལ་ཡང་རང་གི་ཆོས་སམ་ཡོན་ཏན་གང་ཡིན་པ་དེ་ཚང་དགོས་ཏེ། དེ་ཡང་འདུས་མ་བྱས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ།།

གཉིས་པ་ལྟར་ན། དེ་འདྲའི་ཆོས་དེ་གང་ཡིན་སྨྲོས་ཤིག །གལ་ཏེ་འདུས་མ་བྱས་ནམ་མཁའོ་ཞེ་ན། དེ་ལའང་རང་གི་ཆོས་སམ་ཡོན་ཏན་གང་ཡང་མེད་པ་མ་ཡིན་ཏེ། རྟག་པ་ལ་སོགས་པའི་ཡོན་ཏན་མང་པོ་ཚང་ཞིང༌། རྒྱུད་བླ་མར། ས་སོགས་ལ་ཡོད་ཆོས་གང་ཡིན་པའི་ཆོས་ཉིད་དེ་ནི་ནམ་མཁའི་མིན། །ནམ་མཁའི་མཚན་ཉིད་སྒྲིབ་མེད་ལ་སོགས་ཡོན་ཏན་གང་ཏེ་གཟུགས་ལ་མེད། །ཅེས་སོགས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན། རང་རང་གི་ཆོས་སམ་ཡོན་ཏན་མེད་པའི་འདུས་བྱས་འདུས་མ་བྱས་གང་ཡང་མི་སྲིད་ཅིང༌། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཕལ་ཆེར་ཡོན་ཏན་མ་ཡིན་ཡང༌། རང་བཞིན་གྱིས་རྣམ་པར་བྱང་བ་དོན་དམ་པའི་ཆོས་ཐམས་ཅད་ནི་ཡོན་ཏན་འབའ་ཞིག་ཡིན་ནོ། །འདི་ལ་དགོངས་ནས། ཡུམ་པར་མར། ཆོས་ཐམས་ཅད་ནི་དགེ་བ། ཆོས་ཐམས་ཅད་ནི་ཁ་ན་མ་ཐོ་བ་མེད་པ། ཆོས་ཐམས་ཅད་ནི་ཟག་པ་མེད་པ། ཆོས་ཐམས་ཅད་ནི་ཉོན་མོངས་པ་མེད་པ། ཆོས་ཐམས་ཅད་ནི་རྣམ་པར་བྱང་བ། ཆོས་ཐམས་ཅད་ནི་འཇིག་རྟེན་ལས་འདས་པ། ཆོས་ཐམས་ཅད་ནི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བ་མ་ཡིན་ནོ། །ཞེས་ལེགས་པར་བཀའ་སྩལ་ཏོ། །དེའི་ཕྱིར་བདེ་གཤེགས་སྙིང་པོ་ཡོད་ལ་དེའི་ཆོས་སམ་ཡོན་ཏན་མེད་པར་འདོད་པ་ནི་ཤིན་ཏུ་རྣམ་པར་དག་པའི་ལུང་རིགས་མན་ངག་ཟབ་མོ་ཐམས་ཅད་དང་འགལ་བས་བདག་གཞན་ལེགས་སུ་འདོད་པ་དག་གིས་རིང་དུ་སྤང་བར་བྱ་སྟེ། དེ་མ་སྤངས་ན་སྡིག་ལྟ་ཆེན་པོར་གྱུར་ནས་ཆོས་ཀྱི་ཕོངས་ཤིང་སྡུག་བསྔལ་དཔག་མེད་མྱོང་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་བདེ་གཤེགས་སྙིང་པོ་ལ་རང་གི་ཆོས་རྣམས་ཡོད་ཀྱང་ཡོན་ཏན་མ་ཡིན་ནོ་ཞེ་ན། འདི་ལ་ཤེས་བྱེད་རྣམ་དག་ནི་ཅུང་ཟད་ཀྱང་མེད་ཅིང༌། གནོད་བྱེད་ཆེན་པོ་དཔག་ཏུ་མེད་པ་ནི་སྙིང་པོའི་མདོ་ལྔ་ངཻས་དོན་མདོ་བཅུ་ལ་སོགས་ཐེག་ཆེན་གྱི་གསུང་རབ་ཟབ་མོ་ཆེས་མང་བ་རྣམས་ལས་རབ་ཏུ་གསལ་བར་ཡང་དང་ཡང་དུ་བཀའ་སྩལ་བའི་ཕྱིར། ཕྲ་མ་སྔ་བཙན་གྱི་དགྲ་ལ་ཞེ་ཟོན་མཛད་ཅིང༌། ཐུགས་གཟུ་བོར་གནས་པས་ཞིབ་ཏུ་གཟིགས་པར་ཞུ་མཛོད་དང༌། དེ་ནས་གསལ་བར་འགྱུར་ལགས་ཀྱིས།

ཡང་ན། རང་རང་གི་ཆོས་གཅིག་ཀྱང་མེད་པའི་ཤེས་བྱའི་ཁྱད་པར་འགའ་ཡང་དོན་ལ་མི་སྲིད་ཀྱང༌། འགའ་ཞིག་སྲིད་པར་འདོད་ན་དེ་གང་ཡིན། ཆོས་ཀྱི་སྡེ་ཚན་གང་དུ་གཏོགས་ཞེས་ལེགས་པར་མཐའ་ཆོད་ངོས་ཤེས་པ་དྲི་འཚལ་ཏེ། ཕུང་ཁམས་སྐྱེ་མཆེད་རྣམས་ལས་དེ་གང་དུ་གཏོགས། དེ་བཞིན་དུ། ཤེས་བྱ། གཞི་ལྔ། ཆོས་ལྔ། ཆོས་བཞི། བདེན་པ་བཞི། རྒྱུད་སྡེ་བཞི། ཆོས་གསུམ། རང་བཞིན་གསུམ། ཕྱི་ནང་གཞན་གསུམ། གཞི་ལས་འབྲས་གསུམ། ལྟ་སྒོམ་སྤྱོད་གསུམ། ཐེག་པ་གསུམ། འཁོར་ལོ་གསུམ་གྱི་དོན། ཀུན་རྫོབ་དང་དོན་དམ། དབུས་དང་མཐའ། ཆོས་དང་ཆོས་ཉིད། རང་བཞིན་དང་བཅོས་མ། གཉུག་མ་དང་གློ་བུར། སྙིང་པོ་དང་ཤུན་པ། འདུས་བྱས་དང་འདུས་མ་བྱས། བེམ་པོ་དང་རིག་པ། རྣམ་ཤེས་དང་ཡེ་ཤེས། རང་བྱུང་དང་གཞན་བྱུང༌། རང་རིག་དང་གཞན་རིག །རང་བཞིན་དང་རྒྱས་པ། བསྐྱེད་འབྲས་དང་བྲལ་འབྲས། སྐྱེད་བྱེད་དང་དག་བྱེད། རྟོག་གེ་ཅན་གྱི་སྤྱོད་ཡུལ་དང་རྣལ་འབྱོར་ཅན་གྱི་སྤྱོད་ཡུལ་ལ་སོགས་པ་ཆོས་ཀྱི་སྡེ་ཚན་ཤིན་ཏུ་མང་བར་གསུངས་པ་དེ་རྣམས་ཐམས་ཅད་རེ་རེ་ནས་སྨོས་ཤིང༌། ཁྱེད་འདོད་པའི་ཆོས་དེ་སྡེ་ཚན་དེ་རྣམས་གང་དུ་གཏོགས་ཞེས་བློ་རྣལ་དུ་ཕབ་སྟེ། ཞི་ཞིང་དུལ་བའི་སྒོ་ནས་ཞིབ་ཏུ་འདྲི་བར་ཞུ།

དེ་འདྲའི་ཚུལ་གྱིས་ལེགས་པར་བཙལ་ན་བློ་ལྡན་གཟུར་གནས་དོན་གཉེར་ཅན་རྣམས་ཀྱིས་ཤེས་བྱའི་མཐའ་ཆོད་ཅིང་དྲས་ཐག་ཆོད་པར་འགྱུར་བས། ལོག་རྟོག་གཞན་དང༌། ལྟ་ལོག་གཞན་དང༌། སྡིག་ལྟ་གཞན་དང༌། གཞན་ཇི་སྙེད་བྱུང་བ་དང༌། འབྱུང་འགྱུར་ཐམས་ཅད་ལ་ཚུལ་འདི་ཡང་དང་ཡང་དུ་དྲན་པར་མཛོད་ཅིག། དེ་ལྟ་བས་ན་སྡུག་བསྔལ་ཀུན་འབྱུང་གི་ཆོས་རྣམས་ནི་སྐྱོན་ཡིན་ཡང༌། བདེ་གཤེགས་སྙིང་པོའི་ཆོས་ཐམས་ཅད་ནི་ཡོན་ཏན་ཁོ་ན་ཡིན་གྱི་སྐྱོན་ནི་ཡིན་མི་སྲིད་དོ། །

ཡང་གལ་ཏེ་ལྟ་བ་ནོར་ཡང་སྤྱོད་པ་མ་ནོར་ན་དེས་ཆོག་གོ་སྙམ་དུ་སེམས་པར་གྱུར་ན། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་ནམ་ཡང་ཉམས་མི་བྱ། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྲོ། །ཞེས་སོགས་དང༌། གང་ཟག་ལོག་པར་ལྟ་བས་དགེ་སྤྱད་ཀྱང༌། །ཐམས་ཅད་རྣམ་པར་སྨིན་པ་མི་ཟད་ལྡན། །ཞེས་དང༌། མེད་པ་པོ་ནི་ངན་འགྲོར་འགྲོ། །ཡོད་པ་པོ་ནི་བདེ་འགྲོར་འགྲོ། །གཉིས་ལ་མི་གནས་ཐར་པར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །ཞེས་སོགས་ཀྱང་མཐོང་ཞིང་རྟོགས་ནས་ཉམས་སུ་ལེན་ཅིང༌། གཞན་དག་ལ་ཡང་རྒྱ་ཆེན་ཡང་དག་པར་རབ་ཏུ་སྟོན་པར་གྱུར་ཅིག །མ་མཐོང་བའི་ཆོས་སྤོང་བ་ལ་སྡིག་པ་ཆེན་པོ་ཡོད་པར་གསུངས་པ་ཐམས་ཅད་ཀྱང་དེ་བཞིན་ནོ། །གལ་ཏེ་བདེ་གཤེགས་སྙིང་པོའམ་དེའི་ཡོན་ཏན་གཤིས་ལ་མེད་པ་མ་ཡིན་གྱི། ནམ་མཁའ་འདྲ་བར་ཀུན་ཁྱབ་ཏུ་ནམ་ཡང་བཞུགས་ཞེས་བྱས་ནས་དེ་དངོས་པོའམ་དངོས་མེད་གང་རུང་དུ་གྲུབ་པ་ཁས་བླངས་པར་འགྱུར་བས་དུམ་ཙམ་ལ་འཐོགས་ནས་དབུ་མ་ལ་མ་སླེབ་བོ་ཞེ་ན། དེ་གཤེས་ལ་གྲུབ་ཀྱང་དངོས་པོ་དངོས་མེད་གང་དུ་ཡང་མ་གྲུབ་ཅིང་མཐའ་དེ་གཉིས་སྤངས་པའི་དབུས་སམ་བར་མ་ཕུང་པོ་གསུམ་ལ་མ་ནིང་གི་གོ་འཕང་རྡོ་རྗེ་སེམས་དཔའ་ཡིན་པའི་ཕྱིར་དང༌། ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་ཡང༌། བྲལ་ཙམ་གྱི་མེད་དགག་མ་ཡིན་པ་བྲལ་བའི་གཞི་དེ་བཞིན་ཉིད་ལ་སོགས་པ་ཡོངས་གྲུབ་དགུ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡོངས་གྲུབ་འདོད་ན་སེམས་ཙམ་པར་འགྱུར་རོ་ཞེ་ན། དེ་ཙམ་གྱིས་དེར་མི་འགྱུར་ཏེ། ཡོངས་གྲུབ་དང་དབུ་མ་ཤེར་ཕྱིན་གྱི་དོན་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་པའི་ཕྱིར་རོ། །འདི་དག་གི་གནད་ཟབ་མོ་མ་རྟོགས་པ་རྣམས་ཀྱིས་གཤིས་ལ་གྲུབ་རྒྱུ་ཅིག་བྱུང་ན་དེ་དངོས་པོ་དང་དངོས་མེད་གང་རུང་ལས་མི་འདའ་བས་མཐར་ལྷུང་བ་ཡིན་གྱི། དབུ་མ་ལ་མ་སླེབ་བོ། །ཞེས་དང༌། དེའི་རྒྱུ་མཚན་ཡང་ཤེས་བྱ་ལ་ཕྱེ་ན་དངོས་པོ་དངོས་མེད་གཉིས་སུ་ཟད། ཅེས་པ་དང༌། སྟོང་ཉིད་གོ་ཆོད་པོ་རང་སྟོང་ཁོ་ན་ཡིན། ཞེས་དང༌། གཞན་སྟོང་ནི་ཉི་ཚེ་བའི་སྟོང་ཉིད་ཡིན་པས་མུ་སྟེགས་བྱེད་ཀྱི་ལུགས་ཡིན། ཞེས་དང༌། བེམ་རིག་གཉིས་པོ་དངོས་པོ་ལ་ཕྱེ་བའི་ཡ་གྱལ་ཡིན་པས་འདུས་མ་བྱས་ཀྱི་ཤེས་པའམ། བདེ་བའམ། རིག་པའམ། ཡེ་ཤེས་ལ་སོགས་པ་ཤེས་བྱ་ལ་མི་སྲིད། ཅེས་དང༌། ངོ་བོ་ཉིད་གསུམ་སེམས་ཙམ་པ་ཁོ་ནའི་ཡིན་གྱི། དབུ་མ་པ་མི་འདོད་ཅེས་སོགས་དོན་དང་མི་མཐུན་ཞིང༌། གསུང་རབ་ཁྱད་འཕགས་མང་པོ་དང་འགལ་བའི་རྣམ་བཞག་མང་དུ་བྱས་པ་རྣམས་ཡོངས་སུ་གྲགས་ཤིང༌། དེ་ལ་གོམས་ཤས་ཆེས་ཆེ་བའི་བག་ཆགས་མ་བཟློག་པ་རྣམས་དེ་སྐད་སྨྲ་བར་ཟད་ཅིང༌། དགྲ་ལ་ཞེ་ཟོན་བྱས་པའི་འདུན་ལྡན་དག་གིས་རྒྱལ་བའི་བཀའ་ཟབ་ཡངས་དཔང་དུ་བྱས་ནས་བལྟས་པ་ལ་ནི་རྣམ་བཞག་ནོར་བ་དེ་རྣམས་དོར་ནས། དགོངས་ཆེན་ཟབ་མོ་ཡང་དག་པའི་དོན་ལ་ཞུགས་ན་ལེགས་པར་མཐོང་ངོ༌། །

ཐུབ་པའི་བཀའ་ནི་མི་བསླུ་བས། །དེ་ཡི་ཡོན་ཏན་ཕྱིས་མཐོང་འགྱུར། །ཆོས་དབྱིངས་དུ་མ་རོ་གཅིག་ཅེས་བྱ་བ་བདེ་གཤེགས་སྙིང་པོ་ཡོན་ཏན་ཅན་གྱི་མེ་ལོང་གྲུབ་བོ། །ལེགས་པར་གྲུབ་བོ། །ཨ་ལ་ལ་ཧོ། སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག །ཁྱད་འཕགས་འདི་ནི་བསྟན་རྩིས་ཆེན་པོ་པ་རྟོན་པ་བཞི་ལྡན་གྱིས་ཐོར་བུར་བརྗོད་པའོ།། །།མངྒ་ལཾ། བྷ་ཝནྟུ།


previousཆོས་དབྱིངས་དུ་མ་རོ་གཅིག་ཅེས་བྱ་བ་བདེ་གཤེགས་སྙིང་པོ་ཡོན་ཏན་ཅན་གྱི་མེ་ལོང་བཞུགས། next