Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
ལྷ་དང་བཅས་པའི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེའི་ཞབས་ཀྱི་པདྨོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་རྒྱལ་བ་སྲས་བཅས་དགྱེས་པའི་རོལ་མོ།
   
   
   
   
   
   
  expand section
  expand section
   
   
   


 
no previousལྷ་དང་བཅས་པའི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེའི་ཞབས་ཀྱི་པདྨོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་རྒྱལ་བ་སྲས་བཅས་དགྱེས་པའི་རོལ་མོ།next

ལྷ་དང་བཅས་པའི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེའི་ཞབས་ཀྱི་པདྨོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་རྒྱལ་བ་སྲས་བཅས་དགྱེས་པའི་རོལ་མོ།


JKT001_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སརྦ ཏོ བྷ དྲ ཙ ཀཱ ཎཾ རི ཁཱ ས ཛི ཀཱུ ཏྲ པྲ མོ ད སྱ བཱ ཙྩཾ ནཱ མ སྶ དེ བཱ ནཾ ཤཱ བི ས མ ཤཱ ཀྱ སཾ ཧ སྱ པཱ ད པདྨ ཡོ རྩྭ ད ཤ ཀྲྀ ཏ མུ ཁཱ ཡ ཀི ཉྩིཏཱུ ཏི བི ཧ ར ཏི སྨ།།
༄༅། །ལྷ་དང་བཅས་པའི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེའི་ཞབས་ཀྱི་པདྨོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་རྒྱལ་བ་སྲས་བཅས་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །


JKT001_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དདྷབས༽གསལ་བྱེད་བཞིར་ངེས་རྐང་པ་གཅིག་གཉིས་བཞིར། ཆོད་པའི་ཟུང་ལྡན་ཚིག་རྒྱན་ཀུ་མུ་དཱ། སྡེབ་ལེགས་སྦྱོར་བ་རྗེས་སུ་བསྔགས་པ་ཡི། བྱེ་བྲག་མཁའ་དང་དབྱིངས་ཀྱི་ཆུན་པར་བཅིངས།
སུཾ སི དྡྷ དཱི དྷི སཾ ས དཱ། །སུ སི དྡྷ སཾ བུ དྡྷ བི དཱ།
རབ་སྤེལ་གྱི་ཤིས་བརྗོད། དགེ་ལེགས་རྟག་པ་དམ་པའི་སྣང་བ་ནི། །གྲུབ་པ་ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཏེ།
ཚེས་ཞིང་འདིའི་འདྲ་པ་ཤཱཀྱའི་ཏོག །སྟོན་མཆོག་དོན་ཀུན་གྲུབ་པ་རྒྱལ། །སྲིད་ཞིའི་མུན་པ་སེལ་མཛད་པ། །སྨྲ་བའི་དབང་ཕྱུག་འཇམ་དཔལ་དབྱངས། །


JKT001_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སུཾ དྷུ སུ སཱ དྷཱ དོ དྷི སཿ སུཾ སི དྷ སཱུ དྷུ བཱ ད དེ། ། །
བྱང་ཆུབ་མཆོག་གི་བདུད་རྩིས་རབ་མཛེས་དེས། །ཤིས་པའི་དགའ་སྟོན་ཀུན་ཏུ་སྦྱིན་གྱུར་ཅིག། མཆོད་པའི་ཟུང་ལྡན། བྱང་ཆུབ་སེམས་ཀྱི་རོས་གང་ཞིང་། །སྙིང་རྗེའི་མྱུ་གུ་སྤྱན་རས་གཟིགས། །རྒྱལ་ཀུན་གསང་བའི་མཛོད་འཛིན་ཅིང་། །མཐུ་སྟོབས་ལག་ན་རྡོ་རྗེ་རྒྱལ། །


JKT001_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་བཞིའི་ཐོག་མར་ཡོད་པ། ངོ་མཚར་བསོད་ནམས་བྱེ་བའི་ས་བོན་གཅིག་ཏུ་སྨིན་པའི་གཟུགས་ཀྱི་སྐུར། །ངོ་མཚར་མཚན་དཔེའི་མེ་ཏོག་འཛུམ་འབར་ཕན་བདེའི་གྲིབ་བསིལ་འབྲས་བུར་བཅས། །ངོ་མཚར་གྲགས་དཀར་སྲིད་ན་མངོན་མཐོ་དོན་ཀུན་གྲུབ་པའི་མནྡཱ་ར། །ངོ་མཚར་ཚུར་མཐོང་འགྲོ་བའི་མོས་ངོར་སྐལ་བཟང་འཆི་མེད་ཚལ་དུ་འཁྲུངས། ༢ །མཐའ་ཐོག་སྦྱར་བ། དེ་ཚེ་གསུང་དབྱངས་ཡན་ལག་དྲུག་ཅུའི་ཕུལ། །ཕུལ་བྱུང་ལུང་དང་རྟོགས་པའི་སྙིང་པོའི་དཔལ། །དཔལ་ལྡན་ས་གསུམ་སྣང་བའི་ལེགས་བྱས་མཆོག །མཆོག་ཏུ་རིགས་ཅན་གསུམ་གྱི་ཉེར་འཚོར་འབེབས། ༣ །དབྱངས་བཞིར་ངེས་པ། ཟག་པ་ཆ་དང་བཅས་པ་རབ་སྤངས་པས། །སྒྲིབ་གཉིས་སྤྲིན་རིས་ཞི་བའི་དབྱིངས་སིམ་བཞིན། །དུས་གསུམ་ཀུན་ཏུ་འཇུག་ཚུལ་ཕུལ་བྱུང་ཐུགས། །མཁྱེན་བརྩེ་ཡེ་ཤེས་རྩེར་འཛེགས་བདེ་ཆེན་བརྙེས། ༤ །བར་མཆོད་པའི་ཟུང་ལྡན་རྐང་པ་བཞི་ཀར་ཡོད་པ། ཕུན་ཚོགས་ཕུན་ཚོགས་གཞིར་གྱུར་བྲལ་སྨིན་གྱི། །ཡོན་ཏན་ཡོན་ཏན་རྒྱ་མཚོའི་གཏེར་ཆེན་པོར། །མཁས་པས་མཁས་པ་དགྱེས་པའི་ཚིག་སྦྱོར་གྱིས། །བསྔགས་པས་བསྔགས་པའི་ཕ་མཐའ་གཞལ་དུ་མེད། ༥ །རྐང་པ་དང་པོ་དང་གསུམ་པར་བཟླས་པ། ལྷར་བཅས་འཇིག་རྟེན་ཀུན་དགའི་དཔྱིད་གཅིག་པུ། །མངོན་མཐོ་ངེས་ལེགས་ལམ་སྟོན་ཕྲིན་ལས་ནི། །ལྷར་བཅས་འཇིག་རྟེན་ཀུན་དགའི་དཔྱིད་གཅིག་པུ། །


JKT001_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པར་འཇུག ༦ །མཐའ་ཐོག་སྦྱར་བ་ཁྱད་པར་ཅན། དེ་སླད་ཟབ་ཅིང་རྒྱ་ཆེའི་མཐར་སོན་ཡེ་ཤེས་གཟིགས་པའི་རྣམ་ཐར་མཆོག །ཐར་མཆོག་ཞི་བསིལ་བདུད་རྩིའི་རླབས་ཀྱིས་སྲིད་ཞིའི་ཁམས་ཀུན་སྣང་མཛད་པའི། །མཛད་པ་རྨད་བྱུང་ཚུལ་ལས་ཉེར་བརྩམས་ཉུང་ངུའི་ངག་གིས་རབ་བསྔགས་པས། །བསྔགས་པའི་གཞིར་གྱུར་རྒྱལ་བ་སྲས་བཅས་དགྱེས་པའི་རོལ་མོ་ཅུང་ཟད་འཁྲོལ། ༧ །། ༅། གཟོད་ནས་རབ་ཞི་བདུད་རྩིའི་རླབས་འཐུང་བཞིན། །སྙིང་རྗེའི་ལང་ཚོ་རྒྱས་པའི་ཟུར་མིག་ནི། །སྲིད་པའི་ཁམས་འདིར་ལྷག་པར་འཇུག་བརྩོན་ཕྱིར། །རྒྱལ་སྲས་དགའ་ལྡན་གནས་ནས་སྣང་མཁས་དཔལ། ༅། རྩོད་པའི་དུས་ཀྱིས་མིང་གིས་སྨ་ཕབ་པར། །འཕགས་རྣམས་དགྱེས་པའི་གོ་སྐབས་བཏང་བ་ན། །ཐུགས་བསྐྱེད་དམ་བཅའ་དུས་ལས་མི་ཡོལ་ཕྱིར། །རྒྱལ་འཕགས་གཞན་ལས་ཕན་པ་འཆང་མཁས་དཔལ། ༅། ལེགས་བྱས་ངོ་མཚར་བྱེ་བའི་དཔག་བསམ་གྱིས། །མཚན་དཔེའི་མེ་ཏོག་འཛིན་ལས་གཞན་མིན་པས། །སཱ་ལའི་ཤིང་ཆེན་རྒྱས་པའི་རིགས་ཀྱི་མཆོག །རྒྱལ་གང་ཟས་གཙང་སྲས་ལས་བལྟམས་མཁས་དཔལ། ༅། ཡེ་ཤེས་ནོར་བུའི་མེ་ལོང་གཅིག་ཁོ་ནར། །ཤེས་དང་ཤེས་བྱའི་གཟུགས་བརྙན་འབུམ་འཆར་བས། དྲེགས་ལྡན་སྡེར་བཅས་བརྟན་པ་འཕྲོག་མཛད་ཕྱིར། །རྒྱལ་བ་མཐའ་དང་བྲལ་བར་བསླབ་མཁས་དཔལ། །


JKT001_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྲིད་འདིར་ངོ་མཚར་རྣམ་ཐར་རྫོགས་པའི་མཐར། །གཟུགས་སྐུའི་སྤྲོས་པ་བརྟུལ་བའི་ཚུལ་བསྟན་ཀྱང་། །ཕྲིན་ལས་སྣང་བ་རྒྱུན་མི་འཆད་པའི་ཕྱིར། །རྒྱལ་བ་ཡང་དག་མཐའ་ལས་འདས་མཁས་དཔལ། ། ༈ རྒྱལ་བས་གཞན་ལས་པད་དཀར་ལྟར་བསྔགས་རྒྱལ། །རྒྱལ་དང་འཕགས་པས་གཞལ་དཀའ་རྣམ་ཐར་རྒྱལ། །རྒྱལ་སྲས་ཟག་བྲལ་མྱོང་འདས་ལམ་ལས་འཕགས། །གང་དག་ཐབས་མཁས་མཛད་བཟང་སྣང་བ་ཡང་། །ལྷར་བཅས་དགའ་མཛད་རབ་འབྱམས་འཆར་ལས་གཞན། །ཟས་གཙང་སྲས་གང་རྟག་ཆད་མཐའ་ལས་འདས། །བྲལ་འབྲས་དཔལ་ལྡན་མཁའ་ཁྱབ་འབར་བ་ལས། །གཙང་གནས་རབ་སྤངས་གནས་དང་མཐར་ལས་དཔལ། །དགའ་བ་བརྒྱ་ལྡན་གནས་ན་གཞན་ལ་ཕན། །སྲས་བཅས་ལམ་བཟང་བྲལ་བ་ལྔ་བརྒྱ་པར། །གཞན་ཡང་གཡར་དམ་བརྟན་ནས་སྨན་མཛད་པ། །ལས་དང་སྐལ་བར་འཚམས་པར་འཆར་པས་ན། །དཔལ་དང་གྲགས་པ་རབ་གསལ་སྣང་བར་འཆང་། །བལྟམས་ཙམ་བསླབ་བྱ་མཐའ་དག་རང་དབང་བླངས། །ཟླ་བྲལ་མཛད་བཟང་དཔག་ཡས་བསྟན་མཁས་མཁས། །མཁས་མཁས་སྣང་བས་སྐལ་བཟང་པད་ཚལ་བཞད། །རྒྱལ་བ་ཡང་དག་མཐའ་ལས་འདས་མཁས་དཔལ། །དཔལ་མཁས་སྣང་ཟབ་ཐབས་ལས་གཞན་དབང་རྒྱལ། ། ༈ ཡབ་གཅིག་དགྱེས་པའི་འཛུམ་དཀར་གྲོལ་བ་དང་། །འཇིག་རྟེན་མཐུན་དང་སྨིན་པར་མཛད་པའི་སླད། །བཙུན་མོའི་འཁོར་གྱིས་རོལ་པའི་ཚུལ་སྟོན་ཕྱིར། །རྒྱལ་དབང་གཞན་ལས་ཐབས་ཟབ་སྣང་མཁས་དཔལ།


JKT001_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་བདེན་འཆི་མེད་རྟག་པའི་མཆོག་སྦྱིན་སླད། །ལམ་བདེན་སྡེ་སྣོད་རྒྱུད་སྡེ་མཐའ་ཀླས་ཀྱི། །བདུད་རྩིའི་གྲུ་ཆར་ལྷུག་པར་འབེབས་མཛད་ཕྱིར། །རྒྱལ་བསྟན་ཟབ་རྒྱས་སྣང་བ་གསལ་མཁས་དཔལ། ། ༈ རྒྱལ་བསྟན་ཟབ་རྒྱས་སྣང་བ་གསལ་མཁས་དཔལ། །དཔལ་མཁས་གནས་ལ་བསླབ་དག་རྣམ་འཕགས་རྒྱལ། །གླགས་ལྟ་ཚར་བཅད་བྱམས་པས་བརླན་མཁས་མཁས། །མཁས་མཁས་དད་དང་མཉམ་གནས་གཞན་དག་ཀྱང་། །ལས་འབྲས་སྤང་བླང་ལམ་ལ་གནས་མཛད་མཐར། །བརྟན་མཁས་བསླབ་པ་དཔག་བསམ་འབྲས་ལྟར་སྩལ། །ཉན་རང་བྱང་འཕགས་ས་ལ་རབ་བཞག་པས། །བཅས་ལྡན་རྣམས་ལ་ལྷག་པར་སྨན་ལགས་གྲང་། །ལྷར་བཅས་བླ་ན་དཔལ་འབར་དམན་ལ་བྱམས། །དམ་པས་སྨད་བྱ་ལམ་གཞན་སྤ་བཀང་མཛད། །མཚན་བཟང་ཟག་བྲལ་གནས་ནས་སྣང་བརྙན་ཟླ། །དག་པ་རབ་འབྱམས་རྟག་ཁྱབ་འཆར་བ་ཡང་། །བགྲང་ཡས་མཐའ་ཀླས་ཁམས་དབང་བསམ་པར་འགྲན། །ཡང་དག་ལམ་བསྟན་རྣམ་ཐར་མཁའ་ལྟར་ཟབ། །གཞན་དབང་ཕྲ་རྒྱས་ཆེ་བཅས་རབ་བསལ་བར། །འཕགས་དང་མཁས་རྣམས་དྭང་པས་བསྔགས་མཛད་པ། །རྒྱལ་སྲས་དཔག་ཡས་གང་ལས་སྣང་མཁས་རྒྱལ། །རྒྱལ་དབང་ཟས་གཙང་སྲས་བསྟན་རྟག་བར་རྒྱལ། ། ༅། སྲིད་པའི་ཡུལ་གྱི་སྦྱོར་བས་མི་བརྫི་ཡང་། །འགྲོ་གཞན་ངེས་པར་འབྱུང་བའི་ལམ་སྟོན་སླད། །ཆེན་པོའི་འབྱོར་པ་རྩྭ་ལྟར་རིང་བཏང་ནས། །རྒྱལ་འཕགས་རྣམ་དག་བསླབ་ལ་གནས་མཁས་དཔལ། །


JKT001_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲོལ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །སྒྲིབ་གསུམ་རྒྱུན་བཅས་གཅིག་ཅར་འཇིལ་མཛད་ནས། །བྱང་ཆུབ་སྙིང་པོའི་ཕ་རོལ་བདེར་གཤེགས་ཕྱིར། །རྒྱལ་དབང་མཐའ་བྲལ་དཔལ་ལ་གནས་མཁས་དཔལ། ། ༈ གྲངས་མེད་བསོད་ནམས་ཕུང་པོའི་ཆ་ཤས་རེས། །ཡིད་སྲུབས་དཔུང་བཅས་ཁེངས་པ་སྙིལ་བའི་དབྱངས། །སྲིད་དང་ཞི་བའི་ཕ་མཐར་སྙན་པའི་ཕྱིར། །རྒྱལ་བར་འགྲན་ཟླ་བྱམས་པས་མཐར་མཁས་དཔལ། ། ༈ རྣམ་འདྲེན་སྟོབས་བཅུའི་དབང་ཕྱུག་སྲས་བཅས་ཀྱིས། །ཤིས་པ་བསྒྲུབས་པའི་རྡོ་རྗེའི་གདན་ཆེན་པོར། །བྲལ་སྨིན་ཡོན་ཏན་རྒྱ་མཚོའི་མཐར་སོན་ཕྱིར། །རྒྱལ་འཕགས་ཡང་དག་དམ་བཅས་བརྟན་མཁས་དཔལ། ། ༈ གང་ཡང་ཚུ་རོལ་མཐོང་བའི་ཏིང་འཛིན་གྱིས། །ངལ་བ་ཕྲ་མོར་བགྱིད་སླད་ནེ་རཉྫར། བསམ་གཏན་བདུད་རྩིས་དགྱེས་པའི་ཚུལ་སྟོན་ཕྱིར། །རྒྱལ་མཛད་མཁའ་ཁྱབ་ལམ་ལ་བསླབ་མཁས་དཔལ།


JKT001_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོར་མཉམ་པའི་བྲྀཏྟ་ཡི་གེ་བརྒྱད་པ་རྗེས་བསྔགས་ཀྱི་བྱེ་བྲག་༧༧གྱི་མཚམས་ནས་ཟིན་པའི་པྲ་རའོ། ། ༄༅། །ཟུང་ལྡན་ཟེའུ་འབྲུས་རབ་མཛེས་པའི། །བྱ་དཀའི་ཁྱད་པར་གོ་མཱུ་ཏྲའི། །ཚིག་སྦྱོར་པདྨ་གསར་པ་ནི། །མཁས་རྣམས་ཡིད་ཀྱི་དཔྱིད་དུ་འཁྲུངས། ། ༅། རབ་སྤེལ་གྱི་ཤིས་བརྗོད། སྲིད་ན་དགའ་བསྐྱེད་ལེགས་བྲིས་བདུད་རྩི་ཡིས། །མཚོན་མིན་རྟག་པ་དམ་པའི་རོལ་སྒེག་གིས། །ཞི་བའི་བདེ་བ་ནོར་བུའི་འབྱོར་པ་དང་། །ལྷན་ཅིག་ཤིས་པའི་པདྨོ་རྒྱས་པར་མཛོད། །


JKT001_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སྦྱར་ངག་གི་སྣང་བ་མིན། །སྐྱེ་གནས་ངེས་པའི་བྱ་དཀའ་བ། །ཨུཏྤལ་རྒྱས་པའི་སྙེམ་ནི། །བློ་གསལ་རྣ་བའི་རྒྱན་འཛུམ། །༄༅། །ནཾ ནཾ ནཾ སུ དཱི དྷི དཱ སུ སི དྡྷ ཏཱ སུ དྷ སེ རྗེ། །ཛཱི ནཾ ཛྷ ནཾ ན ད ཡྻཱ ཡཱ ཡུ ད དྷི སཱུ ཏུ དེ དྷེ ཏེ། ༄༅། །རབ་སྤེལ། ཕུན་ཚོགས་ཀུན་དགའི་སྣང་བ་རབ་སྟེར་བའི། །གྲགས་པའི་ཟིལ་དངར་བཅས་པའི་ཟླ་བ་ནི། །མཁྱེན་དང་བརྩེ་བའི་ཡེ་ཤེས་མཐའ་ཀླས་ཕྱིར། །མཆོག་ཏུ་བསྔགས་པའི་ཆུ་གཏེར་ལྷག་པར་འཕེལ། ༡ །


JKT001_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་ཀའི་ཆོད་ཅིང་མཆོད་པ། སྙན་སྙན་ཡིད་ཀྱི་རོལ་མཚོར་སྙན་སྙན་མཚོ་བྱུང་དགྱེས་པའི་དབྱངས་སྙན་སྙན། །སྙན་སྙན་དགའ་བའི་ཚལ་དུ་སྙན་སྙན་ཁུ་བྱུག་གཞོན་ནུའི་གླུ་སྙན་སྙན། །སྙན་སྙན་པདྨའི་རྫིང་བུར་སྙན་སྙན་བུང་བ་མྱོས་པའི་གདངས་སྙན་སྙན། །སྙན་སྙན་འཇིག་རྟེན་གསུམ་ན་སྙན་སྙན་རྒྱལ་བའི་རྟོགས་བརྗོད་རབ་སྙན་སྙན། ༢ །བཟློག་པའི་ཟུང་ལྡན། བསྔགས་པས་བརྗོད་འདས་བསམ་དཀའ་དཔག་ཡས་མཐའ། །དཔལ་ལྡན་མཁྱེན་ཟབ་ལས་གཞན་ཡུལ་ལས་གྲོལ། །གྲོལ་ལས་ཡུལ་གཞན་ལས་ཟབ་མཁྱེན་ལྡན་དཔལ། །མཐའ་ཡས་དཔག་དཀའ་བསམ་འདས་བརྗོད་པས་བསྔགས། ༣ ། སྐྱེ་གནས་བཞིར་ངེས་པ། རྨོངས་པའི་མུན་པ་སྤངས་པས་འཕགས་པའི་ཕུལ། །བརྩེ་ཆེན་སྙིང་རྗེས་ཟུང་འཇུག་གཟུགས་འཆང་སྐུས། །ཀུན་ཀྱང་ཀུན་མཁྱེན་ལམ་ལ་དུས་རྟག་ཏུ། །མཐའ་དག་སྣང་ནས་སྣང་ལམ་སྟོན་ལ་གནས། ༤ །ངེས་པ་ཅན་གྱི་སྦྱར་བ། གང་གི་རྣམ་གྲོལ་ཡེ་ཤེས་ཀུན་ཁྱབ་སྟེ། ནམ་མཁའ། །འགྲོ་ལ་རྗེས་སུ་བརྩེ་བར་ཆགས་པ་དང་། །ཆོས་ཀུན་མ་འདྲེས་གཟིགས་ལ་ཐམས་ཅད་མཁྱེན། །དབང་ཕྱུག ། སྨན་མཛད་འཇིག་རྟེན་བྱེད་པོ་ཚངས་པ་ཉིད་དུ་སྒྲོགས། ༥ །ལ་ཡིག་ལ་བསྐོར་བའི་རྗེས་ཁྲིད་ཀྱི་བློས་གོ་ཌ་པས་འདོད་པ། ལ་ལ་ཙམ་མིན་ལུས་ཅན་ལོག་པའི་ལམ། །བསལ་ནས་མངོན་མཐོའི་ལམ་ལ་འགོད་མཛད་མཐར། །


JKT001_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ལེགས་ལམ་བཟང་སྣང་བས་ཐར་ལམ་ལ། །དབུགས་འབྱིན་ལམ་མིན་ལས་ལྡོག་ཕྲིན་ལས་འཆང་། ༦ །འདྲེས་པའི་ཟུང་ལྡན། དེ་སླད་བསྔགས་འོས་ཕ་མཐར་རོལ་མཁས་མཁས་ཀུན་བསྙེན་པའི་ཞབས་པདྨོ། །པདྨོ་རྣམ་པར་རྒྱས་པའི་དཔལ་ཅན་སྲིད་ཞིའི་དཔལ་གྱིས་རབ་མཛེས་པས། །མཛེས་པ་གཞན་གྱི་ཁེངས་པ་ཉེར་འགོག་འགོག་པ་མེད་པའི་གྲགས་སྙན་ཚིག །སྙན་ཚིག་ཉམས་བརྒྱའི་ངག་གིས་མཆོད་ལས་ཀུན་ཀྱང་ཀུན་མཁྱེན་ཉིད་གྱུར་ཅིག ༧ །དེ་ལྟར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་པདྨོ་ལ་མཛད་པ་བཅུ་གཉིས་ཀྱི་ཚུལ་ལས་གཙོ་བོར་བརྩམས་ཏེ་ཅུང་ཟད་བསྔགས་པའི་བྱ་དཀའ་བའི་ཚིག་སྦྱོར་རྒྱལ་བ་སྲས་བཅས་དགྱེས་པའི་རོལ་མོ་ཞེས་བྱ་བ་འདི་ཡང་། ངེས་པར་ཐམས་ཅད་མཁྱེན་དངོས་མ་ཧཱ་པཎྜི་ཏ་འཇམ་དབྱངས་དགྱེས་པའི་བློ་གྲོས་མཚོ་སྐྱེས་བཞད་པའི་སྒྲ་དབྱངས་ཞབས་ཀྱིས་རིང་མོ་ནས་བཀའི་ཅོད་པན་སྤྱི་བོའི་རྒྱན་དུ་སྩལ་བ་ལས། རྗེ་དེ་ཉིད་ཀྱི་ཚད་མེད་པའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་ཐ་སྙད་རིག་པའི་ཚུལ་ལ་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་ཤར་བ་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། ཚངས་སྲས་དགྱེས་པའི་བློ་ལྡན་ཞེས་ཀྱང་བགྱི་བའི་རྒྱལ་ཁམས་ཀྱི་ད་རི་དྭས་གུས་པ་ཆེན་པོས་སྦྱར་བས་འཇིག་རྟེན་གསུམ་ན་དགེ་ལེགས་ཀྱི་སྣང་བས་ཕན་བདེའི་པདྨོ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག། །།སརྦ་དཱཀ་ལྱཱ་ཎཾ་བྷ་བ་ཏུ།། །།དགེའོ།། །།དགེའོ།། །།དགེའོ། །


no previousལྷ་དང་བཅས་པའི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེའི་ཞབས་ཀྱི་པདྨོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་རྒྱལ་བ་སྲས་བཅས་དགྱེས་པའི་རོལ་མོ།next