Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་བསྟོད་པ་ཀུནྡའི་དོ་ཤལ་ཅེས་བྱ་བ
[Clear Hits]


  
  
  
  
  
  
  
collapse section
  
  
  
  
  
འཇམ་དཔལ་རྡོ་རྗེ་ལ་བསྟོད་ཅིང་སྨོན་ལམ་གདབ་པའི་རིམ་པ་བློ་གྲོས་དཔལ་སྦྱིན་ནོར་བུའི་འཁྲི་ཤིང་།
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
  
  
  


1 occurrence of བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་བསྟོད་པ་ཀུནྡའི་དོ་ཤལ་ཅེས་བྱ་བ
[Clear Hits]

 
previousའཇམ་དཔལ་རྡོ་རྗེ་ལ་བསྟོད་ཅིང་སྨོན་ལམ་གདབ་པའི་རིམ་པ་བློ་གྲོས་དཔལ་སྦྱིན་ནོར་བུའི་འཁྲི་ཤིང་།next

འཇམ་དཔལ་རྡོ་རྗེ་ལ་བསྟོད་ཅིང་སྨོན་ལམ་གདབ་པའི་རིམ་པ་བློ་གྲོས་དཔལ་སྦྱིན་ནོར་བུའི་འཁྲི་ཤིང་།


JKT001_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་རྡོ་རྗེ་ལ་བསྟོད་ཅིང་སྨོན་ལམ་གདབ་པའི་རིམ་པ་བློ་གྲོས་དཔལ་སྦྱིན་ནོར་བུའི་འཁྲི་ཤིང་ཞེས་བྱ་བ། ན་མ་མཉྫཤྲཱི་ཡེ། སྣང་དང་མི་སྣང་ཕྱེད་སྣང་སྤྲུལ་པའི་གྲོང་ཁྱེར་ཀུན་ཏུ་ཁྱོད་གཅིག་ཐོར་ཚུགས་རྒྱན་དུ་རོལ་པས་ཅི་ཞིག་སྟེ། །སྲས་བཅས་འདྲེན་པ་ཡོངས་ཀྱི་ཡབ་ཏུ་གཟོད་ནས་རྣམ་པར་རོལ་པའི་འཁོར་ལོར་ཡོངས་སུ་བསྒྱུར་བ་དེ་ལྟ་ནའང་། །དེང་འདིར་བཅུ་དྲུག་ལང་ཚོ་འབར་བས་མིག་དང་སྙིང་ལ་སིམ་པ་ཇི་སྙེད་བགྲང་བར་མི་ནུས་སྟེར་བའི་བྱེད་པོར་གཅིག་གྱུར་པས། །སྲིད་ཞི་གཉིས་ཀྱི་མཐའ་རུ་མ་ལྷུང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་འཇོ་སྒེག་སྟུག་པོར་རོལ་དེར་དྭང་བས་འདུད། ༡ །མི་ཤིགས་སྟོང་པ་ཉིད་ཀྱི་ཐིག་ལེ་ནི། །བརྩེ་ཆེན་སྙིང་རྗེའི་དཔྱིད་དང་རོ་གཅིག་པས། །རྣམ་པ་ཀུན་ཏུ་སྐུ་གསུང་ཐུགས་རྡོ་རྗེ། །གང་འདུལ་སྒྱུ་མའི་རོལ་པར་ཡོངས་སུ་བཞེངས། ༢ །ཁྱོད་སྐུ་ཉི་གཞོན་བཅུད་འཐུང་གུར་གུམ་དང་། །རྣམ་པར་མཚུངས་ཀྱང་ལྟ་ན་ལྷུན་སྡུག་པའི། །འོད་ཟེར་དྲྭ་བས་གཏམས་པའི་སྣང་བ་ཡིས། །ཆོས་ཉིད་དོན་ལ་མི་གནས་སྒྲིབ་མུན་འཇིལ། ༣ །ཤེས་རབ་རལ་གྲིའི་གདེངས་ཀས་མཚན་པའི་ཕྱག །རྨོངས་པའི་དྲྭ་བ་བཀྲལ་དང་ཆབ་གཅིག་པར། །བློ་མཆོག་སྤོབས་པའི་གཏེར་མཛོད་གྲོལ་བའི་ཕྱིར། །ལམ་འདི་གཅིག་ཏུ་འཛིན་བཟོད་ཕུལ་བྱུང་གཏམ། ༤ །རྒྱལ་ཀུན་གསུང་གི་གསང་བ་གླེགས་བམ་གཟུགས། །པདྨ་གཞོན་ནུའི་སྲོག་ཏུ་རོ་གཅིག་པས། །ལུང་རྟོགས་དམ་ཆོས་བདུད་རྩིའི་བགོ་བཤར་ནི། །


JKT001_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་འགྲོ་བའི་དཔྱིད་དུ་ལྷགས་པ་བཞིན། ༥ །མཆུ་སྒྲོས་པུཎྜ་རཱི་ཀའི་འཛུམ་དཀར་ལས། །ལེགས་འོངས་ལམ་བདེན་སྦྲང་རྩིའི་དྲི་བསུང་གིས། །འཕགས་དང་སོ་སྐྱེའི་རཡིག་གཉིས་པའི་སྤྲིན། །དབང་མེད་འགུགས་དེ་གསུང་གི་གསང་བར་རྫོགས། ༦ །གཟོད་ནས་རྡུལ་བྲལ་དག་པའི་ཡེ་ཤེས་ནི། །སྤྲོས་པའི་མཐའ་དང་མཛའ་བ་མ་ཡིན་ཀྱང་། །ཇི་ལྟ་ཇི་སྙེད་མཁྱེན་གཉིས་རོལ་སྒེག་གིས། །སོ་སོར་ཡང་དག་རིག་པའི་མངོན་རྟོགས་ངོམས། ༧ །དེས་ན་དཔག་ཡས་རྣམ་པར་ཀུན་གསལ་ཁམས། །ཚངས་དང་ཕུར་བུའི་བློས་ཀྱང་གཞལ་ནུས་ཀྱི། །སྤོབས་པ་བྲལ་ཕྱིར་གནག་སྣུམ་རལ་པའི་རྩེའི། །ཞབས་མཐིལ་པདྨོར་བསྟི་སྟང་བསྟབས་པ་བཞིན། ༨ །ཁྱོད་སྐུ་དངོས་སུ་མཐོང་བའི་སྐལ་བཟང་གིས། །ལུང་རྟོགས་སྤོབས་པ་གྲོལ་ལ་ངོ་མཚར་ཅི། །མཚན་གྱི་ནོར་བུ་སྤྱི་བོར་ལྷུང་ཙམ་གྱིས། །སྐྱེ་ཀུན་ཤེས་བྱའི་འབྱོར་པས་ཕྱུག་མིན་ནམ། ༩ །ཚུལ་དེའི་ཕྱིར་ན་བདག་ཡིད་རབ་དད་པའི། །ཆར་གྱིས་བརླན་གྱུར་ཐལ་མོའི་སྟེང་འཐུང་དཀར། །སྤྱི་ཏོལ་རྩེ་མོར་བཀོད་པའི་བསྟི་སྟང་གིས། །གང་ཞབས་ཤར་གྱི་ཐིག་ལེར་རྟག་ཏུ་བསྙེན། ༡༠ །བླ་ན་ཡོད་དང་མེད་པའི་མཆོད་སྤྲིན་ཀྱང་། །ཏིང་འཛིན་བྱེད་པོས་གཅིག་ཏུ་བཟླུམས་བྱས་ཏེ། །ཡོན་གནས་ཐུགས་རྗེ་མཆོག་གི་མངའ་བདག་ལ། །གུས་པས་སྟོབ་པའི་རྫུ་


JKT001_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཅིར་ཡང་གཡོ། ༡༡ །ཐོག་མ་མེད་ནས་བསགས་པའི་སྒྲིབ་གཉིས་མུན། །སྟོབས་བཞིའི་ཟླ་ཤེལ་གཞོན་ནུའི་འཛུམ་ཟེར་གྱིས། །རེག་པའི་མོད་ལ་ཡོངས་སུ་གཞིལ་བྱས་ཏེ། །མགོན་པོ་དགྱེས་པའི་ དམ་བཅའ་སླར་ཡང་བཟུང་། ༡༢ །སློབ་དང་མི་སློབ་ཉན་རང་སོ་སྐྱེ་ཡི། །ལེགས་བྱས་འོད་སྣང་སྤྲོ་བའི་པདྨོའི་བཤེས། །ཕན་བདེའི་སྣང་བ་སྟེར་བའི་བྱེད་པོ་དེར། །ཡི་རང་ཨུཏྤལ་འདབ་བརྒྱ་སྙིང་དབུས་གྲོལ། ༡༣ །སྲིད་པའི་སྡུག་བསྔལ་ཁོང་བུར་འཁྱམས་པའི་འགྲོ། །བདེན་པ་གཉིས་ཀྱི་ཐེམ་སྐས་ལ་འཛེགས་ཏེ། །རྣམ་མཁྱེན་ཁང་བཟང་དམ་པར་དབུགས་འབྱིན་ཕྱིར། །རྟག་ཏུ་ལུང་གི་ཆོས་འཁོར་བསྐོར་ཟློ བར་བསྐུལ། ༡༤ །གང་དག་ཕྱོགས་བཅུའི་ཞིང་བཞུགས་བདེར་གཤེགས་རྣམས། །མྱ་ངན་འདས་ལ་དགྱེས་པའི་སྐབས་དབྱེ་ཚེ། །སྙིང་རྗེའི་སྲིད་པར་དགའ་བའི་ཏམྦུ་རས། །རྟག་ཏུ་བཞུགས་པའི་གསོལ་འདེབས་དབྱངས་སུ་ལེན། ༡༥ །དེ་ལྟར་བསགས་པའི་དགེ་ཚོགས་གངྒཱའི་རྒྱུན། །རྣམ་པ་ཐམས་ཅད་མཁྱེན་པའི་ཆུ་གཏེར་ཆེར། །རོ་གཅིག་ཉིད་དུ་བསྔོས་པའི་མཐུ་དཔལ་གྱིས། །དོན་གཉིས་གདེངས་ཅན་ཚོགས་རྣམས་འཕེལ་གྱུར་ཅིག ༡༦ །གནས་སྐབས་སུ་ཡང་སྣོད་བཅུད་བ་ལ། །ལེགས་སྤྱོད་མཛེས་མའི་སོར་རྩེས་བསྣུན་པ་ལས། །རྫོགས་ལྡན་གསར་དུ་འགུགས་པའི་འཛུམ་དཀར་གྱིས། །ལྷར་བཅས་


JKT001_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་དགའ་བས་རྩེན་གྱུར་ཅིག ༡༧ །གཟུགས་སྣང་འཇམ་དཔལ་གཞོན་ནུར་མངོན་གྱུར་ཅིང་། །སྒྲ་གྲགས་གསང་སྔགས་འཁོར་ལོ་ཡོངས་སུ་སྨིན། །རྟོག་ཚོགས་བདེ་སྟོང་དྲ་བར་བསྡམས་པ་ཡིས། །སྐུ་གསུང་ཐུགས་དང་དབྱེར་མེད་འགྲུབ་པར་ཤོག ༡༨ །འཆི་འཕོས་ཚེ་ན་བཅོམ་ལྡན་འཇམ་དཔལ་དབྱངས། །རྒྱལ་བའི་སྲས་ཀྱིས་བསྐོར་བ་དེ་མཐོང་ཞིང་། །བདེ་བ་ཅན་སོགས་དག་པའི་ཞིང་མཆོག་ཏུ། །ཁྲིད་ནས་ལུང་བསྟན་དབུགས་དབྱུང་མཆོག་བརྙེས་ཤོག ༡༩ །མཐར་ཐུག་སྟོབས་བཅུ་མི་འཇིགས་རྣམ་པ་བཞི། །མ་འདྲེས་བཅོ་བརྒྱད་ལ་སོགས་སྤངས་རྟོགས་ཀྱི། །ཆ་ཤས་ཡོངས་སུ་རྫོགས་པའི་རི་དྭགས་མཚན། །ཆོས་དབྱིངས་དག་པའི་མཁའ་ལ་རོལ་གྱུར་ཅིག ༢༠ །དེ་ལས་སླར་ཡང་སྤྲུལ་པའི་ཟློས་གར་ནི། །རྙོག་བྲལ་མོས་པའི་ཆུ་གཏེར་ལ་འཆར་བས། །གྲངས་མེད་སྲིད་ལས་སྒྲོལ་བའི་ཐུགས་བསྐྱེད་མཐུ། །མགོན་པོ་གང་དང་དབྱེར་མེད་འགྲུབ་པར་ཤོག ༢༡ །དེ་ལྟར་བཅོམ་ལྡན་འདས་མགོན་པོ་འཇམ་པའི་དབྱངས་ལ་བསྟོད་པའི་རབ་བྱེད་ཡན་ལག་བདུན་པ་དང་འབྲེལ་བའི་ཚིགས་སུ་བཅད་པ་ཉུང་ངུ་འདི་ཡང་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་དྲུག་པར་གསོལ་བ་བཏབ་པ་དེ་ཁོ་ན་ཉིད་དུ་འགྲུབ་པར་གྱུར་ཅིག། །།འཇིག་རྟེན་དབང་ཕྱུག་སྙིང་རྗེ་ཆེན་པོ་ལ་སྨྲེ་སྔགས་སུ་གསོལ་བའི་ཚིག་གི་ཨུཏྤལ་དྲང་སྲོང་གྲུབ་པའི་རྣ་རྒྱན་ཅེས་བྱ་བ། །ཨོཾ་སྭ་སྟི་སིདྡྷཾ། བྱང་ཆུབ་ཆུ་གཏེར་བསྲུབས་སྐྱེས་ཟླ་


JKT001_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་ནི་སྙིང་རྗེའི་ཕྱི་བཞིན་འགྲོ། །རིག་པའི་གཟི་ལྡན་ཉིན་མོར་བྱེད་པའང་ཕན་བདེའི་སླད་དུ་སྟེ། །དྲི་མེད་མཚན་གྱི་དཔག་བསམ་རྐང་པས་འཐུང་བ་འཇིག་རྟེན་དགེ་མཛད་པ། །བསོད་ནམས་ས་གཞིར་ལན་གཅིག་མིན་འཁྲུངས་དེ་ཉིད་རྟག་ཏུ་བསམ་པར་རིགས། །གང་ན་མགོན་པོ་འོད་མཐའ་ཡས་པ་ཡི། །ཞིང་ཁམས་གཟུགས་ཅན་བཞིན་དུ་སར་འཕོས་པ། །ཡིད་འཕྲོག་ལྷ་དང་གྲུབ་པའི་སྨན་ལྗོངས་ནི། །དཔལ་ལྡན་གྲུ་འཛིན་རི་ཞེས་བྱ་བ་ཡོད། །དེར་ནི་ཕྱག་ན་པདྨོ་ཅན། །ནམ་ཡང་སྤྱན་རས་མི་ཟུམ་པའི། །མདུན་སར་ཡིད་ཅན་ཀུན་བཀོད་ནས། །ཇི་ལྟར་དབུགས་འབྱིན་མཛད་ཅེས་དགོངས། །གཞན་ཡང་ཞལ་གྱི་ཆུ་སྐྱེས་ལས། །འཁྲུངས་པའི་མྱུར་མ་དཔའ་མོ་སོགས། །བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེ། །བྱེ་བ་ཕྲག་བརྒྱས་ལྷག་པར་བསྟེན། །མགོན་དེའི་རིགས་ཀྱི་ནུས་པ་ནི། །ཐུབ་པ་ཡེ་ཤེས་ཏོག་གི་མཐུས། །དང་པོར་སད་པའི་ཛམྦུའི་འབྲས། །བསྔགས་འོས་ཆུ་ཡིས་སྐྱེད་བསྲིངས་པས། །ཕྱི་ནས་འོད་ཟེར་ཀུན་འཕགས་པ། །དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བའི། །ཐམས་ཅད་མཁྱེན་པའི་ཡོན་ཏན་དབྱིག །རིན་ཆེན་རིན་ཐང་མེད་པ་བརྙེས། །དེ་ལྟར་ན་ཡང་དབྱིབས་བསྔགས་དང་། །བསམ་གཏན་གཞན་ལྟ་ཅི་སྨོས་ཏེ། །མིང་གི་ཨུཏྤལ་རྣ་བ་ལ། །ལན་གཅིག་ཙམ་ཞིག་ལྷུང་བས་ཀྱང་། །ངན་འགྲོའི་འཇིགས་མིན་མི་


JKT001_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཁོམས་མིན། །གཤིས་ངན་གུམ་པར་མི་འགྱུར་ཞིང་། །བསོད་ནམས་འབའ་ཞིག་བསྟེན་པའི་མཐའ། །བདེ་བ་ཅན་དུ་དབུགས་དབྱུང་ཞེས། །ཡང་ཡང་དམ་བཅའི་སྤྲིང་ཡིག་གིས། །འགྲོ་འདི་འཁྱུད་། པ་ལྟར་གྱུར་པ། །སྤྱན་རས་གཟིགས་ཞེས་སློབ་པའི་ཚུལ། །སྲས་བཅས་རྒྱལ་བའི་སྙིང་རྗེས་བསྐྲུན། །མཐོང་དང་མ་མཐོང་ཕུན་ཚོགས་ཀྱིས། །ཞི་བའི་ངལ་འཚོ་སྦྱིན་ལ་དེ། །བསིལ་བར་བྱེད་པའི་གཟུགས་བརྙན་ཅན། །རྟག་ཏུ་ཚུར་མཐོང་མཁའ་འདིར་འཆར། །རབ་དཀར་བདུད་རྩིའི་དོག་པ་ཡིས། །ཕྱོགས་ཀྱི་བུ་མོའི་དད་པའི་མིག །ཀུ་མུད་ལྟ་བུར་རྒྱས་མཛད་པ། །འོད་མཐའ་ཡས་པའི་ཅོད་པན་འཆང་། །རང་དང་གཞན་གྱི་སྨྲ་བའི་མཆོག །ཇི་སྙེད་བསམ་པའི་རྗེས་འགྲོ་བར། །སྣ་ཚོགས་གཟུགས་ཀྱི་སྐུར་སྟོན་པས། །དེ་དང་དེ་ལ་མོས་རྣམས་འདུལ། །ཟླ་ལྟར་རྒྱས་པའི་དཔྲལ་བ་ནས། འདི་རྣམས་མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱི་གསུང་དང་མཐུན་པར་བཀོད་པའོ། །མི་ཟད་ཞི་བའི་རྣམ་འཕྲུལ་གྱིས། །སྐྱེ་བོ་ཚུ་རོལ་སྨྲ་བ་རྣམས། །རབ་ཏུ་སད་ཅིང་འདུལ་བར་མཛད། །དེ་བཞིན་ཕྲག་པའི་ས་འཛིན་ལས། །གསེར་གྱི་མངལ་ཅན་སྣང་བའི་མཛོད། །ཤར་བས་པདྨའི་སྐྱེ་གནས་པ། །པུཎྜ་རཱི་ཀའི་སྙེམས་པ་འཆང་། །དཔལ་གྱི་བེའུའི་རི་མོ་ཡིས། །མཚན་པའི་བཀྲ་ཤིས་དཔྱིད་ཀ་ལས། །སྲིད་སྒྲུབ་མེ་ཏོག་དགོད་པ་ན། །ཁྱབ་འཇུག་པ་རྣམས་


JKT001_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་དུ་གྱུར། །སྤྱན་ཟུང་བདུད་རྩིའི་ཆུ་གཏེར་ལས། །ཉིན་མོར་བྱེད་དང་ཟླ་བ་དག །དེ་ལ་མོས་པའི་ཡིད་ཅན་རྣམས། །སད་དང་མུན་པ་འཇོམས་ཕྱིར་རྒྱུ། །ཚེམས་དཀར་སྭ་ར་སྭ་ཏིའི་དབྱངས། །མཚན་བཟང་ཟོལ་དུ་འཁྲུངས་ཙམ་གྱིས། །དཔལ་མོར་གུས་རྣམས་ཡི་རང་ཞིང་། །ས་གསུམ་རྨོངས་པའི་རབ་རིབ་འཕྲོག །འཛུམ་པའི་ཞལ་གྱི་ཨུཏྤ་ལས། །གཡོ་བའི་རང་བཞིན་བསྐྱེད་མཛད་པས། །རླུང་ཡོ གི་སྐྱེ་བ་ས་རྣམས་ནི། །གུས་བཅས་མི་ཟད་ལམ་ལ་སྦྱར། །ཆུ་ལྷ་པ་རྣམས་གདུལ་བ་དང་། །ཡང་དག་ཁོང་དུ་ཆུད་པའི་ཕྱིར། །ལྟོ་བ་ལས་ནི་མཆོག་སེམས་པ། །དྲི་མེད་དག་པའི་ཚུལ་གྱིས་འོངས། །འདོད་སྟེར་བཅོམ་ལྡན་ནོར་འཛིན་མ། །ཞབས་ཀྱི་ས་གཞི་ལས་བསྐྲུན་པས། །འགྲོ་རྣམས་དཔག་བསམ་ལྗོན་པ་ལ། །གུས་པའི་ངལ་བ་རིང་དུ་བཏང་། །ཁྱད་པར་ཕྲིན་ལས་ཟིལ་དངར་གྱིས། །བྲན་པས་བྱེ་བའི་པདྨོ་ནི། །འཕགས་མར་གྲགས་པའི་མཚན་ཙམ་ཡང་། །བསོད་ནམས་ས་བོན་གཅིག་ཏུ་གྱུར། །བསྐལ་བཟང་སྒྲོན་མེ་ཇི་སྙེད་ཀུན། །ཐུགས་རྗེའི་སྤྱན་རས་ལས་བྱུང་ན། །བདེ་བར་གཤེགས་པ་ཐམས་ཅད་ཀྱི། །འབྱུང་གནས་ཁྱོད་ལ་སུ་མི་གུས། །ཤིན་ཏུ་བྱམས་པའི་དཔལ་གྱི་དུམ། །ཡིད་སྲུབས་སྙིང་ལ་གདུང་བའི་ཚུལ། །བཅོམ་ལྡན་པདྨ་གར་དབང་སོགས། །གང་འདུལ་མཚན་དང་གཟུགས་སུའང་སྣང་། །


JKT001_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་རྣམ་པར་འཕྲུལ་པ་ནི། །འཕགས་པའི་ཡུལ་དུ་གང་བྱུང་དང་། །དེ་བཞིན་བསིལ་ལྡན་རི་བོའི་ཁོངས། །དུས་གསུམ་ཀུན་ཏུ་ཁྱབ་འཇུག་པས། །ཕལ་ཆེར་ས་ཡི་བདག་པོ་དང་། །ལ་ལར་བཤེས་གཉེན་མཆོག་གི་ཚུལ། །ཁ་ཅིག་ཐ་མལ་ཟོལ་གྱིས་འདིར། །ཕན་པ་སྒྲུབ་པའི་ངོ་མཚར་སྟོན། །དམ་པའི་གྲིབ་བསིལ་སྣུམ་པོ་ཅན། །སཱ་ལའི་ཤིང་ཆེན་རྒྱས་པ་ན། །ཐབས་མཁས་ཡལ་ག་སྐྱེ་ཀུན་ལ། །གདུང་སེལ་སྦྱིན་པའི་མཐའ་མི་མངོན། །ཚངས་པ་དགྱེས་པའི་ཡིད་མཚོའི་རླབས། །སྲིད་འདིའི་སྙན་པ་གཞན་ཡིན་ཏེ། །ཟབ་མོའི་རྒྱུད་དུ་འཕོས་པའི་དབྱངས། །རྒྱ་ཆེའི་ལེགས་བྱས་འདྲ་བ་མེད། །མཐའ་གཉིས་བཅོམ་པའི་རྩོམ་བྱེད་ནི། །གང་གསུང་ཅུང་ཟད་ཐོབ་པའི་མོད། །སླད་ནས་འཕེལ་དང་མངོན་གྱུར་པའི། །ཕན་པ་འབའ་ཞིག་སྒྲུབ་པའང་ལགས། །ཇི་སྙེད་ཤེས་བྱ་ཐམས་ཅད་དང་། །ཤེས་པ་རོ་གཅིག་ཉིད་གྱུར་པས། །འདི་ནི་མཁྱེན་པའི་ཡུལ་མིན་ཞེས། །ཕྲ་མོ་ཙམ་ཡང་མ་དམིགས་ཕྱིར། །སྤྲོས་པའི་སྦྱོར་བས་མི་བཟོད་པའི། །སྤྲོས་པ་དུ་མའི་སྒེག་འཆང་བས། །སྤྲོས་པའི་ཁྱོགས་ལ་བསྟེན་པ་རྣམས། །སྤྲོས་བྲལ་ལམ་དུ་བདེར་འཇུག་མཛད། །བསམ་ཀུན་ཡོངས་སུ་རྫོགས་མཛད་པ། །ཡོན་ཏན་ལྗོན་པ་ཁྱོད་བཞུགས་བཞིན། །རྨོངས་པས་བཅོམ་པའི་སློང་བ་པ། །ཕལ་ཆེར་གཞན་དུ་རེ་བས་བསླུས། །


JKT001_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱིས་དགེ་བའི་སྐལ་བཟང་ལ། །རབ་དགྱེས་འབྲས་བུས་འབྱོར་པའི་ཕུལ། །ཡིད་བཞིན་ནོར་བུའི་མཚན་གྱིས་ཀྱང་། །མཆོག་ཏུ་མཛེས་པར་བྱས་པ་བཞིན། །སྨན་མཛད་ཁ་བའི་འཛུམ་ལྡན་པའི། །རྟག་པ་དམ་པའི་གངྒཱ་ཡི། །ཕྲིན་ལས་འགྲོ་གསུམ་ཉོན་མོངས་ཀྱི། །གདུང་བ་བསལ་སླད་ཡུན་རིང་རྒྱུ། །འཇུག་ངོགས་མཆོག་དེར་ཞུགས་པ་རྣམས། །རྙོག་པའི་དྲི་མ་རབ་བཀྲུས་ནས། །འདི་དང་གཏན་དུ་བདེ་བ་ཡི། །ལང་ཚོའི་མཚར་སྡུག་ཅིར་ཡང་དར། །མདོར་ན་རྡུལ་བྲལ་སྟོང་པའི་བཞིན། །སྙིང་རྗེའི་ཆགས་ཚོན་འཛིན་མཛད་པའི། །སྒྱུ་འཕྲུལ་དྲྭ་བའི་མིག་འཕྲུལ་ཚུལ། །མཐའ་དག་སུ་ཡིས་བརྗོད་པར་ནུས། །འོན་ཀྱང་རབ་དྭངས་སྙན་ངག་མཁན། །བྱེ་བ་ཕྲག་བརྒྱའི་བསྟོད་ཚིག་གི །ཆུ་ཀླུང་བར་མེད་འཐུང་བཟོད་པ། །ཁྱོད་ཀྱི་རྣམ་ཐར་རྒྱ་མཚོར་མཚུངས། །ཚངས་དབང་བིཥྛ་དྲག་པོ་ལ་སོགས་སྲིད་ན་ཆེ་རྒུའི་ཚོགས་རྣམས་ཀྱིས། །འདར་བཅས་ཐོར་ཚུགས་དུད་པའི་ཕྱག་གིས་ཞབས་ཀྱི་པདྨོ་མཆོད་བྱེད་ཅིང་། །སྟོབས་བཅུ་མངའ་བ་སྲས་དང་བཅས་པ་གཅིག་ཏུ་དགྱེས་པའི་དཔྱིད་དཔལ་ལས། །བསྔགས་བརྗོད་མེ་ཏོག་སར་པའི་གྲུ་ཆར་ཉིན་བཞིན་འབེབས་པའི་ངོ་མཚར་བཟུང་། །དེ་ལྟའི་གྲགས་དཀར་ནོར་བུའི་ལྡིང་། །རིང་ནས་རྣ་བའི་རྒྱན་གྱུར་པ། །གུས་བཅས་དོན་མཐུན་གཞོན་ནུ་ཞིག །ཡང་དང་ཡང་དུ་འདི་ལྟར་


JKT001_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག །ཀྱེ་མ་འཇིག་རྟེན་ཐམས་ཅད་ཀྱི། །ཡབ་གཅིག་ལྷག་པར་གངས་ཅན་འགྲོར། །སྡུག་པའི་བུ་ལ་མ་ཡིས་བཞིན། །མགོན་ཁྱོད་བརྩེ་བས་ཐུགས་རབ་བརླན། །དེ་ལྟ་ལགས་ན་རང་ཉིད་དང་། །རྗེས་སུ་མཐུན་པ་གཞན་ཡང་རུང་། །ཤིན་ཏུ་ཉམ་ཐག་འཁོར་བའི་མཚོར། །ཕ་མཐའ་མེད་པར་འཁྱམས་པ་ཡིས། །ཅུང་ཟད་སྐྲག་པས་བཞིན་གྱི་མདངས། །ཉི་མས་བཅོམ་པའི་ཀུ་མུད་བཞིན། །འཕགས་པ་འཕགས་པ་དགོངས་མཛོད་ཅེས། །སྨྲེ་སྔགས་ཙམ་ཞིག་ལྷག་མར་ལུས། །སླར་ལ་ཡིད་ཀྱི་རྡོ་བའི་ངོས། །དྲན་པའི་གཟོང་གིས་བཀོད་བྱས་པའི། །རི་མོ་འགའ་ཞིག་མི་ཕྱེད་པས། །ཤུགས་རིང་དང་བཅས་འདི་སྐད་སྨྲེངས། །དེང་ཚེ་སྙིགས་མར་གྱུར་པ་རྣམས། །ཚུལ་མིན་ལས་ལ་ཞུགས་པ་ནི། །ཡིད་སྲུབས་རྣམ་འཕྲུལ་རྒྱས་པ་ཡི། །དཔྱིད་ཀྱིས་བཟུང་བའི་འཇུག་ངོགས་བཞིན། །སླ་ཡང་དམ་པའི་སྤྱོད་པ་མིན། །༤ ངལ་བར་བཅས་ཀྱང་སྡིག་པའི་ཁུར། །དཀའ་ཐུབ་ལྟ་བུར་བསྟེན་པ་ཡིས། །ཕལ་ཆེར་ཉིན་དང་མཚན་དུ་གཡེངས། །འགའ་ཞིག་ཁྱིམ་གྱི་སྲེད་པས་ཏེ། །ལ་ལ་ཆོས་ལྟར་བཅོས་པས་བསླུས། །གཞན་དག་ཅི་ཡང་མ་ཡིན་པའི། །སྙོམས་ལས་ཁོ་ནའི་མལ་དུ་མནལ། །འབྱོར་ན་དྲེགས་པས་རབ་ཏུ་ཁེངས། །དབུལ་ཚེ་ཞུམས་པས་སྐབས་མི་དབྱེ། །བར་མ་ཙམ་དུ་བདེར་གནས་ཀྱང་། །ཆོག་ཤེས་མེད་པས་རང་


JKT001_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བཅོམ། །སྙན་པ་སྒྲོགས་ན་ང་རྒྱལ་སྐྱེ། །སྨད་ན་ཁྲོ་བའི་མེ་ཆེན་འབར། །མ་སྨྲས་བསམ་པ་ཚིམ་མིན་ཕྱིར། །ཁྱོད་ལ་དགའ་བ་ཇི་ལྟར་སྐྱེ། །མཛའ་བར་གྱུར་ན་ཆགས་པ་དང་། །མཁོན་ལ་སྡང་བས་ཡིད་མྱོས་ཤིང་། །བཏང་སྙོམས་ཚུལ་གྱིས་གནས་པ་ཡང་། །རྨོངས་པའི་རྒྱ་ལས་འདའ་བ་མེད། །ཐོས་བརྩོན་སྦྱིན་པ་སྲོག་བཞིན་བསྲུང་། །ཚུལ་ཁྲིམས་བཟོད་པ་རྩྭ་ལྟར་བཏང་། །བསམ་གཏན་ཤེས་རབ་ད་དུང་ཚུལ་འཆོས་ཁོ་ནས་སྙེམས། །དམན་ལས་དམན་པའི་བྱིས་པ་དང་། །ཁྱད་པར་ཅུང་ཟད་མ་བྱས་བཞིན། །བདག་ཉིད་ཁོ་ན་མཆོག་འདོད་པའི། །རློམ་སེམས་ཚངས་པ་ལ་ཡང་ཅི། ཟློ མདོར་ན་འཕགས་པ་དགྱེས་པའི་ཡུལ། །མཐའ་དག་བདག་ལ་ཁྲོ་བ་ཡིས། །རྨི་ལམ་དུ་ཡང་མི་མཛའ་ན། །ད་ནི་ཇི་ལྟར་འགྱུར་ཞེ་ན། །གློག་གི་ཐག་པ་གཡོ་བ་ལས། །ཆེས་ག་མྱུར་བའི་འཚོ་བའི་རྒྱུན། །ནམ་ཞིག་ཆད་པའི་དེ་མ་ཐག །དམྱལ་མེ་བཟོད་དཀས་ངེས་པར་བསྲེགས། །དེ་ཚེ་བདག་གི་མགོན་པོ་ཁྱོད། །འབྲས་བུའི་ཆུ་ཀླུང་ཟློག་པ་ལས། །ད་ལྟ་སྡིག་པའི་ས་བོན་འདི། །ཉམས་པར་མཛད་ན་ཅི་མ་རུང་། །འོན་ཀྱང་ལས་ལ་དགོངས་མཛད་ན། །ལས་དང་བྲལ་ཚེ་བདག་ལ་ཅི། །གལ་ཏེ་བཏང་སྙོམས་མཛད་སྲིད་ན། །ཐུགས་རྗེ་ཆེ་ཞེས་མིང་ཙམ་ཟད། །དེ་འདྲའི་རྟོག་པས་བསྣུན་པ་བདག །སྐྱབས་གཞན་


JKT001_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

འཚོལ་ན་རང་ཉིད་བརླག །གང་ཕྱིར་ངེས་པར་ཁྱོད་མཁྱེན་ཅེས། །གསོལ་བ་འདེབས་ལས་མ་མཆིས་པས། །དེ་སླད་གདུང་བས་རྐང་སེན་ནི། །དཔག་བསམ་དབང་པོ་ཁྱོད་ཀྱི་ཕྱོགས། །མི་ནུས་བཞིན་དུ་འཛེགས་པ་ལ། །སློང་བའི་མཆོག་འདི་སྦྱིན་པར་འོས། །ཐོག་མར་བྱིན་རླབས་བེཟླུརླས། །བློ་མཚོའི་རྙོག་མ་ཀུན་བགྲུངས་ནས། །དད་དང་ངེས་པར་འབྱུང་བ་ཡི། །གཟུགས་བརྙན་འཆར་རུང་གནས་སུ་སྒྲུབས། །གང་ན་ཚུལ་ལ་འཇུག་པའི་ཁྲིམས། །སྙིང་པོས་གལ་ཏེ་མ་བཟུང་ན། །འཚོ་བ་ཙམ་ཡང་དོན་མེད་ཕྱིར། །བསླབ་གཞིའི་དབྱིག་གིས་ལྕི་བ་དང་། །དེ་ཡི་འགྲམ་ངོགས་ཡིད་དགའ་བར། །མང་དུ་ཐོས་པའི་སཱ་ལའི་ཚལ། །བསམ་བྱུང་འཁྲུལ་མེད་མེ་ཏོག་གིས། །འཁྱུད་པའི་གནས་སྐབས་ཐོབ་པར་མཛོད། །སྔོན་ཆད་རང་གི་ཆེད་དུ་ཡང་། །མ་མྱོང་རིན་ཆེན་བྱང་ཆུབ་སེམས། །ད་ནི་མཁའ་མཐས་གཏུགས་པ་ཡི། །འགྲོ་རྣམས་བསྒྲལ་སླད་བདག་ལ་འཚལ། །དེ་བཞིན་ཕུན་སུམ་ཚོགས་པའི་ཕུལ། །བཏང་བའི་སྙིང་སྟོབས་རབ་རྫོགས་པའི། །ནོར་བུའི་རྔ་ཡབ་གཡོབ་པ་ཡིས། །ཡིད་ཅན་དབུགས་འབྱིན་བགྱིད་པའང་སྩོལ། །ཉེས་སྤྱོད་རྡུལ་དང་མི་མཛའ་བའི། །རྣམ་དཀར་དཔྱིད་ཀྱི་རླབས་འཐུང་སྟེ། །གཞན་ཕན་པདྨོ་དར་བབས་པའི། །སྐལ་བཟང་མངོན་སུམ་ཉིད་གྱུར་ཅིག །ཡུལ་གྱི་ཁྲོ་བ་ནམ་མཁའ་


JKT001_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །ཕ་མཐའ་གཞལ་གྱིས་ག་ལ་ལང་། །དེ་སླད་ཡུལ་ཅན་རང་གི་སེམས། །བཟོད་པའི་བདུད་རྩིས་བརླན་པར་མཛོད། །ཤིན་ཏུ་རྙེད་དཀའི་གོ་འཕང་མཆོག །བརྩོན་ལྡན་ལག་པའི་མཐིལ་དུ་གནས། ། འདི་ལྟར་རྟོགས་ནས་རྣམ་ཀུན་ཏུ། །བྱང་ཆུབ་བསྒྲུབ་ལས་ཉམས་མ་གྱུར། །ཐུབ་པས་བསྟེན་པའི་ནགས་ཚལ་དུ། །བསམ་གཏན་མྱ་ངན་མེད་པའི་དཔལ། །ཡིད་སྲུབས་མཚོན་གྱིས་མི་འཁྲུགས་པས། ། གཟུགས་དང་མངོན་ཤེས་མཚར་སྡུག་རྫོགས། །དེ་ཚེ་ཆོས་རབ་རྣམ་འབྱེད་ཀྱིས། །གཟུང་འཛིན་སྤྲོས་པ་བཏང་གྱུར་ཀྱང་། །སྙིང་རྗེས་གཞན་དབང་མི་བཏང་བ། །འཕགས་པ་ཁྱོད་བཞིན་མཛད་དུ་གསོལ། །བདག་གི་ལེགས་སྤྱད་ཅི་མཆིས་པ། །ཡིད་ཅན་རྣམས་ཀྱི་ཉེར་འཚོར་གྱུར། །དེ་དག་ཉེས་ཀུན་བདག་སྨིན་པས། །ཡེ་ཤེས་གཟིགས་ལའང་འཇུག་པར་མཛོད། །ཇི་ལྟར་བཙུན་པ་ཟླ་བ་སོགས། །མངོན་སུམ་ཉིད་དུ་རྗེས་བཟུང་བ། །དེ་བཞིན་འདིར་ཡང་བསོད་ནམས་ཀྱི། །དགེ་མཚན་རྫོགས་པའི་བཀའ་དྲིན་སྩོལ། །གཞན་ཡང་དད་པས་འདུད་པའམ། །གཤེའམ་མི་སྙན་བརྗོད་ཀྱང་རུང་། །འབྲེལ་བས་བསྡུས་པ་ཇི་སྙེད་ཀུན། །བྱང་ཆུབ་སྙིང་པོར་སྟན་གཅིག་ཤོག །ཅེས་འདི་ངེས་པར་བདག་གི་བློ། །མ་སྤྱངས་སྨྲ་བར་མི་འོས་ཤིང་། །འགྲོ་ཀུན་གནས་སྐབས་ཇི་ལྟ་བར། །ཁྱོད་ཀྱིས་གཟིགས་ལ་སྒྲིབ་མེད་ཀྱང་། །


JKT001_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་རང་གི་སྤྱོད་ཚུལ་ལ། །ཤིན་ཏུ་ཡིད་འབྱུང་རྒྱས་པའི་ཚིག །གདུང་བས་ཉེན་ལ་ཙནྡན་ཆུས། ཕན་པ་བསྒྲུབས་པའི་རྗེས་སུ་འགྲོ། །དེ་སླད་ཅུང་ཟད་ཙམ་ཞིག་གསོལ་བ་ལ། །སྙིང་རྗེའི་བདུད་རྩིས་བརླན་པའི་སྤྱན་རས་ཀྱིས། །རྟག་ཏུ་གཡོ་བ་མེད་པར་རིང་གཟིགས་ནས། །བྱང་ཆུབ་བར་དུ་དགེ་བའི་བཤེས་སུ་མཛོད། །ཇི་སྲིད་སྲོག་དང་བཅས་པའི་ཚེ་ན་འཕགས་རྣམས་བསྔགས་འོས་བསོད་ནམས་སྒྲུབ་པ་དང་། །འཇིག་རྟེན་མགོན་པོའི་རྣམ་པར་ཐར་པ་ཡང་ཡང་ཡིད་ལ་གོམས་པའི་ལེགས་བྱས་ཀྱིས། །ནམ་ཞིག་དུས་ཀྱིས་བཟུང་བའི་མོད་ནས་གྲུ་འཛིན་ཚལ་གྱི་གྲིབ་བསིལ་ཉམས་དགའ་བར། །རྒྱལ་བའི་སྲས་ཀྱི་མེ་ཏོག་གསར་དུ་དགོད་པའང་ས་གསུམ་སྨན་སླད་ཉིད་གྱུར་ཅིག །འདི་ལྟར་འཕགས་པའི་ཡོན་ཏན་ལ་སྙིང་ཐག་པ་ནས་དད་ཅིང་། རང་གཞན་གྱི་སྙིགས་མའི་སྤྱོད་ཚུལ་ལ་ཡིད་ངེས་པར་འབྱུང་བའི་བདུད་རྩིས་བརླན་པའི་ཚིག་གི་ཨུཏྤལ་ཅུང་ཟད་ཅིག་གང་ཤར་གྱི་སོར་མོས་མགྱོགས་པར་བཏུས་ཏེ་གྲུ་འཛིན་རི་བོའི་བདག་པོ་མངོན་སུམ་བཞིན་ཡིད་ལ་བཀོད་ནས་ཞབས་ཀྱི་པདྨོར་གཏོར་བས་དྲང་སྲོང་གྲུབ་པའི་རྣ་རྒྱན་དུ་གྱུར་ཏེ་དེ་དེ་བཞིན་དུ་གྱུར་ཅིག་ཅེས་རྗེས་སུ་དགོངས་པར་མཛད་པས་འཇིག་རྟེན་ཐམས་ཅད་ཕན་པ་དང་བདེ་བའི་ཉེར་འཚོ་བླ་ན་མེད་པར་སིདྡྷིར་སྐུ། །ཞེས་འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་པོས་སོ། །སརྦ་ད་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།འཇིག་རྟེན་དབང་ཕྱུག་སྙིང་རྗེའི་ཟླ་བ་ལ་གསོལ་བའི་ཚིགས་སུ་བཅད་པ་བདུད་རྩིའི་


JKT001_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པདྨོ་ཞེས་བྱ་བ། ན་མོ་ལོ་ཀ་ནཱ་ཐཱ་ཡ། དགེ་ལེགས་བདུད་རྩིའི་སྣང་བ་ཡིས། །ཕན་བདེའི་ཆུ་གཏེར་རྒྱས་མཛད་པ། །འཕགས་མཆོག་སྙིང་རྗེའི་ཟླ་བ་ཡིས། །རྟག་ཏུ་ཤིས་པ་སྦྱིན་གྱུར་ཅིག ༡ །སྤྱན་རས་གཟིགས་ཞེས་མཚན་ཙམ་གྱི། །རིན་ཆེན་གང་གིས་འཆང་བ་ཡང་། །སྲིད་ཞིའི་དབུལ་བ་མཐར་མཛད་པས། །བྱང་ཆུབ་བར་དུ་དགྱེས་པས་སྐྱོངས། ༢ །ཐར་པའི་མཆོག་དང་རྣམ་དཔྱོད་བློ། །རིང་འཚོའི་ཚེ་དང་འབྱོར་པའི་ཕུལ། །སྐལ་བཟང་ཀུན་དགའི་འདོད་འཇོ་བ། །ཕྱག་ན་པདྨོས་བཟུང་གྱུར་ཅིག ༣ །སུ་ཞིག་ངན་སོང་འཁོར་བ་ལས། །མཐོ་རིས་མྱང་གྲོལ་ལ་འགོད་ཅེས། །དུས་གསུམ་ཐུགས་རྗེས་དགོངས་པའི་གཉེན། །སྤྱན་རས་གཟིགས་དབང་འགྲུབ་པར་ཤོག ༤ །དེ་མཐུས་བདག་དང་མཁའ་མཉམ་གྱི། །ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་ཀུན། །འཕགས་པའི་ཐུགས་རྗེའི་ཕྱག་བརྐྱངས་ཏེ། །བདེ་ཆེན་ཞིང་དུ་འཁྲིད་གྱུར་ཅིག ༥ །དེར་ནི་འོད་མཐའ་ཡས་པ་དང་། །འཕགས་མཆོག་དགྱེས་པས་བཤེས་མཛད་ནས། །སྐད་ཅིག་རེར་ཡང་བསམ་ཡས་ཀྱི། །གཟུངས་དང་ཏིང་འཛིན་ཐོབ་པར་ཤོག ༦ ། འཁོར་བའི་ཚུ་རོལ་མི་གནས་ཤིང་། །མྱང་འདས་ཕ་རོལ་གཞོལ་མིན་པར། །དབུ་མའི་ལམ་ནས་འཇིག་རྟེན་གྱི། །མགོན་པོ་མྱུར་དུ་འགྲུབ་གྱུར་ཅིག ༧ །འཕགས་པ་འཇིག་རྟེན་དབང་ཕྱུག་སྙིང་རྗེའི་ཟླ་བ་ལ་གསོལ་བའི་ཚིགས་སུ་བཅད་པ་འདིའང་། མ་ཎི་བ་མཉྫ་གྷོ་ཥས་གྲུ་འཛིན་བདག་པོ་དྲན་པའི་སྐད་ཅིག་ལ་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ། །


previousའཇམ་དཔལ་རྡོ་རྗེ་ལ་བསྟོད་ཅིང་སྨོན་ལམ་གདབ་པའི་རིམ་པ་བློ་གྲོས་དཔལ་སྦྱིན་ནོར་བུའི་འཁྲི་ཤིང་།next