Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
རྫོགས་པའི་སངས་རྒྱས་ལ་བསྟོད་པ་ཡོན་ཏན་མཐའ་ཡས་པའི་རོལ་མོ།
   
   
   
  expand section
  expand section
   
   
   


 
previousརྫོགས་པའི་སངས་རྒྱས་ལ་བསྟོད་པ་ཡོན་ཏན་མཐའ་ཡས་པའི་རོལ་མོ།next

རྫོགས་པའི་སངས་རྒྱས་ལ་བསྟོད་པ་ཡོན་ཏན་མཐའ་ཡས་པའི་རོལ་མོ།


JKT001_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གུ་ཎ་ནནྟ་བཱདྷཾ་ནཱ། མ་སཾ་བུདྡྷཱ་སཱུ་ཏི། བོད་སྐད་དུ། རྫོགས་པའི་སངས་རྒྱས་ལ་བསྟོད་པ་ཡོན་ཏན་མཐའ་ཡས་པའི་རོལ་མོ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡོན་ཏན་བྱེ་བའི་འབྱུང་གནས་གྲགས་པའི་གཞིར་གྱུར་རྨད་བྱུང་བ། །རྫོགས་པར་བཟུང་བའི་མཚན་གྱི་ངོ་མཚར་གང་དུ་སྣང་བའི་ལེགས་བྱས་ཀྱིས། །བཀྲ་ཤིས་རྟག་པ་དམ་པའི་ངལ་འཚོས་ཀུན་དགའི་འདོད་པ་འཇོ་བའི་དཔྱིད། །ཐམས་ཅད་མཁྱེན་པ་ཤཱཀྱའི་གཙོ་བོས་ས་གསུམ་དགེ་ལེགས་སྦྱིན་གྱུར་ཅིག ༡ །གང་ལ་སྐྱོན་ཀུན་མི་མངའ་ཞིང་། །དྲི་མེད་རིག་དང་སྙིང་རྗེ་སོགས། །བསྔགས་འོས་རྒྱ་མཚོའི་མཐར་སོན་ཕྱིར། །སེམས་ཤེས་སུ་ཞིག་འདུད་མི་བགྱིད། ༢ །དེ་སླད་བདུད་རྩིའི་ཟླ་བ་དང་། །དྲི་ཡིས་ཙནྡན་ནགས་ཀླུང་བཞིན། །སྨན་མཛད་ཁྱོད་ཀྱི་རྣམ་པར་ཐར། །བསྔགས་པའི་རོལ་མོས་ཅུང་ཟད་མཚོན། ༣ །གང་ཚེ་བྱང་ཆུབ་སྤྱོད་པའི་ཕུལ། །བསྲུབས་སྐྱེས་དཔག་བསམ་ལྗོན་པ་ནི། །ཐམས་ཅད་མཁྱེན་ཅེས་གྲགས་འབར་བ། །སྲིད་དང་ཞི་བའི་ཕ་མཐར་འཁྲུངས། ༤ །གཟོད་ནས་རྣམ་གྲོལ་མཆོག་བརྙེས་བཞིན། །ཤིན་ཏུ་གདུལ་དཀའི་འགྲོ་བ་ལ། །བརྩེ་བས་སྲིད་པ་ཐ་མའི་ཚུལ། །འཆི་མེད་རིགས་ཀྱི་ཚལ་དུ་མཛེས། ༥ །དེ་ཚེ་སྨན་དང་བཅས་པ་ཡིས། །འཇིག་རྟེན་དགེ་བའི་གཏམ་གྱི་དབྱངས། །ལེགས་ལྡན་དཔྱིད་


JKT001_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཟུང་བ་ཡིས། །པདྨོ་ལྟ་བུར་རྒྱས་པར་གྱུར། ༦ །ནམ་ཞིག་བསོད་ནམས་གྲངས་མེད་པས། །བསྐྲུན་པའི་མཚན་དཔེའི་ཆ་ཤས་རེས། །འཕགས་པའི་ཚོགས་ཀྱང་ཟིལ་མནན་ནས། །གཉིས་འཐུང་དབང་པོའི་ཟོལ་གྱིས་འོང་། ༧ །གང་དུ་དགེ་མཚན་སྣང་བ་ནི། །མཐའ་དག་བཟུང་བའི་མདུན་ས་དེར། །ངོ་མཚར་བྱེ་བའི་རོལ་སྒེག་ཅན། །སྔོན་མེད་ཨུཏྤལ་མཆོག་གཅིག་དགོད། ༨ ། རིང་ནས་གོམས་པའི་ས་བོན་ཅན། །ཁྱོད་གཅིག་ཁོ་ནར་སྨོས་ཅི་འཚལ། །རྨད་བྱུང་གཟུགས་སྐུའི་མེ་ཏོག་ཁུར། །འཛིན་བཟོད་ལྗོན་པ་འདི་ངོ་མཚར། །ལེགས་སྤྱོད་རྫོགས་ལྡན་སྤྲིན་ཆེན་ལས། །བྱུང་བའི་འབྱོར་པས་ཡིད་ཅན་རྣམས། །ངལ་འཚོའི་དགའ་སྟོན་མི་ཟད་པས། །དོན་ཀུན་གྲུབ་པའི་མཚན་སྙན་ལེན། ༡༠ །རྡུལ་དང་བྲལ་བའི་མཁྱེན་རབ་མཆོག །སཱ་ལའི་ཤིང་ཆེན་རྒྱས་པ་ལས། །ཇི་སྙེད་ཤེས་བྱའི་མེ་ཏོག་ནི། །བདུད་རྩིས་བྲན་པ་བཞིན་དུ་མཛེས། ༡༡ །ཨེ་མ་ཁེངས་པའི་ཡིད་ཀྱི་མཚོ། །འབྲི་བྱེད་དུས་ཀྱི་ཉི་མ་དང་། །སྐལ་བཟང་བློ་གྲོས་ཆུ་གཏེར་ཆེ། །འཕེལ་བའི་ཟླ་བ་ན་ཅིག་འཆར། ༡༢ ། འདམ་སྐྱེས་རྫབ་ཀྱིས་མ་གོས་བཞིན། །ཁྱོད་ཐུགས་སྲིད་ལས་རིང་འདས་ཀྱང་། །འཇིག་རྟེན་མཐུན་པར་འཇུག་པའི་སླད། །བཙུན་མོའི་འཁོར་གྱིས་རོལ་པ་ན། ༡༣ །ས་བདག་མཆོག་ཏུ་དགྱེས་པ་དང་། །


JKT001_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་རྣམས་ཤིས་པར་འཚོ་བ་དང་། །དེས་ཀྱང་གཞན་ལ་སྨན་པ་སྟེ། །གསུམ་པོ་འདི་ནི་མཉམ་དུ་བྱུང་། ༡༤ །དེ་ལྟར་ན་ཡང་ཡོངས་འདུའི་ལྗོན། །ལྷ་རྣམས་བསོད་ནམས་དང་བ་སྟེ། །འཕགས་པའི་ཚོགས་ཀྱི་ཡེ་ཤེས་ཀྱང་། །ཞི་བའི་ནགས་སུ་འཁྲུངས་གཟིགས་ནས། ༡༥ །བྷ་བནྟི་རྒ་ཎ་ཧི་མཱ་ན། སྲིད་ལས་ངེས་འབྱུང་ཁ་བ་ཡི། །སྨིཾ་ཏཱི་མ་ན་མྱ་གངྒཱ་སུ། འཛུམ་ལྡན་ཡིད་ཀྱི་གངྒཱ་ནི། །མོཀྵ་ཏྲི་བནྡྷ་ཙཱར་སྐྱེ། ཐར་པའི་ལམ་གསུམ་རྒྱུ་བ་ལ། །བཱརཱ་ནྟ་རཀ་ཐཱ་སཱཧ། བཟློག་པའི་གོ་སྐབས་ཇི་ལྟར་བཟོད། ༡༦ །ཨ་པ་ར་དྲི་ཧྥས་མཱ་དྷེ། ཚུ་རོལ་མཐོང་བའི་ཏིང་འཛིན་གྱིས། །བྷ་བཱ་གྲལྟ་ར་གཱ་ཏཱ་པི། སྲིད་རྩེའི་བར་དུ་བགྲོད་ནས་ཟློ སླར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུའི། །སྤྱོད་ཡུལ་ཉིད་ལས་འདའ་སྨོན་སླད། ༡༧ །ནེ་རཉྫནའི་འགྲམ་ངོགས་སུ། །རླབས་བཞིན་ངལ་མེད་བརྩོན་འགྲུས་ཀྱིས། །མཁའ་ཁྱབ་ཏིང་འཛིན་དམ་པའི་རོ། །སྦྲང་རྩི་ལྟ་བུར་བཏུང་མཛད་མཐར། ༢༨ །ཤིན་ཏུ་མཁྲེགས་པའི་རྡོ་བ་ལ། །ཕྱག་རྒྱའི་རེ་ཁཱ་བཀོད་པ་བཞིན། །རིང་ནས་རྗེས་སུ་དགོངས་པ་ཡི། །དམ་བཅའི་འབྲས་བུ་རྫོགས་པའི་སླད། ༡༩ །གང་དུ་གཤེགས་ན་འཕགས་རྣམས་ཀྱིས། །བྱང་ཆུབ་བརྙེས་པའི་ཤིང་དྲུང་དུ། །རྡོ་རྗེའི་སྐྱིལ་ཀྲུང་གཅིག་ཁོ་ནས། །མཐའ་གཉིས་བཅོམ་པའི་སྙིང་སྟོབས་བཟུང་། ༢༠ །མཛད་འཕྲོ་ལུས། །


previousརྫོགས་པའི་སངས་རྒྱས་ལ་བསྟོད་པ་ཡོན་ཏན་མཐའ་ཡས་པའི་རོལ་མོ།next