Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་ཞབས་ཀྱི་པདྨོ་ལ་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་མཚོ་བྱུང་དགྱེས་པའི་རོལ་མོ།
   
   
   
   
  expand section
  expand section
   
   
   


 
previousཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་ཞབས་ཀྱི་པདྨོ་ལ་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་མཚོ་བྱུང་དགྱེས་པའི་རོལ་མོ།next

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་ཞབས་ཀྱི་པདྨོ་ལ་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་མཚོ་བྱུང་དགྱེས་པའི་རོལ་མོ།


JKT001_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ས རྦ ཏོ བྷ དྲ ཙ ཀཱ ཎྞཾ རེ ཁཱ ས ར སྭ ཏཱི ན རྡ སྱ བཱ བྱ ནཱ མ སྶ རྦ ཛཱ དྷ རྨ རཱ ཛ བི མ ལར སྨི པཱ ད པ དྨ ཡོ་ཀི ཉྩ ཏྭཱ ཏི བི ཧ ར ཏི སྨ། ༄༅། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་ཞབས་ཀྱི་པདྨོ་ལ་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་མཚོ་བྱུང་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །


JKT001_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོར་མཉམ་པའི་བྲྀཏྟ་ཡི་གེ་བཅོ་ལྔ་པ་ཤིན་ཏུ་ནུས་ལྡན་ལ་སྤྱིར་རྣམ་གྲངས་༣༢༤༦རམཆིས་པ་ལས། བྱེ་བྲག་ཨུདྡིཥྚ༤འི་མཚམས་ནས་ཟིན་པ་ཡོན་ཏན་ནོར་བུའི་ཚོགས་ཞེས་བྱ་བའི་སྲས་རས་མཛེས་པར་བྱས་པ་ཛ་ཡནྟུ། ། ༄༅། །བོ ས མ བ རིཎ ད དྷི ས ད ཏི ཤ མ ས ད་ཚལ བོ ས མ བི ད སུ བི ད བི དྷ མ ཙླི མུ ཀུ ཊཻ༔ ༄༅། །རྣམ་ཀུན་མཆོག་ལྡན་ཤིན་ཏུ་ཞི་བ་རྟག་པ་དམ་པའི་ཆུ་གཏེར་ལས། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟླ་བ་ནོར་བུའི་ཅོད་པན་ནི། །


JKT001_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བིཾ མུ ཙ བི མ ལ ཀ ར བྲྀ ཐུ མ ཛྲ ཏ རུཙཱ། བི ཛ ཡ ཏུ ས མ ཤུ བྷ ཤ མ བྷ བ བ ར དྭ། ༄༅། །རྣམ་གྲོལ་དྲི་མེད་བདུད་རྩིའི་འོད་ཟེར་ཕ་མཐའ་ཡས་པར་འབར་བ་ཡིས། །རྣམ་ཀུན་ཤིས་པའི་སྣང་བ་སྦྱིན་མཛད་སྲིད་ཞིའི་བླ་ན་རྒྱལ་གྱུར་ཅིག ༡ །བཟོད་ནས།


JKT001_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པའི་འཇུག་ལྡང་སིམ་གྱུར་ནང་གསལ་ཆོས་སྐུའི་ཡེ་ཤེས་ལས། །ཁ་སྦྱོར་ཡན་ལག་བདུན་གྱི་རྣམ་རོལ་ལོངས་སྤྱོད་རྫོགས་སྐུའི་སྤྲིན་བཀོད་པ། །འོད་གསལ་འཕོ་ཆེན་འཇའ་ལུས་མངོན་གྱུར་སྤྲུལ་པའི་གར་མཁན་བི་མ་ལ། །སླར་ཡང་གངས་ཅན་རི་བོའི་ལྗོངས་འདིར་ཀུན་མཁྱེན་ངག་གི་དབང་པོར་སྣང་། ༢ །གང་དེའི་མཁས་པའི་རྣམ་དཔྱོད་རྨད་བྱུང་བློ་ལྡན་བྱེ་བའི་བརྟན་པ་འཕྲོག ། གྲུབ་གཉིས་གྲགས་དཀར་སྲིད་ན་མཐོ་བས་ཡིད་སྲུབས་ཁེངས་པའི་པདྨོ་ཟུམ། །འཕགས་བོད་བསྟན་འཛིན་རྒྱ་མཚོའི་གཙུག་ཏུ་ཞབས་སེན་ཨུཏྤལ་ངལ་འཚོ་བའི། །བཀྲ་ཤིས་སྣང་བ་དམ་པའི་དཔལ་གྱིས་འཇིག་རྟེན་གསུམ་ཀུན་མཛེས་པར་བྱས། ༣ །ལྷག་པར་རྡོ་རྗེའི་རིག་འཛིན་མཐའ་དག་གང་ལས་བྱུང་བའི་ངོ་མཚར་གྱིས། །རིམ་དགུའི་ཐེག་པའི་གཙུག་ཏོར་རྩེར་འཛེགས་འོད་གསལ་


JKT001_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཏིག་ནོར་བུའི་མཛོད། །སྔོན་མེད་བློ་མཆོག་ཤིང་རྟས་དྲངས་ནས་འགྲོ་མང་གདོད་མའི་རྒྱལ་སྲིད་ལ། །འདོད་དགུར་འགོད་པའི་རྣམ་པར་ཐར་པ་བྱིས་བློའི་ཡུལ་ལས་རིང་དུ་བརྒལ། ༤ མཁས་མཁས་བསམ་པས་ཟབ་རྒྱས་ལམ་ལ་ཡང་དག་དཔྱད་པ་རབ་གསལ་བས། །སྙན་སྙན་སྐལ་བཟང་རྣ་བར་འཆད་ནས་མཐའ་ཀླས་ཐར་ལམ་སྣང་བར་མཛད། །བཟང་བཟང་གཞན་ཕན་པདྨར་རབ་ཆགས་རྣམ་དག་བསླབ་པས་བརླན་དང་བཅས། །ཡང་ཡང་ཟག་བྲལ་ལམ་ལ་གནས་གང་བགྲང་ཡས་ས་ལམ་ཕ་མཐར་འཕགས། ༥ །སྒྲིབ་གཉིས་སྤྲིན་རིས་ཞི་བའི་དབྱིངས་སིམ་རིག་པའི་མིག་གིས་ཇི་བཞིན་གཟིགས། །ཕུལ་བྱུང་འཇུག་ཚུལ་ཀུན་ཏུ་གྲུབ་གྱུར་བཙུན་ཚུལ་ནུས་མཐུས་བདུད་དཔུང་འདུལ། །མཁྱེན་བརྩེ་ཡེ་ཤེས་དཔེ་མེད་ཕྲེང་མཛེས་ངེས་སྟེར་བདེན་ཞེན་བསྲེགས་དེ་ཚེ། །རྩོད་རྩོམ་བློ་གྲོས་འདོད་དོན་ཡོངས་འཇོ་ཐོས་དོན་སྒོམ་སྦྱོར་མཆོག་དངོས་སྩོལ། ༦ །དེ་སླད་གང་གི་རྟོགས་པ་བརྗོད་པ་འཆི་མེད་ལམ་བཞིན་མཐའ་མི་འཚལ། །ཅུང་ཟད་རྙེད་པའང་བདུད་རྩིའི་དཔལ་ལྟར་བློ་ལྡན་རྣམས་ཀྱིས་བསྟེན་འོས་ཕྱིར། བསྔགས་པ་བརྗོད་པའི་གཏམ་གྱི་གླིང་བུ་གཟུར་གནས་རྣ་བའི་བཅུད་ལེན་མཆོག །མཚོ་བྱུང་དགྱེས་པའི་ངག་གི་རོལ་མོ་སྙན་པར་འཁྲོལ་བས་སྐལ་བཟང་བྱ།། ༧ །།


JKT001_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྣམ་མེད་གཅིག་དང་དུ་མ་ལས་འདས་ཟབ་ཞི་སྤྲོས་བྲལ་ཆོས་སྐུའི་དབྱིངས། །རྣམ་བཅས་ལོངས་སྤྱོད་རྫོགས་སྐུར་ཤར་ལས་དེང་འདིར་བསིལ་ལྡན་རི་བོའི་ལྗོངས། །རྣམ་འདྲེན་སྲས་བཅས་སྤྲུལ་པའི་རང་གཟུགས་རྒྱལ་བ་གཉིས་པར་གྲགས་འབར་ཕྱིར། །རྣམ་གྲོལ་ཡེ་ཤེས་དམ་པས་འཇུག་མཁས་ཀུན་མཁྱེན་བླ་མ་སྲིད་ཞིའི་དཔལ། ༈ མཆོག་གི་གྲུབ་བརྙེས་མཁས་པའི་མཐར་སོན་བགྲང་ཡས་བཤེས་གཉེན་ཟླ་གཞོན་ལས། །མཆོག་བསྟན་མང་ཐོས་ཟིལ་དངར་བཏུང་བས་རྣམ་དཔྱོད་ཀུ་མུད་དར་བབས་ཤིང་། མཆོག་གྱུར་འཕགས་བོད་མཁས་གྲུབ་རྒྱ་མཚོའི་རྒྱལ་ཐབས་རང་དབང་མཛད་པའི་ཕྱིར། །མཆོག་ཏུ་ཟབ་རྒྱས་གཞུང་ལུགས་མཐའ་དག་རྣམ་དཔྱོད་སྤོབས་པས་བཟུང་མཁས་དཔལ། ༈ བློ་ལྡན་ཡིད་འཕྲོག་བཟོ་དང་གསོ་བ་སྐར་རྩིས་ཟློས་གར་མངོན་བརྗོད་དང་། །བློ་མཆོག་བྱེ་བས་གཅིག་ཏུ་བསྔགས་པའི་སྙན་ངག་སྡེབ་ལེགས་སྦྱོར་བའི་ཚུལ། །བློ་གཏེར་དབང་པོ་དཔའ་བོའི་ཞབས་ཀྱི་རྣམ་ཐར་རྒྱ་མཚོར་འཇུག་པའི་ཕྱིར། །བློ་གསལ་ཀུན་གྱི་ཡིད་དང་མིག་ལ་སྔོན་མེད་རབ་དགའ་བསྐྱེད་མཁས་དཔལ། ༈ ཚུལ་མང་མིང་ཚིག་ཡི་གེའི་སྒྲ་སྦྱོར་ཙཱནྡྲ་གཽ་མཱིའི་རྗེས་འགྲོ་ཞིང་། །ཚུལ་གསུམ་ཚད་མས་གྲུབ་པའི་གཞུང་ལ་ཕྱོགས་གླང་ཆོས་ཀྱི་གྲགས་པ་བཞིན། །ཚུལ་དང་ཚུལ་མིན་རྣམ་པར་འབྱེད་མཁས་འཇིག་རྟེན་གསུམ་གྱི་མིག་གཅིག་པུ། །ཚུལ་བཞིན་སྨྲ་བའི་སྤོབས་པ་ཟླ་མེད་ལེགས་བཤད་སྣང་བ་འཛིན་མཁས་དཔལ། །


JKT001_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །འོད་གསལ་གཟོད་ནས་རྣམ་པར་གྲོལ་བའི་ཀ་དག་གཞོན་ནུ་བུམ་སྐུའི་དབྱིངས། །འོད་གསལ་ལྷུན་གྲུབ་རིག་པའི་ཐིག་ལེར་མི་ཕྱེད་གྲུབ་པའི་རོལ་རྩེད་ཀྱིས། །འོད་གསལ་སྙིང་པོའི་ཤིང་རྟ་གཅིག་གྱུར་དགའ་རབ་དགྱེས་པ་རྡོ་རྗེ་བཞིན། །འོད་གསལ་སྣང་བཞིའི་ཕ་མཐར་ཕྱིན་ནས་སྐུ་གསུམ་གོ་འཕང་བརྙེས་མཁས་དཔལ། ༈ རྣམ་འདྲེན་རྒྱལ་ཀུན་མཁྱེན་བརྩེ་གཅིག་བསྡུས་མཆོག །བློ་གྲོས་དྲི་མེད་འཇམ་དཔལ་གཞོན་ནུའི་ཚུལ། །རིག་སྲོལ་ཡོན་ཏན་པད་མོའི་ནགས་ཀླུང་ཏུ། །གསལ་བྱེད་མང་ཐོས་འོད་ཟེར་ཉིན་བཞིན་བཟུང་། །ཇི་ལྟའི་ཡེ་ཤེས་མངོན་གྱུར་ཇི་སྙེད་གཞུང་། །ཀུན་གཟིགས་ཚིག་དང་དོན་བཅས་སྣ་མཁས་པས། །བསམ་བྱུང་རིག་ཤེས་ཚད་མས་དཔྱད་བཟོད་ལུགས། །ཡིད་ཅན་ཀུན་ལ་གསལ་བའི་བྱེད་པོར་གྱུར། །དེ་ཚེ་སྒོམ་སྤངས་དམ་པའི་མཁྱེན་རབ་མཐའ། །རབ་འབྱམས་འཕགས་རྣམས་སྤོབས་པའི་མཐར་སོན་ཞིང་། །བརྩེ་ཆེན་ཐུགས་རྗེའི་ནུས་པས་ས་གསུམ་དག །དགའ་སྟེར་གྲགས་པ་སྲིད་ཞིའི་བླ་ན་མཐོ། །སྨིན་གྲོལ་ལང་ཚོས་སྒེག་པའི་འཇུག་པ་བཟུང་། །བསྐྱེད་རྫོགས་སྣང་བ་གསར་པའི་འཛུམ་དཀར་གཡོ། །ངེས་གསང་ནོར་བུའི་རྒྱུད་མང་བསྒྲེང་མཁས་མཁས། །མཁས་མཁས་དཔྱོད་ལྡན་བྱེ་བའི་ཁེངས་པ་འཕྲོག །འོད་གསལ་སྣང་བཞིའི་ཕ་མཐར་ཕྱིན་མཁས་དཔལ། །དཔལ་མཁས་རྫོགས་པས་དཔྱད་ལ་ལམ་གྱུར་ཞི། ། ༄༅། །ཞི་བསིལ་ཆོས་ཕུང་རྒྱ་མཚོའི་སྣང་བས་བློ་གྲོས་ཨུཏྤལ་འཛུམ་དཀར་གཡོ། །ཞི་དང་སྲིད་པའི་སྤྲོས་ཀུན་བསྙིལ་ལ་ཡང་དག་རིག་པའི་སྙེམས་འཆར་བས། །ཞི་བའི་ལྷ་དང་འཕགས་པའི་ཞབས་བཞིན་ངོ་མཚར་གཏམ་གྱི་གཞིར་གྱུར་ཕྱིར། །ཞི་གྱུར་ལམ་ལ་བསམ་བྱུང་དཔྱད་པས་ཡང་དག་མཁྱེན་མཆོག་རྫོགས་མཁས་དཔལ།


JKT001_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་བཤད་སྒྲུབ་འོད་ཀྱིས་ས་གསུམ་གསལ་བར་བགྱིད་འཆད་དང་བསླབ་པའི་ཨུད་པལ་མཆོག་ཏུ་དགོ་རྩོད་མེད་ཤིང་རྟའི་བཞེད་སྲོལ་ཇི་བཞིན་དུ་དག་བྱེད་མཚུངས་བྲལ་རྩོམ་པའི་ཟིལ་དངར་གྱིས་གསང་བའི་རིག་སྔགས་ཐུན་མོང་ཉིད་གྱུར་བྱ་སྤྱོད་རྣལ་འབྱོར་རྒྱུད་ཀུན་དང་། །གསང་ཆེན་མཐར་ཐུག་བླ་ན་མེད་པ་ནང་རྒྱུད་སྡེ་གསུམ་སེང་གེའི་སྒྲས། །གསང་བདག་ངུར་སྨྲིག་གར་གྱིས་རོལ་པའི་གྲགས་པས་ས་གསུམ་ཁྱབ་གྱུར་ཕྱིར། །གསང་ཆེན་གདམས་པའི་བདུད་རྩིའི་བཅུད་ལེན་སྐལ་བཟང་འགྲོ་ལ་སྦྱིན་མཁས་དཔལ། ༈ གསང་ཆེན་གདམས་པའི་བཅུད་ལེན་སྦྱིན་མཁས་དཔལ། །དཔལ་མཁས་གཟིགས་མཆོག་བདེན་དོན་ངེས་པས་རྟོགས། །རྒྱན་དྲུག་མཆོག་གཉིས་རྒྱལ་སར་འཛེགས་མཁས་མཁས། །མཁས་མཁས་སྨྲ་བའི་ཉི་མ་བསམ་ཡས་པས། །བཤད་སྒྲུབ་འོད་ཀྱིས་ག་གསུམ་གསལ་བར་བགྱིད། །རང་གཞན་གྲུབ་མཐའི་ལམ་ཀུན་འཛིན་ལ་དབང་། །མཐའ་ཀླས་ཤེས་བྱར་ཆགས་ཐོགས་སྒྲིབ་ལས་འདས། །མཁས་གྲུབ་དུ་མའི་གཙུག་གི་རྩོད་པན་མཆོག །ལམ་ལྔ་ས་བཅུའི་དགའ་བ་རྒྱས་པ་གང་། །མཐའ་གཉིས་དབུ་མར་བསྙིལ་བའི་དཔལ་ལ་སྤྱོད། །རིག་དང་གྲོལ་བའི་རྣམ་ཐར་རྩ་་བ་བརླིང་། །ཟབ་ཅིང་རྒྱ་ཆེའི་སྐུ་བརྙེས་ཟག་པ་བྱང་། །ཆོས་རྗེ་ཀུན་མཁྱེན་བླ་མ་རྟག་ཏུ་རྒྱལ། ། ༈ རྟོགས་དང་མ་རྟོགས་གཉིས་སྣང་དྲ་བ་གཅིག་ཅར་འཇིལ་བའི་མཚོན་ལྷུང་བས། །རྟོགས་པས་བརྟན་གཡོའི་དངོས་ཀུན་ཟིལ་གནོན་མཚོ་སྐྱེས་གྲུབ་པའི་རྡོ་རྗེ་དང་། །རྟོགས་པའི་ཚུལ་ལ་རྣམ་དབྱེར་མི་ཕྱེད་སྒོམ་བྱུང་ཤེས་རབ་མཐར་སོན་ཕྱིར། རྟོགས་པས་ངེས་དོན་འགོག་པའི་བདེན་མཆོག་མངོན་སུམ་ཉིད་དུ་གཟིགས་མཁས་དཔལ། །


JKT001_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཟབ་ཞི་སྤྲོས་བྲལ་འདུས་བྱས་ལས་འདས་སོ་སོ་ཡང་དག་རིག་པའི་དོན། །ཟབ་ཅིང་རྒྱ་ཆེར་གཏན་ལ་འབེབས་མཁས་སངས་རྒྱས་གཉིས་པ་ཀླུ་སྒྲུབ་རྗེའི། །ཟབ་དོན་བདུད་རྩིའི་ཞལ་ལུང་མངར་པོས་རྣམ་དཔྱོད་པདྨོ་བསྐྱེད་བསྲིངས་པས། །ཟབ་མོ་དབུ་མའི་ལམ་སྲོལ་འཁྲུལ་མེད་མཆོག་ཏུ་གསལ་བར་སྣང་མཁས་དཔལ། ། ༅། །བྱང་གྲོལ་ཤེས་རབ་ཕ་རོལ་ཕྱིན་མའི་སྦས་དོན་མངོན་པར་རྟོགས་པའི་རིམ། །བྱང་སེམས་འཕགས་དང་མཁས་པའི་ཚོགས་ཀྱིས་ཇི་བཞིན་ཕྱེ་བའི་རྗེས་ཞུགས་ཏེ། །བྱང་ཆེན་ལམ་བཟང་གསལ་བར་མཛད་ལ་ཐོགས་མེད་མཁྱེན་པའི་མཐུ་གྲུབ་ཕྱིར། །བྱང་ཆུབ་སྤྱོད་མཆོག་ཕ་མཐའ་ཡས་པ་དབང་དུ་བགྱིད་ལ་ཆེས་མཁས་དཔལ། ། ༅། །ཆོས་ཁམས་ཇི་སྙེད་གཏན་ལ་འབེབས་བྱེད་ཐམས་ཅད་མཁྱེན་པའི་ལམ་གྱི་སྲོལ། །ཆོས་ཀྱི་མ་མོའི་སྡེ་སྣོད་མཐའ་ཀླས་ཚིག་དང་དོན་དུ་བཅས་པའི་མཛོད། །ཆོས་བཞིན་འཛིན་མཛདུ་དབྱིག་གཉེན་ཞབས་དང་གཉིས་སུ་མི་ཕྱེད་བློ་གྲོས་ཀྱིས། །ཆོས་མངོན་རིག་པའི་ལམ་བཟང་རྨད་བྱུང་མཐའ་དག་གསལ་བར་འཆད་མཁས་དཔལ། ། ༄༅། །རྒྱལ་བ་སྲས་བཅས་ཀུན་གྱིས་རབ་བསྔགས་འབུམ་ཕྲག་འདུལ་བའི་སྡེ་སྣོད་གཞུང་། །རྒྱལ་སྲས་ཡོན་ཏན་ཤཱཀྱའི་འོད་བཞིན་འཆད་དང་སྒྲུབ་ལ་མཚུངས་མེད་ཅིང་། །རྒྱལ་བ་དགྱེས་པའི་ཚུལ་ཁྲིམས་ཕུང་པོ་ཉེས་པར་སྤྱོད་ལས་རིང་འདས་ཕྱིར། །རྒྱལ་བསྟན་རྩ་བ་ཆགས་བྲལ་བརྟུལ་ཞུགས་རང་དང་གཞན་ལ་བསླབ་མཁས་དཔལ།།


JKT001_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སྦྱར་ངག་གི་སྣང་བ་ཡིས། །གསལ་བྱེད་ངེས་པའི་བྱ་དཀའ་བའི། །པདྨོ་རྣམ་པར་རྒྱས་པའི་དཔལ། བློ་གསལ་རྣ་བའི་རྒྱན་དུ་བསྐྲུན། ཚནྡོབཱཀྲྀནཱམསྱཔྲསྟཱར། ༄༅། །ནནྡཱ བི དྱཱ ད ཡཱ ཡི ནི བི ངོ བཱ དི ན ན བྱཱ ནི། གསལ་བྱེད་༼ད༽༼ན༽༼པ༽༼ཡ༽དེ་བཞིར་ངེས་པ་ལ་ཆོད་པའི་ཟུང་ལྡན་རྐང་པ་དང་པོ་དང་།བཞི་པའི་ཐོག་མར་ཡོད་པས་མཛེས་པ། བི དྭཱཾ བི དྱོ ད ཡེ ན ཡཱ ན ནྡ དཱ བཱ བཻ ནཱ དེ །། ༄༅། །ཕུན་ཚོགས་རིག་དང་བརྩེ་བའི་ལེགས་བྱས་ཅན། །ཀུན་མཁྱེན་སྨྲ་བའི་ཉི་མ་གསར་པ་ནི། །གང་དུ་འཆར་བས་མཁས་པ་རྣམས་ཀྱི་ཡིད། །དགའ་སྟེར་གྲགས་པའི་རོལ་མོ་རྣམ་པར་འཁྲོལ། ༡ །


JKT001_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དཔལ་ལྡན་བསམ་ཡས་བྱང་ཆུབ་སྤྱོད་པའི་བདུད་རྩིའི་ཆུ་གཏེར་བསྲུབས་པའི་ཕུལ། །ཕུལ་བྱུང་ཚུལ་གནས་ཁྲིམས་ཀྱི་དཔག་བསམ་གཞན་ལ་ཕན་པའི་གྲིབ་བསིལ་མཆོག །མཆོག་གསང་ཟུང་འཇུག་ཨེ་ཝཾ་མཉམ་སྦྱོར་ཆོས་ཀུན་སྡོམ་པའི་འབྲས་འབར་གང་། །གང་འདིར་ཚུར་མཐོང་འགྲོ་བའི་མོས་ངོར་སྐལ་བཟང་བློ་གྲོས་དཔྱིད་དུ་འཁྲུངས། ༢ །མཁྱེན་པས་མཁྱེན་པའི་ཡེ་ཤེས་དྲི་མེད་འཇམ་དཔལ་གཞོན་ནུའི་རྗེས་འགྲོ་ཞིང་། །བརྩེ་བས་བརྩེ་བའི་སྤྱན་རས་མི་ཟུམ་ཕྱག་ན་པདྨོའི་གཟུགས་ཀྱི་ཟླ། །ནུས་པས་ནུས་པའི་འོད་ཟེར་རིང་འཕྲོ་གསང་བ་འཛིན་པའི་སྙེམས་འཆང་ཕྱིར། །ཡོན་ཏན་ཡོན་ཏན་རྒྱ་མཚོའི་འབབས་སྟེགས་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། ༣ །གང་མཚན་ཡིད་ལ་དྲན་པ་ཙམ་གྱིས་ཉེས་སྤྱོད་མུན་པ་འཇིལ་བ་དང་། །ཕན་བདེའི་འཛུམ་དཀར་གཅིག་ཅར་གྲོལ་ལ་ནམ་མཁའི་ཐིག་ལེས་མཚོན་མིན་པར། །ཇི་བཞིན་བསྔགས་པའི་ནོར་བུའི་རྒྱུད་མང་མཚོ་བྱུང་ཕྱག་གིས་བསྒྲེང་བ་ན། །སྲས་བཅས་རྒྱལ་ཀུན་དགྱེས་པའི་རོལ་མོས་དགེ་མཚན་དུས་སྟོན་ཅིར་ཡང་དར། ༤ །མང་མང་མཁས་དང་བཟང་ཚུ བཟང་གྲུབ་པས་ཡང་ཡང་ཞབས་སེན་རྟག་མཆོད་པའི། །ཟབ་ཟབ་རྣམ་ཐར་གསལ་གསལ་སྣང་བ་དུང་དུང་ཡིད་མཁར་འཆར་བའི་མོད། །སྙན་སྙན་ཚིག་རྒྱན་མཛེས་མཛེས་ཨུཏྤལ་འགྲིགས་འགྲིགས་ཚར་དུ་


JKT001_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དངར་འདི་ཡང་། །དྭངས་དྭངས་བློ་དང་རིག་རིག་མིག་ལ་སིམ་སིམ་དགའ་སྟེར་བདུད་རྩིའི་དངོས། ༥ །གང་ཡང་མཁས་པའི་ཉི་མས་རབ་བསྐོར་བདེན་དོན་བཅུ་གཉིས་མཐར་ཕྱིན་ནས། །དཔལ་བཞིའི་ཀླུ གྲུབ་པའི་ཐིག་ལེར་མི་ཕྱེད་གནས་སྐབས་ས་བོན་རྣམ་གྲོལ་འབྲས། །ཡན་ལག་བཅུ་གཉིས་ཞི་བསིལ་ལམ་གྱིས་སྲིད་ན་སྐུ་བཞིའི་མཆོག་སྦྱིན་པའི། །སྤོབས་པ་ཟླ་མེད་རི་བོའི་ཁོངས་སུ་མངོན་པར་མཐོ་བའི་ངང་ཚུལ་མཚོན། ༦ །དེ་ལས་བྱུང་བའི་ལེགས་བྱས་རྒྱུན་གྱིས་བདག་ཀྱང་བྱང་ཆུབ་སྙིང་པོའི་བར། །ཡེ་ཤེས་གཟིགས་པ་དམ་པས་རྗེས་བཟུང་བྲལ་སྨིན་ཡོན་ཏན་ཡོངས་རྫོགས་ཤིང་། །ཇི་སྙེད་ཡིད་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན་མཁྱེན་བླ་མའི་རྣམ་ཐར་གྱི། །ངོ་མཚར་མཐའ་དག་རྫོགས་པར་བཟུང་བའི་བཀྲ་ཤིས་སྣང་བས་མཛེས་གྱུར་ཅིག ༧ །དེ་ལྟར་ན་གཟོད་མ་ནས་ཤིན་ཏུ་ཞི་བ་ཆོས་སྐུའི་ཡེ་ཤེས་ལས་མ་གཡོས་བཞིན་དུ་སྨོན་ལམ་དང་སྙིང་རྗེའི་འཕེན་པས་ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གངས་ཆེན་མཚོའི་སྤྲིན་བཀོད་དེ། ཚུ་རོལ་མཐོང་བ་རྣམས་ཀྱི་སྐལ་བ་དང་འཚམས་པར་སྤྲུལ་པའི་རྣམ་རོལ་ཚད་མེད་པར་འཆར་བ་ལས། རེ་ཞིག་གངས་ཀྱི་རི་བོའི་སུལ་ན་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་ཤིང་རྟ་ཆེན་པོ་གཅིག་པུར་གྱུར་པ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་དཔལ་


JKT001_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་ཞེས་མཚན་གྱི་གྲགས་དཀར་སྲིད་ཞིའི་བླ་ན་མངོན་པར་གསལ་བ་དེ་ཉིད་ཀྱི་ཞབས་ཀྱི་པདྨོར། གསང་བ་འཛིན་པའི་བདག་པོ་དགའ་རབ་དགྱེས་པ་རྡོ་རྗེ་དང་། སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེ། རྒྱན་དྲུག །མཆོག་གཉིས། རྨད་དུ་བྱུང་བའི་སློབ་དཔོན་གཉིས་སོགས་འཕགས་བོད་ཀྱི་མཁས་གྲུབ་རྒྱ་མཚོ་ལྟ་བུའི་རྣམ་པར་ཐར་པ་དང་ཚུལ་མཚུངས་པར་ཅུང་ཟད་བསྔགས་པའི་གཏམ་གྱི་སྦྱོར་བ་ཀུན་བཟང་འཁོར་ལོའི་རེའུ་མིག་ཏུ་ཤར་བ་མཚོ་བྱུང་དགྱེས་པའི་རོལ་མོ་ཞེས་བྱ་བ་འདིའང་། རང་ཉིད་ཀྱིས་དུས་གསུམ་ཀུན་ཏུ་མི་ཕྱེད་པའི་མོས་པ་ཆེན་པོས་ཉེ་བར་ལེན་པ་དང་། དོན་གཉེར་ཅན་དག་གིས་སྔ་ཕྱིར་གསོལ་བ་བཏབ་པས་མཚམས་སྦྱར་ཏེ། མགོན་པོ་གང་གི་ཚད་མེད་པའི་ཐུགས་རྗེའི་སྣང་བས་འཆད་རྩོད་རྩོམ་པའི་ཚུལ་ལ་བློ་གྲོས་ཀྱི་པདྨོ་ཅུང་ཟད་འཛུམ་ཞིང་། རིས་མེད་པའི་བསྟན་པ་ཀུན་ལ་དག་པའི་སྣང་བ་གཅིག་ཏུ་དཀར་བའི་ཤཱཀྱའི་དགེ་སློང་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་འཇིགས་མེད་མཁྱེན་བརྩེའི་དབང་པོའམ། གཙུག་ལག་སྨྲ་བའི་ཉི་མ་ཞེས་ཀྱང་བགྱི་བའི་རྒྱལ་ཁམས་ཀྱི་ད་རི་དྭས་དབེན་ཞིང་ཉམས་དགའ་བའི་བསམ་གཏན་གྱི་ཁང་བུར་རྫོགས་པར་སྦྱར་བ་སརྦ་དཱ་ཀ་ལྱཱ་ཎི་བྷ་བ་ཏུ། །


previousཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་ཞབས་ཀྱི་པདྨོ་ལ་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་མཚོ་བྱུང་དགྱེས་པའི་རོལ་མོ།next