Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
དོན་ཟབ་དགོངས་འགྲེལ་བཞུགས།
   
   
   
   
   
   
   
   
   
   


 
previousདོན་ཟབ་དགོངས་འགྲེལ་བཞུགས། next

དོན་ཟབ་དགོངས་འགྲེལ་བཞུགས།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་དོན་ཟབ་དགོངས་འགྲེལ་ལ་ཕྱག་འཚལ་ལོ། །དེའང་འཁོར་བ་ལ་སྐྱོ་བའི་ཡིད་ཅན་གྱི་གང་ཟག་གིས་བླ་མ་དམ་པའི་མན་ངག་ཁྱད་པར་ཅན་ལ་བརྟེན་ནས། རྣམ་པར་མི་རྟོག་པའི་རྣལ་འབྱོར་ལ་མཉམ་པར་བཞག་པའི་ཚེ་འབྱུང་བའི་ཟླ་ཉི་དང་སྒྲོན་མ་ལ་སོགས་འོད་གསལ་གྱི་སྣང་བ་འཆར་བའི་ལམ་ལ་གོམས་ཀྱང་རྫོགས་པའི་སངས་རྒྱས་ཐོབ་པར་མི་འགྱུར་ཞིང༌། མུ་སྟེགས་པ་དང་ཉན་རང་དུ་ལྷུང་བར་འགྱུར་ཏེ། ལང་ཀར་གཤེགས་པར། འགྲོ་བ་ཀུན་ཏུ་རབ་འཁོར་བས། །སྲིད་པ་ལ་ནི་སྐྱོ་བའི་ཡིད། །ཞི་བའི་ཞི་ལམ་སོང་ནས་ཀྱང༌། །རྣལ་འབྱོར་སྣ་ཚོགས་དག་ལ་བརྩོན། །རྣལ་འབྱོར་ཅན་གྱི་བརྩོན་བྱས་ནས། །ཉི་མ་ཟླ་བའི་དབྱིབས་འདྲ་དང༌། །འོད་དང་པདྨ་ལྟ་བུ་དང༌། །རི་མོ་ནམ་མཁའི་མེ་འདྲ་མཐོང༌། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལམ་ཁྲིད་པར་བྱེད། །ཉན་ཐོས་དག་དང་རང་རྒྱལ་དང༌། །སྤྱོད་ཡུལ་དུ་འང་ལྷུང་བར་བྱེད། །ཡུལ་ལ་འཛིན་པ་མེད་པའི་ཕྱིར། །འགོག་པ་མེད་པ་མ་ཡིན་ཏེ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལྟར། །དེ་བཞིན་ཉིད་ཀྱི་དངོས་པོ་ཡོད། །ཅེས་དང༌། རྒྱན་སྟུག་པོར་ཡང༌། རང་རྒྱལ་རྒྱལ་བའི་སྲས་རྣམས་དང༌། །ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཅན། །ཐམས་ཅད་ཀྱིས་ནི་རྣལ་འབྱོར་འདི། །གང་འབྱུང་འབྱུང་བ་རྣམས་ཀྱི་སྟེ། །པད་མོའི་གནས་སུ་བརྟེན་བཅས་ཏེ། །དཀྱིལ་མོ་ཀྲུང་དུ་མཉམ་བཞག་ཅིང༌། །རྟག་ཏུ་རྣལ་འབྱོར་སྦྱར་བར་གྱིས། །འདོད་དང་བདེ་ལས་རྣམ་པར་དབེན། །དབང་པོ་དབང་པོའི་དོན་གྱི་རྣམས། །ཐམས་ཅད་ལས་ཀྱང་ཕྱིར་བཟློག་ཅིང༌། །ལྕགས་ཀྱུས་གླང་པོ་ཇི་བཞིན་དུ། །སེམས་ནི་མཉམ་པར་བཞག་པར་གྱིས། །འཇིག་རྟེན་འཇིག་རྟེན་འདས་པར་བསྟན། །གང་ཡང་དེ་བཞིན་གཤེགས་པའི་དགེ །འདོད་དང་དགའ་བ་དབེན་ལ་སོགས། །ཡང་ན་ཐམས་ཅད་བསྒྲགས་པ་དང༌། །ཁྱད་པར་དུ་འང་གཟུགས་མེད་དང༌། །འདུ་ཤེས་མེད་པའི་བསམ་གཏན་དང༌། །ནམ་མཁའ་རྣམ་ཤེས་མཐའ་ཡས་དང༌། །འདུ་ཤེས་ཡོད་མིན་མེད་མིན་རྣམས། །ཉི་མ་དང་ནི་ཟླ་བའི་དབྱིབས། །པད་མོ་དང་ནི་འོད་འདྲ་ཞིང༌། །ནམ་མཁའི་རི་མོ་མེ་འདྲ་བར། །རྣལ་འབྱོར་ཞུགས་པས་རབ་ཏུ་མཐོང༌། །འདི་དག་ཐམས་ཅད་སྤངས་ནས་སུ། །སྣང་བ་མེད་པར་རབ་ཏུ་གནས། །གང་ཚེ་མཚན་མེད་རྣལ་འབྱོར་ཅན། །རྣམ་པར་མི་རྟོག་ཆགས་མེད་ལ། །སངས་རྒྱས་བྱེ་བ་རྣམས་ཀྱང་མཐོང༌། །ཞིང་དང་ཞིང་ནས་མཉམ་བཞག་པ། །དེ་དག་ཕྱག་གི་དབང་བསྐུར་བར། །དེ་ཡི་སྤྱི་བོར་དབང་བསྐུར་ཏེ། །སངས་རྒྱས་ས་ལ་བཞུགས་པ་དང༌། །སྣ་ཚོགས་གཟུགས་ནི་རབ་ཏུ་འབྱུང༌། །སྣ་ཚོགས་ཚུལ་གྱིས་དངོས་ཐོབ་ནས། །ཀུན་མཁྱེན་ཐམས་ཅད་རིག་པར་འགྱུར། །སྟོབས་དང་མངོན་ཤེས་དབང་ཡང་ཐོབ། །གཟུངས་དང་ཐམས་ཅད་ཏིང་ངེ་འཛིན། །ཐམས་ཅད་ཀྱི་ནི་འབྱུང་གནས་འགྱུར། །ཞེས་གསུངས་པའི་ཕྱིར། ཞེས་དགོངས་ན། དེ་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་གྱི་དུས་ཀྱི་འོད་གསལ་གྱི་སྣང་བ་སྣ་ཚོགས་བདག་དང་གཙོ་བོ་ལ་སོགས་པ་དང༌། ཕྱི་རོལ་གྱི་དོན་བདེན་པ་དང༌། རྣམ་པར་ཤེས་པ་བདེན་པ་བཟུང་ནས། དེ་དང་དེ་ལ་མཚན་མར་འཛིན་པ་དང༌། ལྷག་པར་ཆགས་པ་དང༌། མངོན་པར་ཞེན་པར་གྱུར་ན། མུ་སྟེགས་ཅན་གྱི་ལམ་དུ་ཁྲིད་ཅིང༌། ཉན་རང་དུ་ལྟུང་བ་སྲིད་པ་གསུངས་ཏེ། ལང་ཀར་གཤེགས་པར། བློ་གྲོས་ཆེན་པོ་རྣལ་འབྱོར་ཅན་དེ་ལྟ་བུའི་ཚུལ་གྱི་ཡུལ་ཅན་རྣམས་ལ་གལ་ཏེ་དངོས་པོ་དང༌། དངོས་པོ་མེད་པར་འཛིན་པ་ཞིག་འཇུག་ཏུ་ཟིན་ན་དེ་ཉིད་དེ་དག་གི་བདག་ཏུ་འཛིན་པ་དང༌། གསོ་བར་འཛིན་པ་དང༌། སྐྱེས་བུར་འཛིན་པ་དང༌། གང་ཟག་ཏུ་འཛིན་པར་འགྱུར་རོ། །ཞེས་དང༌། བློ་གྲོས་ཆེན་པོ་དེ་ལ་བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣལ་འབྱོར་ལ། རྣལ་འབྱོར་པ་རྣམས་ཀྱིས་གང་ཟག་ལ་བདག་མེད་པ་དང༌། དངོས་པོ་རྣམས་ཀྱི་རང་དང་སྤྱིའི་གཟུགས་དང༌། ཀེང་རུས་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། མི་སྡུག་པའི་མཚན་ཉིད་ལ་མངོན་པར་ཞེན་པ་སྔོན་དུ་བཏང་སྟེ། འདི་ནི་མཚན་ཉིད་འདི་ལྟ་བུ་ཡིན་ཏེ། གཞན་དུ་མ་ཡིན་ནོ། །ཞེས་བལྟས་ནས། དང་པོ་ནས་གོང་ནས་གོང་དུ་འདུ་ཤེས་འགོག་པའི་བར་དུ་བྱིས་པ་ཉེ་བར་སྤྱོད་པ་ཡིན་ནོ། །དེ་ལ་བློ་གྲོས་ཆེན་པོ་དོན་རབ་ཏུ་འབྱེད་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། གང་ཟག་ལ་བདག་མེད་པ་དང༌། རང་དང་སྤྱིའི་མཚན་ཉིད་དང༌། ཕྱི་རོལ་གྱི་མུ་སྟེགས་བྱེད་པ་བདག་དང༌། གཞན་གཉིས་མེད་པར་བྱས་ཏེ། ཆོས་ལ་བདག་མེད་པའི་མཚན་ཉིད་ཀྱི་དོན་རབ་ཏུ་འབྱེད་པའི་གོ་རིམ་ཅན་ནི་དོན་རབ་ཏུ་འབྱེད་པའི་བསམ་གཏན་ཡིན་ནོ། །དེ་ལ་བློ་གྲོས་ཆེན་པོ་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། ཀུན་བཏགས་པ་བདག་མེད་པ་ཉིད་ཀྱིས་རྣམ་པར་རྟོག་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གནས་པས་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་དེ་བཞིན་ཉིད་ལ་དམིགས་པ་ཞེས་བཤད་དོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རྣམ་པ་འཇུག་པ་དང༌། འཕགས་པ་སོ་སོ་རང་གི་ཡེ་ཤེས་མཚན་ཉིད་གསུམ་གྱི་བདེ་བ་ལ་གནས་པས། སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་བྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་བསམ་གཏན་ཞེས་བཤད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དོན་རབ་འབྱེད་པའི་བསམ་གཏན་དང༌། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་འོད་གསལ་གྱི་སྣང་བ་སྤྲོས་བྲལ་ཡིན་པ་ལ། སྤྲོས་བྲལ་དུ་ཤེས་ནས་མཚན་མར་མི་འཛིན་ཅིང་ཆགས་ཞེན་དང་བྲལ་བ་ཡོན་ཏན་ཆེན་པོ་གསུངས་ཏེ། ལང་གཤེགས་ལས། ཡུལ་ལ་འཛིན་པ་མེད་པའི་ཕྱིར། །འགོག་པ་མེད་པ་མ་ཡིན་ཏེ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལྟར། །དེ་བཞིན་ཉིད་ཀྱི་དངོས་པོ་ཡོད། །མཁས་པ་རྣམས་ལ་སྣང་བ་ལྟར། །བྱིས་ པ་རྣམས་ལ་མི་སྣང་སྟེ། །ཇི་ལྟར་ཆོས་ཀུན་ལས་སྐྱེས་ཤིང༌། །མཚན་ཉིད་མེད་པར་སྣང་བའོ།།ཞེས་དང༌།རྒྱན་སྟུག་པོར་ཡང༌། གང་ཚེ་མཚན་ཉིད་རྣལ་འབྱོར་ ཅན། །རྣམ་པར་མི་རྟོག་ཆགས་མེད་ན། །སངས་རྒྱས་བྱེ་བ་རྣམས་ཀྱང་མཐོང༌། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་པར། འདི་དག་ཐམས་ཅད་རྣམ་སྤངས་ནས། །སྣང་བ་མེད་པར་རྣམ་གྱུར་པ། །ཞེས་པའི་དོན་སངས་རྒྱས་ལ་གཟུགས་སོགས་ཅིར་ཡང་སྣང་བ་མེད་པ་ཅིག་དགོས་པ་ཡིན་ན། སྣ་ཚོགས་གཟུགས་ནི་རབ་ཏུ་འབྱུང༌། །སྣ་ཚོགས་ཚུལ་གྱི་དངོས་ཐོབ་ནས། །ཀུན་མཁྱེན་ཐམས་ཅད་རིག་པར་འགྱུར། །ཞེས་པ་དང༌། ཇི་ལྟར་མི་འགལ། དེས་ན་རྟོགས་ལྡན་དུ་རློམ་པ་དག་གིས་མདོ་ཟབ་མོ་འདི་དག་ནི་ཞིབ་པར་བལྟ་བར་བྱའོ། །གཞན་ཡང༌། མདོ་དག་གི་དོན་དེ་ལྟར་མ་ཡིན་ན། དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་དང༌། དེ་བཞིན་གཤེགས་པའི་དགེ་བའི་བསམ་གཏན་ལ་བརྩོན་པར་མ་བྱས་ན་ནི། སངས་རྒྱས་པ་མི་སྲིད་ལ། བརྩོན་པར་བྱས་ན་ནི་རྟགས་དེ་དག་འབྱུང་བར་མདོའི་དེ་ཉིད་དུ་གསུངས་པའི་ཕྱིར། རྟགས་དེ་དག་འབྱུང་བས་ལམ་ལོག་པར་ཁྲིད་ན་སངས་རྒྱས་འབྱུང་བ་མི་སྲིད་པའི་སྐྱོན་དུ་འགྱུར་བས་ཤེས་ལྡན་རྣམས་ཇི་ལྟར་སེམས། ལུང་འདི་ལན་གསུམ་དུ་ལང་གཤེགས་སུ་གསུངས་པའི་དང་པོ། དངོས་པོ་དང་དངོས་མེད་དུ་འཛིན་པ་མེད་པ་དགོས། ཞེས་པ་འཕྲོས་ཤིང༌། ཡོད་མེད་དུ་འཛིན་པའི་ཕྱོགས་འཇིག་པ་བླ་ན་མེད་པའི་ཐེག་ཆེན་སྟོན་པའི་ཀླུ་སྒྲུབ་འབྱུང་ཞེས་ལུང་བསྟན་ནས་ཡོད་མེད་ཀྱི་ཕྱོགས་སུ་མི་འཛིན་པ་དགོས། ཞེས་པ་ལ་འཕྲོས་ཤིང༌། རྒྱས་པར་མདོ་དེ་དག་གི་མགོ་མཇུག་ཞིབ་པ་གཟིགས་པས་གསལ་བར་འགྱུར་རོ། །འདི་ནི་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་བྲིས་པའོ།། །།

འདིས་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།

མདོ་ལས། མཚམས་མེད་ལྔ་ནི་བྱས་པ་བས། །དགོངས་དོན་ཟབ་མོའི་ཆོས་རྣམས་ལ། །གང་གིས་བློས་ནི་མ་རིག་པར། །ལོག་པར་བཤད་པ་སྡིག་པ་ལྕི། །ཞེས་གསུངས་སོ། །སརྦ་མངྒ་ལཾ།

[མ་དཔེ་ནི་འཛམ་ཐང་པར་མ་ཡིན།]


previousདོན་ཟབ་དགོངས་འགྲེལ་བཞུགས། next