Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
རྗེ་བཙུན་བྱམས་པ་མགོན་པོ་ལ་བསྔགས་པའི་ཚིགས་སུ་བཅད་པ་དད་པའི་མེ་ཏོག།
   
   
  expand section
  expand section
   
   
   


 
previousརྗེ་བཙུན་བྱམས་པ་མགོན་པོ་ལ་བསྔགས་པའི་ཚིགས་སུ་བཅད་པ་དད་པའི་མེ་ཏོག།next

རྗེ་བཙུན་བྱམས་པ་མགོན་པོ་ལ་བསྔགས་པའི་ཚིགས་སུ་བཅད་པ་དད་པའི་མེ་ཏོག།


JKT001_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བྱམས་པ་མགོན་པོ་ལ་བསྔགས་པའི་ཚིགས་སུ་བཅད་པ་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །ན་མོ་བྷཊྛར་ཀ་མེ་ཏྲི་ནཱ་ཐཱ་ཡ། སྔོན་ཚེ་གསེར་བཟང་འོད་ཀྱི་རྒྱལ་བ་ལས། །རྨད་བྱུང་བྱང་ཆུབ་སེམས་གཉིས་ཡོངས་བཟུང་ནས། །ཐབས་མཁས་འཇུག་པ་བདེ་བའི་ལམ་ཁོ་ནས། །ཀུན་མཁྱེན་རྒྱལ་སར་འཛེགས་མཁས་མ་ཕམ་པ། །བདེ་གཤེགས་རིན་ཆེན་གདུགས་ཀྱི་བསྟན་པ་ལ། །བྱམས་པའི་བདུད་རྩིས་ཡིད་ཅན་གདུང་སེལ་བས། །སྔོན་མེད་ཟླ་གཞོན་གསར་པ་ཁྱོད་ཅིག་ཅེས། །ས་གསུམ་སྙན་པར་གྲགས་སོ་མ་ཕམ་པ། །སླད་ནས་གཉིས་སྐྱེས་གཞོན་ནུའི་རྩེ་དགའ་ལས། །བྱང་ཆུབ་སྤྱོད་པའི་ལང་ཚོ་རྫོགས་གྱུར་ཚེ། །ཕན་བདེས་འཇིག་རྟེན་རྒྱས་པར་འགེངས་མཛད་པའི། །ཡ་མཚན་ཉིན་བཞིན་དྲན་ནོ་མ་ཕམ་པ། །ཤེས་རབ་སྙིང་རྗེའི་ནུས་སྟོབས་རྨད་བྱུང་བས། །དཀའ་བ་མེད་པར་ཡིད་སྲུབས་མཐར་བྱས་ཏེ། །ཐར་པའི་ཟིལ་དངར་བདག་གིར་བཞེས་མཛད་པའི། །རྣམ་ཐར་མཚུངས་པ་མེད་དོ་མ་ཕམ་པ། །འདི་ན་ཉི་མའི་གཉེན་གྱི་བསྟན་པ་ལ། །ཅུང་ཟད་བྱ་བ་བྱས་ཀྱང་ཕྱི་མའི་དུས། །ཁྱོད་ཀྱིས་དབུགས་དབྱུང་མཛད་ཅེས་གང་གསུངས་པའི། །བདེན་ཚིག་སྙིང་ནས་བསྐུལ་ལོ་མ་ཕམ་པ། །ཤིན་ཏུ་སྦྱངས་པའི་ནོར་བུའི་ཕུང་པོ་ནི། །མཚན་དཔེའི་ཉམས་བརྒྱས་རོལ་པ་ཉིད་དམ་ཞེས། །སོམ་ཉིའི་ཕ་མཐར་འགོད་པའི་ཡེ་ཤེས་སྐུ། །


JKT001_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་མིག་སྔར་སྟོན་ཅིག་མ་ཕམ་པ། །ཡན་ལག་དྲུག་ཅུའི་རྒྱུད་མང་དབྱངས་སྙན་པོ། །ཟབ་རྒྱས་ཐེག་པ་མཆོག་གི་གཞུང་ལུགས་ལ། །སྦྱར་བས་མཐའ་གཉིས་གཉིད་ལས་སློང་མཛད་པས། །རྣ་བ་བདུད་རྩིར་མཛོད་ཅིག་མ་ཕམ་པ། །འདི་ཞེས་བརྗོད་པའི་སྤྲོས་པ་བརྟུལ་གྱུར་ཀྱང་། །མཁྱེན་བརྩེའི་གཟིགས་པ་བྱེ་བ་ཕྲག་བརྒྱ་ཡིས། །ཡིད་ཅན་ཀུན་གྱི་རྗེས་སུ་འཇུག་བརྩོན་པས། །བདག་རྒྱུད་བྱིན་གྱིས་རློབས་ཤིག་མ་ཕམ་པ། །མི་ཕྱེད་སྙིང་ནས་དད་པའི་ང་རོ་ཡིས། །རྒྱལ་བའི་སྲས་ཀྱི་རྣམ་ཐར་བསྔགས་པ་དང་། །རྗེས་སུ་སློབ་པའི་སྨོན་པས་མདུན་བདར་ན། །བྱང་ཆུབ་བར་དུ་སྐྱོངས་ཤིག་མ་ཕམ་པ། །བདག་དང་བདག་ལ་བལྟོས་པའི་འགྲོ་བ་ཀུན། །སྲིད་དང་ཞི་ལས་ངེས་པར་འབྱུང་བའི་ལམ། །རྩེ་གཅིག་བསྙེན་ཅིང་དེ་ལས་གཞན་གྱུར་པའི། །ཡིད་བྱེད་མཚན་མ་སོལ་ཅིག་མ་ཕམ་པ། །ཚུལ་ཁྲིམས་དག་ཅིང་ཐོས་བསམ་ཏིང་འཛིན་དང་། །གཟུངས་དང་སྤོབས་པའི་རིན་ཆེན་གྲུར་ཞུགས་ཏེ། །ཉོན་མོངས་ཤེས་བྱ་སྙོམས་འཇུག་ཆུ་གཏེར་ལས། །བརྒལ་བའི་དེད་དཔོན་མཛོད་ཅིག་མ་ཕམ་པ། །ནམ་ཞིག་ཚེ་འདིའི་སྤྱོད་ཡུལ་ནུབ་པའི་ཚེ། །དགའ་ལྡན་ཆོས་ཀྱི་མདུན་ས་ཉམས་དགའ་བར། །འཕགས་པ་དགྱེས་པའི་ཕྱག་གིས་ཡོངས་བཟུང་ནས། །ལུང་བསྟན་དབུགས་དབྱུང་མཛོད་ཅིག་མ་ཕམ་པ། །མདོར་ན་ཁྱོད་


JKT001_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྱང་ཆུབ་མཆོག་བརྙེས་ནས། །མཁའ་མཐས་གཏུགས་པའི་ཡིད་ཅན་རྒྱ་མཚོ་ཀུན། །ཕན་བདེའི་ལམ་བཟང་འགོད་པའི་ཕྲིན་ལས་ཀྱི། །བསྐལ་པ་བཟང་པོར་སྦྱོར་ཅིག་མ་ཕམ་པ། །ཞེས་པའང་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་མཁྱེན་བརྩེའི་མིང་གིས་རང་ལོ་ཉེར་གཅིག་པར་བྱང་ཆུབ་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པའི་ཕྲིན་ལས་ལས་བྱུང་བ་རོང་དགའ་ལྡན་བྱམས་པ་གླིང་གི་སྣང་བརྙན་ཆེན་མོའི་མདུན་སར་ཇི་ལྟར་གསོལ་བ་བཏབ་པ་བཞིན། སླད་ནས་ཀྱང་ཡང་ཡང་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།འཆི་མེད་མགོན་པོའི་ལྷ་ཚོགས་ལ། །གུས་པས་ཕྱག་འཚལ་བསྟོད་པའི་མཐུས། །བདག་གི་རྒྱུད་ལ་ངེས་འབྱུང་དང་། །བྱང་ཆུབ་སེམས་གཉིས་རྒྱས་གྱུར་ཅིག །ཚོགས་ཟུང་ཆུ་གཏེར་ལས་འཁྲུངས་པའི། །ཚེ་མཐའ་ཡས་པའི་ལྷ་སྔགས་དང་། །ཏིང་འཛིན་སྣང་བས་གྲུབ་གཉིས་ཀྱི། །པདྨོ་མཆོག་ཏུ་རྒྱས་པར་ཤོག །རྣམ་སྣང་རྡོ་རྗེ་རིན་ཆེན་དང་། །པདྨ་ལས་རིགས་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བའི། །སྐལ་བཟང་ལྷག་པར་གྲུབ་གྱུར་ཅིག །སྐྱེ་ཀུན་དུག་ལྔས་བསགས་པ་ཡི། །འཚོ་བ་ཐུང་བའི་སྒྲིབ་བྱང་ནས། །རིགས་ལྔ་ཚེ་དཔག་མེད་མགོན་གྱི། །གོ་འཕང་རྒྱུད་ལ་འཇོག་པར་ཤོག ཀུན་གཟིགས་ཡོན་ཏན་ཡེ་ཤེས་དང་། །མི་གཡོའི་རང་བཞིན་ཟིལ་དངར་གྱིས། །འགལ་རྐྱེན་བཀྲུ་ཞིང་བྱང་བ་དང་། རྡོ་རྗེའི་སྲུང་


JKT001_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཆོག་གྱུར་ཅིག །བདག་གི་སྙིང་དབུས་པདྨོ་དང་། །སྤྱི་བོར་བཞུགས་པའི་ཡེ་ཤེས་ལྷ། །བདེ་འཐུང་བཅུད་དུ་ཞུ་བ་ཡིས། །ལུས་སེམས་འཆི་མེད་གྲུབ་པར་ཤོག །རིན་ཆེན་བདུན་དང་རྫས་བརྒྱད་སོགས། །སྲིད་ཞིའི་འབྱོར་པས་དགེ་བྱས་མཐུས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བཀྲ་ཤིས་སྣང་བ་འབར་གྱུར་ཅིག །མདོར་ན་འདི་ནས་བྱང་ཆུབ་བར། །དཔག་མེད་མགོན་པོས་རྗེས་བཟུང་ནས། །ཚེ་དང་བསོད་ནམས་ཡེ་ཤེས་ཀྱི། །གྲུབ་གཉིས་དགེ་མཚན་འཕེལ་བར་ཤོག །ཅེས་པའི་འདོད་གསོལ་སྨོན་ཚིག་འདིའང་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུར་གྱུར་ཅིག ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །


previousརྗེ་བཙུན་བྱམས་པ་མགོན་པོ་ལ་བསྔགས་པའི་ཚིགས་སུ་བཅད་པ་དད་པའི་མེ་ཏོག།next