Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ལུང་དོན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །
   
   
   
   
   
   
   
   
   
   
   


 
previousལུང་དོན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། next

ལུང་དོན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

ན་མོ་བཛྲ་སཏྭ་ཡ། ལུང་དོན་གསལ་བའི་མེ་ལོང་ཞེས་བྱ་བ། རྗེ་བཙུན་བྱམས་པ་མགོན་པོ་ལ་ཕྱག་འཚལ་ལོ། །

དེ་ཡང་མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་ལས། གསང་སྔགས་ཟབ་མོའི་རྒྱུ་མཚན་ལས་ཀྱི་སར་ཁམས་དྲུག་ལྡན་པའི་མིར་སྐྱེས་པ་ཚོགས་གཉིས་བསགས་པ་གཅིག་གིས་གསང་སྔགས་ཉམས་སུ་བླང་ན། རབ་སྐྱེ་བ་འདི་ལ། འབྲིང་འཆི་ཁ་བར་དོ། ཐ་མ་ཡང་སྐྱེ་བ་བདུན་ནམ། བཅུ་དྲུག་ལ་སངས་རྒྱས་པར་དམ་པ་རྣམས་བཞེད་ཅིང༌། དེ་རྣམས་ཀྱི་ལུང་ཡང་རིམ་པ་ལྟར། དུས་འཁོར་རྩ་རྒྱུད་ལས། གདོལ་པ་སྙུག་མ་མཁན་པོ་དང༌། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་དང༌། སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ། ཞེས་སོགས་དང༌། ཡེ་ཤེས་ཐིག་ལེ་ལས། བློ་གྲོས་ཆེ་ཡང་ཐེག་གཞན་གྱིས། །གྲངས་མེད་གསུམ་གྱི་སངས་རྒྱས་ཡིན། །སྔགས་ཀྱི་ཐེག་པ་ལ་མོས་ན། །ཚེ་འདི་ཉིད་ལ་སངས་རྒྱའོ། །ཞེས་དང༌། རྒྱུད་སྡེ་ འོག་མ་རྣམས་ལས་ཀྱང་གསུང་སྟེ། འཇམ་དཔལ་རྩ་རྒྱུད་ལས། སྐྱེ་བ་འདི་ལ་འགྲུབ་པར་འགྱུར། །ཞེས་དང༌། རྣམ་སྣང་མངོན་བྱང་རྒྱུད་ཕྱི་མ་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས། ཚེ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །ཞེས་དང༌། རྡོ་རྗེ་རྩེ་མོ་ལས། བསྐལ་པ་གྲངས་མེད་པ་རུ་བྱུང༌། །སའི་ཕ་རོལ་ཏུ་ཕྱིན་པ་མཆོག །གང་ཕྱིར་གསང་བ་མཐོ་བ་ཐོབ། །རབ་ཏུ་དགའ་བ་འགྲུབ་པར་འགྱུར། །གལ་ཏེ་རྣལ་འབྱོར་པ་སྟེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཞེས་སོགས་དང༌།

གཉིས་པ་ནི། ཞལ་ལུང་ཆེན་མོ་ལས། བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དགའ་མཁའ་འདྲ་རྟོགས། །ཞེས་སོགས་དང༌། གལ་ཏེ་སྐུ་གསུམ་མ་གྲུབ་ན། །རིག་པ་འཛིན་པའི་གཙོར་གྱུར་ཏེ། །རིམ་གྱི་ཕྱག་རྒྱ་ཆེན་ པོར་འགྱུར། །ཞེས་དང༌། གདན་བཞི་ལས། འཆི་བར་གྱུར་པའི་དུས་བྱུང་ན། །རིམས་ལ་སོགས་པས་མ་ཕོག་པར། །འཕོ་བའི་སྦྱོར་བ་མཆོག་ཡིན་ནོ། །ཞེས་གསུངས་ཤིང༌། དེའི་ཕན་ཡོན་ནི། ཚིག་དགུ་ལས་ནི་ཡར་གཏོད་ན། །མདོ་ལས་འཕོ་བ་ཞེས་བྱའོ། །ཉིན་རེ་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་དག་བྱེད་པ་དང༌། །རྐུ་དང་འདོད་པ་ལོག་སྤྱོད་དང༌། །འདི་ཡི་ལམ་གྱིས་འགག་པར་འགྱུར།།སྡིག་གིས་གོས་པར་མི་འགྱུར་ཏེ། །སྲིད་པའི་དངོས་པོ་རིང་བར་འགྱུར། །ཞེས་སོ། །ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་འདི་སྤང་མ་ཐག །བླ་ན་མེད་པའི་ཡེ་ཤེས་སྐུ།།བརྩོན་པར་མི་ལྡན་པས་ཀྱང་འགྲུབ། །བརྩོན་གྲུས་ལྡན་ན་སྨོས་ཅི་དགོས། །ཞེས་སོ། །

གསུམ་པ་ནི། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒོམ་པར་ཡང་སངས་རྒྱས་ཐོབ། །ཅེས་དང༌། དྲི་མེད་འོད་ལས་ཀྱང༌། སྐྱེ་བ་བདུན་གྱི་མཐར་ཐུག་པས་བརྩོན་འགྲུས་དང་ལྡན་པར་གྱུར་ཅིང༌། ཡེ་ཤེས་མ་བསྒོམ་ པས་ཀྱང་ངོ༌། །ཞེས་སོ། །རྩེ་མོར། སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །རྡོ་རྗེ་ཅན་ནི་མངོན་ བརྩོན་འགྱུར། །སྐྱེ་བ་བཅུ་དྲུག་མཐར་ཐུག་པས། །ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་དང༌། ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདས།།ཞེས་གསུངས་པའི་ཕྱིར་རོ། །

ཁ་ཅིག་ན་རེ། སྐྱེ་བ་འདི་ལ་སངས་རྒྱ་བའི་དོན་ཚེ་འདི་ཉིད་ནས་བཟུང་ནས་ཡང་ཡང་བརྒྱུད་པའི་མེའི་སྐྱེ་བ་གཅིག་ལ་སངས་རྒྱས་པ་ཡིན་ཏེ། རྡོ་རྗེ་སྙིང་ འགྲེལ་པར། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྟེར་བ་ཞེས་བྱ་བ་ནི་ཡང་དང་ཡང་དུ་མའི་སྐྱེ་བ་བླང་ནས་གྲུབ་པ་ལ་བྱ་ཡི། ལྷ་དང་ལྷ་མ་ཡིན་ལ་སོགས་པ་ཡི་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཞེ་ན། དེ་ནི་མ་ཡིན་ཏེ། འགྱུར་དག་པ་འགའ་ལ་ལུང་དེ་ཇི་ལྟ་བ་བཞིན་མེད་ཅིང༌། ཡང་དང་ཡང་དེའི་དོན། སྐྱེ་བ་འདི་ལ་སངས་རྒྱ་བ་ལ་མིའི་སྐྱེ་བ་ཡིན་པ་གཅིག་ངེས་པར་དགོས་ཞེས་པ་ལ་ཡང་དང་ཡང་དུ་བརྗོད་པའི་ཕྱིར་རམ། རྒྱ་དཔེ་མ་དག་པ་ཡིན་པའང་སྲིད་དོ། །དཔེ་དག་ཅིང་དོན་ལ་ཡང་དེ་ལྟར་ཡིན་ན། ཚེ་འདི་ལ་ཞེས་པའི་ལུང་རྣམས་དང་ཡང་འགལ་ཞིང༌། སྐྱེ་བ་ལ་ཡང་བརྒྱུད་ན་སངས་རྒྱས་ཐོབ་པ་མཚན་ཉིད་ཐེག་པའི་ལུགས་ལའང་བཞེད་མོད། དེ་སྔགས་ཟབ་པར་ཅིའི་ཕྱིར་འཇོག །ཐམས་ཅད་མཁྱེན་པ་ལ་ཅོ་འདྲི་བའི་ལྟ་ངན་འདི་དུག་བཞིན་དུ་རིང་དུ་སྤོངས་ཤིག །ཤེས་ལྡན་རྣམས། འགའ་ཞིག་ཚེ་ཡི་རིག་འཛིན་སྒྲུབ་ནས་སངས་རྒྱས་པ་ལ་འདོད་པའང་མི་རིགས་ཏེ། བར་དོར་སངས་རྒྱས་པ་དང༌། སྐྱེ་བ་བདུན་དང་བཅུ་དྲུག་ནས་སངས་རྒྱས་པ་ལས་ཐ་མར་འགྱུར་སྲིད་པའི་ཕྱིར་དང༌། དཔལ་ལྡན་ཕྱག་ན་རྡོ་རྗེས། རང་གི་སེམས་ཀྱི་བསམ་པ་དེས་ཀྱང༌། སྙིགས་མ་ལྔའི་དུས་ན་ཚེ་ཐུང་ཞིང་བརྩོན་འགྲུས་ཆུང་བའི་སྒྲུབ་པ་པོ་རྣམས་སྐྱེ་བ་འདིར་སངས་རྒྱས་ཉིད་སྟེར་བར་བྱེད་པ་ནི་བསྒོམ་པའི་ཐབས་དེ་ཉིད་ཀྱིས་སོ། །ཞེས་གསུངས་པའི་ཕྱིར་རོ། །

ཡང་འགའ་ཞིག་སྐྱེ་བ་འདི་ལ་སངས་རྒྱས་པའི་དོན་དམ་པའི་གནས་ཀྱི་གང་ཟག་གཅིག་ལ་དགོངས་ཀྱི། སོ་སོའི་སྐྱེ་བོ་མི་འགྲུབ་བོ་ཞེ་ན། མིན་ཏེ། དུས་འཁོར་རྩ་རྒྱུད་ལས། གདོལ་པ་སྙུག་མ་མཁན་སོགས་དང༌། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་བ་འདི་ལ་སངས་རྒྱས་འགྱུར། །ཞེས་ པས། མཚམས་མེད་བྱེད་བཞིན་པའི་གང་ཟག་ཀྱང༌། ཕྱིས་བརྩོན་པས་བསྒྲུབ་ན་སྐྱེ་བ་དེ་ལ་སངས་རྒྱས་པར་བཤད་ཅིང༌། འཕགས་པས་མཚམས་མེད་བྱེད་མི་སྲིད་པའི་ཕྱིར་དང༌། རྩེ་མོར། སོ་སོར་སྐྱེ་བོ་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ གྱི་གཞན་དུ་མིན། །ཞེས་བཤད་པ་དང་ཡང་འགལ་བའི་ཕྱིར་རོ། །

ཡང་ཛྙ་ན་ཀ་ར་ལ་སོགས་སངས་རྒྱས་པའི་དོན། ས་ཐོབ་པའི་རིག་འཛིན་ཐོབ་པ་ལ་བཞེད་པ་རྣམས་ནི། རྣམ་པར་མ་བསམ་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་ཀྱང༌། ཚེ་གཅིག་ལས་ཐོབ་པར་གསུངས་པའི་ཕྱིར་དང༌། སྐྱེ་བ་འདི་ལ་ཐོབ་པའི་སངས་རྒྱས་ཏེ། སྟོབས་བཅུ། མི་འཇིགས་པ་བཞི། མཁྱེན་པ་བཞི། ས་བཅུ་གཉིས་ཐོབ་པའི་སྲིད་གསུམ་བླ་མར་གསུངས་ཏེ། དུས་འཁོར་འགྲེལ་པར། རང་གི་སེམས་ཀྱི་བསམ་པས། སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ཞེས་པ་ནི་སྐྱེ་བ་འདི་སྟེ། མིའི་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་རྒྱུད་ཀྱྀ་རྒྱལ་པོའོ། །ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལས་ཀྱི་ས་མ་ཡིན་པར་སྐྱེས་པའི་ཕྱིར་རོ། །ལྷ་ལ་སོགས་པ་རྣམས་ལ་ཡང་མིའི་སྐྱེ་བ་ཐོབ་ནས་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བར་འགྱུར་རོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ལས་ཁམས་དྲུག་གི་བདག་ཉིད་ཅན་སྐྱེས་བུ་ཆེན་པོའི་གང་ཟག་ལའོ། །ཞེས་པ་སྟེ། རྣམ་པ་གཞན་དུ་ལས་ངན་པ་དང་ལྡན་པའི་མིའི་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ནི་མ་ཡིན་ནོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་སོགས་ཀྱི་མཐར། དེ་ལྟར་གསུངས་པའི་རིམ་པས་ངེས་པ་དང་བྲལ་བ་རྣམས་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ནི་རྒྱུད་ཀྱི་རྒྱལ་པོའོ། །སངས་རྒྱས་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་མཁྱེན་པ་ཉིད་དང༌། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། སྟོབས་བཅུ་དང༌། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམ་པར་འབྱོར་བའོ། །དེ་སྟེར་བ་ནི་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བའོ། །ཞེས་དང༌། ཡེ་ལེའི་རྒྱུད་དུ། རོ་ཡི་འགྲོ་བ་རྣམས་ལ་གནས་པའི་སྲོག་རྣམས་ཐམས་ཅད་བཀུག་ཅིང་ཉོན་མོངས་བདུད་རྣམས་བཅོམ་བྱས་ནས། །རྫུ་འཕྲུལ་ཀུན་མཁྱེན་པ་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱི་སྐྱེ་བ་འདི་ལྟ་སྟེ། །གལ་ཏེ་ལམ་དུ་རང་ཞུགས་ཤི་བར་གྱུར་ན་དེ་ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་པའོ། །ཞེས་དང༌། དེའི་འགྲེལ་པར། རོའི་འགྲོ་བ་རྣམས་ལ་གནས་པ་སྟེ། ས་ལ་སོགས་པའི་དཀྱིལ་འཁོར་དྲུག་པོ་རྣམས་ལ་གནས་པའོ། །སྲོག་རྣམས་ཐམས་ཅད་བཀུག་ཅིང་ཞེས་པ་ནི། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་ལྟར་ཉོན་མོངས་བདུད་རྣམས་བཅོམ་བྱས་ནས། རྫུ་འཕྲུལ་དང་ཀུན་མཁྱེན་གྱི་ས་བཅུ་གཉིས་འཆད་པར་འགྱུར་བ་རྣམས་དང༌། སྲིད་གསུམ་བླ་མ་ཉིད་ཅེས་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་མཁྱེན་པ་ཉིད་དང༌། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལ་སོགས་པའི་འབྱོར་བ་ནི། རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱི་སྐྱེ་བ་འདི་ལ་སྟེར་བར་བྱེད་དོ། །ཅི་སྟེ་གང་གི་ལམ་དུ་རབ་ཏུ་ཞུགས་པར་རྣལ་འབྱོར་མ་ཐོབ་པར་ཤི་བར་གྱུར་ན། དེའི་ཚེ་དེའི་འཛིན་པ་སྟེ་བག་ཆགས་ཀྱིས་སླར་ཡང་མིའི་སྐྱེ་བ། གཞན་ལ་ཐམས་ཅད་ཐོབ་པར་འགྱུར་ཏེ། བརྩོན་འགྲུས་དང་མི་ལྡན་པར་གྱུར་ཅིང༌། ཡེ་ཤེས་མ་བསྒོམ་ཀྱང་སྐྱེ་བ་བདུན་གྱི་མཐར་ཐུག་པས་སོ་ཞེས་པ་ངེས་པའོ། །ཞེས་གསུངས་པའི་ཕྱིར་དང༌། རྣམ་སྣང་མངོན་བྱང་གི་ལུང་དྲངས་པ་དང༌། གཞན་ཡང་ལུང་རྣམ་དག་མང་བར་གསུངས་པའི་ཕྱིར་རོ། །དེས་ན་ཡིན་ལུགས་ལ། ལས་ཀྱི་སར་ཁམས་དྲུག་ལྡན་པའི་མིར་སྐྱེས་པ་ཚོགས་བསགས་པའི་སོ་སོ་སྐྱེ་བོ་གཅིག་གིས་སྔགས་ཀྱི་མཐར་ཐུག་ཉམས་སུ་བླང་ན། ཚེའི་རིག་འཛིན་ལམ་བསྒྲུབ་པར་ཚེ་འདི་ལ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཐོབ་ཅེས་པ་ ངེས་པའོ། །ལུང་དོན་གསལ་བའི་མེ་ལོང་ཞེས་གསུངས་པ་འདི་ནི། ཐོས་བསམ་ སྒོམ་པའི་ནོར་གྱིས་ཕྱུག་པ་བླ་མ་དགའ་ལྡན་པ་རིན་ཆེན་དཔལ་གྱི་གསུང་གིས་བསྐུལ་བ་དང༌། གང་ཟག་ཆེན་པོ་མང་པོ་རྗེས་འབྲང་དང་བཅས་པ་ལ་ཡང༌། དོན་མ་བསླབ་པའི་ལོག་རྟོག་འདུག་པས་དེ་རྣམས་བསལ་བའི་ཕྱིར་ལུང་རིགས་མན་ངག་མཆོག་ལ་སྦྱངས་པའི་རྟོན་པ་བཞི་ལྡན་གྱིས་བྲིས་པའོ།། །།

འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།

སརྦ་མངྒ་ལཾ། བྷ་ཝནྟུ། ཤུབྷཾ།

[མ་དཔེ་ནི་འཛམ་ཐང་པར་མ་ཡིན།]


previousལུང་དོན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། next