Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བའི་འཇའ་ས་བཞུགས།
   
   


 
previousབདེན་པ་གཉིས་ཀྱི་རྣམ་པར་དབྱེ་བའི་འཇའ་ས་བཞུགས། next

བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བའི་འཇའ་ས་བཞུགས།

[འཛམ་པར་ལས། ཆོས་དབྱིངས་བདེ་བ་ཆེན་པོའི་འཇའ་ས་ཟེར།]

ཨཱརྱ་ལོ་ཀེ་ཤྭ་ར་ཡ། མ་ཎི་དྷ་ར་ན་མོ། ཆོས་དབྱིངས་བདེ་བ་ཆེན་པོའི་ཤེ་མོང་ལ། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་རྒྱལ་པོ་ཆེན་པོ་ངེད་ཀྱི་ལུང༌། ཀུན་བཏགས་གཞན་དབང་གི་ཞིང་དང་མངའ་རིས་ལ་གཏོགས་ཤིང༌། ཆུ་བོ་ཆེན་པོ་བཞིས་བསྡུས་པའི་སྲིད་ལ་དབང་བའི་ཆིང་སང་རྣམས་ལ། ལས་ཀུན་གྱི་གཞི་ཀུན་གཞི་རྣམ་ཤེས་ཀྱི་རྒྱལ་བརྒྱུད་རྣམས་ལ། ཤེས་སྒྲིབ་ཀྱི་རྩ་བ་འཁོར་གསུམ་དུ་གཏོགས་པའི་བུ་མོ་མག་པ་རྣམས་ལ། དབང་པོ་ལྔ་ཡུལ་ལྔ་ལ་དབང་བྱེད་པའི་རྩ་བའི་མི་ཆེན་དང་ལས་ཁ་འཛིན་པ་རྣམས་ལ། འཕོ་བ་བཅུ་གཉིས་ཀྱི་རེས་པ་རྣམས་ལ། འཕོ་ཆུང་དྲུག་ཅུའི་དམག་དཔོན་རྣམས་ལ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དམག་མི་དང་གྲངས་ཅན་རྣམས་ལ། སྒོ་གསུམ་ལས་དགེ་སྡིག་གི་བརྟག་མགོ་དང་དམ་ཁ་འཛིན་པའི་དཔོན་ཆེན་རྣམས་ལ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བྱ་བ་ལ་བདེན་ཞེན་གྱི་རྒྱུ་འབྲས་འཛིན་པའི་དུ་དབེན་ཤྭ་རྣམས་ལ། ཀུན་བརྟགས་ཀྱི་དྲ་བས་ལས་ཐམས་ཅད་ལ་ཁ་འཇུག་པའི་དར་ཁ་ཆེ་རྣམས་ལ། རང་འདོད་ཞི་བདེ་དོན་གཉེར་གྱི་ཁྲི་དཔོན་དཔོན་རྣམས་ལ། གཟུང་འཛིན་གཉིས་ཀྱི་མཐའ་ལ་ངེས་པའི་བརྒྱ་དཔོན་རྣམས་ལ། རླུང་སེམས་འབྲལ་མེད་དུ་རྒྱུག་པའི་གསེར་ཡིག་པ་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ཀྱི་འཇའ་མོ་ཆེ་རྣམས་ལ། ཆགས་སྡང་རྨོངས་གསུམ་གྱི་ལས་ལ་ཞེན་པའི་བླ་བྲང་སོ་སོའི་ཉེ་གནས་རྣམས་ལ། ཐེག་པ་སྣ་ཚོགས་ཀྱི་འདོད་ལུགས་ཀྱི་གྲུབ་མཐའ་དུ་མ་ལ་ཁ་འཇུག་པའི་ལྷ་སྡེ་རྣམས་ལ། ཁམས་གསུམ་གྱི་ཁོངས་སུ་གཏོགས་པའི་རིགས་དྲུག་གི་མི་སྡེ་དང་མི་མང་རྣམས་ལ་སྒྲོག་པའི་འཇའ་ས། སྔར་ངེད་ཀྱི་གང་ཟག་དབང་པོ་རྣོ་འབྲིང་རྟུལ་གསུམ་ལ་དགོངས་ནས། འཁོར་ལོ་རིམ་པ་གསུམ་བསྐོར་ཏེ། འཁོར་ལོ་དང་པོ་ནི། གཞི་ཚུལ་ཁྲིམས་ལ་གནས་ནས། ལྟ་བ་གང་ཟག་གི་བདག་རྟག་གཅིག་རང་དབང་ཅན་ཀུན་རྫོབ་ཏུའང་མེད་པར་བསྟན། སྒོམ་པ་བདེན་བཞི་མི་རྟག་སོགས་བསྒོམ་པ་དང༌། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་བཟློག་ཏུ་བསྒོམ་པ་ལ་སོགས་རང་གི་གཞུང་ ལུགས་དང་མཐུན་པར་བསྐྱངས་པས། གནས་སྐབས་ཀྱི་འབྲས་བུ་ཉན་རང་དགྲ་བཅོམ་ཐོབ་པར་བསྟན་ ཅིང༌། འཁོར་ལོ་བར་པ་ནི། བརྗོད་བྱའི་གཙོ་བོ་ཤེར་ཕྱིན་ལ་བྱས་ཤིང༌། དེའི་རྒྱུ་ཕར་ཕྱིན་ལྔའི་ཉམས་ལེན་བྱེད་ཚུལ་ལ། མཐའ་དག་དཔྱིས་འབྱིན་གྱི་གཉེན་པོ་དང༌། ཕྱོགས་རེ་མགོ་ནོན་གྱི་གཉེན་པོ་གཉིས་སུ་བསྟན་ཅིང༌། ལྟ་བ་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱིས་སྟོང་པར་གཏན་ལ་ཕབ་ཅིང༌། སྒོམ་པ་བསོད་ནམས་ཚོགས་ཀྱིས་བསྡུས་པའི་སྦྱིན་པ། ཚུལ་ཁྲིམས། [བཟོད་པ། བརྩོན་འགྲུས།] བསམ་གཏན་བསྒོམ་ཚུལ་དུ་མ་ཞིག་དང༌། སྤྱོད་པ་བདག་གཞན་མཉམ་བརྗེས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་བསྟན་ནས། དེ་ལྟར་ཉམས་སུ་བླངས་ན་ཤེར་ཕྱིན་ཟབ་མོ་ལ་མཚམས་སྦྱོར་ཞེས་བཟླས་པ་ཡིན། དབང་པོ་ཡང་རབ་རྣམས་ལ་འཁོར་ལོ་ཐ་མ་དང༌། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་འཁོར་ལོ་བསྐོར་ཏེ། གྲུབ་མཐའ་འོག་མའི་ལྟ་བ་སྒོམ་པ་སྤྱོད་པ་རྣམས་ཐུན་མོང་དུ་བྱས་ནས། ཐུན་མོང་མ་ཡིན་པའི་ལྟ་སྒོམ་སྤྱོད་པ་ཉམས་སུ་བླངས་ནས། འབྲས་བུ་སྐུ་གཉིས་འཕྲིན་ལས་ལྷུན་གྱིས་གྲུབ་པ་དང་བཅས་པ་ཐོབ་པར་བསྟན་པ་ཡིན་ནའང༌། ཁྱེད་ཐེག་པ་འོག་མའི་གཞུང་ལུགས་པ་རྣམས་ཀྱིས། རང་རང་གི་གཞུང་ལུགས་དང་མཐུན་པའི་ལྟ་སྒོམ་སྤྱོད་གསུམ་ལ་ཉམས་ལེན་མི་བྱེད་པར། སྤྱོད་རྩིང་དང༌། ཚུལ་ཆོས་དང༌། ལོག་ཤེས་ཀྱི་སྤྲིན་གྱིས། ངེད་ཀྱི་བསྟན་པའི་ཉི་མ་སྒྲིབ་ཀྱིན་འདུག་ཟེར་བ་དང༌། འཁོར་ལོ་བར་པའི་གཞུང་ལུགས་ལ་ཞུགས་པའི་ཐོས་བསམ་སྒོམ་པ་བྱེད་པ་རྣམས་ཀྱང༌། ངེད་ཀྱི་གྲུབ་མཐའ་ཆེན་པོ་བཞི་ཐེག་པ་གསུམ་ལས་ཕྱེ་ན། ཤེས་བྱའི་བྱེ་བྲག་བསམ་གྱིས་མི་ཁྱབ་ཀྱང༌། བདེན་པ་བཞི། ངོ་བོ་ཉིད་གསུམ། བདེན་པ་གཉིས། ཕྱི་ནང་གཞན་གསུམ་ལ་སོགས་སུ་བསྡུས་ནས། སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱར་བསྟན། དེ་ལ་བདེན་པ་དང་པོ་གསུམ་ཀུན་རྫོབ་དང༌། འགོག་བདེན་དོན་དམ། ངོ་བོ་ཉིད་གསུམ་ལ་ཀུན་བཏགས་གཞན་དབང་གཉིས་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀུན་རྫོབ་དང༌། འགྱུར་བ་མེད་པའི་ཡོངས་གྲུབ་དོན་དམ་དུ་བསྟན་པ་ཡིན་ཅིང༌། བདེན་པ་གཉིས་ལའང་བདེན་ལུགས་གཉིས། སྣང་ལུགས་གཉིས། སྟོང་ལུགས་གཉིས་ལ་སོགས་པའི་འཁོར་ལོ་བར་པའི་རང་འགྲེལ་རྣམས་ལས། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ལ། སྤང་བྱ་སྒྲིབ་པའི་སྡེ། སྤོང་བྱེད་གཉེན་པོའི་སྡེ། ཐོབ་བྱ་འབྲས་བུའི་སྡེ་ལ་སོགས་པ་རྣམས་ལེགས་པར་ཕྱེ་ནས་བསྟན་ཅིང༌། གྲུབ་མཐའ་ཆེན་པོ་བཞི་ལའང༌། དོན་སྨྲ་བ་ལ་བྱེ་བྲག་པ་དང༌། མདོ་སྡེ་པ་གཉིས། སེམས་ཙམ་པ་ལ་རྣམ་བདེན་རྫུན་གཉིས། དབུ་མ་ལ་སྣང་བཅས་སྣང་མེད་གཉིས་ལ་སོགས་པ་ལེགས་པར་ཕྱེ་གསལ་བྱས་ནས་བསྟན་ཅིང༌། ཕྱི་ནང་གཞན་གསུམ་ལས། ཕྱི་ནང་ཀུན་རྫོབ་དང༌། གཞན་དོན་དམ་དུ་བསྟན་ཅིང༌། འཕགས་པ་བྱམས་མགོན། འཇམ་དབྱངས་ལ་སོགས་པའི་རྒྱལ་སྲས་རྣམས་ངེད་ཀྱི་དགོངས་པ་ལོན་ངེས་རྣམས་ཀྱིས་ཀྱང༌། དེ་དང་མཐུན་པའི་བཅོས་ཀྱི་བཅུ་ཧོ་ཕབ་ཏུ་ཟིན་ནའང༌། ཁྱེད་ཐོས་བསམ་གྱི་ཤེས་རབ་ལ་བསྒོམ་པའི་མིག་མ་ཕྱེད་པ་རྣམས་ཀྱིས། ཤེས་བྱ་ཐམས་ཅད་དངོས་པོ་དང་དངོས་མེད་གཉིས་སུ་ཁ་ཚོན་གཅོད། དངོས་པོ་ལ་དོན་དངོས་དང་ཤེས་དངོས་གཉིས་སུ་འདོད། དོན་དངོས་ཤེས་དངོས་ལ་གཅིག་དང་དུ་བྲལ་ལ་སོགས་པའི་རིག་པས་བརྟགས་ཤིང་དཔྱད་ན། ཅིར་ཡང་མ་གྲུབ་པའི་སྟོང་པ་ཆུ་ཤིང་བཞིན་དུ། སྙིང་པོ་མེད་པའི་རང་སྟོང་ལ། ཆོས་ཉིད་དང༌། ངོ་བོ་ཉིད་སྐུར་འདོད་པ་དང༌། སངས་རྒྱས་ལ་ཡེ་ཤེས་མེད་པ་ལ་སོགས་ངེད་ཀྱི་ལུང་དང་མི་མཐུན་པའི་ཆོས་བཤད་ཀྱིད་འདུག་ཟེར་བ་དང༌། ཁྱེད་སྒོམ་སྒྲུབ་པའི་རྟོགས་ལྡན་དུ་འདོད་པ་རྣམས་ཀྱང༌། ཐོས་བསམ་སྒོམ་གསུམ་རྣམ་དག་གི་སྒྲོ་འདོགས་མ་ཆོད་པས། སྡེ་སྣོད་གསུམ་གྱི་གནད་མ་ཁྲོལ། མཐའ་དྲུག་ཚུལ་བཞིའི་སྒོ་ལྕགས་མ་ཕྱེ། ཆོས་དམན་མཆོག་གི་ཤན་མ་ཕྱེད། བླང་དོར་གྱི་གནས་ལ་རྨོངས། མན་ངག་ཟབ་མོའི་ཁུངས་མ་ཆོད། ཉམས་མྱོང་གི་འཚང་མ་རིག་ཅིང༌། ངེས་ཤེས་ཀྱི་གཏིང་མ་ཚུགས་པར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་སུ་ཐག་བཅད། སེམས་གཞི་མེད་རྩ་བྲལ་སྟོང་སར་འདོད། དེའི་ངོ་བོ་བཙལ་ན་མ་རྙེད། བལྟས་ན་མ་མཐོང་བའི་དུས་གསུམ་རྟོག་པ་ཞི་བའི་ཐ་མལ་གྱི་ཤེས་པ་རྗེན་པ་འདི་རྟོགས་ན་སངས་རྒྱས། མ་རྟོགས་ན་འཁོར་བ། གསལ་སྟོང་འགྱུ་བ་གསུམ་སྐུ་གསུམ། གནས་འགྱུ་གཉིས་ལ་ཞི་ལྷག་ཟུང་འཇུག་གི་བསྒོམ་པ། དེ་མ་གཏོགས་པའི་ལྟ་སྒོམ་སྤྱོད་གསུམ་གཞི་ལམ་འབྲས་གསུམ་གང་ཡང་མེད། རྣམ་རྟོག་ལས་གཞན་པའི་སངས་རྒྱས་མི་འདོད། ཉོན་མོངས་མ་སྤངས་གནས་གསུམ་དག །དུག་ལྔའི་ངོ་བོ་ངོ་ཤེས་ན། ཡེ་ཤེས་ཀྱིས་རོལ་པ་ཡིན། མཉམ་རྗེས་གཉིས་མེད་ཡིན། འཁོར་འདས་དབྱེར་མེད་ཡིན། ཞེས་སོགས། ངེད་ཀྱི་ལུང་དང་འགལ་བའི་གང་ཟག་གི་འདོད་ལུགས་མང་པོ་ལ་བརྟེན་ནས། ལྟ་བ་ཆད་ལྟའི་རྫོང་ལ་ཞེན་ནས། སྒོམ་པ་བྱར་མེད་ཀྱི་ཚང་ལ་ཉལ། སྤྱོད་པ་བག་མེད་ཀྱི་ཐོ་ཅོ་བྱེད་ཅིང༌། དོན་ཡིན་ལུགས་ཀྱི་སངས་རྒྱས་ལ་སྐུར་བ་བཏབ་ནས། ལས་རྒྱུ་འབྲས་ཁྱད་དུ་བསད་དེ། རང་གཞན་མང་པོ་ངན་འགྲོའི་ལམ་ལ་ཁྲིད་ཀྱིན་འདུག་པས། འདི་དག་ལས་སྐྱོབས་པའི་སྐྱབས་དང༌། ཐུགས་རྗེས་གཟིགས་ཟེར་ནས། རྒྱུ་འབྲས་ཀྱི་གནད་དང་བདེ་སྡུག་གི་འཚང་རིག་ཅིང༌། འཁོར་བའི་ཆོས་ལ་ཐར་འདོད་ཀྱྀ་བསམ་པས་བསྐུལ་བའི་གསེར་ཡིག་པས། ངེད་ལ་ཞུ་བ་ནན་ཅན་བྱེད་ཀྱིད་འདུག་པའི། དོན་ལ་དེ་བཞིན་བདེན་ན། ངེད་ཀྱི་འཁོར་ལོ་ཐ་མའི་མདོ་རྒྱུད་ཀྱི་ལུང་རྣམས་དག་དང་ག་ལ་མཐུན། ད་ཡིན་ན་གདུལ་བྱ་དབང་པོ་རབ་འབྲིང་གསུམ་དུ་ཕྱེ་གསལ་བྱས་ལ། བཀའི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བའི་གསུང་རབ་རྣམས་དཔང་དུ་བཙུགས་ཏེ། གདུལ་བྱའི་རྒྱུད་ལ་བལྟོས་པའི་ཁྲིད་ལུགས་དང༌། ལག་ལེན་རྣམས་གོང་འོག་མ་འཛོལ་བའི་ཐད་ནས། རང་གི་བློའི་ནུས་པ་དང་བསྟུན་པའི་ཉམས་ལེན་དང༌། གཉེན་པོ་དང་བསྟུན་པའི་བསླབ་པ་བྱིན་ལ་མཐར་ཕྱིན་པར་གྱིས། ཁྱོད་ཐོས་བསམ་བྱེད་པ་རྣམས་ཀྱང༌། གསུམ་ལྡན་མར་བཅད་གྲུབ་མཐའ་ལྷད་ཅན་གྱི་གཞུང་ལུགས་ལ་ཞེན་ནས། རྫོགས་ལྡན་ཆོས་མཆོག་ཡང་དག་པ་རྣམས་ལ་ལོག་པར་བཟུང་སྟེ། ཆོས་སྤོང་གི་ལས་བསོག་བྱེད་ཅིང༌། ཐོས་ཆུང་མངོན་པའི་ང་རྒྱལ་དང༌། བླུན་པོ་དད་པའི་རྗེས་འབྲང་མ་བྱེད་པར། བཤེས་གཉེན་དམ་པ་མཁས་བཙུན་བཟང་གསུམ་བསྟེན་ནས། མདོ་རྒྱུད་བསྟན་བཅོས་མན་ངག་ཁུངས་མ་རྣམ་པར་དག་པ་རྣམས་ལ་ཐོས་བསམ་བྱས་ཏེ། ངེས་དོན་ཟབ་མོ་བསྒཽམ་པའི་ཉམས་མྱོང་དང་འབྲེལ་བའི་མིག་གིས་ལྟོས་ལ། བདེན་པ་གཉིས་ཆོས་དང་ཆོས་ཉིད། ལྟ་སྒོམ་སྤྱོད་པ་གཞི་ལམ་འབྲས་བུ་ལ་སོགས་ཀྱི་རྣམ་དབྱེ་དང༌། དྲང་དོན། ངེས་དོན། ཉེ་ལམ། རིང་ལམ། ཐེག་པ་གོང་འོག །དམན་མཆོག་གི་གོ་རིམ། སྤང་གཉེན་ཐོབ་གསུམ། དགག་དགོས་བླང་དོར་ལ་སོགས་པའི་ཚུལ་ལ་མཁས་པར་བྱེད་པ་གལ་ཆེ་ཞིང༌། ངེད་ཀྱི་མདོ་རྒྱུད་རྣམ་དག་དང༌། རིགས་གསུམ་མགོན་པོ་དང༌། བྱམས་པ་དང༌། ཀླུ་སྒྲུབ་ལ་སོགས་པའི་འཕགས་མཆོག་རྣམས་ཀྱི་བསྟན་བཅོས་ཀྱི་བཅོ་ཏོ་ལས། བདེན་གཉིས་དང༌། གཞི་ལམ་འབྲས་བུ། ཕྱི་ནང་གཞན་གསུམ་ལ་སོགས་པའི་རྣམ་དབྱེ་གསལ་བར་བསྟན་ཡོད་པས། རྫོགས་ལྡན་ཆོས་མཆོག་རྣམས་དང་མཐུན་པའི་ཐོས་བསམ་སྒོམ་པ་བྱེད་པ་གལ་ཆེ། དེ་ལྟར་མ་ཡིན་པར། གསུམ་ལྡན་མར་བཅད་གྲུབ་མཐའ་ལྷད་ཅན་གྱི་གཞུང་རྣམས་ལ་ཐོས་བསམ་བྱེད་པའི་རིགས། ངེས་དོན་ཟབ་མོའི་སྐལ་བ་མེད་པ་རྣམས་ཀུན་རྫོབ་བདེན་པ་མ་གཏོགས་པ། དོན་དམ་བདེན་པ་ལ་ཁ་མ་འཇུག ། གལ་ཏེ་མི་ཤེས་པའི་ལོག་བཤད་ཀྱིས། ཆོས་ཟབ་མོ་ལོག་པར་བཀྲལ་ན། ཆོས་སྤོང་གི་ལས་ཀྱི་ངན་སོང་དུ་སྐྱེས་པའི་དུས་མི་སྐྲག་པ་ཨེ་ཡིན། ཁྱེད་བསྒོམ་བསྒྲུབས་པ་རྣམས་ཀྱང༌། ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་གྱིས་ལ། ལྟ་སྒོམ་སྤྱོད་གསུམ་ལ་སོགས་པ་དམན་མཆོག་གི་གོ་རིམ་ཤན་ཕྱེ་ལ། མཉམ་བཞག་ཟབ་མོ་ལ་ཟློ་བའི་ཏིང་ངེ་འཛིན་ནི། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་འོད་གསལ་ཕྱག་རྒྱ་ཆེན་པོའི་སྒོམ་མ་ཡེངས་པར་རྒྱུན་དུ་བསྐྱངས་ནས། ཡེ་ཤེས་ཀྱི་ཚོགས་གསོག་པ་དང༌། རྗེས་ཐོབ་ཀྱི་དུས་སུ་འདི་ལྟར་སྣང་བའི་དངོས་པོ་ཐམས་ཅད་སྒྱུ་མ་རྨི་ལམ་དྲི་ཟའི་གྲོང་ཁྱེར་ལྟར་མི་རྟག་འཇིག་པའི་ཆོས་ཅན་དུ་ཤེས་པར་བྱས་ལ། ཀུན་རྫོབ་ཀྱི་སེམས་རང་སྟོང་འདི་དྲན་བསམ་གནས་འགྱུ་ཅི་བྱུང་ཡང་བློ་བྲལ་གསལ་སྟོང་རྗེན་པར་སྐྱོང་བའི་ཉམས་ལེན་ལ་སོགས་བསོད་ནམས་ཀྱི་ཚོགས་གསོག་པ་ལའང་འབད་དགོས་པ་ཡིན། མཉམ་བཞག་ལ་ཟློ་བའི་ཆོས་སྐད་དང༌། རྗེས་ཐོབ་ཤན་འབྱེད་ཀྱི་ཆོས་སྐད་མ་བསྲེ་བར། དུས་དང་བསྟུན་པའི་ཉམས་ལེན་བྱེད་པ་གལ་ཆེ། དེ་ལྟ་མ་ཡིན་པར། རང་དགེ་བ་མི་བསྒྲུབ་པའི་སྟེང་དུ། གཞན་ལུས་ངག་ཡིད་གསུམ་གྱི་དགེ་བ་བསྒྲུབ་པ་ཁྱད་དུ་བསད་ནས། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཟང་ཐལ་དུ་ཐག་བཅད་དེ། གསག་བྱའི་ལས་དང༌། གསོག་པ་པོའི་གང་ཟག་དང༌། ལས་བསགས་པའི་འབྲས་བུ་མ་གྲུབ་ཅེས། བློ་བྱས་སྟོང་བསྒོམ་གྱི་ཁ་ལྟ། ཟོག་པོ་བཅོས་མའི་ཐོ་ཅོ། ཆོས་བརྒྱད་འཁྲི་བ་མ་ཆོད་པའི་རྟོགས་ལྡན། རྒྱུ་འབྲས་ཁྱད་གསོད་ཀྱི་ཆོས་པ། སྣང་བཀག་མི་ཤེས་པའི་མཁས་པ། རང་འདོད་ཕུགས་སུ་བཅུག་པའི་འགྲོ་དོན་བྱེད་མི་མང་པོས། རྒྱལ་བའི་བསྟན་པ་ལྟར་སྣང་དུ་བཏང་ནས། མངོན་པའི་ང་རྒྱལ་བྱེད་ཅིང༌། ལྟ་སྒོམ་སྤྱོད་པ་རྣམ་དག་ལ་སྐུར་པ་བཏབ་ན། དེའི་རྣམ་པར་སྨིན་པས་མནར་མེད་ཀྱི་ཁྲིམས་རར་ཁྲིད་དེ། ཐར་མེད་ཀྱི་བཙོན་རར་བཅུག་ནས། བཟོད་ཐབས་མེད་པའི་རྩར་བྱུང་དུས། ངེད་ཆོས་ཀྱི་རྒྱལ་པོ་ལ་རེ་འཁང་མ་བྱེད་ཅེས་ནན་གྱིས་བསྒྲགས་པའོ། །

ཡང་གཏམ་གཅིག་ལ་ཁྱེད་འགའ་ཞིག །ཀུན་གཞི་རྣམ་ཤེས་བདེ་གཤེགས་སྙིང་པོ་དང་དོན་གཅིག་ཅེས་པ་དང༌། རྣམ་རྟོག་གི་ངོ་བོ་ཆོས་སྐུ་ཡིན་ཞེས་སོགས། ངེད་ཀྱི་དགོངས་པ་དང་མི་མཐུན་པའི་ལོག་བཤད་བྱེད་ཀྱིད་ཡོད་པར་འདུག །དེ་བཞིན་བདེན་ན། ནམ་མཁའ་དང་སྤྲིན་གཉིས་ངོ་བོ་གཅིག་པར་ཁས་བླངས་པ་དང་མི་འདྲ་བ་ཨེ་ཡིན། ངེད་སྲས་དང་བཅས་པའི་དགོངས་པ་ནི། བདེ་གཤེགས་སྙིང་པོ་གཙང་བདག་བདེ་དང་རྟག་པ་ལྷུན་གྱིས་གྲུབ་ཅིང༌། འདུས་མ་བྱས་པ་རང་བཞིན་རྣམ་དག་གི་དགེ་བ་འོད་གསལ་ཆེན་པོ་དེ་ནི། དབུལ་པོའི་ཁང་ཕུག་གི་གཏེར་དང༌། བུམ་ནང་གི་མར་མེ་དང༌། འདམ་ནང་གི་ཡིད་བཞིན་གྱི་ནོར་བུ་ལྟར། གློ་བུར་དྲི་མའི་སྦུབས་ན་ཡོན་ཏན་རང་བཞིན་གྱིས་ཚང་བ། འགྱུར་མེད་ཡོངས་གྲུབ་ཏུ་བཞུགས་པ་དེ་མཐར་ཐུག་ཐོབ་བྱ་ཡིན་པར་བཤད་པ་དང༌། ཀུན་གཞི་རྣམ་ཤེས་ཀྱི་ངོ་བོ་ལུང་མ་བསྟན་འདུས་བྱས་ཀྱི་དགེ་མི་དགེ་ཐམས་ཅད་ཀྱི་བག་ཆགས་འཛིན་པ། མཐར་སྤང་བྱ་ཡིན་ཞིང༌། གསེར་ལ་གཡོགས་པའི་ས་རྡོ། མར་མེ་ལ་གཡོགས་པའི་བུམ་པ། ནོར་བུ་ལ་གཡོགས་པའི་འདམ་ལྟ་བུ། གློ་བུར་དྲི་མ་དང་དོན་གཅིག་པར་ཡིན་པ་བསྟན་མོད། རྣམ་རྟོག་གི་ངོ་བོའང་ཆོས་སྐུའི་མི་མཐུན་ཕྱོགས་ཡིན་ཏེ། བཟང་རྟོག་ཐམས་ཅད་ཤེས་སྒྲིབ། ངན་རྟོག་ཐམས་ཅད་ཉོན་སྒྲིབ་ཡིན་པར་བསྟན་ལ། དེ་སྤོང་བྱེད་ཀྱི་གཉེན་པོའང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཡིན་ནོ། །ཞེས་པའི་ལུང་རྣམ་དག་མང་པོ་མདོ་རྒྱུད་དྲི་མ་མེད་པ་རྣམས་སུ་ཡང་ཡང་བསྒྲགས་ཀྱང་ཚུལ་དེ་དག་ལ་མི་མཁས་པའི་མི་མང་པོས། ཐོས་ཆུང་སྐྱོ་མ་སྔ་བཙན་བྱས་ནས། ཀུན་གཞི་བདེ་གཤེགས་སྙིང་པོ་ལ། སྒྲོ་བསྐུར་གྱི་མྱོས་པས་རྩོད་ཀྱིན་ཡོད་པར་འདུག་ནའང༌། ད་ཕྱིན་ཆད་ལྟ་བ་ངན་པའི་ལམ་དང་བླུན་པོའི་བྱ་བ་ལས་སླར་ལྡོག་ལ། བདེ་གཤེགས་སྙིང་པོ་ཀུན་གཞི་ཡེ་ཤེས་གཟོད་ནས་རྣམ་གྲོལ་ཆོས་ཀྱྀ་སྐུའི་ངོ་བོ་ལ་སྐྱོན་བསལ་དགོས་མེད་ཅིང༌། ཡོན་ཏན་རང་བཞིན་གྱིས་ཚང་བ་དེ་ཐོབ་པར་བྱ་རྒྱུ་ཡིན་ཞེས་པ་དང༌། ཀུན་གཞི་རྣམ་ཤེས་བག་ཆགས་ཐམས་ཅད་ཀྱི་རྟེན་སྒྲིབ་པ་ཀུན་གྱི་རྩ་བ་ཡིན་ཅིང༌། སེམས་ལའང་ཁམས་གསུམ་གྱིས་བསྡུས་པའི་རྣམ་ཤེས་ཚོགས་བརྒྱད། འཁོར་སེམས་བྱུང་ལྔ་བཅུ་རྩ་གཅིག་དང་བཅས་པ་ཐམས་ཅད་སྤང་བར་བྱ་བའི་དྲི་མ་ཡིན། ཞེས་པའི་ཕྱེ་གསལ་ལེགས་པར་གྱིས་ལ། ཡང་དག་པའི་ལམ་ཚོགས་གཉིས་ཀྱི་ལས་ཀ་བཟང་པོ་བྱེད་ལ། ཚོགས་གཉིས་རྒྱ་ཆེན་པོ་གསོག་པའི་མི་སྡེ་མང་པོའི་སྟེང་དུ། ངན་སོང་དང་འཁོར་བའི་སྡུག་བསྔལ་ལས་ཐར་པའི་ཞིང་བྱིན་ལ། ལྷུན་གྲུབ་འདུས་མ་བྱས་པའི་ཆོས་ཀྱི་རྒྱལ་པོ་དང་མྱུར་དུ་མཇལ་བའི་སྨོན་ལམ་བཟང་པོ་འདེབས་སུ་ཆུག །དེ་ལྟ་མ་ཡིན་པར་བདུད་དང་ནག་པོའི་ཕྱོགས་འཛིན་འགའ་ཡིས། བླ་མ་དང་གྲུབ་ཐོབ་བཟང་པོའི་ཚུལ་བཟུང་ནས། ཆོས་ལོག་པ་ལ་ཡང་དག་ཏུ་མིང་བཏགས་ནས། སེམས་ཅན་མང་པོ་ལོག་པའི་ལམ་དུ་ཁྲིད་པ་བྱུང་ན། ཁྱེད་སྡེ་སྣོད་གསུམ་དང། རྒྱུད་སྡེ་བཞི་ལ་དབང་བའི་མི་ཆེན་དང་ཁྲིམས་བདག་རྣམས་ཀྱིས། བྱམས་སྙིང་རྗེའི་ལག་གིས་བཟུང་ལ། ཐབས་ཤེས་ཀྱི་ཨན་ལྕགས་ཆུག །ལུང་རིགས་རྣམ་དག་གི་དབྱུག་པ་གྲངས་མེད་དུ་རྒྱོབ། སྒོམ་གྲོགས་བཟང་པོའི་དྲི་བ་ཡང་ཡང་གྱིས་ལ། ཆོས་ངན་པའི་བྱ་བ་ལས་སླར་ལོག་ཏུ་ཆུག་ལ། གྲུབ་མཐའ་བཟང་པོའི་ལས་ཁ་བྱིན། ཁྱོད་གྲུབ་མཐའ་གོང་འོག་ལ་གནས་པའི་ཆོས་དཔོན་ཀུན་གྱིས་ཀྱང༌། རང་རིག་གཞུང་ལུགས་དང་མཐུན་པའི་བྱ་བ་ལ། ཆོས་མིན་གྱི་ལྷད་མ་གཞུག་པར། དབུ་མ་ཆེན་པོའི་ལྟ་བ་ལ་འཇུག་པའི་ཐབས་དང་རྟེན་འབྲེལ་བསྒྲིགས་ལ། ངེད་ཀྱི་གསུང་རབ་རྣམ་དག་དང་མཐུན་པར་གྱིས། སྡོམ་གསུམ་རྣམ་དག་གི་དགོན་པར། ཐོས་བསམ་སྒོམ་གསུམ་གྱི་ཡོ་ལང་སྐྱོང་བ་ལ། བག་མེད་སྒྱིད་སྐྱུར་གྱི་སྒོ་ཉལ་དང་འཚེར་མ་འབེབས། བྱམས་དང་སྙིང་རྗེའི་གཞིས་ཁར། དད་མེད་དྲེད་པོའི་རྡོ་ཐགས་ཆང་བཅོལ་མ་གཏོད། དལ་འབྱོར་གྱི་ས་ཞིང་བཟང་པོ་ལ་ཚོགས་གཉིས་རྣམ་དཀར་གྱི་བསོད་ནམས་བྱེད་པ་ལ། དད་བརྩོན་གྱི་ཁལ་བོད་དང་ལག་ཆ་གཏེང་པར་མ་ཁྱེར། མཉམ་བཞག་ཟབ་མོའི་གྲོང་དུ། ཞི་ལྷག་ཟུང་འཇུག་གི་མི་སྡེ་སྡོད་པ་ལ། རྣམ་རྟོག་བྱིང་རྒོད་ཀྱི་ཟ་མ་འུ་ལག་མ་འདེད། མོས་གུས་དག་སྣང་གི་ཁང་པར། ལོག་ལྟ་ཕྲག་དོག་གི་རྩྭ་ཤིང་མ་བསྐུལ་བར་ཆོས་སྤྱོད་བཅུའི་བྱ་བ་ལ་བརྩོན་པས། ལས་དགེ་སྡིག་དང་རྒྱུ་འབྲས་ལ་ཡིད་ཆེས་འཛིན་དུ་ཆུག །ཚད་མེད་བཞིའི་ལམ་འཕྲང་ལ་བསྡུ་བ་རྣམ་བཞིའི་འགྲོན་པོ་འགྲིམ་པ་ལ། ཁོང་ཁྲོ་དང་སེར་སྣའི་ཇག་པ་མ་རྒྱུག །བདག་གཞན་མཉམ་བརྗེའི་ཚོང་འདུས་སུ་སྨོན་འཇུག་བྱང་སེམས་ཀྱི་ཁེ་ཚོང་བྱེད་པ་ལ། གནོད་འཚེ་དང་རང་འདོད་ཀྱི་ཤོ་དམ་ཁ་མ་ལེན། མཁས་བཙུན་བཟང་གསུམ་འཛོམ་པའི་བཤེས་གཉེན་ལ། ཐོས་བསམ་སྒོམ་གསུམ་གྱི་སྒྲོ་འདོགས་བཅད་ནས། ཚོགས་གསུམ་ཕན་བདེའི་འབྱུང་གནས་སྤྱོད་པ་བཟང་པོས། སྐུ་གསུམ་ལྷུན་གྲུབ་ཀྱི་སངས་རྒྱས་བསྒྲུབས་ནས། སྲིད་གསུམ་འགྲོ་བའི་དོན་དུ་འདྲེན་པ་བྱེད་མི་ལ། ངན་གཡོ་ཐེ་ཚོམ་གྱི་སྒྲོ་སྐུར་བྱེད་མི་བྱུང་ན། འཇིག་རྟེན་ཆོས་བརྒྱད་ཀྱི་མགོ་བོ་ཆོད། དོན་དམ་ཆོས་དབྱིངས་ཀྱི་ལྟ་བ་རྣམ་དག་ལ། རྟག་ཆད་གོ་ལོག་གི་སྨྱོ་གཏམ་བྱུང་ན། ལོག་རྟོག་ཐེ་ཚོམ་བྱེད་པའི་མི་དེ། ཐབས་མཁས་དང་ཐུགས་རྗེས་བཟུང་ལ། ཡང་དག་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ཨན་ལྕགས་ཆུག་ལ། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ལ་ཡིད་ཆེས་འཛིན་དུ་ཆུག །དེ་ལྟར་མ་བྱས་པར། མི་ལུས་རིན་པོ་ཆེ་དོན་ཆུང་དང༌། སྡིག་ལྟ་ཁམ་པོ་ཆེའི་བྱ་བས། ངན་སོང་དུ་སྐྱེ་བའི་ལས་བསགས། སྐྱེ་རྒ་ན་འཆིའི་འཇའ་མོ་ཆེ་འགྲིམས་ཏེ། འཁོར་བ་མཐའ་མེད་ཀྱི་གན་ལ་རྒྱབ་ནས། ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་དུས། ངེད་ཆོས་ཀྱི་རྒྱལ་པོ་ལ་རེ་འཁང་མ་བྱེད། ཅེས་བཟླས་ནས་འཆང་རྒྱུའི་འཇའ་ས་བྱེད་པ་ཡིན།

འཇའ་ས་ཚོགས་གཉིས་བསགས་པའི་ལོ། །མི་འགྱུར་ལྷུན་གྲུབ་ཟླ་བ་ཡི། །གཙང་བདག་བདེ་ཆེན་ཚེས་ལ་བྲིས། །ཕན་བདེས་ཕྱོགས་དུས་ཀུན་ཁྱབ་ཤོག ། ངེས་དོན་བསྟན་པའི་རྒྱལ་མཚན་རྒྱས་པར་ཤོག། །།མངྒ་ལཾ། བྷ་ཝནྟུ། ཞུས་དག །


previousབདེན་པ་གཉིས་ཀྱི་རྣམ་པར་དབྱེ་བའི་འཇའ་ས་བཞུགས། next