Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སོ་སོ་སྐྱེ་བོའི་པཎྜི་ཏ་ལ་སོགས་པ་རྣམས་ཀྱི་འཁྲུལ་བ་ལུང་བསྟན་པ་ཞེས་བྱ་བ་བཞུགས་སོ། །
   
   
   
   
   


 
previousསོ་སོ་སྐྱེ་བོའི་པཎྜི་ཏ་ལ་སོགས་པ་རྣམས་ཀྱི་འཁྲུལ་བ་ལུང་བསྟན་པ་ཞེས་བྱ་བ་བཞུགས་སོ། ། next

སོ་སོ་སྐྱེ་བོའི་པཎྜི་ཏ་ལ་སོགས་པ་རྣམས་ཀྱི་འཁྲུལ་བ་ལུང་བསྟན་པ་ཞེས་བྱ་བ་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ སོ་སོ་སྐྱེ་བོའི་པཎྜི་ཏ་ལ་སོགས་པ་རྣམས་ཀྱི་འཁྲུལ་བ་ལུང་བསྟན་པ་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པ་དང༌། དཔལ་ཡོངས་གྲུབ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ།

བདེན་གཉིས་ལོག་པར་གསལ་གཞག་གསལ་མཛད་ནས། །ཡོད་ལ་ཡོད་དང་མེད་ལ་མེད་ཇི་ལྟར། །གནས་བཞིན་སྟོན་པ་ཐམས་ཅད་ལ་བཏུད་དེ། །དེ་ལ་ འཁྲུལ་འཇོམས་མ་ནོར་ལུང་རྣམས་བྲི། །

དེ་ལ་འདིར། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་བཀའ་ལ་ར་ཆོད་དང༌། གཟུ་ལུམ་དང་རང་བཟོ་སྟེ། གོ་རིམ་དཀྲུག་པ་དང༌། དབྲི་བསྣན་དུ་མ་བྱེད་པ་དང༌། སངས་རྒྱས་དང་ས་བཅུ་པ་ལ་སོགས་ཀྱི་མན་ངག་གམ། མངོན་པར་ཤེས་པ་ལྔ་མེད་པར། སྒྲ་ཚད་ལ་སོགས་པ་ཐུན་མོང་པ་རྣམས་ལ་མཁས་པའི་མངོན་པའི་ང་རྒྱལ་གྱིས། ངེས་དོན་གྱི་མདོ་རྒྱུད་ཟབ་མོ་རྣམས་ཀྱི་དོན་འགྲེལ་པ་དང༌། བཤད་པ་བྱེད་པ་སོ་སོ་སྐྱེ་བོའི་པཎྜི་ཏ་ལ་སོགས་པ་རྣམས་ཀྱི་རྗེས་སུ་འབྲང་བ་ཐམས་ཅད་ལ་ཕན་པའི་དོན་དུ་ལུང་བསྡུས་པ་འདི་ལྟ་སྟེ། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐེག་པ་མཆོག་གི་དོན་འགྲེལ་པར་མི་དབང་བ་རྣམས་ཀྱིས་འགྲེལ་པ་དང་རང་བཟོའི་བཤད་པ་ལ་སོགས་པ་བྱས་པའི་འཁྲུལ་བ་གསུངས་པ། ཇི་སྐད་དུ། མངོན་ཤེས་མེད་གང་དཔལ་ལྡན་རྡོ་རྗེ་ཐེག་པ་ལ་གནས་བསྟན་བཅོས་དུ་མ་ཡི། །རྣམ་རྟོག་ཆོས་ཀྱི་སྙིང་དང་མཁས་པ་ཉིད་ཀྱི་དྲེགས་ལྡན་རྒྱས་འགྲེལ་ཆེན་པོ་དག །བྱེད་པ་དེ་ནི་གླང་ཆེན་ལོང་བ་མྱོས་བཞིན་དགྲ་ཡི་རྒྱུད་ནི་རྒྱལ་བའི་སླད། །གང་གནས་དེ་ཡིས་རང་གི་རྒྱུད་ནི་ཉམས་བྱེད་འདི་ནི་རྟག་ཏུ་བདུད་ཀྱི་གཉེན། །མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་རྒྱལ་བདག་གསུངས་ནི་མི་ཤེས་ངང་ཚུལ་རྟག་ལོང་བས། །ཐེག་མཆོག་རྒྱས་འགྲེལ་བྱས་ཏེ་ལོང་བ་གཞན་དག་ལྷུང་དུ་བཅུག་ནས་དམྱལ་བར་རབ་འཇུག་པ། །འགྱོད་པ་དང་ནི་སྲོག་གཅོད་ལ་སོགས་མི་དགེའི་ལམ་ལ་བུད་མེད་བདེ་བས་སེམས་དྲངས་ཤིང༌། །དཔལ་ལྡན་ཤེས་རབ་བདེ་ཉམས་རྡོ་རྗེའི་ཚིག་བཅོམ་ཕྱི་ཡི་ལོངས་སྤྱོད་རྣམས་ཀྱིས་ཟིལ་མནན་པའོ། །ཞེས་དང༌། གང་དག་མངོན་ཤེས་ལྔ་མེད་དེ་དག་བདག་ཅག་རྒྱལ་དབང་ཡིན་ཞེས་བདེན་པ་མིན་པ་སྨྲ། །མ་འོངས་དུས་ན་རྟག་ཏུ་རྟོག་གེ་ལ་སོགས་བསྟན་བཅོས་ལ་གཏད་སྣ་ཚོགས་བློས། །སངས་རྒྱས་པ་ཡང་གཞན་གྱི་རྟོག་གེ་དང་ཕྲད་དབང་གིས་ལོག་པ་འབྱུང་འགྱུར་ཏེ། །རྟོག་གེ་ལ་གཏད་དེ་ཡིས་འདོད་པའི་ཡུལ་ལ་ལམ་ནི་སྟོན་པར་བྱེད་པ་གང༌། །དེ་རྣམས་ཉིད་ཀྱི་བློ་ངན་སྐྱོན་ནི་འཇོམས་བྱེད་རྒྱས་འགྲེལ་བདག་གིས་བྲི་བར་བྱ། །ཞེས་དང༌། འཕགས་པ་རྡོ་རྗེའི་སྙིང་པོའི་ཞལ་སྔ་ནས་ཀྱང༌། སྙིགས་མ་ལྔ་ཡི་དུས་འདི་རུ། །སློབ་དཔོན་གང་རྣམས་འབྱུང་འགྱུར་བ། །རྣལ་འབྱོར་སྤྱོད་པ་སྟོན་བྱེད་ཅིང༌། །ཡང་དག་ལམ་ལ་གནས་མིན་པ། །འགྲེལ་པ་མེད་པ་ཉུང་ངུའི་རྒྱུད། །སྟོན་པར་བྱེད་པ་ཚུལ་ངན་པ། །གཞན་གྱི་བུད་མེད་ནོར་འདོད་པས། །དམྱལ་བར་འགྲོ་བར་ཆེས་བརྩོན་པ། །མངོན་ཤེས་ལྔ་སོགས་མེད་པར་ནི། །ཁ་ཅིག་འགྲེལ་པ་བྱེད་པར་འགྱུར། །རྟོག་གེའི་བསྟན་བཅོས་ང་རྒྱལ་གྱིས། །རྣལ་འབྱོར་སྤྱོད་ལ་བརྙས་པར་བྱེད། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །འབད་པའི་དབང་གིས་བཟུང་ནས་སོ། །བདག་ནི་རྡོ་རྗེ་འཛིན་པ་ཞེས། །མི་འགའ་ མི་ལ་སྨྲ་བར་འགྱུར། །ཚུལ་ཁྲིམས་སྡོམ་པ་འཛིན་པ་ཡི། །དགེ་སློང་རྣམས་ལ་ཕྱག་མི་བྱེད། །ས་ལ་རྡོ་རྗེ་འཛིན་རང་ཉིད། །གོས་དཀར་ཅན་བདག་ཕྱག་འོས་ཟེར། །བསྟེན་བྱེད་ཚོང་པ་དམངས་རིགས་དང༌། །གང་རྣམས་ཞིང་བའི་ལས་ལ་དགའ། །རྨོངས་པ་དམ་ཆོས་འཚོང་བྱེད་པ། །བླང་བྱ་མ་ཡིན་ལོངས་སྤྱོད་པ། །བདུད་ཀྱི་རིས་གཏོགས་དེ་རྣམས་ནི། །སློབ་མ་རྣམས་ཀྱི་བླ་མར་འགྱུར། །ཞེས་དང༌། ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ཀྱི། །སྐལ་བ་བྲལ་བའི་བདག་ཉིད་ལ། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་ཀྱིས། །ཡིད་འོང་བདག་གིས་བསྟན་པ་ཡིན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་ཀྱིས། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །སྟོན་པར་བྱེད་པ་མ་འོངས་པའི། །སློབ་དཔོན་རྣམས་ནི་བདུད་ཀྱི་རིས། །ཞེས་དང༌། གང་ཞིག་འགྲེལ་པ་མེད་པར་ཉུང་རྒྱུད་ངེས་པར་བཏུས་ལ་གསང་ཚིག་སྟོན་བྱེད་པ། །དེ་ནི་ལོང་བ་ཆུ་ལ་སྦྲུལ་ཞུགས་ཡུན་རིང་ལོན་པའི་རྗེས་ལ་ལྟ་བ་བཞིན། །ཞེས་དང༌། བཅོམ་ལྡན་འདས་ཀྱིས་མཐའ་དྲུག་གིས་བསྐོར་འདུས་པ་ལ་སོགས་རྒྱུད་རྣམས་གང་གསུངས་པ། །བསྟན་བཅོས་མཁས་པའི་ང་རྒྱལ་གཅོད་བྱེད་དེ་ནི་རྟོག་གེས་རྟོགས་བྱ་ག་ལ་ཡིན། །ཞེས་དང༌། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། དེ་ལྟར་བསྡུས་པའི་རྒྱུད་ཐམས་ཅད་དུ་གསུངས་པའི་དོན་ནི། གཙོ་བོར་རྩ་བའི་རྒྱུད་དམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་རྒྱས་འགྲེལ་གྱིས་མཐའ་དྲུག་གི་དོན་འདི་ཐམས་ཅད་ཡུལ་གཞན་ལྷོ་དང་བྱང་དུ་སོང་སྟེ་ཤེས་པར་བྱའོ། །གཞན་དུ་མཁས་པ་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་ཀྱིས་བྱས་པའི་ རྒྱས་འགྲེལ་གྱིས་གསང་བའི་དོན་རྟོགས་པར་མི་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་སོ། །

རྒྱ་གར་གྱི་ཡུལ་དུ་སོ་སོ་སྐྱེ་བོའི་པཎྜི་ཏ་དང༌། རྡོ་རྗེ་སློབ་དཔོན་ལ་སོགས་པ་རྣམས་ཀྱིས་རང་བཟོ་དང༌། གཟུ་ལུམ་དང༌། བྱ་བ་མ་ཡིན་པ་བྱེད་པ་ལ་སོགས་པ་འབྱུང་བར་ལུང་བསྟན་པ་འདི་ལྟ་སྟེ། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། འཕགས་པའི་ཡུལ་འདིར་མ་འོངས་པའི་དུས་ན། རྡོ་རྗེ་སློབ་དཔོན་རྫས་ལ་བརྐམ་པ་དག་འབྱུང་བར་འགྱུར་ཏེ། ཕྱུག་པོའི་རྫས་ཀྱིས་མངཽན་པར་ཁེངས་པ་རྣམས་ཀྱི་ཁྱིམ་དུ་སོང་ནས་རྫས་ཀྱི་དོན་དུ་ཆོས་འཚོང་བ་བྱེད་པར་འགྱུར་བ་དང༌། རྫས་ལ་ཆགས་པས་སྐལ་བ་དང་མི་ལྡན་པ་རྣམས་ལ་འཇིག་རྟེན་ལས་འདས་པའི་དབང་སྟེར་བར་འགྱུར་བ་དང༌། དང་པོ་རྒྱལ་པོ་ལ་སོགས་པའི་མངག་གཞུག་པ་ཕྱི་ནས་བླ་མར་འགྱུར་བ་དང༌། རྫས་ཀྱི་དམན་པའི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་སྤངས་ཤིང༌། སེམས་ཅན་སྐལ་བ་དང་ལྡན་པར་གྱུར་པ་གཞན་རྣམས་ལ་འཇིག་རྟེན་ལས་འདས་པའི་དབང་མི་སྟེར་བར་འགྱུར་བ་དང༌། དེ་རྣམས་ལ་ཉོན་མོངས་པ་བསྐྱེད་པར་འགྱུར་བ་དང༌། རྫས་ཀྱི་དབང་གིས་གདུག་པའི་སེམས་ཅན་རྣམས་ལ་རྡོ་རྗེའི་ཚིག་རབ་ཏུ་གསལ་བར་བྱེད་པར་འགྱུར་བ་དང༌། གཞན་ཡང༌། རྡོ་རྗེའི་ཚིག་མི་ཤེས་པ་ཕན་ཚུན་རྩོད་པ་བྱེད་པར་འགྱུར་བ་དང༌། མཁས་པའི་མངོན་པར་ཁེངས་པས་རྒྱུད་ཀྱི་དོན་མི་ཤེས་པ་རྣམས་ཀྱང་རྒྱུད་ཀྱི་རྒྱས་འགྲེལ་བྱེད་པར་འགྱུར་བ་དང༌། བདུད་ཀྱི་རིས་རྣམས་སེམས་ཅན་རྣམས་ཀྱི་བླ་མར་གྱུར་ནས་རྡོ་རྗེའི་ཚིག་ཕྱིན་ཅི་ལོག་ཏུ་སྟོན་པར་འགྱུར་བ་དང༌། སངས་རྒྱས་ཀྱི་ཡེ་ཤེས་དབང་པོ་ གཉིས་ལས་སྐྱེས་པའི་བདེ་བར་བྱིས་པའི་བློ་ཅན་རྣམས་ལ་སྟོན་པར་འགྱུར་བ་དང༌། གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་པ་སྟེ། དེ་ཡང་དེ་བཞིན་ནོ་ཞེས་པའི་སྒྲས་རྒྱུ་དང་འབྲས་བུ་དབྱེ་བ་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་གསུམ་པའི་ཡེ་ཤེས་སངས་རྒྱས་ཀྱི་ཡེ་ཤེས་སུ་སྨྲ་བར་འགྱུར་བ་དང༌། འཕགས་པའི་ཡུལ་གང་དུ་མཁས་པའི་མངོན་པར་ཁེངས་པས་གླེགས་བམ་མཐོང་ནས་དབང་བསྐུར་མེད་པར་རྡོ་རྗེ་ཐེག་པ་སྟོན་པ་པོ་བྱེད་པར་འགྱུར་བ་དེའི་ཕྱིར། དེ་ལྟར་མ་འོངས་པའི་དུས་ཀྱི་གདུག་པའི་སློབ་དཔོན་རྣམས་ཀྱི་འཇུག་པ་གཟིགས་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུད་དང་རྒྱུད་གཞན་ཐམས་ཅད་དུ། བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གསལ་པོར་མ་མཛད་དེ། ཞེས་གསུངས་སོ། །

སངས་རྒྱས་ཀྱི་ལུང་བསྟན་པ་གསང་བདག་ཕྱག་ན་རྡོ་རྗེས་བདེ་མཆོག་སྟོད་འགྲེལ་དུ་བཀོད་པ་ཡང༌། འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་འདིར་སྙིགས་མ་ལྔའི་དུས་སུ་འཛམ་བུའི་གླིང་པའི་མི་རྣམས་དང༌། ཁྱད་པར་དུ་འཕགས་པའི་ཡུལ་དུ་ཚེ་ཐུང་ཞིང་ཤེས་རབ་དམན་པ་འབྱུང་བར་འགྱུར་རོ། །རྡོ་རྗེ་སློབ་དཔོན་གང་ཡིན་པ་དེ་རྣམས་རྩ་བའི་ལྟུང་བ་ལ་འཇུག་པ་འབྱུང་བར་འགྱུར་རོ། །དགེ་སློང་རྣམས་མི་དགེ་བ་བཅུ་བྱེད་པ་འབྱུང་བར་འགྱུར་རོ། །ཁྱིམ་ན་གནས་པ་དཀོན་མཆོག་གསུམ་གྱི་རྫས་ཉེ་བར་ལོངས་སྤྱོད་པ་འབྱུང་བར་འགྱུར་རོ། །མཁས་པ་རྣམས་མ་ཐོས་པའི་རྒྱུད་འཆད་པ་འབྱུང་བར་འགྱུར་རོ། །མཁས་པའི་མངོན་པའི་ང་རྒྱལ་གྱིས་རྒྱུད་ལ་དཀའ་འགྲེལ་དང་རྒྱས་འགྲེལ་བྱེད་པ་འབྱུང་བར་འགྱུར་རོ། །རྒྱུད་ཀྱི་དོན་ཕྱིན་ཅི་ལོག་ཏུ་བསྟན་ནས་དམྱལ་བར་འགྲོ་བ་འབྱུང་བར་འགྱུར་རོ། །གང་ཞིག་སངས་རྒྱས་ལ་རྨོངས་པ་དེ་རྣམས་བླུན་པོའི་དད་པ་ཉིད་ཀྱིས་ཁྱིམ་ན་གནས་པའི་སློབ་དཔོན་རྣམས་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། །ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན་པ་རྣམས་སུན་འབྱིན་པ་འབྱུང་བར་འགྱུར་རོ། །སློབ་མ་གང་ཡིན་པ་དེ་རྣམས་བླ་མ་དམ་པའི་སྐྱོན་ཚོལ་བ་འབྱུང་བར་འགྱུར་རོ། །བླ་མ་དམ་པ་མ་ཡིན་པ་བཟའ་བ་དང་གཉིས་སུ་མེད་པ་རྣམས་ལ་བསྟོད་པ་དང་མཆོད་པ་བྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་གསུངས་ལས་བླ་མ་མཉེས་པར་བྱ་བར་གསུངས་པ་མི་བྱེད་པར་འགྱུར་རོ། །ཆོས་སྟོན་པ་པོ་རྣམས་མི་དགེ་བ་བཅུ་ལ་རབ་ཏུ་འཇུག་པ་འབྱུང་བར་འགྱུར་རོ། །སྒྲུབ་པ་པོ་རྣམས་ཕྱི་རོལ་གྱི་བཟའ་བ་དང་བཏུང་བ་ལོངས་སྤྱོད་པ་ཆགས་པ་འབྱུང་བར་འགྱུར་རོ། །བུད་མེད་ཀྱི་འགྲོ་བ་རྣམས་འདོད་པ་ལ་ཤིན་ཏུ་བརྐམ་པ་འབྱུང་བར་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ཐམས་ཅད་ལས་བསྡུས་པའི་རྒྱུད་བསྟན་ཏོ། །དེ་ཡང་རྡོ་རྗེའི་ཚིག་མང་བ་ཉིད་ཀྱི་ཕྱིར་ཐར་པ་དོན་དུ་གཉེར་བའི་མཁས་པ་ཉིད་ཀྱི་བླ་མ་དམ་པས་ཉེ་བར་བསྟན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་རྒྱས་འགྲེལ་དང༌། རྒྱུད་ནི་རྒྱུད་གཞན་དུ་གསུངས་པས་ཤེས་པར་བྱའོ། །ཞེས་པའོ། །ཞེས་གསུངས་སོ། །དེའི་ཕྱིར། པཎྜི་ཏ་ཡིན་ཚད་དང༌། རྒྱས་འགྲེལ་ཡིན་ཚད་དང༌། རྒྱ་དཔེ་ན་ཡོད་ཚད་ལ་ཚང་མར་བྱེད་ཅིང་དཔང་དུ་བྱེད་པ་རྣམས། སངས་རྒྱས་བྱང་ཆུབ་སེམས་དཔའི་གསུངས་འདི་རྣམས་དང་འགྲིག་གམ་གཟིགས་པར་ཞུ།

དེས་ན་སྐྱོན་དང་ཡོན་ཏན་ལེགས་པར་བརྟགས་ནས་ཡོན་ཏན་ལ་གུས་ཤིང་སྐྱོན་བསལ་དགོས་ཀྱི། བླུན་པོའི་དད་པ་ལྷག་པོ་ཤིན་ཏུ་གོལ་བའི་རྒྱུ་ཡིན་ཏེ། དེ་སྐད་དུ། དྲི་མེད་འོད་ལས། མཁས་རྣམས་ཡོན་ཏན་ལ་གུས་ཏེ། །སངས་རྒྱས་དབང་ཕྱུག་སོགས་ལ་མིན། །ཡོན་ཏན་མེད་ལ་གུས་པ་གང༌། །དེ་བླུན་མི་དགེའི་ལས་ལས་སྐྱེས། །ཞེས་སོ། །དེ་ནས་བླ་མ་ཡང་ལེགས་པར་བརྟགས་ཤིང་སྔར་འབྲེལ་བ་ཡོད་རུང་མེད་རུང་དད་པ་ལྷག་པོ་མི་བྱ་སྟེ། ཇི་སྐད་དུ། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། སངས་རྒྱས་ཉིད་ཀྱི་སླད་དུ་བླ་མ་ཡང་ཡོངས་སུ་བརྟགས་ནས་མི་བསྟེན་ཏེ་རྨོངས་པ་ཆེན་པོ་ཆགས་པས་ཟིལ་གྱིས་མནན་པར་གྱུར་པ། ཞེས་དང༌། དེ་ལྟར་གདུག་པའི་སློབ་དཔོན་གྱི་ཚིག་ཚད་མར་བྱས་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་བྱེད་དོ། །ཞེས་སོ། །

བཤང་གཅི་ལ་སོགས་པའི་མི་གཙང་བ་རྣམས་དང༌། ཀུན་གཞི་རྣམ་ཤེས་ལ་སོགས་དང་ཉོན་མོངས་དང་མི་དགེ་བ་རྣམས་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པར་སྨྲ་བ་ལ་ཡང༌། འཇིག་རྟེན་དབང་ཕྱུག་གིས་བཀའ་བཀྱོན་མཛད་པ་འདི་ལྟ་སྟེ། འདིར་གལ་ཏེ་གདུག་པ་ཆེན་པོ་ཕ་རོལ་བསླུ་བར་བྱེད་པ་ཐམས་ཅད་མཁྱེན་པའི་བསྟན་པ་ལ་ཅོ་འདྲི་བ་དམ་ཚིག་ཆེན་པོ་འདྲལ་བར་བྱེད་པ་མནར་མེད་པའི་དམྱལ་བར་འགྲོ་བ་མ་དག་པའི་སེམས་དང་ལྡན་པ་རྣམས་ཀྱི་སེམས་རྣམ་པར་དག་པ་ཡིན་ན་དེའི་ཚེ་དེ་རྣམས་རྣལ་འབྱོར་པའི་བྱ་བ་ཅིའི་ཕྱིར་མི་བྱེད། ཅེས་གསུངས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ལ་སྡང་ཞིང་འཕགས་པའི་གང་ཟག་དང་ཆོས་ ལ་སྐྱོན་བརྗོད་པ་རྣམས་ཀྱི་སྤྱོད་པ་དང་འགྲོ་ས། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གིས་ལུང་བསྟན་པ་འདི་ལྟ་སྟེ། གདུག་པའི་སློབ་དཔོན་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱི་རོལ་ཏུ་གྱུར་པ་ཡུལ་ལ་དབང་པོ་ཉེ་བར་ལོངས་སྤྱོད་པ་ལ་ཆགས་ཤིང་བརྫུན་དུ་སྨྲ་བ་རྣམས་མ་མཐོང་བའི་སྐྱོན་བཟུང་བ་ལས་མནར་མེད་པར་འགྲོ་བར་འགྱུར་རོ། །ཞེས་གསུངས་སོ། །

བཀའ་བར་པའི་མཐར་ཐུག་གི་དགོངས་པ་ཟབ་མོ་ཅིར་ཡང་མ་གྲུབ་ཙམ་གྱི་མེད་དགག་ཏུ་སྟོན་པའི་པཎྜི་ཏ་ལ་སོགས་པའི་བླ་མ་རྣམས་འབྱུང་བར། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གིས་ལུང་བསྟན་པ་འདི་ལྟ་སྟེ། བླ་མ་དམ་པའི་མན་ངག་དང་བྲལ་ཞིང་ཆད་པ་ཆེན་པོར་ལྷུང་བར་འགྱུར་བའི་གདུག་པའི་བླ་མ་རྣམས་ཀྱིས་བྱིས་པའི་བློ་ཅན་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཡོངས་སུ་བརྟག་པ་མི་བྱེད་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་འགྱུར། ཞེས་དང༌། དེ་ལྟར་རབ་ཏུ་མི་མཁས་པ་བསམ་པ་མེད་པ་ཡེ་ཤེས་སུ་འདོད་པ་ཆགས་པ་ཆེན་པོར་ལྷུང་བ་འགའ་ཞིག་སྨྲ་བར་འགྱུར་ཏེ། ཞེས་གསུངས་སོ། །དེས་ན་རྟག་ཆད་གཉིས་ལས་གྲོལ་བའི་གནས་ལུགས་དེ་ཁོ་ན་ཉིད་ནི་དོན་དམ་པའི་ཡེ་ཤེས་ཆོས་ཉིད་དེ་བཞིན་ཉིད་ཡིན་ཞིང་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མཚན་ཡང་དག་པར་བརྗོད་པས་བསྟན་པ་ཇི་སྙེད་པ་སྟེ། དེ་མ་ཤེས་ན་ཐེག་པ་ཐམས་ཅད་ཀྱི་ངེས་དོན་མཐར་ཐུག་དང་སྔགས་ཀྱི་ཐེག་པ་མི་ཤེས་སོ། །ཇི་སྐད་དུ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས། མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །ཞེས་སོ། །དེས་ན་མཚན་ཡང་དག་པར་བརྗོད་པའི་དོན་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མ་ཤེས་ན་ཐེག་པ་ཐམས་ཅད་ཀྱི་ངེས་པའི་དོན་གྱི་སྙིང་པོ་མི་ཤེས་ལ། དེ་མ་ཤེས་ན་སློབ་དཔོན་དང་སློབ་མ་གཉིས་ཀ་སངས་རྒྱས་ཀྱི་ལམ་ལ་ཉམས་པར་འགྱུར་བས། མཁས་པར་རློམ་ཡང་དེ་ལྟར་བས་ཤིང༌། མདོ་སྔགས་བསྲེས་པའི་བཤད་པ་ཡང་མི་ཤེས་སོ། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་འདི་རྣམས་ཀྱི་མཆོག་ཏུ་མི་འགྱུར་བའི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ནི་མཚན་ཡང་དག་པར་བརྗོད་པ་ལས་དེ་བཞིན་གཤེགས་པས་བསྟན་ཏོ། །

འདིའི་དོན་མི་ཤེས་པ་བླ་མ་དམ་པ་མ་ཡིན་པ་ཉམས་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཉམས་པ་རྣམས་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་ཏེ། རྣམ་པར་ཉམས་པ་དེ་རྣམས་ཀྱིས་སེམས་ཅན་རྣམས་ཉམས་པར་བྱེད་དོ། །ཞེས་གསུངས་སོ། །མཚན་ཡང་དག་པར་བརྗོད་པའི་དོན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་དོན་དམ་རྟག་པ་ཆོས་ཀྱི་དབྱིངས་འདི་ཤེས་ན་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་ངེས་པའི་དོན་གཅིག་ཏུ་ཤེས་པ་དེའི་ཕྱིར། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པའི་ཚིགས་སུ་བཅད་པའི་དོན་ཡང་ལེགས་པར་བཤད་པ་ཡིན་ནོ། །ཆོས་བཞིས་ཁྱད་པར་དུ་བྱས་པ་ནི། དོན་གསལ་བར་སྟོན་པས་མ་རྨོངས་པ་དང༌། བྱེད་པ་བཅིངས་པའི་སྦྱོར་བ་སོགས་ཐབས་མང་བ་དང༌། མཚམས་མེད་པ་བྱས་པ་ཡང་ཚེ་འདི་ཉིད་ལ་འདོད་པའི་དོན་གྲུབ་པས་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པའི་དཀའ་བ་མེད་པ་དང༌། སྐལ་བ་དང་ལྡན་པའི་གང་ཟག་དབང་པོ་རྣོན་པོ་སྟེ། ཆོས་བཞི་པོ་དེ་རྣམས་ཀྱི་དབང་དུ་བྱས་པས་སྔགས་ཀྱི་ཐེག་པ་ཁྱད་པར་དུ་གྱུར་ཏོ། །གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན་ནི་གཅིག་ཡིན་པའི་ཕྱིར། དེའི་སྒོ་ནས་ནི་ཁྱད་པར་དུ་བྱར་མེད་དོ། །ཞེས་པ་འདི་ཡིན་ནོ། །དེའི་ཕྱིར་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་པོ་འདིས་ནི། ཐེག་པ་ཐམས་ཅད་ཀྱི་ངཻས་པའི་དོན་བདེ་གཤེགས་སྙིང་པོ་ནམ་མཁའ་ལྟར་དངོས་པོ་ཀུན་ལ་ཁྱབ་པའི་ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས་དམ་པ་ཟད་མི་ཤེས་པའི་དཀྱིལ་འཁོར་ཆེན་པོ་ཡངས་པ་ཆེ་བ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཉིས་སུ་མེད་པའི་ཡེ་ཤེས་ཀུན་རྫོབ་ཐམས་ཅད་ཀྱི་གཞི་དང་རྟེན་དང་གནས་སུ་གྱུར་པ་ཆོས་ཉིད་དེ་བཞིན་ཉིད་དོན་དམ་པའི་ཆོས་ཁོ་ན་གསུངས་པ་ཡིན་གྱི། བསྐྱེད་རིམ་ལ་སོགས་པ་ཀུན་རྫོབ་ཀྱི་ཆོས་ནི་རྡུལ་ཙམ་ཡང་མ་འདྲེས་སོ། །བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་ཞལ་སྔ་ནས། ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་པོ་འདི་རྣམས་ཀྱིས་ཐེག་པ་ཐམས་ཅད་ལས་ཕྱུང་ནས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྙིང་པོ་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཀུན་ནས་སྣང་བར་བྱེད་པ། རྣམ་པར་དག་པའི་ཡེ་ཤེས་ཀྱི་ཚོགས་བསགས་པ་ཟབ་ཅིང་རྒྱ་ཆེ་བའི་གཟུགས་འཆང་བ། རང་བཞིན་གྱི་འོད་གསལ་བ་ཐོག་མ་དང་ཐ་མ་མེད་པ་བདག་དང་བདག་གི་བའི་བཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བ་དུས་ཐམས་ཅད་པ་ཀུན་ནས་ཉོན་མོངས་པ་མེད་པ། ཆོས་ཐམས་ཅད་ཀྱི་རང་བཞིན་མཁྱེན་པ་འཁོར་བའི་བག་ཆགས་ལས་རྣམ་པར་གྲོལ་བ་འགྲོ་བ་དང་འོང་བ་དང་བྲལ་བ་སྤྲཽས་པ་མེད་པའི་ངོ་བོ་རང་གི་ངང་གིས་འཇུག་ཅིང་འཕེལ་བའི་ཏིང་ངེ་འཛིན་དང༌། གཟུངས་སྣ་ཚོགས་པ་རྣམས་ཀྱི་རྟེན། བུམ་པ་བཟང་པོ་དང་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། ཐུབ་པ་ཆེན་པོ་རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པ། སེམས་ཅན་གྱི་ཕུང་པོ་ཆེན་པོ་མཆོག་ཏུ་ཞི་བར་མཛད་པ། སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་གཟུགས་བརྙན་ལྟ་བུ་སྒྲ་བརྙན་ལྟ་བུ་སྟེ། སྲིད་པ་གསུམ་གྱིས་མཆོད་པར་བྱ་བ་རྣལ་འབྱོར་པའི་ཡེ་ཤེས་རང་རིག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་འདི་ཉིད་ནི་རྣལ་འབྱོར་པས་དོར་བར་མི་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་གསུངས་སོ། །དབང་བཞི་པའི་དོན་ཡང་དེ་ཉིད་ཡིན་ཏེ། དེ་མ་རྟོགས་ན་དབང་ཐམས་ཅད་དོན་མེད་དོ། །བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་ཞལ་སྔ་ནས། དབང་བཞི་པ་མ་རྟོགས་ན་དབང་ཐམས་ཅད་དོན་མེད་པར་འགྱུར་རོ། །ཞེས་གསུངས་སོ། །དེས་ན་དབང་བཞི་པའི་དོན་མི་ཤེས་པའི་པཎྜི་ཏ་དང་བླ་མ་ལ་སོགས་པ་ལ་ཡིད་རྟོན་པ་ནི་བླུན་པོའི་དད་པ་ལྷག་པོ་ཡིན་པའི་ཕྱིར་དོར་བར་བྱའོ། །གང་གི་ཕྱིར་དེ་རྣམས་ཀྱིས་རྟོག་གེའི་ལམ་ནས་ཆོས་ཉྀད་ལ་ཁྲིད་པའི་ཕྱིར་རོ། །ཇི་སྐད་དུ། འཕགས་པ་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས། གང་གི་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། །ཐུབ་པའི་བསྟན་ལས་ཆེས་རིང་ཉམས་པར་བྱས་པ་ཡིན། །ཞེས་གསུངས་སོ། །དེས་ན་རྣམ་ཤེས་ནི་ལམ་བདེན་གྱི་མི་མཐུན་ཕྱོགས་ཡིན་ནོ། །དེའི་ཕྱིར་སངས་རྒྱས་དང་ས་བཅུའི་དབང་ཕྱུག་རྣམས་དང་རྒྱན་དྲུག་མཆོག་བརྒྱད་ལ་སོགས་པ་གང་ཟག་ཁྱད་འཕགས་སུ་དེ་བཞིན་གཤེགས་པས་ལུང་བསྟན་པ་རྣམས་ནི་ཚད་མར་གྱུར་ཅིང་དཔང་དུ་གྱུར་པ་ཡིད་ཆེས་ཀྱི་གནས་སུ་རུང་གི །དེ་མན་ཆད་ཀྱི་པཎྜི་ཏ་ལ་སོགས་པ་ཕལ་བ་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་རྣམས་ཀྱིས་ནི་རྟོག་དཔྱཽད་དང་བྲལ་བ་རྣམས་ངེས་པར་བསླུ་བའི་ཕྱིར་རོ། །གལ་ཏེ་པཎྜི་ཏ་ཆོས་ཀྱི་བཤེས་གཉེན་ལྟ་བུའི་མཁས་པ་རྣམས་ཀྱིས་བཀའ་བར་པ་དང་ཐ་མ་གཉིས་གོ་རིམ་དཀྲུག་པ་ལྟ་བུ་སངས་རྒྱས་ཀྱི་བཀའ་ཡང་བཅོས་ཐབས་དང༌། ཞུ་ཏུག་དང་དག་དར་དུ་མ་བྱས་ཤིང༌། དེ་བཞིན་གཤེགས་པ་ལ་ཡང་སྐྱོན་བཟུང་སྟེ། མི་འཐད་པའི་ཆ་དོར་ཞིང་ལེགས་པའི་ཆ་གང་ཡིན་པ་དེ་ཐར་པ་དོན་དུ་གཉེར་བ་རྣམས་ལ་འདོམས་པའི་ཕྱིར་སངས་རྒྱས་ལས་ཀྱང༌། མཁས་པ་དེ་རྣམས་ཚད་མར་རིགས་ཀྱི་སངས་རྒྱས་ལ་སོགས་པ་ས་བཅུ་པ་རྣམས་ནི་གཏིང་དཔག་དཀའ་བའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། དེ་ཉིད་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་འདུ་ཤེས་ཕྱིན་ཅི་ལོག་དང༌། སེམས་ཕྱིན་ཅི་ལོག་དང༌། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དེའི་ཕྱིར་དེ་ཉིད་ནི་ཤིན་ཏུ་མི་རུང་ངོ༌། །ཇི་སྐད་དུ། བཅོམ་ལྡན་འདས་བྱམས་པ་མགོན་པོའི་ཞལ་སྔ་ནས། གང་ཞིག་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ལ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་གཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ནི་དམ་ཆོས་ལ་ཡང་གནོད་པ་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། རྒྱལ་བ་མ་ཕམ་པ་འདི་ཡང་བརྫུན་གསུངས་པ་པོ་ཡིན་ནམ། མཁས་པ་རྣམས་ཀྱིས་དགོངས་པར་ཞུ།

དགོས་པ་མེད་པའི་ཕྱིར་དེ་ནི་མི་སྲིད་དེ། དཔལ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས། སྐྱོབ་པ་ཉིད་གཟུགས་ལམ་གསུང་བ། །འབྲས་མེད་ཕྱིར་ན་བརྫུན་མི་གསུང༌། །ཞེས་གསུངས་སོ། །རྒྱུ་དེས་ན་རང་གི་བློ་ཚོད་དང་བསྟུན་པའི་གཤག་རལ་བྱ་བར་རིགས་ཀྱི་ཐམས་ཅད་མཁྱེན་པ་ལ་ཡང་སྐྱོན་འཛིན་པ་ནི་ཧ་ཅང་ཐལ་ཏེ། འོག་མ་རྣམས་ཀྱིས་གོང་མ་རྣམས་ལ་མི་གནོད་ཅིང་གོང་མའི་བྱ་བ་ནི་འོག་མ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་ཞལ་སྔ་ནས། ལས་དང་པོ་པས་རྣལ་འབྱོར་པའི་བྱ་བ་མི་བྱའོ། །རྣལ་འབྱོར་པས་གྲུབ་པའི་བྱ་བ་མི་བྱའོ། །གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ། །ཞེས་གསུངས་སོ། །དེ་ལྟར་ན། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པའི་ལེགས་པར་བཤད་པ་དེའི་དོན་ཡང་གནས་སུ་ཕྱིན་པ་ཡིན་ནོ། །འདི་ཡང་རྫོགས་ལྡན་གྱི་ལུགས་ཏེ། གསུམ་ལྡན་མར་བཅད་ཀྱི་ལུགས་ལས་ཆེས་ཁྱད་པར་དུ་འཕགས་པའོ།། །།མངྒ་ལཾ། བྷ་ཝནྟུ།


previousསོ་སོ་སྐྱེ་བོའི་པཎྜི་ཏ་ལ་སོགས་པ་རྣམས་ཀྱི་འཁྲུལ་བ་ལུང་བསྟན་པ་ཞེས་བྱ་བ་བཞུགས་སོ། ། next