Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བསྟོད་པ་རྒྱལ་བ་སྲས་བཅས་དགྱེས་པའི་མཆོད་སྤྲིན།
  expand section
  expand section
   
   
   


 
previousདཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བསྟོད་པ་རྒྱལ་བ་སྲས་བཅས་དགྱེས་པའི་མཆོད་སྤྲིན།next

དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བསྟོད་པ་རྒྱལ་བ་སྲས་བཅས་དགྱེས་པའི་མཆོད་སྤྲིན།


JKT001_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བསྟོད་པ་རྒྱལ་བ་སྲས་བཅས་དགྱེས་པའི་མཆོད་སྤྲིན་ཅེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། བཛྲ་ཨཱ་བ་ལི་མཎྜ་ལ་དེ་བ་ག་ཎ་ནི་སཱུ་ཏི་ཛ་ཡ་ས་པུ་ཏྲ་ཏེཥཱ་སྱ་པཱུ་ཛ་མེ་གྷ་ནཱ་མ། བོད་སྐད་དུ།


JKT001_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བསྟོད་པ་རྒྱལ་བ་སྲས་བཅས་དགྱེས་པའི་མཆོད་སྤྲིན་ཅེས་བྱ་བ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །རྗེ་བཙུན་བླ་མའི་ཞབས་ལ་གུས་བཏུད་ནས། །གང་གི་ཡེ་ཤེས་རོལ་པ་ལས་བྱུང་བའི། །དཀྱིལ་འཁོར་ལྷ་ཚོགས་ཅུང་ཟད་བསྟོད་པར་བགྱི། །ཟབ་གསལ་གཉིས་མེད་ལྷན་སྐྱེས་གསང་བ་འདུས། །དབང་ཕྱུག་ཡོན་ཏན་བརྒྱད་ཀྱི་རྣམ་རོལ་ཅན། །རིགས་ཀུན་ཁྱབ་བདག་འཇམ་པའི་རྡོ་རྗེ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་སངས་རྒྱས་ཀུན་གྱི་གསང་བ་གསུམ། །རྡོ་རྗེ་མི་ཕྱེད་གསུམ་དུ་འདུས་གྱུར་པ། །དང་པོའི་མགོན་པོ་བཅོམ་ལྡན་མི་བསྐྱོད་པའི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ༴ སྲིད་འདིར་རྣམ་པ་ཀུན་ཏུ་སྣང་མཛད་པའི། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཚུལ་འཆང་བ། །རྒྱལ་ཀུན་ཡབ་གཅིག་འཇམ་པའི་རྡོ་རྗེ་ཡི། །དཀྱིལ་འཁོར གཟུང་འཛིན་གཉིས་སུ་སྣང་བའི་གཤིན་རྗེའི་གཤེད། །མཐའ་གཉིས་དགྲར་གྱུར་གཉིས་མེད་ནག་པོ་ཆེ། །བཅོམ་ལྡན་འཇམ་དཔལ་གཞོན་ནུ་རབ་ཁྲོས་པའི། །དཀྱིལ་འཁོར་༴ རླུང་རྒྱུད་ཀྱི་གླེང་གཞི་དང་སྦྱར། ཁམས་གནས་གྱུར་འབར་གཡོ་བརྟན་པའི་ཕུལ། །ལྷན་སྐྱེས་ཡེ་ཤེས་ངོ་བོ་ཉིད་ཀྱི་སྐུ། །གསང་གསུམ་དབྱེར་མེད་སྙིང་པོ་


JKT001_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་རྡོ་རྗེའི། །དཀྱིལ་འཁོར༔ བདུད་རྩི་གནས་གྱུར་མི་རྟོག་འོད་གསལ་དང་། །དགའ་བྲལ་ཡེ་ཤེས་རང་བཞིན་ཆོས་ཀྱི་སྐུ། །གཟུང་འཛིན་སྤྲོས་པ་ཀུན་སྤངས་ཐུགས་རྡོ་རྗེའི། །དཀྱིལ་འཁོར རྩ་ཡིག་གནས་གྱུར་ཟག་མེད་བདེ་བ་ཆེའི། །ཡེ་ཤེས་མཆོག་དགའི་རང་བཞིན་ལོངས་སྤྱོད་རྫོགས། །གཞོམ་མེད་ནཱ་དའི་དབྱངས་སྙན་གསུང་རྡོ་རྗེའི། །དཀྱིལ་འཁོར༴ ལུས་རྩ་གནས་གྱུར་བྱང་ཆུབ་སེམས་ཞུ་བའི། །ཡེ་ཤེས་དགའ་བ་མཐར་སོན་སྤྲུལ་པའི་སྐུ། །ཕུལ་བྱུང་མཚན་དཔེའི་དཔལ་འབར་སྐུ་རྡོ་རྗེའི། །དཀྱིལ་འཁོར༔ སྟོང་ཉིད་སྙིང་རྗེའི་མཁའ་ལ་རབ་འགྲོ་མ། །མི་ཕྱེད་རྡོ་རྗེའི་གུར་ལྟར་ཁྱབ་པའི་བདག །བསམ་ཡས་རིགས་ཀུན་རིགས་ལྔར་གཅིག་བསྡུས་པའི། །དཀྱིལ་འཁོར༔ འོད་གསལ་སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །བདག་ཏུ་བལྟ་བའི་སྤྲོས་པ་ཀུན་བཅོམ་ནས། །ཟག་མེད་བདེ་ཆེན་སྒྱུ་མའི་གར་མཛད་པའི། །དཀྱིལ་འཁོར༴ རྒྱལ་བ་སྲས་བཅས་འབྱུང་བའི་གནས་གཅིག་པུ། །བདག་མེད་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་ནས། །ཡེ་ཤེས་ལྷ་མོ་བཅོ་ལྔའི་སྤྲིན་འཕྲོ་བའི། །དཀྱིལ་འཁོར་དྲན་པ་ཙམ་གྱིས་སྲིད་ཞིའི་ཕུན་ཚོགས་རིགས། དབང་བྱེད་རྗེས་ཆགས་བདེ་ཆེན་གཟི་འབར་བ། །ཐུགས་རྗེ་མྱུར་མ་ཀུ་རུ་ཀུལླེ་ཡི། །དཀྱིལ་འཁོར༔ སྲས་བཅས་རྒྱལ་ཀུན་ཡུམ་གྱུར་རྗེ་བཙུན་མ། །རྡོ་རྗེ་


JKT001_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོའི་གཟུགས་སུ་ཡོངས་ཤར་བས། །ཡིད་ཅན་ཕོངས་པ་ཀུན་ལས་སྒྲོལ་མཛད་མའི། །དཀྱིལ་འཁོར༔ སྙིང་རྗེ་ཆེ་དང་ཤེས་རབ་ཡང་དག་པར། །མཉམ་སྦྱོར་རྒྱལ་ཀུན་གསང་བ་གསུམ་གྱི་དངོས། །བཅོམ་ལྡན་སྙིང་པོ་དགྱེས་པ་རྡོ་རྗེ་ཡི། །དཀྱིལ་འཁོར༔ དཔལ་ལྡན་སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེ། །གཟུང་འཛིན་སྤྲོས་པའི་མཚན་མ་ལས་འདས་ཀྱང་། །ཡེ་ཤེས་ལུས་ཅན་སྙིང་རྗེའི་གར་མཛད་པའི། །སྤྱི དཀྱིལ་འཁོར༔ དཔལ་ལྡན་སངས་རྒྱས་ཀུན་གྱི་གསུང་རྡོ་རྗེ། །སྒྲ་ཚིག་ལས་འདས་གཞོམ་མེད་ནཱ་དའི་དབྱངས། །ཁ་སྦྱོར་བདེ་བའི་གཟུགས་སུ་རྣམ་འཕྲུལ་བའི། །དཀྱིལ་འཁོར༔ དཔལ་ལྡན་སངས་རྒྱས་ཀུན་གྱི་སྐུ་རྡོ་རྗེ། །བརྟན་གཡོ་ཀུན་ལ་ཁྱབ་པའི་རང་བཞིན་ཉིད། །བཞིན་ལག་མཚན་དཔེའི་སྣང་ཆར་ཡོངས་ཤར་བའི། །དཀྱིལ་འཁོར༔ བདེ་ཆེན་མཆོག་ཏུ་མི་འགྱུར་ཞི་བའི་དབྱིངས། །རྡོ་རྗེ་སྙེམས་མའི་བདག་པོའི་སྐུར་བཞེངས་པ། །སྲིད་གསུམ་རོ་གཅིག་ཉིད་གྱུར་སེམས་དཔའ་ཆེའི། །དཀྱིལ་འཁོར རྩ་རླུང་ཛཱ་ལ་སམྦ་རའི་སྤྱི་དོན་དང་སྦྱར། ཐིག་ལེ་ཚངས་པའི་དྲྭ་བ་ཀུན། །དྷ་ཏི་འོད་གསལ་དབྱིངས་སུ་སྡོམ་མཛད་པ། །ནམ་མཁའི་མདོག་མཚུངས་འཁོར་ལོ་བདེ་མཆོག་གི །དཀྱིལ་འཁོར ཤེས་རབ་སྦས་དོན་དང་སྦྱར། པདྨ་ལས་སྐྱེས་བདེ་བ་མཆོག །ཁ་སྦྱོར་སྐུ་ཅན་ཞལ་གཅིག་ཕྱག་གཉིས་པ། །མཐིང་ཞུན་མདོག་


JKT001_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་དྲྭ་བ་སྡོམ་པ་ཡི། །དཀྱིལ་འཁོར༔ གཉིས་མེད་ཤྲཱི་ཧེ་རུ་ཀའི་ཡིག་དོན་དང་སྦྱར། ཡེ་ཤེས་རྒྱུ་དང་ཚོགས་པ་བྲལ། །སྲིད་ཞིར་མི་གནས་བདེ་བ་མཆོག་གི་གར། །གསེར་བཟང་མདོག་མཚུངས་ཧེ་རུ་ཀ་དཔལ་གྱི། །དཀྱིལ་འཁོར༔ སྟོང་ཉིད་དོན་དང་སྦྱར། རྡོ་རྗེའི་དབྱིངས་ལས་ཕག་མོའི་ཞལ། །བདེ་ཆེན་སྙིང་པོའི་སྐུ་མདོག་དམར་མོར་ཤར། །སོ་བདུན་བདག་ཉིད་རྗེ་བཙུན་རྣལ་འབྱོར་མའི། །དཀྱིལ་འཁོར རྟགས་དང་སྦྱར་གཟུང་འཛིན་གཉིས་སྣང་ཟ་བའི་ཕག་མོའི་གདོང་། །ཆོས་ཉིད་མི་འགྱུར་སྐུ་མདོག་སྔོན་མོར་བཞུགས། །རྒྱལ་ཀུན་སྐྱེད་ཡུམ་རྡོ་རྗེ་བཙུན་མོ་ཡི། །དཀྱིལ་འཁོར༔ སྟོང་ཝཱ་རཱ་ཧཱིའི་ངེས་ཚིག་གི་བཤད་པ། གསལ་རང་རིག་གཞོམ་མེད་ཀུན་འགྲོ་བའི། །རྣམ་འགྱུར་མཆོག་གི་རྡོ་རྗེ་ཕག་མོ་ནི། །ཡེ་ཤེས་རབ་རྒྱས་སྐུ་མདོག་སེར་མོའི་ཚུལ། །དཀྱིལ༴ ཟག་མེད་བདེ་ཆེན་མཆོག་ཏུ་ཁྲོ་བོའི་སྐུར། །ཡོངས་ཤར་བཅོམ་ལྡན་རྡོར་སེམས་ཧེ་རུ་ཀ། །ཧཱུྃ་ཞེས་སྒྲ་ཡིས་བགེགས་ཚོགས་མཐར་མཛད་པའི། །དཀྱིལ་འཁོར༔ བདེ་སྟོང་མཆོག་གི་རང་བཞིན་རྡོ་རྗེ་སེམས། །སངས་རྒྱས་རིན་ཆེན་པདྨ་རྡོ་རྗེ་དང་། །སྣ་ཚོགས་རིགས་ཀྱི་འཁོར་ལོས་སྒྱུར་དྲུག་གི །དཀྱིལ༴ སྤྲོས་ཀུན་ཉེར་རྒྱུད་དོན་དང་རིམ་པར་སྦྱར། ཞི་ཟབ་གསལ་རྡོ་རྗེའི་དབྱིངས། བདེ་ཆེན་བདུད་རྩིའི་ཐིག་ལེར་རབ་སྦྱར་ནས། །སྲིད་ཞི་ཀུན་ལ་ཁྱབ་པར་གར་མཛད་པའི། །


JKT001_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ༴ རྡོ་རྗེའི་ཡེ་ཤེས་མཆོག་ཏུ་འབར་བའི་སྐུ། །འཕོ་མེད་བདུད་རྩི་ནཱ་དའི་རང་བཞིན་གསུང་། །ཧཱུཾ་གི་ངོ་བོར་སོན་མཛད་ཐུགས་མངའ་བའི། །དཀྱིལ༔ སྟོང་ཉིད་རྡོ་རྗེ་བདེ་ཆེན་བདུད་རྩིའི་མཁར། །མཉམ་པར་སྦྱོར་ལས་ཡང་དག་བྱུང་གྱུར་པའི། །འཇིགས་བྱེད་འཇིགས་མཛད་དཔལ་ཆེན་ཧེ་རུ་ཀའི། །དཀྱིལ་འཁོར༔ རྡོ་རྗེ་ཨ་ཝ་དྷུ་ཏིའི་པདྨོ་རུ། །ཟག་མེད་བདུད་རྩི་གཅིག་ཏུ་འཁྱིལ་བའི་གཟུགས། །དྲན་པ་ཙམ་གྱིས་དངོས་གྲུབ་ཀུན་སྩོལ་བའི། །དཀྱིལ༴ རྒྱུད་ཀྱི་མཚན་དོན་དང་སྦྱར་དཔལ་ལྡན་སངས་རྒྱས་བདེ་ཆེན་རྡོ་རྗེའི་སྐུ། །ཤེས་རབ་ཐོད་པའི་དབུས་སུ་སྙོམས་ཞུགས་ལྷ། །ཉི་ཤུ་རྩ་ལྔའི་སྤྲུལ་པའི་གཟུགས་འཆང་བའི། །དཀྱིལ༴ བདེ་སྟོང་སངས་རྒྱས་ཐོད་པ་སྦྱོར་བའི་གཙོ། །ཕྱག་རྒྱ་དང་བྲལ་རིག་མའི་འཁོར་དང་བཅས། །དཔའ་བོའི་གར་གྱི་ཉམས་དགུས་དགྱེས་རོལ་པའི། །དཀྱིལ༴ དབྱིབས་ལམ་རིམ། སྔགས་ཆོས་ཀྱི་མཐར་སོན་སྒྱུ་མའི་འཕྲུལ། །བདེ་ཆེན་བཙུན་མོའི་ཆུ་སྐྱེས་ལས་བྱུང་བའི། །སྲིད་ཞིའི་ཁྱབ་བདག་མ་ཧཱ་མཱ་ཡཱ་ཡི། །དཀྱིལ༴ ཆོས་རྒྱུད་དོན། དབྱིངས་རྡོ་རྗེའི་གོ་འཕང་བགྲོད་པའི་གདན། བདག་གཞན་སྦྱོར་དང་གསང་བ་རྣམ་པ་བཞི། །མི་ཕྱེད་རྣལ་འབྱོར་ནམ་མཁའི་སྐུ་བརྙེས་པའི། །དཀྱིལ༔ གཉིས་མེད་ཡེ་ཤེས་སྟོང་པ་ཅན་དབང་ཕྱུག །དཔལ་ལྡན་མཁའ་འགྲོ་མ་ཡི་དྲ་བ་སྡོམ། །བཅུ་


JKT001_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བརྒྱད་ཟ། གསུམ་བདག་ཉིད་ཡེ་ཤེས་མཁའ་འགྲོ་ཡི། །དཀྱིལ་འཁོར ཀུན་མཁྱེན་སྐུ་བཞིར་སྦྱར། ཡེ་ཤེས་སྐུ་ཅན་ཉིན་མོར་བྱེད། པདྨ་འདབ་མ་རྒྱས་པའི་སྤྱན་མངའ་བ། །ཕྱི་ནང་གཞན་གསུམ་རོ་གཅིག་དུས་འཁོར་ལོའི། །དཀྱིལ༴ དེ་བཞིན་མཚན་དོན། གཤེགས་པ་སྲས་དང་བཅས་རྣམས་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསང་བའི་དབྱིངས། །ཕྱག་རྒྱ་རྣམ་བཞིའི་ཚུལ་དུ་རབ་སྣང་བའི། །དཀྱིལ༔ རིགས་ཀུན་བདག་པོ་ཤཱཀྱ་སེང་གེ་ཡི། །ཡེ་ཤེས་གཅིག་ཉིད་གཙུག་ཏོར་རྣམ་པ་དགུར། །ཡོངས་ཤར་འགྲོ་ཀུན་ངན་སོང་སྦྱོང་མཛད་པའི། །དཀྱིལ་འཁོར༔ ནམ་མཁའ་ལྟར་དག་དྲི་མ་མེད་པའི་དངོས། །ཆོས་དབྱིངས་ཡེ་ཤེས་རང་བཞིན་བཅོམ་ལྡན་འདས། །གསུང་གི་དབང་ཕྱུག་འཇམ་དཔལ་གཞོན་ནུ་ཡིས། །དཀྱིལ༴ རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་གསང་བའི་བདག །དཔལ་ལྡན་ཕྱག་ན་རྡོ་རྗེ་འབར་བ་ཡིས། །ས་གསུམ་འབྱུང་པོའི་ཚོགས་རྣམས་འདུལ་མཛད་པའི། །དཀྱིལ༴ ལྷམོ་གང་མཚན་ཐུགས་རྗེའི་འོད་ཟེར་ཅན། །དྲན་པས་བརྒྱད་གཉིས་འཇིགས་པའི་མུན་བསལ་ནས། །ཕན་བདེའི་སྣང་བ་རྒྱས་མཛད་བཅོམ་ལྡན་མའི། །དཀྱིལ༴ གང་གི་བྱིན་རླབས་རྡོ་རྗེའི་གོ་ཆ་ཡི། །མི་མཐུན་ཚོགས་ཀུན་ཞི་ཞིང་སྲུང་བ་དང་། །དངོས་གྲུབ་མཆོག་སྩོལ་རིག་པའི་རྒྱལ་མོ་ལྔའི། །དཀྱིལ༴ གང་སྔོན་ཚོགས་གཉིས་རྒྱ་


JKT001_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་མཐར་སོན་པས། །ཐུགས་རྗེ་ནོར་བུའི་སྤྲིན་ཆེན་རྒྱས་པ་ལས། །འགྲོ་ལ་འདོད་རྒུའི་ཆར་རྒྱུན་འབེབས་མཛད་མའི། །དཀྱིལ༴ འཇིག་རྟེན་ཀུན་ཏུ་ཕན་བདེ་སྤེལ་བའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་མ་གཟའ་རྣམས་ཀྱི། །ཡུམ་གྱུར་བཅོམ་ལྡན་རིག་པ་ཆེན་མོ་ཡི། །དཀྱིལ བདེ་གཤེགས་རིགས་ཀྱི་གཙུག་ཏོར་ལས་བྱུང་མ། །མི་མཐུན་བདུད་ཀྱི་ཕྱོགས་ལས་རྣམ་རྒྱལ་མ། །དྲན་པས་ཚེ་དང་ཡེ་ཤེས་མཆོག་སྩོལ་མའི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །སྤྱིར་སྐུ་དང་ཡེ་ཤེས་ཕྲིན་ལས་གསུམ་གྱི་སྒོ་ནས་བསྟོད་པ། གང་གི་རང་བཞིན་གཟོད་ནས་ཉེར་ཞི་བ། །གློ་བུར་དྲི་མའི་ཚོགས་ལས་རྣམ་གྲོལ་ཞིང་། །རིག་དང་བརྩེ་བ་རྒྱ་མཚོའི་བདག་ཉིད་ཅན། །འོད་གསལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །ཐུགས་ནི་གཟུང་འཛིན་སྤྲོས་པ་ལས་འདས་ཀྱང་། །རྣམ་པ་མཚན་དང་དཔེ་བྱད་དཔལ་འབར་བས། །རྒྱལ་སྲས་བྱེ་བའི་དབུས་ནས་མངོན་མཐོ་བའི། །བདེ་ཆེན་ལོངས་སྤྱོད་རྫོགས་ལ༔ གྲངས་མེད་ཞིང་དུ་མཐའ་ཀླས་ཡིད་ཅན་ལ། །གང་འདུལ་གཟུགས་དང་མཚན་གྱི་རྣམ་རོལ་གྱིས། །ཕན་དང་བདེ་བའི་འབྱོར་པ་སྦྱིན་མཛད་པ། །སྣ་ཚོགས་སྤྲུལ་པའི་སྐུ་ལ༔ ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུ་ལ། །བརྟེན་ནས་མཉམ་ཉིད་སོ་སོར་ཀུན་རྟོག་དང་། །འབད་རྩོལ་མེད་པར་བྱ་བ་ལྷུན་གྲུབ་པའི། །ཡེ་ཤེས་བསམ་མི་ཁྱབ་ལ༴ བྲལ་དང་རྣམ་པར་


JKT001_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ་མི་ཟད་པའི། །ཡོན་ཏན་རྒྱ་མཚོའི་དཔལ་ལ་དབང་འབྱོར་པས། །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པ་ཡི། །ཕྲིན་ལས་རྒྱུན་མི་ཆད་ལ་ཕྱག་འཚལ་བསྟོད། །དེ་ལྟར་གུས་པས་བསྟོད་ཅིང་གསོལ་འདེབས་ན། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་ལྷག་པའི་ལྷ་ཚོགས་ཀྱིས། །འབྲལ་མེད་རྗེས་སུ་བཟུང་བར་མཛད་དུ་གསོལ། །གནས་སྐབས་ནད་གདོན་བར་དུ་གཅོད་པ་དང་། །མི་མཐུན་རྒུད་པའི་གདུང་བ་ཀུན་ཞི་ཞིང་། །ཚེ་དང་བསོད་ནམས་བློ་གྲོས་འབྱོར་པ་སོགས། །ཆོས་མཐུན་ལེགས་ཚོགས་འཕེལ་བར་མཛད་དུ་གསོལ། །ཁྱད་པར་སྨིན་བྱེད་དབང་གིས་རྒྱུད་སྨིན་ཅིང་། །དམ་ཚིག་སྡོམ་པའི་ཀུན་སྤྱོད་རྣམ་པར་དག །ཟབ་མོའི་ལམ་གྱི་རིམ་པ་མཐར་ཕྱིན་ཅིང་། །མཆོག་ཐུན་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། །མཐར་ཐུག་དཀྱིལ་འཁོར་གཙོ་དང་དབྱེར་མེད་པའི། །གོ་འཕང་དམ་པ་མྱུར་ཐོབ་ནས། །མཁའ་ཁྱབ་འགྲོ་ཀུན་སྒྲོལ་བའི་ཕྲིན་ལས་པར་མཛད་དུ་གསོལ། །ཅེས་དཔལ་རྡོ་རྗེ་ཕྲེང་བ་དང་ཀྲྀ་ཡ་ས་མུཙྪ་ཟུང་དུ་འབྲེལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མདོར་བསྡུས་ཏེ་བསྟོད་པའི་རབ་ཏུ་བྱེད་པ་འདིའང་། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཚད་མེད་པའི་ཐུགས་རྗེ་ཆེན་པོའི་འཇུག་པ་ལ་བརྟེན་ནས། སུམ་ལྡན་རྡོ་


JKT001_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཛིན་པ་ཆེན་པོ་ཡོངས་རྫོགས་ཐུབ་བསྟན་གསལ་བའི་ཉི་མ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་སྙན་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་བཀའ་དྲིན་ལས། ཆོས་ཚུལ་འདིའི་སྨིན་བྱེད་ཀྱི་བདུད་རྩིས་སྐལ་བ་བཟང་པོར་བསྒྲུབ་པའི་སྐབས་སུ། ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ཁོ་ནས་འཚོ་བའི་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རབ་བྱུང་བཅུ་བཞི་པའི་ནང་གསེས། ལྕགས་མོ་ཕག་གི་གནམ་ལོ་གསར་དུ་འཆར་བའི་ཆོ་འཕྲུལ་གྱི་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉི་ཤར་ལ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousདཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བསྟོད་པ་རྒྱལ་བ་སྲས་བཅས་དགྱེས་པའི་མཆོད་སྤྲིན།next