Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤ་ཆང་བཀག་པའི་ལུང་འདྲེན་རྣམས་བཞུགས་སོ། །
   


 
previousཤ་ཆང་བཀག་པའི་ལུང་འདྲེན་རྣམས་བཞུགས་སོ། ། next

ཤ་ཆང་བཀག་པའི་ལུང་འདྲེན་རྣམས་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དཔལ་ལྡན་བླ་མ་དམ་པ་དང་དབྱེར་མེད་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་བརྩེ་བ་ཆེན་པོས། དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ།

ཚོགས་གཉིས་ཟུང་འཇུག་རླབས་ཆེན་གྱི། །སྒྲིབ་གཉིས་བག་ཆགས་ཀུན་སྤངས་ཤིང༌། །མཁྱེན་གཉིས་ཡོན་ཏན་ཚད་མེད་པའི། །ཐུབ་དབང་སྲས་དང་བཅས་ལ་འདུད། །དེ་ཡིས་ལེགས་པར་གསུངས་པའི་བཀའ། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལས། །ཚུལ་བཞིན་ཉམས་སུ་ལེན་དོན་དང༌། །དམ་ཚིག་རྣམ་པར་དག་བྱའི་ཕྱིར། །བསྲུང་བྱའི་རིམ་པ་འགའ་ཞིག་དག །ཇི་ལྟར་ནུས་བཞིན་འདིར་བརྗོད་བྱ། །

དེ་ལ་འདིར་ཐེག་པ་ཆེན་པོའི་དམ་ཚིག་གི་རྣམ་བཞག་རྒྱ་ཆེན་པོ་གསུངས་པ་ལས། བློ་དམན་པ་འགའ་ཞིག་ལ་ཕན་པ་དང༌། རང་ཉིད་ཀྱིའང་དྲན་པ་གསོ་བར་བྱ་བའི་ཕྱིར། དམ་ཚིག་གི་རྣམ་བཞག་འཐོར་བུ་པ་འགའ་ཞིག་བཤད་པར་བྱ་བ་ལ།

དོན་གཉིས་ཏེ། ཐོག་མར་ཉེས་བྱེད་ཆང་གི་རྣམ་བཞག་རྒྱ་ཆེར་བཤད་པ་དང༌། སེམས་ཅན་རྣམས་ཀྱི་སྲོག་དབུགས་ལ་རྔམ་པར་བྱེད་པའི་རྒྱུ་ཤའི་ཉེས་དམིགས་དང་རྣམ་བཤད་གཉིས་སོ། །

དང་པོ་ལ་གསུམ་སྟེ། ཕྱི་ཉན་ཐོས་ཀྱི། གསང་བ་བྱང་སེམས་ཀྱི། ནང་གསང་སྔགས་ཀྱི་བསླབ་པ་དང་འགལ་ཚུལ་ལོ། །

དེ་ལ་དང་པོ་ནི། དགེ་བསྙེན་གྱི་བསླབ་བྱ་ལ་ཞུགས་པ་ཙམ་ནས། འབྲས་དང་ནས་དང༌། རྒུན་འབྲུ་ལ་སོགས་པ་འབྲུའི་ཆང་མཐའ་དག་དང༌། བུར་ཆང་དང༌། སྦྲང་ཆང་རྟ་ཆང་ལ་སོགས་པ་བཅོས་པའི་ཆང་མཐའ་དག་དང༌། མདོར་ན་མྱོས་འགྱུར་ཙམ་བཀག་ཅིང་གནང་བ་ནི་མེད་མོད་ཀྱི། ཆོ་ག་མ་དག་པ་འགའ་ཞིག་དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གི་བསླབ་པའི་དུས་མཁན་སློབ་དག་གིས་ཆང་འཐུང་བ་ནི་ཉེས་པ་ཤིན་ཏུ་ཡང་ཆེ་མོད་ཀྱང༌། འདོད་ཡོན་ལ་ཆེས་ཆེར་ཆགས་ཤིང་ཞེན་པ་དག་གིས་ཉེས་པ་ལ་ཅི་ཞིག་སེམས། སྐྱོན་སུས་བརྩི། ཀྱེ་མ་སངས་རྒྱས་ཀྱི་བསྟན་པ་ག་དར་བྱེད་པའི་མཁས་པ་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་རྒྱལ་བའི་བཀའ་ཟབ་མོ་འདུལ་བ་རྣམས་ལ་རྒྱ་ཆེར་ལྟ་ཞིང་ཉེས་པའི་གནས་མཐའ་དག་སྤང་བར་བྱའོ། །འདུལ་བར་ནི། ནད་པ་ལའང་ནི་ཆང་ལན་གསུམ་དུ་བསྐོལ་གྲངས་བྱས་པ་ལ་སྨན་སྦྱར་ནས་གཏོང་བར་གསུངས་སོ། །དེའང་ལས་མཆོག་ཏུ་འབྲུའི་ཆང་དང༌། བཙོས་པའི་ཆང་དང༌། མྱོས་པར་འགྱུར་བ། བག་མེད་པའི་གནས་སྤངས་ཏེ། ཞེས་གསུངས་ཤིང༌། དེ་མ་སྤངས་ན་སྐྱོན་ཅི་ཡོད་སྙམ་ན། སོ་སོར་ཐར་པའི་མདོར། འབྲུའི་ཆང་དང༌། བཙོས་པའི་ཆང་དང༌། མྱོས་པར་འགྱུར་བ་འཐུང་ན་ལྟུང་བྱེད་དོ། །ཞེས་དང༌། ཀཱ་རི་ཀར་ཡང༌། འབྲུ་བཏགས་ཕབ་དང་སྦྱར་བ་ཡི། །བཏུང་བའི་བྱེ་བྲག་འབྲུ་ཡི་ཆང༌། །སྡོང་བུ་མེ་ཏོག་འབྲས་བུ་ལས། །སྦྱར་བའི་ཁུ་བ་བཅོས་པའི་ཆང༌། །དེས་ནི་མྱོས་པར་འགྱུར་རིགས་དང༌། །སྡོམ་བརྩོན་ཕན་འདོད་མི་བཏུང་ངོ༌། །དེ་འཐུངས་ནས་ནི་དྲན་ཉམས་ཤིང༌། །བརྟུལ་ཞུགས་ལྡན་པ་བག་མེད་འགྱུར། །བག་མེད་པ་ལས་བརྟུལ་ཞུགས་ཉམས། །དེ་བས་སྟོན་པའི་བཀའ་དྲིན་བྱ། །མྱོས་འགྱུར་ཉེས་པ་འཕེལ་གྱུར་བས། །རྩྭ་མཆོག་གིས་ཀྱང་མི་བཏུང་ངོ༌། །མྱོས་པར་འགྱུར་བའི་ལྟུང་བྱེད་འབྱུང་བའོ། །སློབ་དཔོན་མ་ཏི་ཙི་ཏྲས་ཀྱང༌། ཆང་ཞིམ་དག་ལ་དགའ་བའི་མི། །ཤི་ནས་གནོད་ སྦྱིན་མ་རུངས་པ། །ཆེན་པོ་རྣམས་སུ་སྐྱེ་བར་འགྱུར། །ཞེས་གསུངས་པ་དང༌། གཞན་ཡང་རྒྱ་ཆེར་གསུངས་པ་མང་མོད་ཡི་གེ་མང་ལ་འཇིགས་པས་མ་བྲིས་སོ། །དེས་ན་ཐར་པ་ཐོབ་པར་འདོད་པ་རྣམས་ཀྱིས་ཆང་བཏུང་བར་མི་བྱའོ། །གཙང་སྦྲ་དང་ལྡན་པར་འདོད་པ་རྣམས་ཀྱིས་ཀྱང་ཆང་བཏུང་བར་མི་བྱའོ། །

གཉིས་པ་ནི། དྲིན་ལན་བསབ་པའི་མདོར། སངས་རྒྱས་འོད་སྲུང་གི་བསྟན་པའི་གཞུག་ཏུ། དགེ་བསྙེན་ཞིག་གིས་ཆང་འཐུངས་པའི་སྐྱོན་གྱིས་གཞན་གྱི་ཆུང་མ་ལ་འདོད་པས་ལོག་པར་གཡེམ་པ་ཡང་བྱས། ཕ་རོལ་པོའི་བྱ་ཕོ་རྐུས་ནས་བསད་པ་དང༌། གཞན་དག་གིས་ཁྱོད་དེ་ལྟ་བུ་བྱས་ནས་ཅི་བྱེད་བྱས་པས་མ་བྱས་ཟེར་ནས། བརྫུན་ཀྱང་སྨྲས་པས་རྩ་བ་བཞི་ཀའང་ཆང་ཁོ་ནས་བརླག་པར་བྱས་པར་གསུངས་ཤིང༌། གཞན་ཡང༌། མདོ་དེ་ཉིད་དུ། མདོ་སྡེ་ཀླགས་པ་དང༌། ཁ་དོན་དུ་བྱ་བ་ལ་སོགས་པ་ཐམས་ཅད་རེ་ཞིག་འདོར་བར་བྱེད་པས་ཆང་སྤང་བར་བྱའོ། །གསུངས་པ་དང༌། མཐུན་སྣང་དུ་ཡང༌། དེ་རིང་བྱ་རྒྱུའི་ལས་འགའ་ཞིག་ཀྱང༌། བརྗེད་ལ་ལུས་པ་དང༌། ཐོས་བསམ་སྒྲུབ་པ་ཐམས་ཅད་ལ་ཤིན་ཏུ་གནོད་ཅིང་སྙོམ་ལས་ལ་འདུས་པ་དང༌། རང་ཉིད་གཡང་དང་ཆུས་ཁྱེར་བ་ཡང་མི་ཚོར་བ་དང༌། གཞན་ཡང་ཕུང་ཁྲོལ་མཐའ་དག་བྱེད་པའི་རྒྱུ་ཆང་ཡིན་པས། ཐོས་པ་དང༌། བསམ་པ་དང༌། སྒྲུབ་པ་དོན་དུ་གཉེར་བ་རྣམས་ཀྱིས་ཀྱང་ཆང་སྤང་བར་བྱའོ། །ཐ་ན་ཚེ་འདིར་གྲུང་པོར་འདོད་པ་དང༌། རྒོད་པོར་འདོད་པ་དང༌། གཙང་བར་འདོད་པ་དང༌། བྱ་བ་ཐམས་ཅད་མྱུར་དུ་གྲུབ་པར་འདོད་པ་དང༌། ནོར་རྫས་འདོད་པ་རྣམས་ཀྱིས་ཀྱང་ཆང་སྤང་བར་བྱའོ། །དེ་སྐད་དུ། གསོ་སྦྱོང་གི་ཆོ་ག་ལས་ཀྱང༌། སྐྱོན་ནི་མང་པོ་ཉེར་བརྟེན་པ། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཞེས་དང༌། ཤེས་རབ་ཀྱི་ལྷ་སྒྲུབ་པའི་ཐབས་ཀུན་ཏུའང་ཆང་སྤང་གསུངས་པ་དང༌། དོན་ཞགས་ཀྱི་མདོར་ཡང༌། ཆང་དང༌། ཤ་དང༌། ཙོང་དང༌། སྒོག་སྐྱ་དང༌། བདེ་བྱེད་ལ་བྱིན་པའི་ལྷག་མ་ཁྱད་པར་དུ་བསྲུང་བར་འདོད་པས་འདི་རྣམས་སྤང་བར་བྱའོ། །ཞེས་དང༌། མྱང་འདས་སུ། དགེ་སློང་རྣམས་ལ་དངོས་པོ་ལྔ་བྱེད་དུ་མི་གནང་བ་འཆད་དེ། ལྔ་གང་ཞེ་ན། མི་དང༌། མཚོན་དང༌། ཆང་དང༌། ཞོ་དང༌། འབྲུ་མར་འཚོང་དུ་མི་གནང་སྟེ། ཞེས་དང༌། གནས་ལྔར་འགྲོར་མི་གནང་སྟེ། ལྔ་གང་ཞེ་ན། བཤན་པ་དང༌། སྨད་འཚོང་མ་དང༌། ཆང་འཚོང་མ་དང༌། རྒྱལ་པོའི་ཕོ་བྲང་གི་ནང་དང༌། རིགས་ངན་གྱི་ཁྱིམ་སྟེ་ལྔའོ། །ཞེས་པ་ནི་ཉེས་པ་ཆུང་ཀྱང་བཀག་པ་དང༌། དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོར་ཡང༌། ཆང་དགའ་དགོངས་པ་ཐམས་ཅད་ལ། །རྟག་ཏུ་བག་མེད་སྤྱོད་པར་འགྱུར། །མཁས་པ་རྣམས་ཀྱིས་སྨད་འགྱུར་ཞིང༌། །འདི་དང་གཞན་དུ་རྣམ་པར་རྨོངས། །དེ་བས་སྐྱེས་བུ་མཁས་པ་ཡིས། །ཆང་ལ་དགའ་བ་སྤང་བར་བགྱི། །དེས་ནི་ཡོན་ཏན་འགྲུབ་པར་བགྱི། །གཞན་དུའང་སྟོན་པར་བགྱིད་པ་ལགས། །ཞེས་དང༌། ཡང་དེ་ཉིད་དུ། རྒྱལ་པོ་ཆེན་པོ་ཆང་གི་བཏུང་བ་ནི་དྲན་པ་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་སྟེ། ཞེས་གསུངས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནྀ་ཆང་བཏུང་བར་མི་བྱ་སྟེ། །རྒྱས་པར་ནི་མདོ་སྡེར་རྒྱ་ཆེར་གསུངས་པས་དེ་ཉིད་དུ་ཤེས་སོ། །

གསུམ་པ་ལ་གཉིས་ཏེ། དྲང་བའི་དོན་དང༌། ངེས་པའི་དོན་ཏོ། །དང་པོ་ལའང༌། སྒྲ་ཅི་བཞིན་པ་དང༌། ཅི་བཞིན་པ་མ་ཡིན་པ་སྟེ། དང་པོ་ནི། རྡོ་རྗེ་རྩེ་མོར། ཕུང་ཁྲོལ་ཀུན་གྱི་རྩ་བ་ནི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཞེས་དང༌། མི་གཡོ་བ་གཏུམ་པོའི་རྒྱུད་དུ། སྲོག་ཆགས་བསད་པར་མི་བྱ་ཞིང༌། །ཕ་རོལ་ནོར་ནི་ཕྲོག་མི་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །བློ་ལྡན་ཆང་ནི་བཏུང་མི་བྱ། །འཇིག་རྟེན་སྨོད་པ་སྤང་པར་བྱ། །རབ་གསལ་བསླབ་པའི་གནས་འདི་ནི། །གུས་པ་དང་བཅས་སྤྱད་པར་བྱ། །ཞེས་དང༌། ཡང་དེ་ཉིད་དུ། མྱོས་བྱེད་ཆང་གི་བཏུང་བ་ནི། །བདག་གིས་གང་དུའང་བཏུང་མི་བྱ། །ཞེས་གསུངས་སོ།།

གཉིས་པ་ནི། ཀྱེའི་རྡོ་རྗེར། ཆང་ནི་སྤང་བར་མི་བྱ་སྟེ། །ཁྱད་པར་དུ་ཡང་ཤ་ཉིད་དོ། །ཞེས་གསང་སྔགས་ཀྱི་རྒྱུད་སྡེ་མང་པོར་ཆང་བཏུང་བར་གསུངས་ཤིང༌། ཁྱད་པར་དུ་ཚོགས་འཁོར་གྱི་དུས་སུ་ཆང་གི་བཏུང་བ་གནང་བ་མ་ཡིན་ནམ་ཟེར་ན། དེ་ནི་བདེན་མོད་ཀྱི་ཚོགས་ཀྱི་འཁོར་ལོའི་དུས་སུ་ཆང་བཏུང་བར་གསུངས་ཀྱང༌། གནས་གང་ཐོད་ཐོད་དུ་སྐལ་བ་དང་མི་ལྡན་པའི་མི་སུ་ཐོད་ཐོད་ཀྱི་རྩར་ཆང་བཏུང་བར་མ་གསུངས་པ་དང༌། གཞན་ཡང་ཐ་མལ་བའི་གཟུགས་དང་བསྐྱེད་རིམ་ལ་བརྟན་པ་མ་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ཆང་བཏུང་བར་མ་གསུངས་ན། རབ་ཏུ་བྱུང་བས་ནི་ཆང་གི་བཏུང་བ་ཤིན་ཏུ་ཡང་མི་རིགས་པས་བཏུང་པར་མི་བྱའོ། །གལ་ཏེ་བཏུང་བར་སེམས་ཤིང་བཏུང་བའི་ནུས་པ་དང་ལྡན་པར་གྱུར་ན། རབ་ཏུ་བྱུང་བའི་ཆོས་མཐའ་དག་མཁན་སློབ་ལ་ཕུལ་ནས་རྣལ་འབྱོར་པའི་ཆས་སུ་ཞུགས་པར་བྱ་སྟེ། སློབ་དཔོན་ཞི་བ་ལྷས་ཆང་གསོལ་བ་དང༌། བིརྺ་པས་ཆང་གསོལ་བའི་གཏམ་རྒྱུད་ལས་ཤེས་པར་བྱའོ། །དེ་ལྟར་ཆང་བཏུང་བར་ནུས་པའི་རྣལ་འབྱོར་པ་ནི་བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པས་གང་འཐུང་ཐམས་ཅད་བདུད་རྩིར་བསྒྱུར་ནུས་པས་དུག་ཧ་ལ་ནག་པོས་ཀྱང་གནོད་པར་མི་ནུས་ཤིང༌། སླར་བདུད་རྩིར་འགྱུར་བ་སྟེ། ནཱ་རོ་པ་ལྟ་བུ་མི་རྒོད་རྣམས་ཀྱིས་ཆུ་ཁྲི་ཕུལ་བ་བདུད་རྩིར་བསྒྱུར་ནས་གསོལ་བ་དང༌། ཅི་ཙམ་བཏུང་ཀྱང་མྱོས་པར་མི་འགྱུར་བ་བིརྺ་ལྟ་བུ་རྣམས་ཏེ། དེ་ལྟ་བུའི་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་གནས་ཉི་ཤུ་རྩ་བཞི་ལ་སོགས་པ་ཕུན་སུམ་ཚོགས་པར་དུས་བཟང་པོ་ལ་དཔའ་བོ་དང་དཔའ་མོ་རྣམས་མཆོད་པའི་དོན་དུ་ཚོགས་ཀྱི་འཁོར་ལོ་ལ་བདུད་རྩི་ལྔ་དང་ཆང་དང་ཤ་ལྔ་ལ་སོགས་པའི་བཟའ་བ་རྣམས་བཟའ་བར་གསུངས་ཏེ། འདིའི་ལུང་རྣམས་ནི་རྒྱུད་སྡེ་ཟབ་མོ་མཐའ་དག་ཏུ་ནི་ནང་མཆོད་བྱིན་གྱིས་བརླབས་པའི་སྐབས་དང༌། གཏོར་མ་བྱིན་གྱིས་བརླབས་པའི་སྐབས་སུ་རྒྱ་ཆེར་གསུངས་པས། དེ་རྣམས་ལྟ་བར་བྱའོ། །ཞེས་སྨྲས་པ། ཀྱེ་མ་དིང་སང་རབ་ཏུ་བྱུང་བ་འགའ། །གསང་སྔགས་པ་ཞེས་སྔགས་ལ་ཁག་བསྐུས་ནས། །དཔའ་བོ་གཅིག་པ་ཙམ་ཡང་མི་དྲན་པར། །སྤྱོད་ལོག་སྣ་ཚོགས་བྱེད་པའི་སྐྱེ་བོ་རྣམས། །ཀྱེ་མ་ཀྱི་ཧུད་བདུད་ཀྱིས་མ་བསླུས་སམ། །

གཉིས་པ་ནི། ཁམས་བྱང་ཆུབ་ཀྱི་སེམས་འཛག་མེད་དུ་བརྟན་པའི་ཆང་བཏུང་བ་ནི་རབ་མཆོག་ཏུ་གྱུར་པ་ཉིད་དེ། དེའང་རླུང་སེམས་ལ་གནད་དུ་བསྣུན་པས་ཁམས་བྱང་ཆུབ་ཀྱི་སེམས་སུ་བརྟན་པར་གྱུར་པ་གང་ཡིན་པ་དེ་ནི་ཆང་བཏུང་བའི་མཆོག་སྟེ། དགའ་བ་བཅུ་དྲུག་ཀྱང་མངོན་དུ་འགྱུར་བའོ། །དེ་སྐད་དུ། སྒྱུ་འཕྲུལ་དྲ་བ་ལས། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན། །ཅེས་གསུངས་སོ། །དེ་ཡང་བྱང་སེམས་ཡར་བརྟན་པས་སྐུ་བཞི་མངོན་དུ་འགྱུར་ཏེ། བསམ་གཏན་བཞི་ཡི་རྩེ་མོ་འཆང༌། །ཞེས་པ་དང༌། སྙན་རྒྱུད་དུ། ཐིག་ལེ་གྱེན་ལོག་སྤྱི་བོར་འགྲོ། །རྡོ་རྗེ་ནོར་བུའི་ངོ་བོ་ཉིད། །ཐོབ་ནས་ཆོས་དང་ལོངས་སྐུ་དང༌། །སྤྲུལ་སྐུ་རྣམ་བཞི་ཐོབ་པར་འགྱུར། །ཞེས་དང༌། དུས་འཁོར་འགྲེལ་ཆེན་དུ། དེའི་རྣམ་བཤད་རྒྱ་ཆེར་བཤད་པས་དེ་ཉིད་དུ་བལྟ་བར་བྱའོ། །འོ་ན་བྱང་སེམས་ལྟུང་བར་གྱུར་ཅིང༌། ཆང་དེ་འཐུང་མ་ནུས་ན་སྐྱོན་ཅི་ཡོད་བསམ་ན། རྩ་རྒྱུད་དུ། ཆགས་བྲལ་བར་ནི་མི་བྱའོ། །འཕོ་བ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ལས་ནི་སྡུག་བསྔལ་འགྱུར། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། །ཟད་ལས་འཆི་བ་ཞེས་སུ་བརྗོད། །འཆི་ནས་དེ་ནས་སླད་ཡང་སྲིད། །སྲིད་པ་ལས་ནི་སླར་འཆི་འཕོ། །ཞེས་དང༌། བསྡུས་རྒྱུད་དུ། ས་བོན་ཐིག་ལེ་བཏང་ན་ཐར་བར་ག་ལ་འགྱུར། དེ་ཕྱིར་འཁོར་བའི་བདེ་བ་སྐད་ཅིག་མ་ནི་བརྟུལ་ཤུགས་ཅན་རྣམས་ཀྱིས་ནི་རྒྱུད་དུ་སྤང་བར་བྱ། །ཞེས་དང༌། དབང་གསུམ་པའི་སྐབས་སུ། རྩ་རྒྱུད་ལས། གཙོ་བོའི་མདུན་དུ་བླངས་པ་ཡི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚོ་ངུ་འབོད་དུ་འགྲོར་འགྱུར། །ཞེས་དང༌། ཁམས་བྱང་ཆུབ་ཀྱི་སེམས་སྤངས་པས་རྩ་བའི་ལྟུང་བ་ལྔ་པའང་འབྱུང་བར་བཤད་དོ། །དེས་ན་ཉེས་བྱེད་འདི་དག་སྤངས་ནས་ངེས་པའི་དོན་བྱང་ཆུབ་ཀྱི་སེམས་འཛག་མེད་དུ་བརྟན་པའི་ཆང་བཏུང་བར་བྱ་བ་ནི་མཆོག་གོ །དེ་བཞིན་དུ། ཨ་ཝ་དྷཱུ་ཏཱིའི་ནང་དུ་རྡུལ་གྱི་ཁམས་བརྟན་པའི་ཕྱིར་ཁྲག་དང༌། དེ་བཞིན་དུ། འཛག་པ་མེད་པའི་བཤང་བ་ནི་བཟའ་བ་དང༌། གཅི་བ་ནི་བཏུང་བ་དང༌། ཁྲག་དང༌། ཤ་ནི་རོ་མཆོག་ཏུ་མཉམ་པའོ། །དེ་སྐད་དུ། དུས་འཁོར་འགྲེལ་ཆེན་དུ། སྤྱན་རས་གཟིགས་ཀྱིས་གསུངས་པ། དེ་ནི་བདུད་རྩི་བཏུང་བ་གསུངས་པ། གང་ཟག་གི་ཁྲག་ནི་ཞེས་པ་ལ་སོགས་པ་སྟེ། འདིར་ཕྱི་རོལ་ཏུ་དྲང་བའི་དོན་གྱིས་གང་ཞིག་གི་ཁྲག་འཐུང་བར་བྱེད་པ་དེ་ནི་སྦྲང་བུའོ། །ངེས་པའི་དོན་གྱིས་ནི་ཨ་བ་དྷཱུ་ཏཱི་གང་ཞིག་འཕོ་བའི་དུས་སུ་རྡུལ་གྱི་ཁམས་འཐུང་བའོ། །རབ་མཆོག་ལྷ་མི་རྣམས་ཀྱྀ་སྦྲང་བུ་དེ་ནི་བདུད་རྩི་སྟེ་ཨ་ཝ་དྷཱུ་ཏཱི་གཅིག་པུར་འགོག་པའོ། །ཞེས་པའི་དོན་ཏོ། །ཕྱི་རོལ་ཏུ་ཟས་ཀྱིས་སྐྱུགས་པ་གང་ཡིན་པ་དེ་ནི་ངཻས་པའི་དོན་གྱི་བྱང་ཆུབ་སེམས་ཀྱི་སྐྱུགས་པ་གསང་བ་ལ་སོགས་པའི་ཁ་ནས་རྡོ་རྗེ་ནོར་བུ་ལ་གནས་ཏེ། ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་ནང་དུ་ཞུགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ། འཕོ་བ་མེད་པའི་བཤང་བ་དང༌། གཅི་བ་དང༌། ཁྲག་ དང༌། ཤ་ནི་མཆོག་ཏུ་རོ་མཉམ་སྟེ་མི་ཟག་པ་སྐྱུགས་པའི་དབུས་སུ་རབ་ཏུ་ཞུགས་པ་ཞེས་པ་འགགས་པ་ནི་སྒྲིབ་པར་མེད་པར་འགྱུར་རོ། །འདི་དག་ནི་ཡེ་ཤེས་ཀྱི་བདུད་རྩིར་འགྱུར་ཞིང༌། འཕོ་བ་མེད་པའི་བདུད་རྩི་ལྔ་ནི་སྲིད་པ་གསུམ་གྱི་བླ་མ་ཡིས་རྒྱུད་རྣམས་ཀུན་ཏུ་བསྟན་ཏེ། ཕྱི་རོལ་གྱི་ནི་བཤང་བ་ལ་སོགས་དངོས་གྲུབ་ཀྱི་ནི་སླད་དུ་བསྟེན་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིར་འགའ་ཞིག་དག་གཏོར་མའི་ནང་དུའང་མི་གཙང་བ་སྐྱེད་པར་བྱེད་པ་དང༌། མི་གཙང་བ་ཟོས་པས་དངོས་གྲུབ་ཐོབ་པར་འདོད་པ་དང་འདྲའོ།། །།

གཉིས་པ་ཤ་ཟོས་པའི་ཉེས་དམིགས་ལ་གསུམ་སྟེ། དང་པོ་ཉན་ཐོས། གསང་བ་བྱང་སེམས་ཀྱི། ནང་གསང་སྔགས་བསླབ་པ་རྣམས་སུའང་བཀག་ཚུལ་ལོ། །

དང་པོ་ཉན་ཐོས་གསུང་གི་བསླབ་པར་བྱ་བ་ནི། ཚོང་དུས་འདྲིམ་ཞིང་ཆེད་དུ་མ་བསད་པ་ཙམ་ཞིག་གནང་ངོ༌། །ཞེས་འཆད་མོད་ན་ཡང༌། འོག་ནས་བཤད་པར་བྱའོ། །

གཉིས་པ་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བར་ཤ་ཡེ་ནས་གནང་བ་མེད་དེ། འཕགས་པ་འཇམ་དཔལ་གྱིས། ཞེ་སྡང་བསམ་པ་མེད་པའི་ཕྱིར། །གཞན་གྱི་ཤ་རྣམས་མ་འཕྲོག་ཅིང༌། །ཐུབ་པས་རང་གི་ཤ་རྣམས་བྱིན། །སྐྱེ་བ་འདིར་ནི་ཁྱོད་སངས་རྒྱས། །ཞེས་དང༌། ཡང༌། རྫས་ཀྱིས་ཉོས་པ་ཉ་ཡི་ཤ ། ཟོས་པ་བླུས་པ་ཡིན་ནམ་ཅི། །གླང་པོའི་རྩལ་དང་སྤྲིན་ཆེན་དང༌། །མྱང་འདས་དང་ནི་སོར་ཕྲེང་ཅན། །ལང་ཀར་གཤེགས་པའི་མདོ་གཉིས་ལས། །བདག་གིས་ཤ་ནི་མ་གནང་ངོ༌། །རྫས་ཐོབ་དོན་དུ་སྲོག་གཅོད་དང༌། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོང་པོ་སྟེ། །ངུ་འབོད་ལ་སོགས་རྣམས་སུ་འཚེད། །རྫས་ཀྱི་དོན་དུ་སེམས་ཅན་གསོད། །རྫས་སྟེར་མེད་ན་སུས་ཀྱང་མིན། །བྱ་དག་བྱེད་པོ་ཡང་དག་འབྲེལ། །རྟག་ཏུ་སྲོག་ཆགས་གསོད་པ་པོ། །གང་ཚེ་རྫས་ཀྱི་ཉ་ཉོས་པས། །ཁྱིམ་གནས་རྣམས་ལ་སྡིག་མེད་ན། །དེ་བཞིན་སྐུ་གཟུགས་ལ་སོགས་པ། །བྱས་པའང་ཇི་ལྟར་བསོད་ནམས་འགྱུར། །མཆོད་རྟེན་རྩིགས་མཁན་གྱིས་བྱས་དང༌། །ཉ་ནི་ཉ་པས་བསད་པ་སྟེ། །མཆོད་རྟེན་ཕྱག་བྱེད་བྱེད་པོ་མིན། །ཉ་ཟོས་གསོད་པ་པོ་ལ་མིན། །གང་ཚེ་ཉ་དེ་ཟོས་པ་ཡི། །སྡིག་པ་ཟ་བ་པོར་མེད་ན། །དེ་ཚེ་མཆོད་རྟེན་མཆོད་པ་ཡི། །བསོད་ནམས་མཆོད་བྱེད་པོ་ལ་མེད། །གསོད་པ་པོ་དང་ཟ་བ་པོ། །གཉིས་པོ་དག་ཀྱང་སོ་སོ་སྟེ། །གསོད་པ་པོ་ན་ནོར་ལ་སྲེད། །ཟ་བ་པོ་ནི་ཟས་ཀྱི་དོན། །གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པའོ། །ཟ་བོ་ཤ་ལ་སྲེད་པ་དང༌། །བསྐལ་པ་བྱེ་བར་འཚེད་པའོ། །ཉན་ཐོས་ཀྱིས་ནི་ཆེད་དག་ཏུ། །ཉ་བས་ཉ་ནི་བསད་པ་དང༌། །བྲམ་ཟེ་ཡི་ནི་ཆེད་དག་ཏུ། །ཆང་མས་ཆང་ནི་བྱས་པ་དང༌། །ཁ་ན་མ་ཐོ་མེད་གཞན་མིན། །ཤ་ཟ་བ་ཡི་མི་གང་ཞིག །དང་པོ་ཡི་དྭགས་འགྲོ་བ་སྟེ། །ཕྱི་ནས་ངུ་འབོད་འགྲོ་བའོ། །ཤ་ཟ་བ་ལ་སྙིང་རྗེ་དང༌། །ཆང་འཐུང་བ་ལ་དགའ་བ་དང༌། །ཕ་རོལ་བུད་མེད་འཛིན་གསུངས་པ། །སྨད་པའི་ལས་བྱེད་བཏང་སྙོམས་མེད། །ཅེས་པ་འདི་ནི་གསང་སྔགས་སུའང་གཏོགས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས། རྒྱལ་པོ་མཁས་པས་ནི་སྲོག་གཅོད་པ་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་སྐྱེས་བུ་དེ་གང་ཟག་སྲོག་གཅོད་པ་ནི་ཚེ་ཐུང་བར་འགྱུར་བ་དང༌། སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དུ། སྐྱེ་བར་འགྱུར་བའི་སླད་དུའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། སྲོག་གཅོད་བགྱིད་པའི་གང་ཟག་ནི། །ཚེ་ཐུང་ནད་ཀྱང་རབ་ཏུ་མང༌། །གང་ན་མི་བདེ་ཆེ་བ་ཡི། །སེམས་ཅན་དམྱལ་བར་སྐྱེ་བར་འགྱུར། །དེ་བས་སྡུག་བསྔལ་མི་འཚལ་ཞིང༌། །ཚེ་འདིར་བདེ་འཚལ་མཁས་པ་ཡིས། །གཞན་གྱི་སྲོག་གཅོད་མི་བགྱི་སྟེ། །སྲོག་ཆགས་རྣམས་ནི་བདག་བཞིན་བསྲུངས། །ཞེས་དང༌། ལང་ཀར་གཤེགས་པའི་མདོར། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་རྒྱུ་ཚད་མེད་པའི་ཕྱིར། ཤ་བཟའ་བར་མི་བྱ་སྟེ། དེ་དག་ལས་ཕྱོགས་ཞིག་བཤད་པར་བྱའོ། །འདི་ལ་བློ་གྲོས་ཆེན་པོ་སྲོག་ཆགས་ཡུན་རིང་པོ་ནས་འཁོར་བ་རྣམས་ལ་གང༌། ཕའམ། མའམ། སྤུན་ནམ། སྲིང་མོའམ། བུའམ། བུ་མོའམ། གཉེན་བཤེས་སམ། གཉེན་ནམ། གཉེན་ལྟ་བུ་གང་ཡང་རུང་བར་མ་གྱུར་པའི་སེམས་ཅན་དེ་ནི་རྙེད་པར་སླ་བའི་རྣམ་པ་གང་ཡང་མེད་དོ། །གཉེན་དང་གཉེན་ལྟ་བུར་གྱུར་པ་དེ་དག་ཚེ་གཞན་དུ་ལུས་རྗེས་པ། རི་དྭགས་དང༌། ཕྱུགས་དང༌། བྱའི་སྐྱེ་གནས་གང་ཡང་རུང་བར་གྱུར་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་ཆོས་འདོད་པ་འབྱུང་པོ་ཐམས་ཅད་བདག་དང་འདྲ་བར་གྱུར་པར་འདོད་པས། སྐྱེ་བོ་སྲོག་ཆགས་ལས་གྱུར་པ་ཐམས་ཅད་ལས་བྱུང་བའི་ཤ་ཇི་སྐད་དུ་ཟ་བ་བྱ། བློ་གྲོས་ཆེན་པོ་སྲིན་པོ་རྣམས་ཀྱང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཉིད་ཟབ་མོ་འདི་ཐོས་ནས་ཤ་ཟ་བ་ལས་རྣམ་པར་ལྡོག་ཅིང༌། སྲིན་པོའི་རང་བཞིན་དང་བྲལ་ནས་སྙིང་རྗེ་ཅན་དུ་འགྱུར་ན། ཆོས་འདོད་པའི་སྐྱེ་བོ་རྣམས་སྨོས་ཅི་དགོས། དེ་ལྟར་ན་བློ་གྲོས་ཆེན་པོ་ཚེ་རབས་འཕོས་པ་དེ་དང་དེ་དག་ཏུ་སེམས་ཅན་ཐམས་ཅད་གཉེན་བཤེས་དང་གཉེན་དུ་གྱུར་པའི་འདུ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་གི་འདུ་ཤེས་སུ་བསྒོམ་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱི་ཤ་ཐམས་ཅད་མི་ཟའོ། །ཞེས་དང༌། བློ་གྲོས་ཆེན་པོ་གཙང་བར་འདོད་པའི་ཕྱིར། ཡང༌། བྱང་ཆུབ་སེམས་དཔའ་ཤ་ནི་ཁུ་ཆུ་དང་ཁྲག་ལས་བྱུང་བའི་ཕྱིར། ཡང་ཤ་མི་ཟའོ། །འབྱུང་པོ་རྣམས་དངང་བར་བྱེད་པའི་ཕྱིར་ཡང༌། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་བྱམས་པར་འདོད་པ་དང༌། རྣལ་འབྱོར་ཅན་གྱིས་ཤ་ཐམས་ཅད་བཟའ་བར་མི་བྱའོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྨེ་ཤ་ཅན། གདོལ་པ་དང་ཉ་པ་ལ་སོགས་པ་ཁྱིའི་ཤ་ཟ་བའི་སེམས་ཅན་རྣམས་ནི་རྒྱང་མ་ནས་མཐོང་ཡང༌། ཁྱི་རྣམས་འཇིགས་པར་ཟུག་སྟེ། ལ་ལ་ནི་བདག་ཅག་ཀྱང་གསོད་དུ་འོང་ངོ་ཞེས་ཤི་ལ་ཐུག་པར་འགྱུར་རོ། །དེ་བཞིན་དུ། བློ་གྲོས་ཆེན་པོ་ནམ་མཁའ་དང་ས་དང་ཆུ་ལ་གནས་པའི་འགྲོ་བ་ཤིན་ཏུ་ཕྲ་བ་གཞན་ཡོད་པ་དེ་དག་ཀྱང་ཤ་ཟ་བ་རྣམས་རྒྱང་མ་ནས་མཐོང་མ་ཐག་ཏུ། སྣའི་དབང་པོ་རྣོན་པོས་དྲི་ཚོར་ནས། སྲིན་པོ་ལས་ཡི་དྭགས་མྱུར་དུ་འབྱོལ་པ་བཞིན་ཏེ། ལ་ལ་ནི་ཤིར་དགོས་པས་ཀྱང་འགྱུར་རོ། །བློ་གྲོས་ཆེན་པོ་དེའི་ཕྱིར་དངང་བར་འགྱུར་བས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་གནས་པས་ཤ་མི་ཟའོ། །ཞེས་དང༌། ཡང༌། བློ་གྲོས་ཆེན་པོ་འཕགས་པའི་སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བའི་ཕྱིར་དང༌། བསྟན་པ་ལ་སྐུར་བ་སྤང་བར་འདོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་གྱིས་ཤ་མི་ཟའོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་འཇིག་རྟེན་ན་བསྟན་པ་ལ་སྐུར་བར་སྨྲ་བ་དག་ཡོད་དེ། ཀྱེ་མ་འདི་དག་གི་དགེ་སྦྱོར་ནི་ཇི་ཞིག་ཡོད། འདི་དག་གི་ཚངས་པར་འཇུག་པ་ཡང་ག་ལ་ཡོད་དེ། དེ་ལྟར་འདི་དག་གི་དགེ་སྦྱོར་ཉིད་ནི་ཉམས་སོ། །འདི་དག་གི་སྡིག་སྤངས་པ་ཉིད་ནི་ཞིག་གོ །འདི་དག་ལ་ནི་ཆོས་ཀྱང་མེད། འདུལ་བ་ཡང་མེད་དོ། །ཞེས་དེ་ལྟར་ལྡང་བའི་སེམས་འཆང་བ་རྣམས། རྣམ་པ་དུ་མས་བསྟན་པ་ལ་བསྐུར། དེའི་ཕྱིར་བློ་གྲོས་ཆེན་པོ་སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བའི་ཕྱིར་དང༌། བསྟན་པ་ལ་སྐུར་བ་སྤང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་ཟའོ། །ཞེས་སོགས་དང༌། ཡང༌། བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན། སྐྱེས་བུ་བླུན་པོ་འདུལ་བ་ལ་རྣམ་པར་རྟོག་པ་རྣམ་པ་མང་པོས་སྨྲ་བ། ཤ་ཟན་གྱི་རིགས་ཀྱི་བག་ཆགས་ཀྱི་བགོས་པ། རོ་ལ་སྲེད་པ་ལ་ཤིན་ཏུ་ཆགས་པ་ཁ་ཅིག་ནི་འདི་གསོད་པའི་ཁ་ཟས་ཡིན་པར་མི་འཛིན་ཏེ། བློ་གྲོས་ཆེན་པོ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ་དད་པ་ཅན་རྣམ་པར་རྟོག་པ་མི་མངའ་བ་ཤཱཀྱའི་རིགས་ཀྱི་བུའམ། རིགས་ཀྱི་བུ་ཕོ་དང༌། རིགས་ཀྱི་བུ་མོ་ལུས་དང་སྲོག་དང་ལོངས་སྤྱོད་ལ་མ་ཆགས་པ། རོ་ལ་མ་ཞེན་པ། རོ་ལ་མ་བརྐམ་པ། སྙིང་རྗེ་ཅན་འབྱུང་པོ་ཐམས་ཅད་བདག་བཞིན་དུ་རེད་པར་འདོད་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་བཞིན་དུ་སྡུག་པར་ལྟ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་དེ་སྙམ་དུ་འཛིན་པར་བཤད་དོ། །ཞེས་སོགས་དང༌། ཡང༌། བློ་གྲོས་ཆེན་པོ་ཚེ་འདི་ཉིད་ལ་ཡང་ཁྱིམ་བདུན་པོའི་གྲོང་ན། ཤ་ལ་ཤིན་ཏུ་བརྐམ་ཞིང་མ་འོངས་པར་བསྟེན་ན། མིའི་ཟ་བའི་ཕྲ་མིན་དང༌། ཕྲ་མིན་མ་རུང་པ་དག་ཏུ་སྐྱེའོ། །བློ་གྲོས་ཆེན་པོ་དེ་དག་ཚེ་རྗེས་ནས་ཀྱང༌། ཤའི་རོ་ལ་ཆགས་པ་དེ་ཉིད་ཀྱིས། སེང་གེ་དང༌། སྟག་དང༌། གཟིག་དང༌། སྤྱང་ཀུ་དང༌། རྟ་རག་ཤུ་དང༌། བྱི་ལ་དང༌། ཝ་དང༌། འུག་པ་ཤ་མང་པོ་ཟ་བའི་སྐྱེ་གནས་དང༌། ཤ་མང་དུ་ཟ་བའི་སྲིན་པོ་ལ་སོགས་པ་ཤིན་ཏུ་གཏུམ་པའི་སྐྱེ་གནས་སུ་ཡང་ལྟུང་བར་བྱེད་དོ། །དེར་ལྟུང་བ་རྣམས་མིའི་སྐྱེ་གནས་ཀྱང་ཐོབ་པར་དཀའ་ན། མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཏེ། བློ་གྲོས་ཆེན་པོ་ཤ་ཟ་བའི་ཉེས་པ་ཡང་དེ་དག་ལ་སོགས་པ་ཡིན་ན། ཞེས་དང༌། ཡང༌། བློ་གྲོས་ཆེན་པོ་གལ་ཏེ་ཇི་ལྟར་ཡང་ཤ་སུ་ཡང་མི་ཟ་ན་ནི། དེའི་ཕྱིར་སྲོག་ཆགས་རྣམས་ཀྱང་གསོད་པར་མི་འགྱུར་ན། བློ་གྲོས་ཆེན་པོ་སྲོག་ཆགས་ཉེས་པ་མེད་པར་རིན་གྱི་ཕྱིར་བསད་པ་ལ་ནི་ཕལ་ཆེའོ། །དེ་དག་ལས་གཞན་གྱི་ཕྱིར་ན་ཉུང་ངུའོ། །ཞེས་དང༌། ཡང༌། བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཤཱཀྱའི་སྲས་ཡིན་ནོ། །ཞེས་ཁས་ལེན་པ་ངུར་སྨྲིག་གི་རྒྱལ་མཚན་ཐོགས་པ། སྐྱེས་བུ་གླེན་པ་ལོག་པའི་རྟོག་གེས་སེམས་ཉམས་པར་གྱུར་པ་འདུལ་བ་ལ་རྣམ་པ་མང་པོར་རྣམ་པར་རྟོག་པ་སྨྲ་བ། འཇིགས་ཚོགས་ལ་ལྟ་བ་རྒྱས་པ། རོའི་སྲེད་པ་ལ་ཆགས་པ་རྣམས་ཤ་ཟ་བའི་གཏན་ཚིགས་སུ་བཅད་པར་སྣང་བ་དེ་དང་དེ་དག་བསྟན་ཏེ། ང་ལ་ཡང་དག་པ་མ་ཡིན་པར་བསྐུར་འདེབས་པར་སེམས་སོ། །ཞེས་དང༌། ཡང༌། དེའི་ཆེད་དུ་བྱས་པ་རྣམས་ཀྱང་བཀག་ཏེ་དེའི་ཕྱིར། རང་བཞིན་གྱིས་ཤི་བ་བཅུའི་ཤ་ནི་མ་བཀག་མོད་ཀྱི། འདིར་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཀུན་ཐབས་མེད་པར་རིལ་གྱིས་བཀག་སྟེ། དེ་ལྟར་བློ་གྲོས་ཆེན་པོ་ངས་ཤའི་ཟས་ནི་སུ་ལའང་མ་གནང་མི་གནང༌། གནང་བར་མི་འགྱུར་ཏེ། བློ་གྲོས་ཆེན་པོར་རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་བཤད་དོ། །བློ་གྲོས་ཆེན་པོ་གང་ཡང་ང་ལ་དེ་བཞིན་གཤེགས་པས་ཀྱང་གསོལ་ཏེ། ཞེས་སྐུར་བ་འདེབས་པར་སེམས་པ་དེ་ཡང་བློ་གྲོས་ཆེན་པོ་སྐྱེས་བུ་བླུན་པོ་རང་གི་ལས་ཀྱི་ཉེས་པའི་སྒྲིབ་པ་ལ་གནས་པ་དེ་དག་ལ་ཡུན་རིང་པོར་དོན་མེད་པ་དང༌། གནོད་པ་དང༌། མི་བདེ་བ་བསྒྲུབ་པར་འགྱུར་རོ། །ཞེས་དང༌། ཡང༌། བྱང་ཆུབ་སེམས་དཔའ་སེམས་ཅན་གྱིས། །ཤ་དང་ཆང་དང་སྒོག་ཚོང་དང༌། །བཟའ་ཞིང་བཏུང་བར་མི་བགྱིའོ། །ཞེས་དང༌། ཡང༌། ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ཀྱི་དངང་འགྱུར་བས། །རྣལ་འབྱོར་ཅན་གྱི་ཤ་མི་ཟ། །ཤ་རྣམས་དང་ནི་སྒོག་ཚོང་དང༌། །ཆང་དག་རྣམ་པ་སྣ་ཚོགས་དང༌། །ཤི་དང་སྒོག་སྐྱ་དེ་བཞིན་ཏེ། །རྣལ་འབྱོར་ཅན་གྱི་རྟག་ཏུ་སྤང༌། །ཞེས་དང༌། ཡང༌། ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་ལས་ཅན། །ངུ་འབོད་ལ་སོགས་རྣམས་སུ་འཚེད། །གང་གི་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པ་ཤ་ཟ་ན། །འཇིག་རྟེན་གཉིས་ནི་གཞིག་པའི་ཕྱིར། །ཤཱཀྱའི་བསྟན་ལ་བརྟུལ་ཤུགས་བླངས། །ཤིན་ཏུ་མི་བཟད་དམྱལ་བར་ཡང༌། །སྡིག་གི་ལས་ཅན་དེ་དག་འདོད། །མ་རུང་འོད་དོད་འབོད་སོགས་སུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །ཞེས་དང༌། ཡང༌། སེམས་ཅན་གཅིག་ལ་གཅིག་ཟ་བ། །ཤ་ཟན་དག་གི་རིགས་སུ་སྐྱེ། །དྲི་མི་ཞིམ་ཞིང་སྨད་པ་དང༌། །སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར། །གདོལ་པ་སྨེ་ཤ་ཅན་རིགས་དང༌། །བཙོ་བླགས་མཁན་དུ་ཡང་སྐྱེའོ། །ཕྲ་མིན་རིགས་ཀྱི་སྐྱེ་གནས་དང༌། །ཤ་ཟའི་རིགས་སུ་སྐྱེ་བར་བསྟན། །མི་ཡི་ཐ་མ་དེ་དག་ནི། །སྲིན་དང་བྱི་ལའི་མངལ་དུ་སྐྱེ། །ཞེས་དང༌། ཡང༌། དེ་ལྟར་ཤ་དང་ཆང་ལ་སོགས། །བར་ཆད་བྱེད་པར་འགྱུར་བའོ། །མ་འོངས་པ་ཡི་དུས་སུ་ནི། །ཤ་ཟན་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བ་ཞེས། །སངས་རྒྱས་ཀྱིས་ནི་བཤད་ཅེས་ཟེར། །ཞེས་པ་ལ་སོགས་པ་མདོ་སྡེ་རྣམས་སུ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །འདུལ་བར་ཡང༌། ཤ་ལ་གནང་བའི་སྐབས་མེད་པར་རིགས་དགོངས་ཏེ་རང་སངས་རྒྱས་ཉིད་ཀྱིས་འདུལ་བར་མ་གནང་བར་གསུངས་པའི་ཕྱིར་རོ། །མདོ་རྩར་གནང་ངོ་ཞེ་ན། འདི་གཞི་ཡོད་སྨྲའི་ཡིན་ལ་སྡེ་པ་གཞན་བཞིར་ཡང་ལྟ་དགོས་པའི་ཕྱིར་རོ། །

ད་ནི་གསུམ་པ་གསང་སྔགས་ཀྱི་བསླབ་བྱ་ལ་གཉིས་ཏེ། སྒྲ་ཅི་བཞིན་པ་དང༌། ཅི་བཞིན་མ་ཡིན་པའོ། །

དང་པོ་ནི། ཐེག་པ་ཆེན་པོ་གསང་སྔགས་སུ་གནང་བ་མ་ཡིན་ནམ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། འདིར་བསད་པའི་ཤ་ནི་ཡེ་ནས་མ་གནང་སྟེ། སྔར་འཕགས་པ་འཇམ་དཔལ་གྱིས་གསུངས་པ་དང༌། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར། ཡན་ལག་ལྔ་པོས་སྲོག་ཆགས་བསད་དེ་སེང་གེ་སྦྲུལ་དང་ནེའུ་ལེ་སྟག་དང་བྱ་རོག་སོགས་སུ་སྐྱེ། །རྒྱལ་པོ་སྐྱེ་དགུའི་གསུམ་པོ་རྣམས་ཀྱིས་འགྱུར་ཏེ་བྱས་དང་བྱེད་དུ་བཅུག་དང་ཡི་རང་ཉིད་ལས་ཀྱང༌། །དགེ་སློང་སྙིང་རྗེ་མེད་པ་ལྕེ་ཡིས་ཤའི་རོ་མྱོང་རོ་རྣམས་སུ་ཡོངས་སུ་ཚོལ་བར་བྱེད་རྣམས་ཀྱིས། །བདག་ཉིད་གསོད་པ་ལ་སོགས་སྐྱོན་གྱིས་དམྱལ་བར་རབ་ཏུ་འཇུག་སྟེ་དགེ་ཚུལ་དག་དང་དགེ་སློང་ཡང༌། །དགེ་སློང་ནད་པ་རྣམས་ལ་སྨན་པས་ཁྲག་ཆེན་པོའི་སོགས་ཀྱིས་བསྣན་པ་སྟེ། །ཕའི་ཕྱོགས་དང་མཆོད་སྦྱིན་ལ་ཡང་མ་ཡིན་གློག་དག་མེ་ཆུ་ཚེ་ཟད་སྐྱོན་གྱིས་ཤི་རྣམས་ཀྱིས། །ཇི་ལྟར་རིགས་པས་ཐམས་ཅད་གང་ཚེ་ཉེས་པར་གྱུར་པ་མིན་པ་དེ་ཚེ་བཟའ་བར་གསུངས་པ་སྟེ། །དགེ་སློང་རྣམས་ལ་ཤ་ནི་གང་དེ་སྟོབས་བཅུ་ལྡན་པས་འཆི་ན་གཞོམ་པ་ལས་ནི་གཞན་པ་མིན། །ཤ་ལ་སོགས་པ་ཟོས་པས་གདོན་མི་ཟ་བར་ས་ཡི་འོག་ཏུ་གང་གིས་ལུས་ནི་ཆེས་ཆེ་བ། །སྲོག་ཆགས་ཡི་དྭགས་སོགས་སུ་ངེས་པར་སྐྱེ་བར་འགྱུར་ཏེ། ཞེས་སོགས་དུ་མ་གསུངས་པ་དང༌། དང་པོའི་སངས་རྒྱས་ཀྱི་རྒྱུད་དུ་ཡང༌། ཟ་བ་པོ་དང་གསོད་པ་པོ། །གཉིས་པོ་དག་ཀྱང་གསོད་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཤ་ལྔ་ལ་སོགས་ཇི་ལྟར་ཞེ་ན། དེ་ལ་འདིར་རང་བཞིན་གྱིས་ཤི་བ་སྟེ། ཤའི་ཆེད་དུ་མ་བསད་པའི་ཤ་ལྔ་ལ་བདུད་རྩིའི་རིལ་ལུ་བསྒྲུབས་ནས། རྒྱ་ཤུག་གི་ཚིག་ཙམ་རྣལ་འབྱོར་པས་དམ་ཚིག་གི་དོན་དུ་བཟའ་བར་བྱ་སྟེ། ལུས་ཀྱི་སྟོབས་འཕེལ་བ་དང༌། རིགས་ཀྱི་ང་རྒྱལ་བཅག་པ་དང༌། སེམས་ཅན་དེ་དག་དྲང་བར་བྱེད་པའི་དོན་ཏོ། །འདིར་རྣལ་འབྱོར་པས་ཤ་ཟོས་པའི་སེམས་ཅན་དེ་དག་དྲང་ནུས་པ་མ་གཏོགས་པས་ཤ་བཟའ་བར་བྱ་བ་མིན་ཏེ། ཀྱེའི་རྡོ་རྗེར། ཤ་ནི་མཁས་པས་བཟའ་བྱ་བ། །སེམས་ཅན་དེ་དེ་དབང་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་ངེས་པའི་དོན་དུ་ན། མིག་ལ་སོགས་པའི་དབང་པོ་ལྔ་ཡུལ་ལ་མི་རྒྱུག་པར་ནང་དུ་ཏིང་ངེ་འཛིན་ལ་གནས་པ་སྟེ། དུས་འཁོར་དུ། ནང་དུ་བདུད་རྩི་ལྔ་ནི་ཕུང་པོ་ལྔ་སྟེ། སོགས་པའི་སྒྲས་དབང་པོ་ལྔ་པོ་སྒྲོན་མ་ལྔའོ། །དེ་རྣམས་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་རྫས་ལ་སྲེད་པ་ཡོངས་སུ་སྤངས་པའོ། །ཞེས་དང༌། མཁའ་འགྲོ་རྒྱ་མཚོར། སྐྱེ་མཆེད་རྣམས་ནི་ཤ་ཀུན་སྟེ། །སྤར་བ་བདེ་བའི་སེམས་ཀྱིས་སོ། །ཞེས་དང༌། དེའི་འགྲེལ་པར། གྲུ་གཟིངས་དུ་པད་མ་བཛྲས། པ་ལ་ཤ་ཞེས་གསུངས་པ་ནི་རྣ་བའི་དབང་པོ་སྡོམས་པས་བ་ལང་སྟེ། ཞེས་དང༌། ཡང༌། ཡེ་ཤེས་ཀྱི་བདག་ཉིད་ཀྱིས་རྣམ་པར་རྟོག་པ་ཟ་བར་བྱེད་དོ། །ཞེས་དང༌། ཡང༌། གླང་པོའི་ཤ་ཞེས་གསུངས་པ་ནི། སྣའི་དབང་པོར་ཞེས་དང༌། ཡང༌། ཕག་མོ་ལ་ནི་ཤ་ཐམས་ཅད། །ཅེས་གསུངས་པ་ནི། ལྕེའི་དབང་པོར་ཀྱང་བྱ་སྟེ། ཞེས་དང༌། ཡང༌། ཁྱི་དང༌། རྟ་དང༌། མ་ཧེ་ལ་སོགས་པའི་ཤ་ནི། རོ་དང་རེག་བྱ་དང་ཡིད་ཀྱི་ཡུལ་ལས་མཐོང་སྟེ། གསང་བའི་གདན་གྱི་མཚན་ཉིད་ཀྱི་རོ་ཡེ་ཤེས་ཀྱི་རོ་ལ་སོགས་པར་རྣམ་པར་རྟོག་པར་ཟ་བ་ཞེས་བྱ་བའི་དོན་ནོ། །ཞེས་དང༌། ཡང༌། མིག་ལ་སོགས་པ་རྣམ་པར་ཤེས་པ་དྲུག་གི་མཚན་ཉིད་ཀྱི་ཏིང་ངེ་འཛིན་གྱི་དུས་སུ་རྟོག་པ་ཟ་བ་སྤང་ངོ༌། །ཞེས་གསུངས་པ་ལྟར་རིགས་པར་བྱའོ། །འདིར་རྣམ་པར་བཤད་ན། ཤ་ལྔ་ནི་ཡུལ་ལྔ་ལ་རྒྱུག་པའི་དབང་པོའི་རྣམ་ཤེས་ལྔ་ཟ་ཞིང་རྟོག་མེད་ཀྱི་སྟོབས་རྒྱས་པར་བྱེད་པ་དང༌། རླུང་ལྔའི་དཀྱིལ་འཁོར་ཕྱི་རོལ་ཏུ་རྒྱུ་བ་མེད་པར་དབུ་མར་གཞུག་པ་དང༌། ཉོན་མོངས་ལྔ་བསྐྱེད་པའི་རྣམ་རྟོག་གྱི་ཤ་ཐམས་ཅད་ཟ་བར་བྱ་ཞིང༌། ཡེ་ཤེས་ཀྱི་སྟོབས་རྒྱས་པར་ཤ་ལྔ་ཟ་བའོ། །

ཀྱེ་མ་མདོ་རྒྱུད་ཉི་ཟླ་མ་མཐོང་ཞིང༌། །མུན་པའི་ཁྲོད་དུ་དམུས་ལོང་ནོར་བུ་ཚོལ། །ཟས་ལ་སྲེད་པས་རྒྱལ་ལ་སྐུར་བ་འདེབས། །ཀྱེ་མ་འགྲོ་བའི་གནས་གཅིག་གང་དུ་ཡོད། །ཀྱེ་མ་ཐེག་ཆེན་པ་ཞེས་ཁ་འཆིས་ཡང༌། །མཐའ་དྲུག་ཚུལ་བཞིའི་སྒོ་ལྕགས་དམ་པོ་ལ། །བླ་མ་རིགས་ལྡན་མན་ངག་ལྡེ་མེད་པར། །དབང་ཆེན་ནོར་གྱིས་བྱེད་པར་རློམ་པ་འཁྲུལ། །མཐའ་དྲུག་ཚུལ་བཞིའི་ལྡེ་མིག་ཚོལ་འདོད་ཀྱང༌། །ཤེས་རབ་མིག་བྲལ་བརྩོན་འགྲུས་ལག་པས་སྟོང༌། །ནོར་ཤ་ལྡག་པས་འདོད་ཡོན་ཁྲི་ལ་བཞུགས། །ལོག་བློ་ལྡན་པས་མདོ་རྒྱུད་དོན་རྟོགས་སྨྲ། །བློ་མིག་རྣམ་དག་བྲལ་བས་དོན་མིན་གྱི། །བསྟན་ བཅོས་མང་པོས་རང་གཞན་མ་བསླུས་སམ། །རྒྱལ་བའི་བཀའ་ཞེས་ཚུལ་མིན་སྣ་ཚོགས་བྱེད། །ཆོས་ལྡན་མཐོང་ནས་དཔུང་གིས་སུན་འབྱིན་བྱེད། །རང་ཉིད་མ་སྤྱོད་གཞན་གྱིས་བྱས་ཀྱང་འགེགས། །ཀྱེ་མ་ཀྱི་ཧུད་མདོ་རྒྱུད་དོར་བ་འཕངས། །མདོ་རྒྱུད་གཏམ་གྱིས་སྤྲེལ་ན་ཁ་ཆོས་མཁན། །ཅང་མེད་སྟོང་པར་བསྟན་ན་རྐང་གཉིས་གཙོ། །བདེན་གཉིས་ཤན་འབྱེད་བྱས་ན་ཐ་སྙད་མཁན། །ཀྱེ་མ་རྒྱལ་བའི་དགོངས་པ་ཇི་ལྟར་རྟོགས། །ཞེས་པ་ནི་བར་སྐབས་པའོ། །

འདི་བཀོད་དགེ་རྩ་གང་ཡིན་དེས། །ཁམས་སུམ་སེམས་ཅན་ཐམས་ཅད་ཀུན། །ཉོན་མོངས་དྲི་མ་དང་བྲལ་ནས། །དྲི་མེད་བསླབ་གསུམ་བསྲུང་གྱུར་ཅིག །ཅེས་པ་འདི་ནི་ཁྲོ་བོའི་ལོ་རྒྱལ་གྱི་ཟླ་བའི་ཚེས་ཉེར་གཅིག་གི་ཉིན་ཆུ་བོ་གང་གཱ་དང་ཉེ་བའི་གནས་ཀླུ་མ་དྲོས་པའི་ཕོ་བྲང་ཆེན་པོ་མ་བང་གི་འགྲམ་དུ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །།

འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག །སརྦ་མངྒ་ལཾ།།

[མ་དཔེ་ནི་འཛམ་ཐང་པར་མ་ཡིན།]


previousཤ་ཆང་བཀག་པའི་ལུང་འདྲེན་རྣམས་བཞུགས་སོ། ། next